དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་དབང་བྱིན་ཆར་འབེབས།

From Dudjom Wiki
DJYD-KABUM-07-JA-010
Wylie title dam chos dgongs pa yongs 'dus kyi brgyud pa'i gsol 'debs dbang byin char 'bebs DJYD-KABUM-07-JA-010.pdf
Location bdud 'joms rin po che bka' 'bum
Volume 7, Text 10, Pages 267-268 (Folios 1a1 to 1b6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dam chos dgongs pa yongs 'dus kyi brgyud pa'i gsol 'debs dbang byin char 'bebs. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 7: 267-268. Kalimpong: Dupjung Lama, 1979-1985.
Side notes Recto: brgyud 'debs   Verso: bdud 'dul dgongs 'dus
More details More details
Tertön བདུད་འདུལ་རྡོ་རྗེ་ (bdud 'dul rdo rje)
Genre Lineage Supplications - brgyud 'debs
Cycle བཀའ་རྫོགས་པ་ཆེན་པོའི་དམ་ཆོས་དགོངས་པ་ཡོངས་འདུས་ (bka' rdzogs pa chen po'i dam chos dgongs pa yongs 'dus)
Colophon

ཅེས་པའང་རྩ་གསུམ་ལས་བྱང་རིག་པ་འཛིན་པའི་དགོངས་རྒྱན་དང་འབྲེལ་བར་འཇུག་པ་བདེ་བའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་སིདྡྷི་རསྟུ༎

ces pa'ang rtsa gsum las byang rig pa 'dzin pa'i dgongs rgyan dang 'brel bar 'jug pa bde ba'i yan lag tu 'jigs bral ye shes rdo rjes sbyar ba sid+d+hi rastu//

[edit]
༄༅། །དམ་ཆོས་དགོངས་པ་ཡོངས་འདུས་ཀྱི་བརྒྱུད་པའི་གསོལ་འདེབས་དབང་བྱིན་ཆར་འབེབས་ཞེས་བྱ་བ་བཞུགས་སོ། །ཁྱབ་བདག་སྟོན་པ་ཀུན་བཟང་སྣང་མཐའ་ཡས། །བརྩེ་ཆེན་ཐུགས་རྗེའི་གཏེར་མངའ་ནམ་མཁའི་རྒྱལ། །རབ་འབྱམས་རྒྱལ་ཀུན་སྤྱི་གཟུགས་པདྨ་འབྱུང་། །གསོལ་བ་འདེབས་སོ་དབང་བསྐུར་བྱིན་གྱིས་རློབས། །བདེ་ཆེན་དྷཱ་ཀིའི་གཙོ་མོ་མཚོ་རྒྱལ་ཡུམ། །ཆོས་ཀྱི་རྒྱལ་པོ་འཇམ་མགོན་ཁྲི་ལྡེའི་ཞབས། །ངོ་མཚར་གདམས་པའི་མཛོད་འཛིན་འབྲོག་བན་རྫེ། །གསོལ་བ་འདེབས་སོ༴ །ཟབ་གཏེར་རྒྱ་མཚོའི་ཤིང་རྟ་བདུད་འདུལ་གླིང་། །རྒྱལ་བའི་སྲས་པོ་རྡོ་རྗེ་མཐོང་གྲོལ་རྩལ། །ངེས་དོན་བསྟན་པའི་ཉི་མ་འཆི་མེད་མཚན། །གསོལ་བ༴ །གར་གྱི་དབང་ཕྱུག་ཕྲིན་ལས་ནོར་བུའི་སྡེ། །མཆོག་དངོས་གྲུབ་པ་ཆོས་ཀྱི་རྒྱ་མཚོའི་དཔལ། །འགྲོ་འདུལ་རིག་འཛིན་སྐལ་བཟང་རྡོ་རྗེ་ལ། །གསོལ་བ༴ །སྙིང་པོའི་སྲོལ་འཆང་བསྟན་འཛིན་འཕེལ་རྒྱས་མཆོག །རིགས་ཀུན་བདག་ཉིད་སངས་རྒྱས་རྡོ་རྗེའི་ཞབས། །བཀའ་དྲིན་མཉམ་མེད་རྩ་བའི་བླ་མ་ལ། །གསོལ་བ༴ བྱིན་རླབས་ཆར་འབེབས་རིག་འཛིན་བླ་མའི་ཚོགས། །དངོས་གྲུབ་མཆོག་སྩོལ་ཡི་དམ་དཀྱིལ་འཁོར་ལྷ། །ཕྲིན་ལས་མྱུར་མགྱོགས་མཁའ་འགྲོ་ཆོས་སྐྱོང་ལ། །གསོལ་བ༴ རྨད་བྱུང་གསང་ཆེན་མཆོག་གི་དཀྱིལ་འཁོར་དུ། །དབང་བཞིས་ཡོངས་སྨིན་རྣམ་དག་དམ་ཚིག་ལྡན། །ཀུན་རྫོབ་སྣང་ཞེན་སྦྱོང་བ་བསྐྱེད་རིམ་གྱིས། །དག་སྣང་ཡེ་ཤེས་འཁོར་ལོར་འཆར་བར་ཤོག །དོན་དམ་འགྱུར་བ་མེད་དངོས་ལྷན་ཅིག་སྐྱེས། །དེ་བཞིན་ཉིད་སྟོན་ཟབ་མོ་རྫོགས་པའི་རིམ། །གནས་ལུགས་ཀ་དག་ལྷུན་གྲུབ་དོན་རྟོགས་ནས། །ཆོས་ཟད་བློ་འདས་དགོངས་པ་མངོན་འགྱུར་ཤོག །གནས་སྐབས་ལམ་གྱི་འགལ་རྐྱེན་ཀུན་ཞི་ཞིང་། །མཐུན་རྐྱེན་ལེགས་ཚོགས་ཆོས་བཞིན་ཡོངས་འབྱོར་ནས། །དོན་གཉིས་ལྷུན་གྲུབ་ཕན་བདེའི་སྣང་བ་ཡིས། །ཞིང་ཁམས་ཀུན་ཏུ་ཁྱབ་པའི་བཀྲ་ཤིས་སྩོལ། །ཅེས་པའང་རྩ་གསུམ་ལས་བྱང་རིག་པ་འཛིན་པའི་དགོངས་རྒྱན་དང་འབྲེལ་བར་འཇུག་པ་བདེ་བའི་ཡན་ལག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་སིདྡྷི་རསྟུ༎ །།