དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་བ།

From Dudjom Wiki
DJYD-KABUM-10-THA-010
Wylie title dpal rdo rje phur bu bdud 'joms gnam lcags spu gri'i rgyun gyi rnal 'byor snying por dril ba DJYD-KABUM-10-THA-010.pdf
Location bdud 'joms rin po che bka' 'bum
Volume 10, Text 10, Pages 189-199 (Folios 1a1 to 6a6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dpal rdo rje phur bu bdud 'joms gnam lcags spu gri'i rgyun gyi rnal 'byor snying por dril ba. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 10: 189-199. Kalimpong: Dupjung Lama, 1979-1985.
Side notes Recto: rgyun khyer   Verso: gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Daily Practice - rgyun khyer
Cycle དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲི་ (dpal rdo rje phur bu bdud 'joms gnam lcags spu gri)
Parent Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Deity rdo rje phur pa
Colophon
  • First colophon: །ཞེས་པའང་ལྷག་པའི་ལྷ་མཆོག་འདི་ལས་དངོས་གྲུབ་ཀྱི་སྐལ་པ་ཆ་ཐོབ་པ་རྗེ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བརྒྱུད་འཛིན་རྣམས་ལ་མཆོག་ཏུ་སྨན་པའི་སེམས་ཀྱིས་ཕྲིན་ལས་གྲུབ་པའི་གནས་མཆོག་ཀརྨ་ཚེའི་ཕུག་མོ་ཆེ་དང་འབྲེལ་བ་སེང་གེ་ཡང་རྫོང་གི་ཀེའུ་ཚང་དུ་སྦྱར་བ་ཛ་ཡནྟུ།།
  • Second colophon: །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།
  • Third colophon: །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། སརྦ་དཱ་མངྒ་ལཾ།
  • First colophon: zhes pa'ang lhag pa'i lha mchog 'di las dngos grub kyi skal pa cha thob pa rje rigs kyi sngags ban 'jigs bral ye shes rdo rjes brgyud 'dzin rnams la mchog tu sman pa'i sems kyis phrin las grub pa'i gnas mchog karma tshe'i phug mo che dang 'brel ba seng ge yang rdzong gi ke'u tshang du sbyar ba dza yan+tu/
  • Second colophon: zhes pa'ang 'jigs bral ye shes rdo rjes so//
  • Third colophon: zhes pa'ang 'jigs bral ye shes rdo rjes so//_sarba dA mang+ga laM/
[edit]
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྒྱུན་གྱི་རྣལ་འབྱོར་སྙིང་པོར་དྲིལ་བ་བཞུགས་སོ། །


༄༅༅། །ན་མོ་ཤྲཱི་བཛྲ་ཀུ་མཱ་ར་ཡེ། ཐུགས་དམ་གསང་བའི་མཐར་ཐུག་དཔལ་རྡོ་རྗེ་ཕུར་བུ་རིགས་མཆོག་གཅིག་པའི་ཧེ་རུ་ཀ་རྒྱུན་གྱི་རྣལ་འབྱོར་དུ་བྱ་བར་འདོད་པས། སྦྱོར་བ་ཚོགས་བསགས་ཤིང་རྒྱུད་སྦྱོང་བ་ནི། ཕྱོགས་བཅུའི་སྐྱབས་ཡུལ་ཐམས་ཅད་དཔལ་ཆེན་ཕུར་བུའི་དཀྱིལ་འཁོར་གྱི་རོལ་པར་བཛྲ་ས་མཱ་ཛཿས་མདུན་མཁར་སད་པར་མོས་ལ། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ༔ །དུས་གསུམ་བཞུགས་ལ་ཕྱག་འཚལ་ལོ། །མཆོག་གསུམ་བསྟེན་པའི་ཞིང་གྱུར་ལ། །གཉིས་མེད་ཡིད་ཀྱིས་སྐྱབས་སུ་མཆི། །དངོས་འབྱོར་ཡིད་ཀྱིས་རྣམ་སྤྲུལ་པའི། །དག་པའི་མཆོད་པ་བཞེས་སུ་གསོལ། །དངོས་གྲུབ་ཆུ་བོ་གཅོད་པའི་གེགས། །ཉེས་བྱས་མ་ལུས་བཤགས་པར་བགྱི། །ཕྱོགས་བཅུ་འཁོར་གསུམ་དག་པའི་ཆོས། །མ་ཆགས་སྤྱོད་ལ་རྗེས་ཡི་རང་། །དག་པའི་མཐའ་བཞི་དྲི་མ་མེད། རྫོགས་པའི་བྱང་ཆུབ་སེམས་བསྐྱེད་དོ། །བདེ་གཤེགས་དབང་ཕྱུག་སེམས་དཔའ་ལ། །དག་པ་གསུམ་གྱི་ལུས་འབུལ་ལོ། །ཚེ་རབས་བསྒྲངས་པའི་དགེ་བ་རྣམས། བསྡུས་ནས་བྱང་ཆུབ་མཆོག་ཏུ་བསྔོ། །ཞེས་ཚོགས་བསགས་པའི་མཐར། ཛཿཧཱུཾ་བཾ་ཧོཿ ། ཚོགས་ཞིང་རྣམས་རང་ལ་ཐིམ་པར་བསམ། དངོས་གཞི་ཏིང་ངེ་འཛིན་གྱི་ཕྱག་རྒྱའི་རྣལ་འབྱོར་ལ་བསླབ་པ་ནི།ཨོཾ་སྭབྷཱ་ཝ་ཤུདྡྷ༔ སརྦ་དྷརྨཿ སྭབྷཱ་ཝ་ཤུདྡྷོཉཧཾ་གིས་ཆོས་ཐམས་ཅད་སྟོང་པར་སྦྱང་། སྟོང་པ་ཉིད་ཀྱི་ངང་ལས་རང་གི་རིག་པའི་ངོ་བོ་དཔལ་ཆེན་པོའི་རྣམ་པར་ཤར་བའི་ཐུགས་ཁའི་ཧཱུཾ་ལས་ཁྲོ་བོ་བཅུ་སྤྲོས་པའི་ཚོགས་ཀྱིས་བགེགས་རྣམས་ཚར་བཅད། སྲུང་བའི་ལས་མཛད་པའི་ཕྱིར་ཁྲོ་བོ་དང་རྡོ་རྗེ་ཕུར་བུའི་གུར་ཁང་ཡེ་ཤེས་ཀྱི་མེ་དཔུང་འབར་བས་ཕྱོགས་ཀུན་བཅིངས་ཏེ་ཅིས་ཀྱང་མི་ཤིགས་པར་གྱུར། སྲུང་འཁོར་གྱི་ནང་དུ་ཡེ་ཤེས་ནང་དུ་ཡེ་ཤེས་རང་སྣང་ལས་གྲུབ་པའི་གཞལ་མེད་ཁང་ཆེན་པོ་རྒྱན་དང་བཀོད་པ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པཾ་ལས་པདྨ་ཨ་ལས་ཟླ་བ་རཾ་ལས་ཉི་མའི་དཀྱིལ་འཁོར་གྱི་སྟེང་དུ་ཧཱུཾ་ལས་རྡོ་རྗེ་སྔོན་པོ་ཧཱུཾ་གིས་མཚན་པ། དེ་ལས་འོད་ཟེར་འཕྲོས། འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། བདག་ཉིད་བཅོམ་ལྡན་འདས་དཔལ་རྡོ་རྗེ་གཞོན་ནུའི་སྐུ་མདོག་མཐིང་ནག་བསྐལ་པའི་མེ་ལྟར་འབར་བའི་གཟི་བརྗིད་ཅན། དབུ་གསུམ་གྱི་རྩ་ཞལ་མཐིང་ག་གཏུམ་ལ་རྔམས་པ། གཡས་ཞལ་དཀར་པོ་སྒེག་ཅིང་བཞད་པ། གཡོན་ཞལ་དམར་པོ་ཁྲོ་ཞིང་ཆགས་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་འཁྱིལ་བ། རྣམ་པར་འགྱུར་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། གློག་ལྟར་འཁྱུག་པའི་སྔགས་འདྲིལ་ཞིང་རྡོ་རྗེའི་གད་མོས་ས་གསུམ་གཡོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་མི་བཟད་པའི་རླུང་སྒྲ་འབྱིན་པ། དབུ་སྐྲ་དང་སྨ་ར་སྨིན་དམར་སེར་དུས་ཀྱི་མེ་ལྕེ་ལྟར་བསྐྱོད་པ། སྐུ་ཆེ་ཞིང་ཡན་ལག་རགས་པ་ལང་ཚོ་རྒྱས་པའི་འགྱུར་བག་ཅན། ཕྱག་དྲུག་གི་དང་པོ་གཉིས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་དང་མེ་དཔུང་། བར་པ་གཉིས་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཊྭཱཾ་ཀ་གདེངས་སྟབས་སུ་འཛིན་པ། ཐ་མ་གཉིས་ཐུགས་ཀར་རི་རབ་ཀྱི་ཕུར་བུ་འདྲིལ་བ། ཞབས་བཞི་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་གྱད་ཆེན་པོའི་སྟབས་ཀྱིས་དྲེགས་པ་ཕོ་མོའི་མགོ་བོ་དང་ནུ་མ་ནས་བརྫིས་པ། ཐོད་པ་སྐམ་པོ་རིན་པོ་ཆེའི་རྩེ་བྲན་ཅན་གྱི་དབུ་རྒྱན་དང་། ཚར་གསུམ་ཐོད་པའི་ཕྲེང་བ་རྒྱུ་རློན་ལ་བརྒྱུས་པའི་དོ་ཤལ་ཅན། ཞིང་ཆེན་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་སྟག་གི་ལྤགས་པས་ཤམ་ཐབས་འཕྱང་བ། གདུག་པའི་སྦྲུལ་རིགས་ལྔ་དང་རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཁྲག་ཞག་ཐལ་བས་བྱུགས་ཤིང་རྡོ་རྗེའི་གཤོག་པ་སོགས་དཔལ་གྱི་ཆས་རྣམས་རྫོགས་པ། དེའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་སྐུ་མདོག་མཐིང་སྐྱ་གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོས་སྒེག་པ། གཡས་ཁ་ཊྭཱཾ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པ་དུང་ཁྲག་ཞལ་དུ་སྟོབ་པ། ཞབས་གཡོན་བསྐུམ་པས་ཡབ་ཀྱི་སྐེད་ལ་འཁྲིལ་ཞིང་གཡས་བརྐྱང་པའི་སྟབས་ཀྱིས་སྙོམས་པར་འཇུག་པ། གཟིག་ཤམ་དང་རུས་པའི་རྒྱན་གྱིས་སྤྲས་པ། གཉིས་ཀའམ་སྣང་སྟོང་དབྱེར་མེད་གར་དགུའི་ཉམས་འགྱུར་མཆོག་ཏུ་རྒྱས་པ། བཟོད་པར་དཀའ་བའི་གཟི་བརྗིད་ཉི་མ་འབུམ་གྱི་འོད་ཟེར་ལྟར་འབར་ཞིང་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོའི་ཀློང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེ་བའི་ཡོན་ཏན་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་དུ་བཞུགས་པའོ། །དེའི་སྤྱི་བོར་ཨོཾ་དཀར་པོ། མགྲོན་པར་ཨཱཿདམར་པོ། ཐུགས་ཀར་ཧཱུྃ་མཐིང་ཀ །ཧཱུཾ་ལས་འོད་ཟེར་འཕྲོས་པས་རང་བཞིན་གྱི་གནས་ནས་བསྒོམས་པ་དང་འདྲ་བའི་ཡེ་ཤེས་ཀྱི་འཁོར་ལོ་བསམ་གྱིས་མི་ཁྱབ་པའི་ཚོགས་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུཾ་བཾ་ཧོཿ ། དམ་ཚིག་པ་དང་ཡེ་ཤེས་པ་གཉིས་སུ་མེད་པར་གྱུར་ཏེ་སངས་རྒྱས་ཐམས་ཅད་ཀྱི་རྡོ་རྗེ་གསུམ་དང་དབྱེར་མེད་དུ་གྱུར་པ་ལ། སླར་ཡང་ཡེ་ཤེས་ལྔའི་རང་བཞིན་གྱི་ས་བོན་བྱུང་བ་སྤྱི་བོར་གནས་པ་ཡོངས་སུ་གྱུར་པས་དབང་བསྐུར། སྐུ་ལྔའི་བདག་ཉིད་ཁྲག་འཐུང་རིགས་ལྔའི་ཅོད་པན་གྱིས་དབུ་བརྒྱན་པར་བསམ་ལ། ལྷ་སྐུའི་གསལ་སྣང་དང་ང་རྒྱལ་སེམས་བཟུང་ཞིང་གཞི་འབྲས་སྦྲེལ་བའི་དག་དྲན་ལ་བསླབ། དེས་སྐྱོ་བའམ་བོགས་འབྱིན་པའི་སླད་དུ་བཟླས་པ་བྱ་བར་འདོད་ན། བདག་ཉིད་ཀྱི་ཐུགས་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་དཔའ་རྡོར་སེམས་མཐིང་གསལ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན་ཅིང་ཞབས་བརྐྱང་བསྐུམ་དུ་བཞུགས་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་ཐུགས་ཁར་ཉི་མ་ལ་གནས་པའི་ཏིང་ངེ་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་དགུ་པའི་ལྟེ་བར་ཐབས་ཤེས་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་སྲོག་གི་སྙིང་པོ་ཧཱུཾ་ཡིག་མཐིང་ག་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་བཻ་ཌཱུརྱ་ཞུན་མའི་མདངས་ཅན་གཡས་བསྐོར་དུ་འཁོད་པར་གསལ་གདབ་ཅིང་། འོད་ཟེར་སྤྲོ་བསྡུའི་དམིགས་གནད་དང་སྦྱར་ཏེ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུཾ་ཕཊ༔ ཅེས་རྩ་བའི་སྙིང་པོ་འབྲུ་དགུ་པ་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུཾ་ཕཊ༔ ཛཿཧཱུཾ་ཨཱཿ ཞེས་བསྙེན་སྒྲུབ་ལས་གསུམ་ཆིག་ཆོད་འབྲུ་བཅུ་བདུན་པ་སྟེ། གང་འདོད་པ་ཉིད་སྒྲར་སྣང་བའི་ཚུལ་དུ་ཡིད་ཀྱིས་བཟླ་བའམ་སྒྲར་གྲགས་པའི་ཚུལ་དུ་ངག་གིས་བཟླ་བ་ཅི་རིགས་སུ་བྱ་ཞིང་། མཐར་ལས་སྦྱོར་ཁྱད་པར་བ་སྤྲོ་ན་མན་ངག་དང་ལྡན་པས་སྤུ་གྲིའི་དྲག་སྔགས་འདུས་པ་ཉིད་ཅུང་ཟད་རེ་གཏུམ་ཆོད་དུ་བཟླའོ། །རྗེས་ཐུན་བསྡུ་བ་ནི། ཧཱུཾ་ཧཱུཾ་ཧཱུཾ་གིས་སྔར་བསྒོམས་པའི་རྟེན་དང་བརྟེན་པར་བཅས་པའི་སྣང་ཆ་ཐམས་ཅད་འོད་གསལ་སྟོང་པ་ཉིད་ཀྱི་ངང་དུ་བསྡུས་ཏེ་མཉམ་པར་བཞག་པས་རྟག་མཐའ་བསལ། ཕཊ་ཕཊ་ཕཊ་ ཀྱིས་སླར་ཡང་ཟུང་འཇུག་གི་སྐུར་ལམ་གྱིས་ལྡང་བའི་གནས་གསུམ་འབྲུ་གསུམ་གྱིས་བསྲུང་བར་མོས་ཤིང་། ཨོཾ་བཛྲ་ཀཱ་ཝ་ཙི་རཀྵ་ཧཱུཾ༔ ཞེས་པས་རྡོ་རྗེའི་གོ་བགོས་ལ་སྣང་གྲགས་རྟོག་ཚོགས་ལྷ་སྔགས་ཡེ་ཤེས་ཀྱི་རོལ་པར་སྦྱར་བས་ཆད་མཐའ་བསལ་ཏེ། ཁྲག་འཐུང་རིགས་སུ་སྐྱེས་ནས་ཀྱང་། །མཉམ་མེད་རྡོ་རྗེ་གཞོན་ནུ་སྟོན། །སྙིང་རྗེ་ལྡན་ཞིང་བླ་མར་གུས། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ལག་ན་རྡོ་རྗེ་ཕུར་བུ་འཛིན། །ཟབ་མོའི་ཆོས་ནི་ཀློག་པ་དང་། །བཙུན་པོའི་ཤུ་ཀྲ་མཉམ་ཟས་ཅན། །སྐྱེ་ཞིང་སྐྱེ་བར་འགྱུར་བར་ཤོག །ཅེས་ཕུར་པ་ཞེ་སྡང་ཡོངས་སུ་དག་པའི་རྒྱུད་ལས་བྱུང་བ་དང་། གཞན་ཡང་།དགེ་བ་འདི་ཡིས་བདག་དང་སེམས་ཅན་ཀུན། །བདུད་ལས་རྣམ་རྒྱལ་བར་ཆད་ཀུན་ཞི་ཞིང་། །རྡོ་རྗེ་གཞོན་ནུ་མྱ་ངན་འདས་པའི་མཆོག །འབྲས་བུ་བྱང་ཆུབ་ངེས་པ་བརྙེས་གྱུར་ཅིག །ཅེས་དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོས་ཏེ་སྨོན་ལམ་ཟབ་མོས་རྒྱས་གདབ།བྱིན་རླབས་མཆོག་སྩོལ་རྩ་བརྒྱུད་བླ་མ་དང་། །དངོས་གྲུབ་ཆར་འབེབས་ཡི་དམ་ཀཱི་ལ་ཡ། །ཕྲིན་ལས་ཐོགས་མེད་མཁའ་འགྲོ་ཆོས་སྐྱོང་སོགས། །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་བཀྲ་ཤིས་ཤོག ཅེས་སོགས་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱས་ཏེ་ཐུན་མཚམས་ཀྱི་སྤྱོད་ལམ་ལ་འཇུག་པར་བྱའོ། །འདི་ལ་བསྐྱེད་ཚིག་རྣམས་གཏེར་གཞུང་ལས་རྒྱུན་ཁྱེར་ཟུར་དུ་མ་བྱུང་ཞིང་རྩ་བའི་ལས་བྱང་ནས་བླངས་ན་འཇེབས་ཆ་ཆེ་མོད། འོན་ཀྱང་ཚིག་སྦྱོར་ཧ་ཅང་རྒྱས་དྲགས་པས་རྒྱུན་གྱི་ཉམས་ལེན་ལ་འཇུག་པ་མི་བདེ་ཞིང་ལས་བྱང་ཉུང་ངུ་ཞིག་ལོགས་སུ་བཀོལ་ན་དེང་དུས་ཀྱི་སྐྱོ་བོ་ཕལ་ཆེར་སླ་ཆོས་ཁོ་ན་འདོམས་པས་རྩ་བའི་ཕྲིན་ལས་ལའང་གནོད་ཀྱི་དོགས་ནས། འདིར་མན་ངག་དོན་ལ་རྟོན་པའི་དབང་དུ་བྱས་ཏེ་སྔ་འགྱུར་ཤིང་རྟ་ཆེན་པོ་རྣམས་ཀྱི་བཞེད་པ་ལྟར་སྤྲོས་མེད་གཙོ་རྐྱང་གི་རྣལ་འབྱོར་ཁོ་ན་འདོན་བསྒོམ་བདེ་བར་ཚིག་ལྷུག་ཏུ་བཀོད་པ་ལ་འགལ་བར་མི་བསམ་ཞིང་། མན་ངག་གི་ཁུངས་ཕྲིན་ལས་རོལ་པའི་རྒྱུད་ལ་བརྟེན་པའི་ཕྱིར་བཀའ་གཏེར་ཕུར་བུ་སྤྱི་ལ་ཁྱབ་པ་ཉིད་དུའང་འགྱུར་བ་ཡིན་ནོ། །ཞེས་པའང་ལྷག་པའི་ལྷ་མཆོག་འདི་ལས་དངོས་གྲུབ་ཀྱི་སྐལ་པ་ཆ་ཐོབ་པ་རྗེ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བརྒྱུད་འཛིན་རྣམས་ལ་མཆོག་ཏུ་སྨན་པའི་སེམས་ཀྱིས་ཕྲིན་ལས་གྲུབ་པའི་གནས་མཆོག་ཀརྨ་ཚེའི་ཕུག་མོ་ཆེ་དང་འབྲེལ་བ་སེང་གེ་ཡང་རྫོང་གི་ཀེའུ་ཚང་དུ་སྦྱར་བ་ཛ་ཡནྟུ།། །། ། ༈ འདི་ལ་བརྟེན་ནས་ཚེ་སྒྲུབ་ཉམས་སུ་ལེན་པར་འདོད་ན། གོང་གི་རྩ་བའི་བཟླས་པ་གྲུབ་ནས། བདག་གི་ཐུགས་ཀ་ནས་འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཁོར་འདས་ཁྱབ་པར་འཕྲོས། རང་གི་བླ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ལ་སོགས་པ་ཐམས་ཅད་དང་། བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ། རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཚེའི་བྱིན་རླབས་ཐམས་ཅད་བསྡུས་ཏེ་བདག་ལ་སིབ་སིབ་ཐིམ་པས་འཆི་མེད་རྡོ་རྗེའི་ཚེ་ལ་མངའ་བརྙེས་པར་མོས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུཾ་ཨཱ༔ ཞེས་ཅི་ནུས་སུ་བཟླས་མཐར། ཚེ་འགུགས་དམིགས་བསལ་དུ་བསྐུལ་བར་སྤྲོ་ན། ཧཱུཾ༔ དབུས་ནས་རང་བྱུང་ཚེ་ཡི་ལྷ༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་༔ ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ༔ ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ འཁོར་འདས་ཚེ་ཡི་བཅུད་རྣམས་བསྡུས༔ རྡོ་རྗེའི་ཚེ་སྲོག་བརྟན་པར་མཛོད༔ ཕྱོགས་བཅུ་རང་བྱུང་ཚེ་ཡི་བདག༔ དཔལ་ཆེན་ཁྲོ་རྒྱལ་ཡབ་ཡུམ་བཅུ༔ སྤྲུལ་པའི་ཕྲ་མེན་ཉི་ཤུའི་ཚོགས༔ ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཕྱོགས་སྐྱོང་ལག་ནས་ཚེ་ཁུག་ལ༔ རྡོ་རྗེའི་ཚེ་སྲོག་བརྟན་པར་མཛོད༔ སྲས་མཆོག་སྒོ་སྐྱོང་སྲུང་མའི་ཚོགས༔ ཁྱོད་ཀྱི་ཐུགས་དམ་གནད་ནས་བསྐུལ༔ ཚེ་སྲོག་གདོན་གྱི་བརྐུས་པ་ཁུག༔ རྡོ་རྗེའི་ཚེ་མཆོག་བརྟན་པར་མཛད༔ ཅེས་བསྐུལ་ལས། བྷྲཱུཾ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་དཀྱིལ་དུ་བསྟིམ༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེ་གཞོན་ནུའི་སྲོག་ཐོབ་ཤོག༔ ཨཱ་ཡུརྫྙཱ་ན་ཨ་ཨ་ཨ༔ ཞེས་རྒྱས་གདབ་པར་བྱའོ། །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །།ཕུར་སྲུང་གསོལ་མཆོད་རྒྱུན་ཁྱེར་ནི། མཆོད་གཏོར་རཾ་ཡཾ་ཁཾ་གིས་བསང་སྦྱང་། ཨོཾ་ཨཱཿཧཱུཾ་གིས་བྱིན་བརླབ། རང་གི་སྙིང་གའི་འོད་ཀྱིས་ཕུར་སྲུང་དམ་ཅན་ལྕམ་དྲལ་འཁོར་བཅས་བཛྲ་ས་མཱ་ཛཿ ས་སྤྱན་དྲངས། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤཔྡའི་བར་གྱིས་ཉེར་སྤྱོད་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། མ་ཧཱ་རཀྟ་ཁཱ་ཧི། ཞེས་སྨན་རཀ་སྟོབ། བཛྲ་ཀཱི་ལི་ཀཱི་ལ་ཡ་དྷརྨ་པཱ་ལ་ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ལན་གསུམ་གྱིས་གཏོར་མ་ཕུལ་ལ།ཧཱུཾ། ཁྲག་འཐུང་བཛྲ་ཀུ་མཱ་རའི། །བཀའ་ཡི་བསྟན་སྐྱོང་གཡར་དམ་ཅན། །ཤྭ་ན་བདག་ཉིད་ས་བདག་མ། །སྐྱེས་བུ་གིང་ཆེན་འཁོར་བཅས་རྣམས། །མཐུན་རྫས་མཆོད་གཏོར་འདི་བཞེས་ལ། །འགལ་རྐྱེན་ཀུན་སེལ་མཐུན་རྐྱེན་སྤེལ། །འདོད་པའི་དོན་ལ་གཉེར་གཏད་པའི། །ལས་ཀྱི་འབྲས་བུ་མཆིས་པར་མཛོད། ། ཅེས་ཕྲིན་ལས་བཅོལ་ཞིང་མགྲོན་མི་དམིགས་པར་བཞག་གོ །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ། ། སརྦ་དཱ་མངྒ་ལཾ། ། ། །