དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་མངོན་པར་རོལ་བའི་དབྱིག།

From Dudjom Wiki
DJYD-KABUM-06-CHA-017
Wylie title dpal rdo rje phur bu yang gsang srog gi spu gri'i sbyin sreg gi cho ga phrin las mngon par rol ba'i dbyig DJYD-KABUM-06-CHA-017.pdf
Location bdud 'joms rin po che bka' 'bum
Volume 6, Text 17, Pages 543-565 (Folios 1a1 to 12a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dpal rdo rje phur bu yang gsang srog gi spu gri'i sbyin sreg gi cho ga phrin las mngon par rol ba'i dbyig. Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 6: 543-565. Kalimpong: Dupjung Lama, 1979-1985.
Side notes Recto: sbyin sreg   Verso: pad gling phur pa
More details More details
Tertön པདྨ་གླིང་པ་ (pad+ma gling pa)
Genre Fire Offerings - sbyin sreg
Cycle དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲི་ (dpal rdo rje phur bu yang gsang srog gi spu gri)
Deity rdo rje phur pa
Colophon

།དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་མངོན་པར་རོལ་པའི་དབྱིག་ཅེས་བྱ་བ་འདི་ནི། གསང་ཆེན་བསྟན་པའི་རྩ་ལག་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་དུ་འདི་ཉིད་ཀྱི་སྒྲུབ་རྒྱུན་གསར་འཛུག་མཛད་པའི་ཆ་རྐྱེན་དུ་འཇུག་པ་བདེ་བའི་ཆོག་ཁྲིགས་འདི་ལྟ་བུ་ཞིག་གྱིས་ཞེས་རྣམ་འདྲེན་གསུང་སྤྲུལ་བཅུ་པ་པདྨ་ངག་དབང་ཆོས་ཀྱི་རྒྱལ་མཚན་གང་གི་བཀའ་སྩལ་རིན་པོ་ཆེའི་ཅོད་པན་སྤྱི་བོའི་རྒྱན་དུ་མཆོད་པར་བྱ་བའི་ཕྱིར། རིགས་མཐུན་གྱི་གཞུང་ལ་བརྟེན་ནས་དོན་གསལ་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། སྔགས་ཀྱི་བནྡྷེ་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ནོར་བུ་དབང་རྒྱལ་གྱིས་བགྱིས་པའོ། །འདིས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་མེད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།

/de ltar dpal rdo rje phur bu yang gsang srog gi spu gri'i sbyin sreg gi cho ga phrin las mngon par rol pa'i dbyig ces bya ba 'di ni/___gsang chen bstan pa'i rtsa lag lha lung theg mchog rab rgyas gling du 'di nyid kyi sgrub rgyun gsar 'dzug mdzad pa'i cha rkyen du 'jug pa bde ba'i chog khrigs 'di lta bu zhig gyis zhes rnam 'dren gsung sprul bcu pa pad+ma ngag dbang chos kyi rgyal mtshan gang gi bka' stsal rin po che'i cod pan spyi bo'i rgyan du mchod par bya ba'i phyir/___rigs mthun gyi gzhung la brten nas don gsal 'jug pa bde ba'i dbang du byas te/___sngags kyi ban+d+he snyoms las pa 'jigs bral ye shes rdo rjes sbyar ba'i yi ge pa ni rig byed pa nor bu dbang rgyal gyis bgyis pa'o/___/'dis kyang las dang dngos grub thams cad thogs med yid bzhin du 'grub pa'i rgyur gyur cig/___//___sarba dA mang+ga laM/

[edit]
༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་མངོན་པར་རོལ་བའི་དབྱིག་ཅེས་བྱ་བ་བཞུགས་སོ། ། ༄༅། །དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་མངོན་པར་རོལ་པའི་དབྱིག་ཅེས་བྱ་བ། བླ་མ་དཔལ་ཧེ་རུ་ཀ་ལ་ཕྱག་འཚལ་ལོ། །ཀུན་ཁྱབ་རྟག་བརྟན་གཉུག་མའི་རྡོ་རྗེ་སེམས། །འཕོ་འགྱུར་བགྲེས་རྒུད་མཚན་བྲལ་གཞོན་ནུའི་གར། །སྲིད་པ་ཐལ་བར་འབྱིན་པའི་ཧེ་རུ་ཀས། །ངོ་མཚར་ཕྲིན་ལས་གྲུབ་པའི་མཆོག་སྩོལ་ཅིག །གང་གི་རིག་སྔགས་ནུས་པའི་མཐུ། །ཐོགས་མེད་བདེ་བླག་འབྱིན་པའི་ཐབས། །མཆོད་སྦྱིན་སྲེག་བླུགས་ཆོ་གའི་ཚུལ། །དངོས་གྲུབ་འདོད་འཇོའི་དབྱིག་ཏུ་ [2a] བསྐྲུན། །དེ་ཡང་མངོན་པར་འདོད་པའི་ལས་དང་དངོས་གྲུབ་སྒྲུབ་བའི་འབྲས་བུ་བདེ་བླག་ཏུ་འབྱིན་པར་བྱེད་པ་སྲེག་བླུགས་ཀྱི་ཆོ་ག་ཟབ་མོ་སྒྲུབ་པའི་ཚུལ་ལ་གཉིས་ཏེ། ཞི་བ་དང་། རྒྱས་བའོ། །སྔ་མ་ལ་སྦྱོར་དངོས་རྗེས་གསུམ་གྱི། དང་པོ་ནི། དུས་རབ་བཞིའི་ཡར་ངོའི་ཚེས་གཅིག་ལ་སོགས་པའི་སྔ་དྲོའི་ཆར། །གང་དུ་བྱ་བའི་གཞི་དེར་བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་གཞི་བདག་ལ་གཏོར་མ་བསྔོ་ཞིང་། རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་བཞག་སྟེ་བདག་པོའི་སྔགས་ཀྱིས་སྦྱོང་བ་ཀུན་རྫོབ་དང་། ཆོས་ཐམས་ཅད་སྟོང་པ་ཉིད་དུ་མོས་པ་དོན་དམ་པའི་སྦྱོང་བ་ཙམ་བྱས་རྗེས། བཀྲ་ཤིས་པའི་ས་ལས་སྟེགས་བུ་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་ཟླུམ་པོ་རྒྱར་ཁྲུ་གང་ [2b] དཔངས་སུ་ཁྲུ་ཕྱེད་པ། ཐབ་ཀྱི་སྟེང་དུ་མུ་རན་ནམ་མཆུ་སོར་བཞི་པའི་ཁ་ཁྱེར་བགས་ཀྱིས་གཞོལ་བའི་ཁ་ཁྱེར་ལ་རྡོ་རྗེའི་ཕྲེང་བ། མུ་རན་ལ་མེ་རི་གཡས་བསྐོར། ཐབ་དབུས་སུ་རྡོ་རྗེ་དཀར་པོ་སོར་བརྒྱད་པའི་ཚད་ཅན་རྩེ་མོ་ཤར་དུ་ཕྱོགས་པས་མཛེས་པ། ཐབ་སྟེགས་ཀྱི་སྟེང་ཕྱིའི་ཟུར་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། བྲིས་ཐབ་ཏུ་བྱེད་ན་སྟེགས་བུར་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་སྟེ་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་མཐོ་གང་གིས་ཟླུམ་པོར་བསྐོར་བའི་ཕྱི་རོལ་སོར་བཞི་པའི་ཚད་ཀྱི་མཆུ་དང་ཁ་ཁྱེར་བསྐོར་ལ། དབུས་སུ་རྡུལ་ཚོན་གྱིས་པདྨ་འདབ་མ་བརྒྱད་པའི་ལྟེ་བར་རྡོ་རྗེ་དཀར་པོ་རྃ་ཡིག་གིས་མཚན་པ། པདྨའི་ཕྱི་སྐོར་གྱི་ཟླུམ་སྐོར་བར་མར་མེ་རི་དཀར་པོ་གཡས་བསྐོར་དུ་འབར་བ་དང་། ཕྱི་མར་རྡོ་རྗེ་ནོར་བུ་དཀར་པོའི་ཕྲེང་བ། གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ་བཅས་བྲི། དེར་སྲོག་ཆགས་མེད་པའི་བ་ལང་གི་ལྕི་བའམ་ཡམ་ཤིང་གི་རྒྱུ་དང་མཚུངས་པའི་བུད་ཤིང་ཟླུམ་པོས་ཁྲུ་གང་ཙམ་དུ་ཟླུམ་པོར་བརྩིགས་པའི་ནང་གི་ཤར་ངོས་སུ་མེ་ཚང་བཅས་ལ་སྟེང་ནས་ཀུ་ཤ་རྩེ་མོ་ཤར་དུ་བསྟན་པས་བཀབ། རང་གི་གཡས་ངོས་སུ་མཆོད་སྟེགས་དང་གཡོན་དུ་རྫས་སྟེགས་གཉིས་ཀ་དར་རས་དཀར་པོའི་ཁེབས་དང་ལྡན་པའི་མཆོད་སྟེགས་སུ་འོ་མ་འབྲས་ཆན་དངུལ་ཕྱེ་མེ་ཏོག་དཀར་པོ་རྣམས་དང་བསྲེས་པའི་མར་དཀར་གྱི་འདས་གཏོར་ཟླུམ་པོ་དང་། མདུན་དུ་འཇིག་རྟེན་པའི་གཏོར་མ་དཀར་ཟླུམ། གཡས་གཡོན་དུ་སྨན་ཕུད་དང་རཀྟ། མདུན་དུ་ཉེར་ [3a] སྤྱོད་གཉིས་བཅས་ཕྲེང་ཚར་དུ་འགོད། རྫས་སྟེགས་སུ་བལ་དཀར་སོགས་འོ་མ་ཅན་གྱི་ཤིང་གི་རྩེ་མོའི་ཆ་ལས་བྱུང་བའི་ཡམ་ཤིང་མཐོ་གང་བ་སྣེ་གཉིས་མར་དང་སྦྲང་རྩིས་ཉུག་པ། མངར་གསུམ་དང་སྦྱར་བའི་མར་ཁུ། ཏིལ་དཀར་པོ། དཀར་མངར་འབྲུ་ཕྱེ་འོ་མར་སྦྱར་བའི་ཟས་མཆོག །འབྲས་མ་གྲུགས་པ། ནས་དང་སོ་བ་གྲ་མ་མེད་པ། གྲོ། སྲན་མ། དུརྦ། ཀུ་ཤ་རྣམས་དང་། དར་དཀར་གྱི་གོས་ཟུང་། རྡོ་ཐལ་མེད་པའི་སོ་རྩི་རྣམས་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོའི་སྣོད་འབའ་ཞིག་པར་འདས་མ་འདས་ཉིས་རིམ་དུ་བཤམ། སློབ་དཔོན་དང་ཐབ་ཀྱི་བར་དུ་མེ་ཡོལ་གངས་རི་བཾ་གྱིས་མཚན་བ་བྲིས་པའི་ནང་གི་ཆར། ནང་མཆོད། ལས་བུམ། རྡོ་དྲིལ་བར་དུ་དགང་བླུགས་ཁ་སྦྱར་བ་བཅས་བཞག །གཞན་ཡང་མེ་དར་རླུང་གཡབ་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། སློབ་དཔོན་རྒྱན་ཆས་དཀར་པོ་བགོས་ཏེ་ཞི་ཞིང་དེས་བའི་སེམས་ཀྱིས་ཀུ་ཤ་སོགས་གཙང་མའི་སྟན་ལ་སེམས་དཔའི་སྐྱིལ་མོ་ཀྲུང་གིས་ཤར་དུ་ཕྱོགས་པར་འཁོད་དེ་བདག་གི་རྣལ་འབྱོར་ལ་གནས་པས། ལས་བུ་བསྒྲུབ་པའམ་བསང་གཏོར་རྣམས་བདུད་རྩི་ཉིད་ཀྱིས་བྱས་ཀྱང་རུང་། སྒྲུབ་མཆོད་དང་འབྲེལ་བའི་ཚེ། རྩ་སྔགས་མཐར་ཕཊ་ཛཿཞེས་བཏགས་པ་བརྗོད་པས། རང་ཉིད་དཀྱིལ་འཁོར་གཙོ་བོ་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་ལས་ཀྱི་ཧེ་རུ་ཀ་ [3b] ཞལ་གཅིག་ཕྱག་གཉིས་པའི་རྣམ་པར་ཐོན་ནས་སྦྱིན་སྲེག་གི་ལས་རིམ་ལ་འཇུག་པར་མོས་ཤིང་། རྡོར་དྲིལ། ཨ་མྲྀ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་རྡོ་རྗེ་ཐབས་ཀྱི་རང་བཞིན་ཡེ་ཤེས་ལྔའི་ངོ་བོ། དྲིལ་བུ་ཤེས་རབ་ཀྱི་རང་བཞིན་སྟོང་ཉིད་ཆོས་ཀྱི་སྒྲ་དབྱངས་སྒྲོག་པ། གཉིས་ཀའང་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་ནོ། །ཨོཾ་མ་ཧཱ་བཛྲ་ཧཱུྃ༔ ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་། ཨོཾ་བཛྲ་གཎྜེ་ཨཱཿཞེས་དྲིལ་བུ་བསིལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རག་ཎ་བཛྲ་སྭ་བྷ་ཝ་ཨཏྨ་ཀོ྅ཧཾཿཞེས་བད་སྐོར་སྔོན་དུ་འགྲོ་བས་འཁྱུད་རྒྱ་བྱས་ཏེ་དམ་ཚིག་གསུམ་ལ་བློ་བཞག །དགང་བླུགས་སྔར་བཞིན་བསང་སྦྱང་། སྟོང་པའི་ངང་ལས་པད་ཟླའི་སྟེང་དུ་རིན་པོ་ཆེ་ལས་གྲུབ་པའི་དགང་གཟར་བླུགས་མཚན་ཉིད་ཐམས་ཅད་དང་ལྡན་པ། རང་གི་སྙིང་ག་ནས་འོད་ཟེར་འཕྲོས་ཡེ་ཤེས་ལྷའི་ཐུགས་རྒྱུད་བསྐུལ། ཐབས་དང་ཤེས་རབ་ཀྱི་རང་བཞིན་ཡེ་ཤེས་སེམས་དཔའ་འོད་ཟེར་གྱི་ཚུལ་དུ་བཀུག །དགང་བླུག་ལ་ཐིམ་པས་དངོས་གྲུབ་འབྱུང་བའི་དམ་ཚིག་གི་ཡོ་བྱད་དུ་གྱུར་པར་བསམ། ཕྱི་ནང་གི་མཆོད་རྫས་རྣམས་བསང་སྦྱངས་ཏེ་བྱིན་གྱིས་བརླབ་པ་ལས་བྱང་ལྟར་བྱ། བསྲེག་རྫས་ [4a] རྣམ་བདུད་རྩིས་བྲན་ལ་རྡོ་རྗེ་རྩེ་གཅིག་པའི་ཕྱག་རྒྱས་རེག་ཅིང་། ཨོཾ་སྭཱ་ཧཱ། ཡམ་ཤིང་ལ། ཨོཾ་ཨཱཿསྭཱ་ཧཱ། ཞུན་མར་ལ། ཨོཾ་ཤྲཱི་སྭཱ་ཧཱ། འབྲུ་རྣམས་ལ། ཨོཾ་ཛྲིཾ་སྭཱ་ཧཱ། རྫས་གཞན་རྣམས་ལ། ཨོཾ་ཀུ་རུ་ཀུ་རུ་སྭཱ་ཧཱ། རྫས་རྣམས་ཀྱི་མ་དག་པའི་ཉེས་སྐྱོན་ཐམས་ཅད་སྦྱངས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྫས་རྣམས་རང་རང་གི་མིང་ཡིག་དང་པོ་ཐིག་ལེས་བརྒྱན་པ་ལས་བྱུང་བའི་བདུད་རྩིའི་བཅུད་ཅན་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པ་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ་ལ། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ༔ ཞེས་སོགས་རྫས་སྔགས་རྣམས་ལན་གསུམ་གསུམ་བརྗོད་པས་བྱིན་གྱིས་བརླབ། དེ་ནས་བཀྲ་ཤིས་པའི་གནས་ལས་བྱུང་བའི་མེ་དུ་བ་མེད་པ་གཡས་སུ་བསྐོར་ཏེ། ཨོཾ་ཛྭ་ལ་ཛྭ་ལ་ཧཱུྃ༔ ཞེས་ཐབ་ཀྱི་ཤར་ལྷོ་ནས་བཅུག །ཧཱུྃ་ཧཱུྃ་ཧཱུྃཞེས་རླུང་གཡབ་ཀྱིས་མེ་སྤར་ཞིང་། ཧཱུྃ་ལན་བདུན་བཟླས་པའི་བླུག་གཟར་གྱི་མར་ཁུའི་ཐིག་པས་ཀྱང་གསོ། དེས་ནས་ཀུ་ཤ་སྔོ་ལྗང་དྲི་མ་མེད་པ་ལས་བུམ་གྱིས་ཆུས་བྲན་ཏེ། ཨོཾ་ཨ་མྲྀ་ཏ་ཀུཎྜ་ལཱི་སརྦ་བིགྷྣཱན་ན་ཤ་ཡ་ཧཱུྃ་ཕཊ༔ ཅེས་བསང་ལ། ཨོཾ། ཀུ་ཤ་འདི་ནི་གཙང་ཞིང་དགེ ། ཚངས་པ་ལྷ་རྣམས་དག་བྱེད་ཡིན། །དཀོན་ [4b] མཆོག་གསུམ་ནི་མཉེས་བྱེད་པ། །ས་ལས་སྐྱེས་པ་འདབ་མའི་སྙིང་། །བདག་གི་བགེགས་རྣམས་ཐམས་ཅད་ནི། །ཞི་དང་བཀྲ་ཤིས་མཛད་དུ་གསོལ། །སྭཱ་ཧཱ། ཞེས་ཀུ་ཤ་ཐབ་ཀྱི་གཡས་བསྐོར་དུ་བཀྲམ་ཞིང་སླར་རྩེ་མོ་ཤར་དུ་བསྟན་པའི་ཀུ་ཤ་བ་ལང་གི་རྣ་བ་ལྟ་བུ་ཧ་ཅང་མི་རིང་བས་གཡོག་གོ །གཉིས་པ་ལ། འཇིག་རྟེན་པའི་མེ་ལྷ་མཆོད་པ་དང་། འདས་པའི་མེ་ལྷ་མཆོད་པ་གཉིས་ཀྱི། དང་པོ་ནི། ཐབ་བསང་སྦྱང་། སྟོང་བའི་ངང་ལས་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཁ་དོག་དཀར་ཞིང་དབྱིབས་ཟླུམ་པོ། མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་སྣ་ཚོགས་པདྨའི་ལྟེ་བར་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཁྱེར་ལ་རྡོ་རྗེ་ཕྲེང་བས་བསྐོར་ཞིང་གྲྭ་བཞིར་ཟླ་ཕྱེད་རྡོ་རྗེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་དཀར་པོ་ལས་དབྱུག་ཐོ་དཀར་པོ་རཾ་གྱི་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་དཀར་པོ་དྲང་སྲོང་གི་ཆ་བྱད་ཅན། ཞི་ཞིང་འཛུམ་ལ་ཤ་སྐེམ་བ་ཚངས་པའི་སྐུད་པ་དཀར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་དབྱུག་ཐོ། གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ན་ [5a] རིལ་བ་སྤྱི་བླུགས། གཉིས་པས་ཞི་བའི་དངུལ་ཕུར་འདྲིལ་བ། དྲང་སྲོང་གི་ཚོགས་ཀྱིས་ཡོངས་སུ་བསྐོར་བར་གྱུར། དྲིའི་ཐིག་ལེ་གནས་གསུམ་དུ་བཀོད་ཚུལ་བྱས་ལ། དེའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་སྔོན་པོ། བདག་གི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུ་འཕྲོས་པས་ཤར་ལྷོ་ནས་མེ་ལྷ་འཁོར་བཅས་སྤྱན་དྲངས་པར་བསམ་ལ། ལག་གཡས་མི་འཇིགས་པའི་རྒྱ་དང་བཅས་པས་མཐེ་བོང་གཡབ་ཅིང་། ཨོཾ། ཚུར་གཤེགས་ཚུར་གཤེགས་འབྱུང་པོ་ཆེ། །མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག །བསྲེག་བླུགས་ཞལ་ཟས་བཞེས་སླད་དུ། །འབར་བའི་གདན་ལ་བཞུགས་སུ་གསོལ། །ཨོཾ་པཱ་བ་ཀ་ཨགྣ་ཡེ་ཨ་གཙྪ་ཡ༔ མ་མ་ཤཱནྟིཾ་ཀུ་རུ་སྭཱ་ཧཱ། ཞེས་མདུན་གྱི་ནམ་མཁར་བཞུགས་པ་ལས་བུམ་གྱི་ཆུ་དང་ལས་སྔགས་ཀྱིས་ཕྱིར་འབྲང་གི་བགེགས་བསྐྲད། ཨོཾ་བཛྲ་ཨཾ་ཀུ་ཤ་ཛཿལྕགས་ཀྱུའི་ཕྱག་རྒྱས་དགུག །ཨོཾ་བཛྲ་པཱ་ཤ་ཧཱུྃ། ཞགས་པའི་ཕྱག་རྒྱས་གཞུག །ཨོཾ་བཛྲ་སྥོ་ཊ་བྃ། ལྕགས་སྒྲོག་གི་ཕྱག་རྒྱས་གཉིས་མེད་དུ་བྱས། ཨོཾ་བཛྲ་གྷཎྜེ་ཧོཿ དྲིལ་བུའི་ཕྱག་རྒྱས་དགྱེས་པ་བསྐྱེད། སྟོང་གསུམ་ཀུན་ཏུ་དྲི་མཆོག་འབྱུང་གྱུར་པའི༔ སྤོས་དང་སྨན་སྦྱར་ཆུ་ [5b] གཙང་དམ་པ་འདིས་༔ མི་གཙང་དྲི་མའི་ཚོགས་རྣམས་དག་གྱུར་ཅིག༔ ཨོཾ་སྭཱ་བྷཱ་ཝ་ཤུདྡྷོ྅སྭཱ་ཧཱ༔ བདག་ཅག་མེ་ཏོག་སྤོས་རབ་དང་༔ སྦྱིན་སྲེག་མཆོད་པ་འདི་འབུལ་གྱིས༔ བཞེས་ནས་བདག་ལ་དགྱེས་པར་མཛོད༔ ཨོཾ་བཛྲ་པུཥྤེ་པྲ་ཏཱིཙྪ་ཧོཿ ནས། ཤཔྡའི་བར་གྱིས་མཆོད། ཧཱུྃ། གཟི་བརྗིད་ཆེན་པོ་མེ་ཡི་ལྷ༔ འདོད་པ་ཐམས་ཅད་སྩོལ་མཛད་པའི༔ བདག་གཞན་དོན་གྲུབ་ས་ལ་བཞུགས༔ འཛིན་བྱེད་མེ་ལྷ་ཉིད་ལ་འདུད༔ ཅེས་བསྟོད། བུམ་ཆུས་གཏོར་ཞིང་། ཇི་ལྟར་བལྟམས་པ་ཙམ་སོགས་ཀྱི་མཐར། ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥེ་ཀ་ཏེ་ས་མ་ཡ་ཤྲཱི་ཡེ་ཧཱུྃ༔ ཞེས་ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཐུགས་ཀ་ནས་དབང་གི་ལྷ་མོ་བྱང་ཆུབ་སེམས་ཀྱིས་གང་བའི་བུམ་པ་ཐོགས་པ་སྤྲོས་ཏེ་དབང་བསྐུར། ཨོཾ་རཏྣ་ཨ་ལཾ་ཀཱ་ར་སྭཱ་ཧཱ༔ ཞེས་དེ་རྣམས་ཀྱིས་རྒྱན་བཏགས་པར་བསམ། དེ་ནས་བྱོན་སྐྱེམས་ནི། མེ་ལྷ་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་དང་གཟར་བུ་གཉིས་ཀྱི་ཁ་ལ་རཾ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པས་སྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། ལག་གཉིས་དེ་བཞིན་གཤེགས་པའི་ཁུ་ཚུར་གྱིས་གང་བླུགས་བཟུང་ནས། ཨོཾ་བི་མ་ལ་ཨགྣ་ཡེ་སྭཱ་ཧཱ། [6a] ཞེས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ནང་ལས་ཕྱིར་མི་འདའ་བ་གཡས་སུ་བསྐོར་ཞིང་། ཨོཾ་པཱ་བ་ཀ་ཨགྣ་ཡེ་ཞེས་པའི་མཐར བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་མཛད་དུ་གསོལ། ཞེས་སྤེལ་ཚིག་སྦྲེལ་བས་ཕུལ། ཚུལ་དུ་ལྟ་བུས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག་པས་དགེ་བར་མཐོང་ན་གཟེངས་བསྟོད། བགེགས་དང་བཅས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་བསྲུང་བ་བྱ་ཞིང་། བགེགས་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྦྱར་བས་སྲེག་བླུགས་བདུན་ལ་སོགས་པ་འབུལ་ལོ། །དེ་ནས་རྫས་རྣམས་ལས་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་དུརྦ་ཀུ་ཤ་སོགས་འོད་ཀྱི་དཀྱིལ་འཁོར་དང་། ཞོ་ཟན་དང་ཏིལ་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་པས་བཟུང་དུ་བཏུབ་པ་རྣམས་གཡས་པའི་མཐེབ་སྲིན་སྦྱར་བའི་མཆོག་སྦྱིན་གྱི་ཚུལ་དང་། དེ་ལས་གཞན་པ་རྣམས་བླུགས་གཟར་གྱིས་འབུལ་ཞིང་། འབུལ་སྔགས་དང་གོ་རིམ་ནི། ཡམ་ཤིང་། ཨོཾ་བྷོ་དྷི་བྲྀཀྵ་ཡ་སྭཱ་ཧཱ༔ གཟི་བརྗིད་ཕུན་གསུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད་ཤཱནྟིཾ་ཀུ་རུ་ [6b] སྭཱ་ཧཱ། མར་ཁུ། ཨོཾ་ཨགྣ་ཡེ་སྭཱ་ཧཱ༔ འབྱོར་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ་ཐམས་ཅད༴ ཏིལ། ཨོཾ་སརྦ་པཱ་པཾ་ད་ཧ་ན་བཛྲ་ཡེ་སྭཱ་ཧཱ༔ སྡིག་སྒྲིབ་ཐམས་ཅད་ཞི་བ་ལ་བར་དུ་གཅོད་པ་ཐམས་ཅད༴ ཞོ་ཟན་ནམ་ཟས་མཆོག །ཨོཾ་སརྦ་སཾ་པ་དེ་སྭཱ་ཧཱ༔ བདེ་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ འབྲས། ཨོཾ་བཛྲ་པུཥྚ་ཡ་སྭཱ་ཧཱ༔ བསོད་ནམས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ ནས། ཨོཾ་མ་ཧཱ་བེ་གྰ་ཡ་སྭཱ་ཧཱ༔ ཤུགས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ སོ་བ། ཨོཾ་བཛྲ་བི་ཛ་ཡ་སྭཱ་ཧཱ༔ ནོར་དང་འབྲུ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ གྲོ། ཨོཾ་བཛྲ་གྷསྨ་རི་ཡ་སྭཱ་ཧཱ༔ ནད་མེད་པ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ སྲན་མ། ཨོཾ་མ་ཧཱ་བ་ལ་ཡ་སྭཱ་ཧཱ༔ སྟོབས་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ དུརྦ། ཨོཾ་བཛྲ་ཨ་ཡུ་ཥེ་སྭཱ་ཧཱ༔ ཚེ་རིང་བ་ཕུན་སུམ་ཚོགས་པ་ལ་བར་དུ་གཅོད་པ༴ ཀུ་ཤ །ཨོཾ་ཨ་པྲ་ཏི་ཧ་ཏ་བཛྲ་ཡ་སྭཱ་ཧཱ༔ མི་མཐུན་པའི་ཕྱོགས་ཐམས་ཅད་སྲུང་བ་ལ་བར་དུ་གཅོད་པ༴ དེ་ལྟར་ལན་བདུན་སོགས་ཇི་ལྟར་རིགས་པ་ཕུལ་བའི་མཐར། ཨ་ཀཱ་རོའི་སྔགས་ལན་གསུམ་གྱིས་གཏོར་མ་བསྔོ། བསྟོད་པ་ནི། ཧཱུྃ༔ ཚངས་ [7a] པ་འཇིག་རྟེན་མགོན་གྱི་སྲས༔ མེ་ལྷའི་རྒྱལ་པོ་དྲང་སྲོང་མཆོག༔ འབྱུང་པོ་ཡོངས་སུ་སྐྱོབ་པའི་ཕྱིར༔ ཐུགས་རྗེའི་དབང་གིས་སྐུ་སྤྲུལ་པ༔ རིག་སྔགས་གྲུབ་པའི་དྲང་སྲོང་ཚུལ༔ ཉོན་མོངས་སྲེག་པའི་ཤེས་རབ་འོད༔ བསྐལ་པའི་མེ་བཞིན་གཟི་བརྗིད་འབར༔ མངོན་ཤེས་རྫུ་འཕྲུལ་ཞབས་དང་ལྡན༔ ཐབས་ཀྱི་སྒྲུབ་པའི་ཐེག་པ་བཅིབས༔ བགྲང་ཕྲེང་འཛིན་ཅིང་རིག་སྔགས་གསུང་༔ བདུད་རྩིའི་བཅུད་ལྡན་གནྡྷེ་བསྣམས༔ ཆོས་ཀྱི་བདུད་རྩི་ཡོངས་ལ་བསིམ༔ ཉེས་པའི་སྐྱོན་བྲལ་ཚངས་བར་སྤྱོད༔ འཇིག་རྟེན་གནས་ཀྱང་མྱ་ངན་འདས༔ ཞི་བ་བརྙེས་ཀྱང་ཐུགས་རྗེ་ཆེ༔ དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ༔ ཅེས་བསྟོད། ཡིག་བརྒྱ་བརྗོད་པས་ནོངས་པ་བཤགས་ལ།ན་མོ། རིག་པའི་རྒྱལ་པོ་ཁྱེད་ཀྱིས་ལས་ཐམས་ཅད་བྱེད་པས་བསྲེག་རྫས་ལྷའི་ཞལ་དུ་འབུལ་བ་དང་། མེ་ཉིད་ཡེ་ཤེས་ཀྱི་མེར་བྱིན་གྱིས་བརླབས་ནས་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ནད་གདོན་སྡིག་སྒྲིབ་འགལ་རྐྱེན་མི་མཐུན་པའི་ཕྱོགས་ཐམས་ཅད་ཞི་བའི་ཕྲིན་ལས་ [7b] མཛད་དུ་གསོལ། ཞེས་འདོད་དོན་གསོལ། ཨོཾ་ཨཱཿཧཱུཾ་མུཿས་ཡེ་ཤེས་ཀྱི་མེ་ལྷ་ཐབ་ཀྱི་ཤར་ལྷོར་གཤེགས་པར་བསམ་མོ། །གཉིས་པ་འདས་པའི་མེ་ལྷ་མཆོད་པ་ནི། བུད་ཤིང་ཅུང་ཟད་ཁ་གསོལ་ལ་བསང་སྦྱང་། ཧཱུྃ། དམ་ཚིག་མེ་ལྷའི་ལྟོ་བའི་དབྱིངས། །རང་བྱུང་ལྷུན་གྲུབ་གཞལ་ཡས་ཁང་། །གྲུ་བཞི་སྒོ་བཞི་སྒོ་ཁྱུད་ཅན། །སོགས་ནས། མ་ཆགས་པདྨ་འབར་བའི་གདན་དུ་གསལ། །ཞེས་པའི་བར་གྱིས་རྟེན་གཞལ་ཡས་ཁང་གདན་དང་བཅས་པ་བསྐྱེད། སྐབས་འདིར་སྦྱིན་སྲེག་རྐྱང་པའི་ཚེ་བརྟེན་པ་ལྷ་བསྐྱེད་ནས་སྤྱན་འདྲེན་བྱེད་པ་ཡིན་ཅིང་། སྒྲུབ་མཆོད་དང་འབྲེལ་བའི་སྐབས། ཧཱུྃ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ ཞེས་སོགས་སྤྱན་འདྲེན་གྱི་ཚིག་བརྗོད་པ་དང་བསྟུན་ལས་རྡོར་གྱིས་སྔགས་བཟླ་བཞིན་སྒྲུབ་དཀྱིལ་ལས་མཎྜལ་མེ་ཏོག་གིས་མཚོན་པར་སྤྱན་དྲངས་པ་སློབ་དཔོན་ལ་གཡས་སུ་བསྐོར་ཏེ་གཡོན་ཕྱོགས་ནས་ཕུལ་བ་ལས་མེ་ཏོག་ཐབ་ཏུ་དོར་བ་དང་ལྷན་ཅིག་གཙོ་འཁོར་སོ་སོའི་བསྐྱེད་སྔགས་བརྗོད་པའི་མཐར། ཧཱུྃ༔ དཀྱིལ་འཁོར་ཆེན་པོའི་ལྟེ་བ་རུ། །དཔལ་ཆེན་རྡོ་རྗེ་གཞོན་ནུ་ཆེ། །ཞེས་སོགས་ནས། མུ་རན་ཁོར་ཡུག་གང་བར་གྱུར། །ཅེས་པའི་བར་གྱིས་ལྷ་ཚོགས་གསལ་བཏབ། གང་ལྟར་ཡང་མཆོད་པ་དང་བསྟོད་པའི་རིམ་པ་ལས་བྱང་བཞིན་སོང་ནས། བསྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ལ། དཀྱིལ་ [8a] འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རྡོ་རྗེ་དཀར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་ཧཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ། ཞེས་སོགས་འདོན་པ་སྤོས་ལ། གཙོ་སྔགས་ཀྱིས་དགང་ཞིང་བཞི་སྙིང་གཅིག་དྲིལ་སྤེལ་ཚིག་དང་བཅས་པས་ཕུལ། དེ་ནས་ཡམ་ཤིང་ལ་སོགས་པའི་བསྲེག་རྫས་གཞན་ཐམས་ཅད་གཙོ་སྔགས་ལ། ས་པ་རི་ཝཱ་ར་བཏགས་པ་ཁོ་ནའམ། སྤྲོ་ན་གཙོ་བོ། ཁྲོ་བཅུ། སྲས་མཆོག །སྒོ་སྲུང་རྣམས་སོ་སོའི་སྔགས་དང་། དམ་ཅན་སྤྱི་ལ་བཞི་སྙིང་གཅིག་དྲིལ་བཅས། ཐོག་མར་དེ་དག་ལན་རེའི་མཐར་རྫས་སྔགས་ཁོ་ནས་བཅུ་ལ་སོགས་པ་ཇི་ལྟར་རིགས་པས་ཕུལ་མཐར་སྤེལ་ཚིག་གོང་ལྟར་སྦྱར། ཚུལ་དེ་ལྟ་བུས་གཙོ་འཁོར་གྱི་འགྲོས་དང་སྦྱར་ཏེ་འབུལ། རྫས་རྣམས་རྫོགས་ནས་ལས་བཅོལ་བ་ནི། ཧོཿ བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་ཁྱེད་རྣམས་ཀྱིས་བདག་ཅག་དཔོན་སློབ་སོགས་གོང་བཞིན་འདོད་དོན་གསོལ་བས། ལྷ་རྣམས་ཀྱིས་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་ཟླ་བ་ཆུ་ཤེལ་གྱི་བུམ་པ་བདུད་རྩི་དཀར་པོའི་གང་བ་འཛིན་པས་ཟླ་བ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་ཁྲུས་བྱས་པས་སྡིག་སྒྲིབ་ནད་གདོན་ལ་སོགས་པའི་ [8b] ཉེས་པ་ཐམས་ཅད་དག་ཅིང་ཞི་བར་བསམ་མོ། །སླར་ཡང་དགང་བླུགས་སྔར་བཞིན་དུ་ཕུལ་མཐར། ཨོཾ་བཛྲ་ཝ་སྟྲ་ཡ་སྭཱ་ཧཱ༔ ཞེས་གོས་ཟུང་དང་། ཨོཾ་བཛྲ་ཏམྦུ་ལཱ་ཡ་སྭཱ་ཧཱ༔ ཞེས་སོ་རྩི་འབུལ། ཆུ་གཉིས་ཉེར་སྤྱོད་སྔགས་ཙམ་གྱིས་མཆོད་ཅིང་ཤྭ་ལོ་ཀ་གཅིག་གིས་བསྟོད། མ་རྙེད་ཡོངས་སུ་མ་ཚང་དང་། །སོགས་དང་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤགས། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། ཅེས་སོགས་ནས། བཛྲ་མུཿཞེས་སེ་གོལ་གྱི་སྒྲས་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། དམ་ཚིག་པ་རང་ལ་བསྡུ། སྒྲུབ་མཆོད་དང་འབྲེལ་བའི་ཚེ། དཀྱིལ་འཁོར་བའི་ལྷ་ཚོགས་རྣམས་སྒྲུབ་པའི་དཀྱིལ་འཁོར་ལ་གཤེགས་པར་བསམ་ཞིང་མཎྜལ་མེ་ཏོག་གིས་མཚོན་པར་སྒྲུབ་དཀྱིལ་ག་ལ་བར་སྤྱན་དྲངས། གཞལ་ཡས་ཁང་གདན་དང་བཅས་པ་རང་ལ་ཐིམ་པར་བསམ་མོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། སླར་ཡང་བླུགས་གཟར་གྱི་མར་ཁུས་མེ་གསོ་ཞིང་། བཛྲ་ས་མཱ་ཛཿས་མེ་ལྷ་ཡེ་ཤེས་པ་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས། དམ་ཚིག་པ་དང་དབྱེར་མེད་དུ་གྱུར་པ་ལ་སྔར་བཞིན་དགང་བླུགས་དང་ཡམ་ཤིང་ལ་སོགས་པའི་བསྲེག་རྫས་ལྷག་མ་རྣམས་སོ་སོའི་སྔགས་མཐར། ཨོཾ་པཱ་བ་ཀ་ཨགྣ་ཡེ་བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱིས༔ རྫས་དང་ཡོ་བྱད་ [9a] མ་ཚོགས་པ་དང་༔ ཏིང་འཛིན་མ་གསལ་བ་དང་༔ ཆོ་ག་ལྷག་པ་དང་༔ ཉམས་པ་དང་༔ ལྷ་གོང་འོག་ནོར་བ་ཐམས་ཅད་ཤཱནྟིཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྦྱར་བས་ཕུལ། གོས་ཟུང་དང་སོ་རྩིའང་གོང་གི་སྔགས་ཀྱིས་ཕུལ་མཐར། པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད། མེ་སྟེ་བསྲེག་བྱ་ཟ་བའི་ལྷ། །དྲང་སྲོང་རྒྱལ་པོ་གདོན་གྱི་བདག །ཤར་ལྷོ་མེ་ལྷའི་ཚོགས་བཅས་ལ། །མཆོད་ཅིང་བསྟོད་དེ་ཕྱག་ཀྱང་འཚལ། །ཞེས་བསྟོད། ཨ་ཀཱ་རོས་སྔར་བསྔོས་པའི་གཏོར་མ་ཐབ་ཏུ་འབུལ་ཞིང་། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སོགས་ཀྱིས་ཕྲིན་ལས་བཅོལ མ་རྙེད་ཡོངས་སུ་སོགས་ཀྱིས་ནོངས་པ་བཤགས། བདག་གི་དོན་དང་གཞན་གྱི་དོན། །སྒྲུབ་བྱེད་བསྲེག་བྱ་ཟ་བ་གཤེགས། །ཇི་བཞིན་དུས་སུ་ཚུར་བྱོན་ལ། །བདག་གི་དངོས་གྲུབ་ཐམས་ཅད་སྒྲུབས། །ཨོཾ་མུཿཞེས་མེ་ལྷ་ཡེ་ཤེས་པ་རང་གནས་སུ་གཤེགས། དམ་ཚིག་གི་མེ་ལྷ་རང་གི་སྙིང་གར་ཐིམ་པར་བསམ། ལས་མཇུག་བྲོ་ཡིས་བསྡུ་བའི་སླད་དུ། ཞི་བའི་ཕུར་བུ་འདྲིལ། མཆེད་རྣམས་ལག་གཡས་སྟེང་དང་གཡོན་འོག་ཏུ་བྱས་པའི་འཛུབ་མོ་རྣམས་ལུ་གུ་རྒྱུད་དུ་སྦྲེལ་ནས་བྲོ་ར་ཟླུམ་པོར་བསྐོར་བའམ་དེར་མོས་ལ། ཧཱུྃ༔ དངུལ་ལམ་དཀར་པོའི་ཤིང་རྣམས་ལ༔ མགོ་བོ་རྒྱ་མདུད་རྩེ་ཟླུམ་པོ༔ ངོས་ [9b] ལ་ཞི་བའི་ལྷ་བསྒོམས་ཏེ༔ བཏབ་པས་འཇིགས་བརྒྱད་ཞི་བར་འགྱུར༔ བཾ་གྱི་ཚོགས་ཀྱི་དཀྱིལ་འཁོར་དུ༔ ཨོཾ་ལས་དེ་བཞིན་འཁོར་དང་བཅས༔ རྨུགས་པར་གྱུར་པའི་སེམས་ཅན་རྣམས༔ ཞི་བར་གྱུར་ལ་དབྱིངས་སུ་རོལ༔ ཧཱུྃ་བཞི་པའི་སྔགས་དང་། ཞི་མཛད་ལྷ་ལ་ཕྱག་འཚལ་ལོ༔ སྟེང་གི་ལྷ་ཡང་ཞི་གྱུར་ཅིག༔ འོག་གི་ཀླུ་ཡང་ཞི་གྱུར་ཅིག༔ སྡང་བའི་དགྲ་ཡང་ཞི་གྱུར་ཅིག༔ གནོད་པའི་བགེགས་ཀྱང་ཞི་གྱུར་ཅིག༔ ནད་དང་སྡུག་བསྔལ་ཞི་གྱུར་ཅིག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བྲོ་བརྡུང་། དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོ་ཞིང་ཤིས་པ་བརྗོད་པས་མཐའ་རྒྱས་སུ་བྱ། མེ་རང་ཞིར་གཏོང་བའམ་དྲི་བཟང་གི་ཆུས་གཞིལ་ལ་ཐལ་སོལ་རྣམས་རྒྱ་མཚོར་འབབས་པའི་ཆུ་བོ་ཆེན་པོར་བསྐྱལ་ལོ། ། ༈ གཉིས་པ་རྒྱས་བའི་སྦྱིན་སྲེག་གི་ཁྱད་པར་ནི། དུས་རབ་བཞིའི་ཡར་ངོའི་ཚེས་བརྒྱད་དམ་བཅོ་ལྔ་ལ་སོགས་པའི་ཉི་དྲོས་ཀྱི་ཆར། རྒྱལ་པོའི་བང་མཛོད་ཀྱི་འོག་དང་ཞིང་ས་བཟང་པོ་སོགས་དཔལ་ཅན་གྱིས་ལས་བསྐྲུན་པའི་ཐབ་སྟེགས་གྲུ་བཞི་ཁོད་སྙོམས་པར་བྱས་པའི་སྟེང་དུ་ཐབ་ཁུང་གྲུ་བཞི་རྒྱར་ཁྲུ་དོ། དཔངས་སུ་ཁྲུ་གང་ལ། ཐབ་ཀྱི་སྟེང་དུ་མུ་རན་ནམ་མཆུ་སོར་བརྒྱད་དོར་བའི་རྒྱར་དཔངས་སོར་བརྒྱད་ཀྱི་ཁ་ཁྱེར་བགས་ཀྱིས་གཞོལ་བའི་ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བ། མུ་རན་ལ་མེ་རི་གཡས་བསྐོར། ཐབ་དབུས་ [10a] སུ་སོར་དྲུག་པའི་རིན་པོ་ཆེ་སེར་པོས་མཚན་པ། བྲིས་ཐབ་ཏུ་བྱེད་ན་སྟེགས་བུར་བ་བྱུང་བདུད་རྩི་དང་སྦྱར་བའི་དྲིའི་ཆུས་ཆག་ཆག་བཏབ་པར་ཚངས་ཟུར་གྱི་ཐིག་བཏབ་པའི་དབུས་ནས་ལོགས་ངོས་སུ་ཁྲུ་རེ་གཞལ་བའི་སར་བཅད་པའི་ཕྱི་རོལ་དུ་སོར་བརྒྱད་པའི་མཆུ་དང་ཁ་ཁྱེར་གྱི་ཆ་བསྐོར། ཐབ་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་སོར་དྲུག་པའི་རིན་པོ་ཆེས་མཚན་པ། མཆུའམ་མུ་རན་ལ་མེ་རི་སེར་པོ་གཡས་བསྐོར་དུ་འབར་བ་དང་། ཁ་ཁྱེར་ལ་རིན་པོ་ཆེའི་ཕྲེང་བས་བསྐོར་ཞིང་ཟུར་བཞི་ལའང་རིན་པོ་ཆེ་འབར་བའི་བཅས་བྲི། དེར་ཚེར་མ་མེད་པའི་འབྲས་བུ་ཅན་གྱི་ཤིང་འོ་མར་བཅས་པའི་གུར་གུམ་གྱི་ཆབ་ཀྱིས་བྲན་པས་ཁྲུ་གང་ཙམ་དུ་གྲུ་བཞིར་བརྩིག །གཏོར་མའི་རྒྱུ་གསེར་ཕྱེ་མེ་ཏོག །སེར་པོ་གྲོ་དང་རྒུན་འབྲུའི་ཕྱེ་ལྡོང་རོས་ཞོ་རྣམས་མར་དང་བསྲེས་པས་དབྱིབས་གྲུ་བཞི་པད་འདབ་ཅན། ཡམ་ཤིང་འབྲས་བུ་ཆགས་པའི་ཤིང་གི་བར་གྱི་ཆ་ལས་བྱུང་བ་ཁྲུ་གང་བ་དྲི་བཟང་དང་མངར་གསུམ་མར་ཁུས་སྦགས་པ། བསྲེག་རྫས་ཞི་བ་དང་མཚུངས་པ་ལས་བིལྦ་སོགས་ཤིང་ཏོག་འབྲུ་སྨན་རིན་པོ་ཆེ་དང་དར་གོས་སེར་པོའི་རིགས། སྣོད་དང་རྫས་ཐམས་ཅད་དབྱིངས་གྲུ་བཞི་ཁ་དོག་སེར་པོ་འབའ་ཞིག་པ་བྱ། སློབ་དཔོན་རྒྱན་ཆས་སེར་པོ་བགོས་ལ་དགའ་བའི་སེམས་དང་བཟང་པོའི་སྟབས་ཀྱིས་སྟན་སེར་པོ་ལ་ཁ་བྱང་དུ་ཕྱོགས་པས་འཁོད་ནས་ལས་རིམ་ལ་འཇུག །མེ་རྒྱལ་རིགས་ཀྱི་ཁྱིམ་དང་རྩུབ་ཤིང་ལས་བྱུང་བས་སྦར། ཕྲིན་ལས་ཞི་བའི་སྐབས་ཁོ་ན་ལྟར་ལས། ཐབ་བསྐྱེད་སྐབས། སྟོང་བའི་ངང་ལས་ཧཱུྃ་ [10b] ལས་རྒྱས་པའི་ཐབ་ཁུང་སེར་པོ་དབྱིབས་གྲུ་བཞི་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་འཁོར་ལོ་རྩིབས་བརྒྱད་པའི་ལྟེ་བར་རིན་པོ་ཆེ་སེར་པོ་དང་ཁ་ཁྱེར་དང་ཟུར་བཞིར་རིན་པོ་ཆེས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་མེའི་དཀྱིལ་འཁོར་གྲུ་གསུམ་པ་དང་ཨ་ལས་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་རཾ་སེར་པོ་ལས་དབྱུག་ཐོ་སེར་པོ་རཾ་གྱིས་མཚན་པར་གྱུར་ཏེ། དེ་ལས་མེ་ལྷ་སེར་པོ་དྲང་སྲོང་གི་ཆ་བྱད་ཅན། སྒེག་པའི་ཉམས་ཅན་ཤ་རྒྱས་པ་ཚངས་པའི་སྐུད་པ་སེར་པོ་དང་ལྡན་པ། ཞལ་གཅིག་ཕྱག་བཞི་པ། གཡས་དང་པོས་དབྱུག་ཐོ། གཉིས་པ་ན་བགྲང་ཕྲེང་། གཡོན་དང་པོ་ན་རིལ་བ་སྤྱི་བླུགས། གཉིས་པས་རྒྱས་པའི་གསེར་ཕུར་འདྲིལ་བ། དྲང་སྲོང་གི་ཚོགས་ཀྱིས་སོགས་སྔར་ལྟར་དང་། མ་མ་ཤཱནྟིཾ་ཀུ་རུའི་མལ་དུ། མ་མ་པུཥྚིཾ་ཀུ་རུ་ཨོཾ། ཞེས་དང་། ཞི་བའི་མལ་དུ་རྒྱས་པ་ཞེས་བསྒྱུར། དགང་བླུགས་སྐབས་ལག་གཉིས་ཁུ་ཚུར་བྱས་པའི་མཐེབ་མཛུབ་གཉིས་རྩེ་སྤྲད་པ་རིན་པོ་ཆེའི་ཁུ་ཚུར་གྱིས་དགང་བླུགས་བཟུང་། སྤེལ་ཚིག་སྐབས། ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་ [11a] གསོལ། ཞེས་དང་། གཟི་བརྗིད་ཕུན་སུམ་ཚོགས་པ་ཐམས་ཅད་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་པས་འགྲེས་སྦྱར། འདོད་གསོལ་སྐབས། ན་མོ། རིག་པའི་རྒྱལ་པོ་སོགས་གོང་ལྟར་ལ། བདག་ཅག་དཔོན་སློབ་ཡོན་མཆོད་འཁོར་དང་བཅས་པས་ཐོག་དྲངས་མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པའི་ཕྲིན་ལས་མཛད་དུ་གསོལ། ཞེས་སྦྱར། འདས་པའི་དགང་བླུགས་སྐབས། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་རིན་པོ་ཆེ་སེར་པོའི་རྣམ་པ་ཅན་དང་གཟར་བུ་གཉིས་ཀྱི་ཁ་ལ་བྷྲཱུྃ་ཡིག་འོད་ཟེར་གྱི་ཕུང་པོར་འབར་བས་མཚན་པ་ཞེས་འདོན་པ་སྤོ། རྫས་རྣམས་རྫོགས་ནས་ལས་འཆོལ་བའི་ཚེ། ལྷ་རྣམས་ཀྱི་ཐུགས་ཀ་ནས་སྤྲོས་པའི་སངས་རྒྱས་རྣམས་ཀྱིས་གསེར་གྱི་བུམ་པ་བདུད་རྩི་དང་རིན་པོ་ཆེས་གང་བ་འཛིན་པས་ཟླ་བ་སེར་པོ་ལ་གནས་པའི་བསྒྲུབ་བྱའི་སྟེང་ཕྱོགས་ནས་བདུད་རྩི་དང་རིན་པོ་ཆེའི་ཆར་ཕབ་པས་དེའི་ལུས་དང་ཁྱིམ་གང་སྟེ་ཚེ་དང་བསོད་ནམས་ཡེ་ཤེས་ཡོན་ཏན་ཐམས་ཅད་འཕེལ་ཞིང་རྒྱས་པར་བསམ། བྲོ་བརྡུང་པའི་སྐབས་རྒྱས་པའི་ཕུར་བུ་འདྲིལ། གོང་མོ་སྦྲེལ་བའི་བྲོ་ར་གྲུ་ [11b] བཞིའམ་དེར་མོས་ལ། ཧཱུྃ༔ གསེར་རམས་སེར་པོའི་ཤིང་རྣམས་ལ༔ མགོ་བོ་རྒྱ་མདུད་རྩེ་ཟུར་བཞི༔ ངོས་ལ་རྒྱས་པའི་ལྷ་བཀོད་དེ༔ བཏབ་པས་ཚེ་དབང་བསོད་ནམས་རྒྱས༔ མ་ཡི་ཚོགས་ཀྱི་དཀྱིལ་འཁོར་དུ༔ སྭཱ་ལས་རིན་ཆེན་འཁོར་དང་བཅས༔ ང་རྒྱལ་དྲེགས་པའི་སེམས་ཅན་རྣམས༔ རྒྱས་པར་གྱུར་ལ་དབྱིངས་སུ་རོལ༔ ཧཱུྃ་བཞི་པའི་སྔགས་དང་། རྒྱས་མཛད་ལྷ་ལ་ཕྱག་འཚལ་ལོ༔ ཚེ་དང་བསོད་ནམས་རྒྱས་གྱུར་ཅིག༔ བཀྲག་དང་གཟི་བརྗིད་རྒྱས་གྱུར་ཅིག༔ གདུལ་བྱ་ཕྲིན་ལས་རྒྱས་གྱུར་ཅིག༔ སྭཱ་རཏྣ་ཀཱི་ལི་ཀཱི་ལ་ཡ་པུཥྚི་ཀུ་རུ་ཡེ་སྭཱ་ཧཱ༔ ཞེས་བརྡུང་། རྗེས་མེ་རང་ཞིར་བཏང་སྟེ་ཐལ་སོལ་བང་མཛོད་དུ་སྦ། གལ་ཏེ་རབ་གནས་དང་འབྲེལ་བར་འོ་ཐུག་སྒྲུབ་ན་དེའི་ལག་ལེན་ནི་སྤྱི་ལྟར་ཤེས་པར་བྱའོ། །ཇི་སྙེད་སྔགས་ཀྱི་དངོས་གྲུབ་ནུས་པའི་སྒོ། །མྱུར་འབྱིན་མཆོད་སྦྱིན་སྲེག་བླུག་ཆོ་གའི་ཚུལ། །གསལ་བར་བརྗོད་ལས་ཕྲིན་ལས་ཡིད་བཞིན་དུ། །འཇོ་བའི་ངོ་མཚར་མཆོག་གི་རྒྱུར་གྱུར་ཅིག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་ཡང་གསང་སྲོག་གི་སྤུ་གྲིའི་སྦྱིན་སྲེག་གི་ཆོ་ག་ཕྲིན་ལས་མངོན་པར་རོལ་པའི་དབྱིག་ཅེས་བྱ་བ་འདི་ནི། གསང་ཆེན་བསྟན་པའི་རྩ་ལག་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་དུ་འདི་ཉིད་ཀྱི་སྒྲུབ་རྒྱུན་གསར་འཛུག་མཛད་པའི་ཆ་རྐྱེན་དུ་འཇུག་པ་བདེ་བའི་ཆོག་ཁྲིགས་འདི་ལྟ་བུ་ཞིག་གྱིས་ཞེས་རྣམ་ [12a] འདྲེན་གསུང་སྤྲུལ་བཅུ་པ་པདྨ་ངག་དབང་ཆོས་ཀྱི་རྒྱལ་མཚན་གང་གི་བཀའ་སྩལ་རིན་པོ་ཆེའི་ཅོད་པན་སྤྱི་བོའི་རྒྱན་དུ་མཆོད་པར་བྱ་བའི་ཕྱིར། རིགས་མཐུན་གྱི་གཞུང་ལ་བརྟེན་ནས་དོན་གསལ་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། སྔགས་ཀྱི་བནྡྷེ་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བའི་ཡི་གེ་པ་ནི་རིག་བྱེད་པ་ནོར་བུ་དབང་རྒྱལ་གྱིས་བགྱིས་པའོ། །འདིས་ཀྱང་ལས་དང་དངོས་གྲུབ་ཐམས་ཅད་ཐོགས་མེད་ཡིད་བཞིན་དུ་འགྲུབ་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ། །