རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་ཕྲིན་ལས་རྒྱུན་ཁྱེར་ཉམས་ལེན་སྙིང་པོར་དྲིལ་བ།

From Dudjom Wiki
DJYD-KABUM-07-JA-008
Wylie title rtsa gsum rig 'dzin srog sgrub kyi phrin las rgyun khyer nyams len snying por dril ba DJYD-KABUM-07-JA-008.pdf
Location bdud 'joms rin po che bka' 'bum
Volume 7, Text 8, Pages 201-206 (Folios 1a1 to 3b5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rtsa gsum rig 'dzin srog sgrub kyi phrin las rgyun khyer nyams len snying por dril ba. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 7: 201-206. Kalimpong: Dupjung Lama, 1979-1985.
Side notes Recto: rgyun khyer   Verso: lha btsun srog sgrub
More details More details
Tertön ལྷ་བཙུན་ནམ་མཁའ་འཇིགས་མེད་ (lha btsun nam mkha' 'jigs med)
Genre Daily Practice - rgyun khyer
Cycle རྩ་གསུམ་རིག་འཛིན་སྲོག་སྒྲུབ་ (rtsa gsum rig 'dzin srog sgrub)
Colophon

།ཞེས་པའང་མཁའ་སྤྱོད་དཔལ་གྱི་འབྲས་མོ་གཤོངས་ཀྱི་ས་སྐྱོང་རྒྱལ་སྲས་དོན་གྲུབ་རྣམ་པར་རྒྱལ་བའི་སྡེའི་ཐུགས་དམ་ཉམས་བཞེས་ཀྱི་ཆེད་དང་། གཞན་ཡང་གསང་ཆེན་པདྨ་ཡང་རྩེའི་ཆོས་གྲྭ་སོགས་ལམ་འདིའི་རིང་ལུགས་འཛིན་པ་རྣམས་ཀྱིས་འཇུག་སྒོར་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྩ་བའི་གཞུང་ལས་འཇུག་བདེ་སྙིང་བོར་དྲིལ་ནས་སྦྱར་བ་ཟབ་ལམ་གྱི་ཕྲིན་ལས་མི་ནུབ་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག ། །སརྦ་དཱ་མངྒ་ལཾ།།

/zhes pa'ang mkha' spyod dpal gyi 'bras mo gshongs kyi sa skyong rgyal sras don grub rnam par rgyal ba'i sde'i thugs dam nyams bzhes kyi ched dang /___gzhan yang gsang chen pad+ma yang rtse'i chos grwa sogs lam 'di'i ring lugs 'dzin pa rnams kyis 'jug sgor nye bar mkho bas mtshams sbyar te/___'jigs bral ye shes rdo rjes rtsa ba'i gzhung las 'jug bde snying bor dril nas sbyar ba zab lam gyi phrin las mi nub rtag cing khyab pa'i rgyur gyur cig_/___/sarba dA mang+ga laM//

[edit]
༄༅། །རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་ཕྲིན་ལས་རྒྱུན་ཁྱེར་ཉམས་ལེན་སྙིང་པོར་དྲིལ་བ་བཞུགས་སོ། ། ན་མོ་མ་ཧཱ་གུ་རུ་ཡེ། འདིར་རྩ་གསུམ་རིག་འཛིན་སྲོག་སྒྲུབ་ཀྱི་ཕྲིན་ལས་རྒྱུན་ཁྱེར་ཉམས་ལེན་སྙིང་པོར་དྲིལ་བ་ལ། ཐོག་མར་གསོལ་འདེབས་ནི། ཆོས་དབྱིངས་མཁའ་ཀློང་རྣམ་དག་རྡོ་རྗེའི་སྦུབས། །མདངས་གསལ་ལྷུན་གྲུབ་ཉིན་བྱེད་མཚན་དཔེའི་སྐུ། །ཞིང་འདིར་གདུལ་བྱའི་དཔལ་མགོན་དམ་པའི་མཆོག །ལྷ་བཙུན་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་དུ། །དུས་གསུམ་སངས་རྒྱས་ཀུན་གྱི་ངོ་བོ་ཉིད། །རང་སེམས་ཆོས་སྐུ་མངོན་སུམ་སྟོན་མཛད་པའི། །རྩ་བའི་བླ་མའི་ཞབས་ལ་གསོལ་བ་འདེབས། །སྐྱབས་འགྲོ་ནི། ཨོཾ་ཨཱཿཧཱུཾ༔ མཁའ་མཉམ་སྲིད་ཞིའི་སྐྱབས་ཀུན་སྙིང་པོའི་བཅུད༔ དབང་དྲག་རིག་འཛིན་པདྨ་ཐོད་ཕྲེང་རྩལ༔ ཁྱོད་སྐུར་སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་རྫོགས༔ འགྲོ་ཀུན་སྲིད་ལས་བསྒྲལ་ཕྱིར་སྐྱབས་སུ་མཆི༔ སེམས་བསྐྱེད་ནི། གསང་མཆོག་འོད་གསལ་ཡེ་ཤེས་ཐིག་ལེའི་གཞིར༔ འགྲོ་ཀུན་སྒྲིབ་གསུམ་དག་ནས་སྐུ་དང་གསུང་༔ ཐུགས་ཀྱི་ཐིག་ལེ་ལྷུན་གྲུབ་སྣང་བཞིའི་ངང་༔ གཞོན་ནུ་བུམ་སྐུར་གྲོལ་བར་སེམས་བསྐྱེད་དོ༔ ཚོགས་བསགས་ནི། གཤིས་རིག་མ་བཅོས་གཉུག་མར་ཕྱག་འཚལ་ཞིང་༔ གཏིང་མཐའ་བྲལ་བའི་འོད་གསལ་མཆོད་པར་འབུལ༔ འཁོར་བ་མྱང་འདས་མཉམ་ཉིད་ཀློང་དུ་བཤགས༔ བློ་བྲལ་ཆོས་ཟད་ཆེན་པོར་རྗེས་ཡི་རང་༔ ལྷུན་གྲུབ་རྫོགས་པ་ཆེན་པོའི་ཆོས་འཁོར་བསྐོར༔ འཁོར་བ་དོང་ནས་སྤྲུགས་པར་གསོལ་བ་འདེབས༔ འཁོར་གསུམ་དམིགས་མཐའ་བྲལ་བའི་ཕ་མཐར་བསྔོ༔ མཚམས་གཅོད་ནི། ཧཱུྃ༔ སྣང་བའི་ཆོས་རྣམས་སྟོང་ཉིད་རྡོ་རྗེའི་མཚོན༔ ཞིང་རྡུལ་ཐམས་ཅད་ལྷ་སྐུ་འཇའ་འོད་འབར༔ གྲགས་སྟོང་ངར་གྱིས་སྟོང་གསུམ་ཧཱུྃ་སྒྲ་སྒྲོག༔ འབྱུང་ལྔའི་མཚོན་ཆ་སྐུ་གསུང་ཐུགས་རྡོ་རྗེ༔ ཡེ་ཤེས་མེ་འོད་ཀློང་ན་གུར་དུ་གཏམས༔ བཛྲ་རཏྣ་པདྨ་ཀརྨ་བུདྡྷ་སརྦ་རཀྵ་རཀྵ་སུ་པྲ་ཏིཥྛ་ཧཱུྃ༔ མཆོད་པ་བྱིན་བརླབ་ནི། ཧྲཱིཿ སྐྱེ་འགག་གནས་གསུམ་མཐའ་བྲལ་དྭངས་པའི་གཤིས༔ གསལ་སྟོང་ཟུང་འཇུག་ཡི་གེ་འབྲུ་གསུམ་གྱི༔ དྭངས་མར་སྦྱངས་པའི་འདོད་ཡོན་འོད་ཕུང་བཅུད༔ ཀུན་བཟང་མཆོད་སྤྲིན་ཆེན་པོས་ཁྱབ་པར་གྱུར༔ མ་ཧཱ་པཉྩ་རཀྟ་པུ་ཛ་མེ་གྷ་ག་ཎ་ཙཀྲ་ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཕ་ལ་ཨ་མྲྀ་ཏ་ཧཱུྃ༔ ལྷ་བསྐྱེད་ནི། ཨ༔ ཆོས་དབྱིངས་ལོངས་སྤྱོད་རྫོགས་དང་སྤྲུལ་པའི་སྐུ༔ འོད་གསལ་ཐིག་ལེ་ཟང་ཐལ་ཀློང་ཡངས་པར༔ རབ་འབྱམས་རྒྱལ་བའི་དཀྱིལ་འཁོར་མ་ལུས་པ༔ སྣང་སྲིད་ཐམས་ཅད་མེར་མེར་ཤིག་ཤིག་གསལ༔ དེ་ཀློང་པད་ཉིའི་གདན་སྟེང་ཁྱོན་ཡངས་པར༔ ཟག་བཅས་མི་སྣང་སྐད་ཅིག་དྲན་རྫོགས་སུ༔ རྒྱལ་བ་ཀུན་འདུས་རིག་འཛིན་ཐོད་ཕྲེང་རྩལ༔ ཆུ་ལས་ཆུ་བུར་རྡོལ་འདྲ་མཚན་དཔེའི་སྐུ༔ ལོ་བརྒྱད་ལང་ཚོ་ཁྲོ་འཛུམ་འགྱིང་བག་ཅན༔ སྟག་ཤམ་རུས་རྒྱན་དྲིལ་གཡེར་དར་དབྱངས་དང་༔ ཐོར་ཚུགས་རིན་ཆེན་འབར་བའི་རྩེ་བྲན་ཅན༔ ཕྱག་ཞབས་ནོར་བུའི་གདུ་བུས་རབ་མཛེས་ཤིང་༔ གཡས་གཡོན་གྲི་གུག་ཐོད་ཁྲག་འཛིན་པ་ནི༔ དབྱིངས་ཕྱུག་མནྔྷ་ར་དང་གཉིས་མེད་དུ༔ རུས་པའི་རྒྱན་དྲུག་དར་གྱི་སྨད་དཀྲིས་དང་༔ མཉེན་ལྕུགས་འཁྲིལ་ལྡེམས་རྗེས་ཆགས་ཟིམ་བུའི་སྤྱན༔ ཨུཏྤལ་རྒྱས་འདྲ་ཆུ་སྐྱེས་འཛུམ་པས་བཏུད༔ ཡབ་ཀྱི་མགུལ་འཁྱུད་གྲི་ཐོད་རྣམ་པར་འཛིན༔ བདེ་ཆེན་འོད་ཀྱི་གུར་ཁང་འཁྱིལ་བ་དེའི༔ སྤྱི་མགྲིན་སྙིང་ག་ལྟེ་གསང་གནས་ལྔ་རུ༔ དཀར་དམར་མཐིང་སེར་ལྗང་བའི་སྐུ་མདོག་ཅན༔ རང་འདྲ་རྡོ་རྗེའི་ཁོར་ལོ་པདྨ་དང་༔ རིན་ཆེན་ལས་ཀྱི་རིགས་སུ་ལྷུན་གྲུབ་པའི༔ ཡབ་ཡུམ་གཉིས་མེད་འཁྲིལ་སྦྱོར་ཟག་མེད་ཀྱི༔ བདེ་དང་སྟོང་པ་འོད་གསལ་གཞིར་རྫོགས་པའི༔ ཐབས་ཤེས་བཅུད་ཀྱི་སྣང་སྲིད་དྭངས་མའི་སྐུ༔ གསང་དབྱིངས་རྡོ་རྗེ་བཙུན་མོའི་དབང་མཆོག་བསྐུར༔ དེ་འདྲ་འཁོར་འདས་ཞིང་གི་རྡུལ་ཕྲན་ཀུན༔ ཕྱོགས་མཚམས་སྟེང་འོག་བར་མཚམས་མ་མཆིས་པ༔ རང་སྣང་གཞི་དབྱིངས་དྭངས་མའི་མཁའ་སྤྱོད་དུ༔ རྒྱལ་བའི་དཀྱིལ་འཁོར་ལྷུན་གྲུབ་བཀོད་འབར་བ༔ ཉི་ཟླ་འབུམ་གྱི་འོད་ལྟར་ཟེར་འཕྲོ་ཞིང་༔ རང་རང་སྐུ་ལས་སྤྲུལ་པའི་འཁོར་ལོངས་སྤྱོད༔ གསང་མཆོག་གསུང་གི་གསང་བ་མི་ཟད་དང་༔ མཁྱེན་བརྩེ་ཐུགས་རྗེ་རོལ་པའི་རྒྱན་འཁོར་སྟེ༔ ཁམས་གསུམ་རིགས་དྲུག་འགྲོ་བ་འདི་དང་ལྡན༔ གདུལ་བྱའི་ལྷག་མ་མ་ལུས་ཡོངས་སྒྲོལ་བའི༔ སྣང་སྲིད་མ་ཧཱ་གུ་རུ་གསལ་བར་བསྐྱེད༔ སྤྱན་འདྲེན་ནི། ཧྲཱིཿ བདག་གི་གནས་ལྔར་ལྔ་ལྡན་ཐིག་ལེའི་དབྱིངས༔ ཡིག་འབྲུ་ཕྱག་མཚན་འོད་ཟེར་ལྕགས་ཀྱུའི་དབྱིབས༔ འཇའ་ལྟར་གསལ་ཞིང་ཟེར་ལྟར་རབ་འབར་བས༔ སྲིད་གསུམ་འབྱུང་ལྔའི་བཅུད་དང་རྒྱལ་བའི་ཞིང་། གང་བས་མཁྱེན་བརྩེ་ཡོན་ཏན་མ་ལུས་དང་༔ འོད་ལྔ་ལྷུན་གྱིས་གྲུབ་པ་དྭངས་མའི་བཅུད་༔ སྐུ་དང་ཐིག་ལེ་ཡིག་འབྲུའི་རྣམ་པ་རུ༔ སིབ་སིབ་ཐིམ་པས་དམ་ཡེ་གཉིས་མེད་པའི༔ ཐོགས་མེད་འོད་གསལ་སྙིང་པོར་དབང་བསྐུར་ཅིག༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃཿཧྲཱིཿམ་ཧ་རི་ནི་ས་ཙིཏྟ་ཧྲཱིཾ་ཧྲཱིཾ་ཛཿ བཞུགས་གསོལ་ནི། ཡེ་ནས་ཀ་དག་གདོད་ནས་ལྷུན་གྲུབ་པའི༔ གཞི་འབྲས་རང་བཞིན་དབྱེར་མེད་རང་རིག་ཀློང་༔ སྐུ་ལྔ་ལྷུན་གྱིས་གྲུབ་པའི་རིག་པ་འཛིན༔ མ་ལུས་དཀྱིལ་འཁོར་འདུས་པའི་སྤྱི་དཔལ་རྣམས༔ འདབ་སྟོང་སྙིང་གི་དབུས་སུ་བཞུགས་སུ་གསོལ༔ ཕྱག་འཚལ་ནི། འཁོར་བ་མྱ་ངན་འདས་པའི་སོ་མཚམས་སུ༔ སྣང་དང་སྟོང་པ་གཉིས་མེད་ཐལ་མོ་སྦྱར༔ ཟུང་འཇུག་བདེ་བ་ཆེན་པོའི་ཀློང་ཉིད་དུ༔ རང་རིག་རང་སར་གྲོལ་བར་ཕྱག་འཚལ་ལོ༔ མཆོད་འབུལ་ནི། ཆོས་དབྱིངས་ཀློང་ན་སྣང་སྲིད་འཁོར་འདས་ཀུན༔ འགག་མེད་གསལ་བ་གཟུང་འཛིན་བྲལ་བའི་ངང་༔ འཁོར་བ་དང་ནི་མྱ་ངན་འདས་པ་གཉིས༔ ཀུན་མཉམ་འཛིན་མེད་ཀློང་དུ་མཆོད་པར་འབུལ༔ བསྟོད་པ་ནི། ཧྲཱིཿ འོད་གསལ་རྒྱལ་པོ་རང་རིག་བླ་མའི་སྐུ༔ རྩ་སྐུ་རླུང་གསུང་ཐིག་ལེ་ཐུགས་རྡོ་རྗེ༔ ཡེ་ཤེས་འོད་འབར་དྭངས་མའི་ཕུང་ཁམས་འདི༔ ཐོད་ཕྲེང་རིགས་ལྔ་རིག་འཛིན་བླ་མའི་སྐུ༔ སྣང་སྲིད་རྒྱལ་བའི་དཀྱིལ་འཁོར་ཀུན་རྫོགས་པ༔ དཀྱིལ་འཁོར་གཙོ་མཆོག་ཁྱོད་ལ་ཕྱག་འཚལ་བསྟོད༔ བསྙེན་པ་ནི། ཧྲཱིཿ དྭངས་མའི་ལྷ་ཚོགས་ཀུན་གྱི་ཐུགས་ཀ་རུ༔ འདབ་བརྒྱད་སྙིང་གི་གེ་སར་ཟེའུ་འབྲུའི་དབུས༔ པད་ཟླའི་སྟེང་དུ་ཧཱུྃ་ཡིག་མཐའ་བསྐོར་དུ༔ སྔགས་ཀྱིས་བསྐོར་ལས་འོད་ཟེར་དཔག་མེད་འཕྲོས༔ སྣང་སྲིད་ཐམས་ཅད་བླ་མའི་ངོ་བོར་སད༔ ཞིང་རྣམས་མ་ལུས་པདྨ་འོད་ཀྱི་ཞིང་༔ རྒྱལ་བ་ཐམས་ཅད་རང་གི་ལུས་དང་ངག༔ འདབ་བརྒྱད་སྙིང་གི་ད་ལ་ཆེན་པོ་རུ༔ ཀ་དག་རང་རིག་ངོ་བོར་འདུས་པར་བསམ༔ བཛྲ་གུ་རུ་པདྨ་ཐོད་ཕྲེང་རྩལ་ཧ་རི་ནི་ས་མ་མ་ཨ་ཡུ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་ཅི་ནུས་སུ་བཟླ་ཞིང་། མཐར་ཧཱུཾ་གི་བཟླས་པའང་ཅུང་ཟད་བྱས་རྗེས། ཉེར་བསྡུ་ནི། ཆོས་དབྱིངས་སྒྱུ་མ་འོད་གསལ་རྨད་བྱུང་ཞིང་༔ རབ་འབྱམས་སྣང་བ་གསང་ཆེན་ལྷའི་ཚོམ་བུ༔ རིག་འཛིན་འདུས་པའི་སྐུ་གསུང་ཐུགས་ཡོན་ཏན༔ ཕྲིན་ལས་རྡོ་རྗེ་གསལ་སྟོང་འགྱུར་མེད་གཞི༔ ཐུགས་སྲོག་ཡི་གེ་ཧཱུཾ་གི་ནཱ་དར་བསྡུ༔ བསྔོ་སྨོན་ནི། སྲིད་ཞིའི་ཁམས་ཀྱི་དམིགས་བཅས་དམིགས་མེད་དགེ༔ རྨད་བྱུང་བླ་མེད་ཐེག་གསང་རྩེ་མོར་བསྔོ༔ རྡོ་རྗེ་སྙིང་པོ་མཁའ་སྤྱོད་རྣམ་བཀྲའི་གཞིའི༔ ཌཱ་ཀིའི་དབང་ཕྱུག་ཆེན་པོར་བདག་གྱུར་ཅིག༔ བཀྲ་ཤིས་ནི། འོད་གསལ་སྙིང་པོ་དོན་གྱི་གཞལ་ཡས་ནས༔ བརྒྱུད་གསུམ་བླ་མ་འཇའ་ལུས་རྡོ་རྗེའི་སྐུ༔ མི་ཟད་རྒྱན་གྱི་འཁོར་ལོའི་སྤྲུལ་པ་ཡིས༔ ཉིན་མཚན་བདེ་ལེགས་སྐྱོང་བའི་བཀྲ་ཤིས་ཤོག༔ ཅེས་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་མཁའ་སྤྱོད་དཔལ་གྱི་འབྲས་མོ་གཤོངས་ཀྱི་ས་སྐྱོང་རྒྱལ་སྲས་དོན་གྲུབ་རྣམ་པར་རྒྱལ་བའི་སྡེའི་ཐུགས་དམ་ཉམས་བཞེས་ཀྱི་ཆེད་དང་། གཞན་ཡང་གསང་ཆེན་པདྨ་ཡང་རྩེའི་ཆོས་གྲྭ་སོགས་ལམ་འདིའི་རིང་ལུགས་འཛིན་པ་རྣམས་ཀྱིས་འཇུག་སྒོར་ཉེ་བར་མཁོ་བས་མཚམས་སྦྱར་ཏེ། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྩ་བའི་གཞུང་ལས་འཇུག་བདེ་སྙིང་བོར་དྲིལ་ནས་སྦྱར་བ་ཟབ་ལམ་གྱི་ཕྲིན་ལས་མི་ནུབ་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག ། །སརྦ་དཱ་མངྒ་ལཾ།། །།