དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་སྒྲུབ་ཆེན་གྱི་ཁོག་དབུབ་གྲུབ་གཉིས་འདོད་འཇོའི་དགའ་སྟོན།

From Dudjom Wiki
DJYD-KABUM-10-THA-014
Wylie title dpal rdo rje phur bu bdud 'joms gnam lcags spu gri'i stod las sgrub chen gyi khog dbub grub gnyis 'dod 'jo'i dga' ston DJYD-KABUM-10-THA-014.pdf
Location bdud 'joms rin po che bka' 'bum
Volume 10, Text 14, Pages 227-277 (Folios 1a1 to 26a5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dpal rdo rje phur bu bdud 'joms gnam lcags spu gri'i stod las sgrub chen gyi khog dbub grub gnyis 'dod 'jo'i dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 10: 227-277. Kalimpong: Dupjung Lama, 1979-1985.
Side notes Recto: sgrub khog   Verso: gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Structural Arrangement for Ritual Practice - sgrub khog
Cycle དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲི་ (dpal rdo rje phur bu bdud 'joms gnam lcags spu gri)
Parent Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Deity rdo rje phur pa
Colophon

དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་སྒྲུབ་ཆེན་གྱི་ཁོག་དབུབ་གྲུབ་གཉིས་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་འདི་ནི། རང་གཞན་མང་པོ་ལ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས། མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་རྗེས་སུ་འབྲང་སྟེ། རྡོ་རྗེ་གཞོན་ནུའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཉེར་དགུར་སོན་པ་ཆུ་ཕོ་སྤྲེའུའི་ལོ་རྒྱལ་གྱི་ཟླ་བའི་ཐབས་ཀྱི་ཆའི་རྒྱལ་བ་དང་པོ་ལ་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་གི་བསྟི་གནས་སུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་འགྲོ་བ་ཐམས་ཅད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།

de ltar dpal rdo rje phur bu bdud 'joms gnam lcags spu gri'i stod las sgrub chen gyi khog dbub grub gnyis 'dod 'jo'i dga' ston ces bya ba 'di ni/____rang gzhan mang po la sman pa'i bsam pa nye bar bskyed nas/___mkhas shing grub pa brnyes pa'i rdo rje slob dpon rnams kyis ji ltar bkral ba'i rjes su 'brang ste/___rdo rje gzhon nu'i rnal 'byor pa 'jigs bral ye shes rdo rjes rang lo nyer dgur son pa chu pho spre'u'i lo rgyal gyi zla ba'i thabs kyi cha'i rgyal ba dang po la e waM bde chen chos 'khor gling gi bsti gnas su grub par bgyis pa ste/____'dis kyang 'gro ba thams cad bdud bzhi'i g.yul las rnam par rgyal te bcom ldan 'das rdo rje gzhon nu'i go 'phang la myur du reg pa'i rgyur gyur cig/___//___sarba dA mang+ga laM/

[edit]
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་སྒྲུབ་ཆེན་གྱི་ཁོག་དབུབ་གྲུབ་གཉིས་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །


༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་སྒྲུབ་ཆེན་གྱི་ཁོག་དབུབ་གྲུབ་གཉིས་འདོད་འཇོའི་དགའ་སྟོན་ཅེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་བཅོམ་ལྡན་འདས་ཁྲོ་བོའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །ཆོས་ཉིད་རང་བཞིན་འགྱུར་བ་མེད་ལས་རྣམ་འགྱུར་ཅིར་ཡང་འཆར་བའི་ཚུལ། །སྙིང་རྗེའི་ཡེ་ཤེས་རྟག་ཏུ་ཞི་ཡང་གདུལ་དཀའི་འགྲོ་ལ་ཁྲོ་བོར་སྣང་། །སངས་རྒྱས་ཀུན་གྱི་ཕྲིན་ལས་ཕྱག་རྒྱ་འབར་བའི་སྒྱུ་འཕྲུལ་ཧེ་རུ་ཀ །བདུད་འདུལ་ལྷག་པའི་ལྷ་མཆོག་དེ་ཡིས་དངོས་གྲུབ་ཆར་དུ་བསྙིལ་བར་མཛོད། །དཔའ་བོ་གང་གི་དཀྱིལ་འཁོར་འཁོར་ [2a] ལོ་ཆེ། །ཚོམ་བུ་ཚོགས་སུ་སྒྲུབ་ཅིང་བསྙེན་པ་ལས། །གྲུབ་གཉིས་འདོད་རྒུ་འབད་མེད་ཡིད་བཞིན་དུ། །འཇོ་བའི་མན་ངག་གཏེར་གྱི་དགའ་སྟོན་སྤྲོ། །དེ་ཡང་དཔལ་ཧེ་རུ་ཀའི་སྐུ་གསུང་ཐུགས་རྡོ་རྗེའི་ཡེ་ཤེས་ཀྱི་དངོས་གྲུབ་སྒྲུབ་ཅིང་བདུད་ཀྱི་གཡུལ་ལས་རབ་ཏུ་རྒྱལ་བར་བྱེད་པའི་སྒྲུབ་པ་ཆེན་པོའི་ལས་ཀྱི་རིམ་པ་ལ་སྤྱི་དོན་རྣམ་པ་གསུམ་སྟེ། གང་ཞིག་སྒྲུབ་པར་བྱ་བའི་གཞི། གང་གིས་སྒྲུབ་པར་བྱེད་པའི་ཐབས། དེ་ཉིད་མངོན་པར་གྲུབ་པའི་འབྲས་བུའོ། །དང་པོ་ནི། འཁོར་འདས་ཐམས་ཅད་ཀྱི་ཁྱབ་བདག་ཆེན་པོར་གདད་མ་ཉིད་ནས་རང་བྱུང་དུ་བཞུགས་པའི་དཔལ་ཆེན་པོ་འབར་བའི་ཡེ་ཤེས་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་ཅིང་གློ་བུར་དྲི་མའི་ཚོགས་ཀྱིས་ལྡན་ལ་མ་གོས་པར་ [2b] བཞུགས་པ་ཉིད་དོ། །གཉིས་པ་ནི། སྤྱིར་ཕྲིན་ལས་ཕུར་པ་རོལ་པའི་ལམ་རིམ་མཐའ་དག་ཐལ་འབྱིན་རྣམ་པ་རྣམ་པ་བཞིའི་སྒོ་ནས་བསྒྲུབ་པ་སྟེ། ཁྱབ་བརྡལ་ཡེ་ཤེས་ཀྱི་ཕུར་པ་ཆོས་ཀྱི་དབྱིངས་སུ་བཏབ་ནས་དོན་དམ་ཡེ་ཤེས་ཆེན་པོའི་ཁྲོ་བོ་བསྒྲུབ། ཚད་མེད་སྙིང་རྗེའི་ཕུར་པ་འགྲོ་དྲུག་སེམས་ཅན་ལ་བཏབ་ནས་ཕུང་ཁམས་རྡོ་རྗེའི་འཁོར་ལོར་བསྒྲུབ། བྱང་ཆུབ་སེམས་ཀྱི་ཕུར་པ་ཡུམ་གྱི་མཁའ་ལ་བཏབ་ནས་སྲས་མཆོག་སྤྲུལ་པའི་དཀྱིལ་འཁོར་བསྒྲུབ། མཚན་མ་རྫས་ཀྱི་ཕུར་པ་བརྣག་པའི་དགྲ་བགེགས་ལ་བཏབ་ནས་སྲིད་པ་རྡོ་རྗེ་ཕུར་བུར་བསྒྲུབ་པ་ཡིན་ལ། བྱེ་བྲག་སྒྲུབ་ལུགས་ལག་ལེན་གྱི་ཆིངས་སུ་སྔ་མ་གཉིས་སྲོག་ཏུ་བཞག་ནས་ཕྱི་མ་གཙོར་བཏོན་གྱི་དབང་དུ་བྱས་ཏེ་སྟོད་སྨད་ཀྱི་ལས་གཉིས་སུ་ཕྱེ་བ་ལས། འདིར་སྟོད་ལས་ལ་བརྟེན་ནས་བྱང་ཆུབ་སྒྲུབ་པའི་ལས་རིམ་ཉིད་འཆད་པར་བྱ་བ་ཡིན་ཅིང་། དེ་ལའང་ཕྱི་སྤྲོས་མེད་ཏིང་ངེ་འཛིན་སེམས་ཀྱི་སྒྲུབ་པ་དང་གསུམ་གྱི། འདིར་ཚོམ་བུ་ཚོགས་སྒྲུབ་ཆེན་མོའི་པྲ་ཁྲིད་ལག་ལེན་དུ་བསྡེབས་པ་ལ་གཉིས་ཏེ། སྒྲུབ་པའི་གཞི་བཟུང་བ་དང་། སྒྲུབ་པ་དངོས་ལ་འཇུག་པའོ། དང་པོ་ནི། ཀཱི་ལ་ཡ་མེ་ལྕེ་གསང་བའི་རྒྱུད་ལས། གནས་དང་བདག་ཉིད་འཁོར་རྫས་དུས། །ཕུན་སུམ་ཚོགས་པ་ལྔར་ལྡན་ན། །ལས་རྣམས་གང་འདོད་འགྲུབ་པར་འགྱུར། །ཞེས་གསུངས་པས་གང་དུ་སྒྲུབ་པའི་གནས་བཀྲ་ཤིས་དགེ་མཚན་ཚང་བ། གང་གིས་སྒྲུབ་པའི་སློབ་དཔོན་བདག་ཉིད་ཡོན་ཏན་དང་ [3a] ལྡན་པ། གང་དང་ལྷན་ཅིག་སྒྲུབ་པའི་ཚོམ་བུར་འབྲེལ་བའི་འཁོར་དམ་ཚིག་གཙང་བ། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད་ཀྱི་རྫས་ཐམས་ཅད་ཚོགས་པ། གང་གི་ཚེ་སྒྲུབ་པའི་དུས་ཡར་ངོ་གཟའ་སྐར་འཕྲོད་སྦྱོར་བཟང་ཞིང་ཁྱད་པར་མགོ་ཕུར་འཛོམ་པའི་དུས་དགེ་བ་རྣམས་ལ་སྟེ། དེ་ལྟར་ཕུན་སུམ་ཚོགས་པ་ལྔས་ལས་ཀྱི་བཟུང་བར་བྱའོ། །གཉིས་པ་སྒྲུབ་པའི་རིམ་པ་དངོས་ལ་གསུམ། སྦྱོར་བ་སྔོན་འགྲོའི་ལས་རིམ་གྱིས་ཁོག་དབུབ་པ། དངོས་གཞི་བསྙེན་སྒྲུབ་ཕྲིན་ལས་ཀྱི་བསྲང་བ། རྗེས་མཐའ་རྒྱས་ཀྱི་བྱ་བས་མཇུག་བསྡུ་བའོ། །དང་པོ་ལ་བཞི། སའི་ཆོ་ག །ལྷག་པར་གནས་པ། རྟེན་གྱི་དཀྱིལ་འཁོར་བཅའ་བ། ཕྲིན་ལས་ལ་འཇུག་པའི་ཡན་ལག་གོ །དང་པོ་ལའང་ལྔ། ས་བརྟག་པ། བསླང་བ། སྦྱོང་བ། བཟུང་བ། བསྲུང་བའོ། །དང་པོ་ནི། ལྟོ་འཕྱེ་དང་རྟེན་འབྲེལ་བརྟག་པ་སོགས་ཏེ་སྒྲུབ་གནས་རྙིང་པ་ལ་མི་དགོས་པའི་ཕྱིར་འདིར་མི་སྨོས་ལ། ཤེས་པར་འདོད་ན་གཞུང་གཞན་དུ་བལྟའོ། །གཉིས་པ་ལ་གཉིས་ལས། དང་པོ་སྣང་བ་མི་ལས་བསླང་བ་ནི། རྒྱལ་པོ་ལ་སོགས་པས་ཡུལ་དེ་བདག་ཏུ་བཟུང་བ་ཡོད་ན་དགོས་པ་རིན་དང་བདེན་པའི་གཏམ་གྱིས་བཀྲོལ་ཏེ་གནང་བ་ཞུ་ཞིང་སླད་མར་བར་ཆད་མི་འབྱུང་བར་བྱའོ། །གཉིས་པ་མི་སྣང་བ་ལས་བསླང་བ་ནི། གང་དུ་བྱ་བའི་གཞི་དེར་དྲིའི་མཎྜལ་མེ་ཏོག་གི་ཚོམ་བུ་ཅན་གྱི་མཐར་མཆོད་པ་དང་ས་བདག་སྤྱི་སྒོས་ཀྱི་གཏོར་མ་བཤམ། གཞན་ཡང་འོག་ཏུ་དགོས་པའི་ཡོ་བྱད་རྣམས་ཉེ་བར་བསྡོགས་ཏེ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། ལས་བུམ་མམ་དྲིའི་ [3b] དུང་ཞལ་ རཾ་ཡཾ་ཁཾ་གིས་བསང་སྦྱང་། བསང་ཆུའི་སྟེང་དུ་པདྨ་ཉི་མའི་སྟེང་། །བདུད་རྩི་ལྗང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་ཞལ་སེར་ནག་གཡོན་ཞལ་དུད་ཁ་འབར། །དང་པོའི་ཕྱག་གཉིས་རྡོ་རྗེས་དུང་ཁྲག་དཀྲུག །བར་པའི་ཕྱག་ན་རྒྱ་གྲམ་དབྱུག་ཏོ་བསྣམས། །ཐ་མ་གཉིས་ཀྱིས་གནམ་ལྕགས་ཕུར་བུ་འདྲིལ། །ཞབས་བཞི་འདོར་སྟབས་གནོད་སྦྱིན་ཕོ་མོ་མནོན། །ཡུམ་མཆོག་རླུང་འབྱིན་ལྗང་མོས་གཡོན་ནས་འཁྲིལ། །ཕྱག་གཡས་དྲིལ་འཛིན་གཡོན་པས་ཐོད་ཁྲག་སྟོབ། །དུར་ཁྲོད་ཆས་ལྡན་མེ་དཔུང་ཀློང་དུ་གསལ། །ཞེས་གསལ་བཏབ་ལ། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ་ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་ཅི་རིགས་བཟླས་མཐར། ཁྲོ་བོ་བདུད་རྩི་འཁྱིལ་བའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ། མཆོད་གཏོར་རྣམས་ཨ་མྲྀ་ཏས་བསང་། སྭབྷཱ་ཝས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷཱུཾ་ལས་རིན་ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷཱུ་པེ་ཨཱ་ལོ་ཀེ་གནྔྷེ་ནཻ་དྱ་ཤཔྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུཾ༔ ཞེས་ལན་གསུམ་གྱིས་བྱིན་བརླབ། ལག་གཡས་ [4a] རྡོ་རྗེ་དང་བཅས་ས་ལ་རྡེག་པའི་ཚུལ་བྱ་ཞིང་། ཧ་ཧ་ཧཱུྃ་ཧཱུྃ་ཧེ་ཧེ༔ རྡོ་རྗེའི་གད་མོས་ལྷ་མོའི་རྒྱུད་བསྐུལ་བས་ས་དེ་བརྡོལ་བ་ལས་ལྷ་མོ་བརྟན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་བུམ་པ་བསྣམས་པ། ཞི་ཞིང་འཛུམ་པའི་ཉམས་ཅན། དར་གྱི་སྟོད་གཡོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལྟེ་བ་ཡན་ཆད་ས་སྟེང་དུ་འཐོན་པར་བལྟས་ལ། ཨོཾ་པྲི་ཐི་ཝཱི་དེ་ཝི་ས་པ་རི་ཝཱ་རི་ཝཱ་ར་ཨ་རྒྷཾ་པྲ་ཏཱིཙྪ་སྭཱཧཱ། སོགས་ནས་ ཤཔྡའི་བར་གྱིས་མཆོད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨ་ཎཾ་ཨཱདྱ་ནུ་ཏྤནྟ་ཏོཏྟེ་ཨོཾ་ཨཱཿཧཱུྃ་ཕཊ་སྭཱཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལས་གནོན་གྱི་རྒྱས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་ས་དེ་ཉིད་དུ་ཐིམ་པར་བསམ། དེ་ནས་བྱེ་བྲག་གིས་སའི་བདག་པོ་རྣམས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་ [4b] མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ནས། གང་དག་འདིར་གནས་ལྷ་དང་ཀླུ། །གནོད་སྦྱིན་སྲིན་པོའམ་གཞན་དག་ལ། །དཀྱིལ་འཁོར་དོན་དུ་ས་ཕྱོགས་འདི། །བདག་ཞུ་ཁྱེད་ཀྱིས་བསྩལ་དུ་གསོལ། །བྷཱུ་མི་པ་ཏིས་པ་རི་ཝཱ་ར་སརྦ་བྷཱུ་ཏ་གཙྪ། གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ལ། ཚོམ་བུ་དང་མཆོད་པ་རྣམས་བསྡུ། ས་གཞི་བརྟན་ཅིང་བཀྲ་ཤིས་པའི་རྟེན་འབྲེལ་དུ་རིན་པོ་ཆེ་དང་འབྲུ་སྨན་སྙིང་པོ་ལྔ་སོགས་ཀྱིས་བཀང་བའི་གཏེར་གྱི་བུམ་པ་ཐོགས་ཏེ། ཏྲཾ་ལས་རིན་པོ་ཆེའི་མཆོད་སྡོང་དགོས་འདོད་ཐམས་ཅད་འབྱུང་བར་བསམ་ཞིང་། ཨོཾ་ཨཱཿཧཱུཾ་ལན་བདུན་གྱིས་བརླབས་ལ། ས་ཡི་ལྷ་མོ་འཁོར་དང་བཅས༔ སྔོན་གྱི་རྒྱལ་བ་རྣམས་ཀྱིས་བསྔགས༔ བྱང་ཆུབ་སེམས་ཀྱི་གཏེར་བུམ་འདི༔ དཀྱིལ་འཁོར་བྲི་ཕྱིར་གཏེར་དུ་འབུལ༔ ཞེས་སྟེགས་བུའི་དབུས་སུ་གཞུག་ཅིང་ཤིས་པ་བརྗོད་དོ། །གསུམ་པ་ས་སྦྱོང་བ་ནི། སྨན་སྣ་དང་བ་བྱུང་ལྔ་སྦྱར་བའི་དྲིའི་ཆུས་དཀྱིལ་འཁོར་གྱི་གཞིར་དབང་ལྡན་ནས་བརྩམས་ཏེ་བྱུགས་ཤིང་། ཨོཾ་བྷཱུ་ཁཾཿ ས་གཞི་ནམ་མཁར་བསམ། ཧཱུྃ་ལཾ་ཧཱུྃ། རྡོ་རྗེའི་ས་གཞིར་བསྐྱེད། ཨོཾ་མེ་དི་ནཱི་བཛྲི་བྷ་ཝ་བཛྲ་བྷནྡྷ་ཧཱུྃ། རྡོ་རྗེའི་རང་བཞིན་དུ་བཅིངས་ཏེ་བྱིན་གྱིས་བརླབས་པར་གྱུར། ས་ལ་སོགས་པ་སྣ་ཚོགས་པའི་ཆོས་ཐམས་ [5a] ཅད་སྟོང་པ་ཉིད་དུ་རོ་གཅིག་པར་མོས་པར་བྱའོ། །བཞི་པ་ས་བཟུང་བ་ནི། སློབ་དཔོན་སྟེགས་བུའི་དབུས་སུ་གནས་པས་རྡོ་རྗེའི་འགྲོས་ཀྱིས་དཔྱིད་གསུམ་ལྷོ། དབྱར་གསུམ་ནུབ། སྟོན་གསུམ་བྱང་། དགུན་གསུམ་ཤར་དུ་ཕྱོགས་ཏེ། ཧ་ཧ་ཧཱུྃ་ཧཱུྃ་ཧྲཱིཿཧྲཱིཿཕེཾ་ཕེཾ། ཞེས་པའི་གད་མོ་ཆེར་བསྒྲག རང་ཉིད་དཔལ་ཆེན་པོར་གལ་བའི་མིག་གཉིས་མ་དང་ཊ་ལས་ཉི་མ་དང་ཟླ་བ་མིག་འབྲས་ཧཱུྃ་ལས་བསྐལ་པའི་མེར་འབར་བ་ཁྲོས་པའི་སྡང་མིག་བལྟས་པ་ཙམ་གྱིས་བགེགས་ཐམས་ཅད་ཐལ་བར་བརླག་པར་བསམ་ལ། རྡོ་རྗེའི་ཁྲོ་བོའི་ལྟ་སྟངས་ཀྱིས་ཕྱོགས་ཀུན་ཏུ་བལྟ་ཞིང་། ཀཱི་ལ་ཡ་བརྗོད་པས་ཆེ་བའི་ང་རྒྱལ་བསྐྱེད་དེ་རྐང་མཐིལ་ཧཱུྃ་ལས་འབར་བའི་རྡོ་རྗེར་བྱསནས། སྒེག་པ་དང་བཅས་པས་རྡོ་རྗེ་གསོར། དྲིལ་བུ་འཁྲོལ་ཞིང་རྡོ་རྗེའི་གོམ་པས་གཡས་སུ་བསྐོར་ནས་དབང་ལྡན་དུ་སོང་སྟེ། ལས་བྱང་བཞིན་བགེགས་ལ་གཏོར་མ་བྱིན་ནས་བཀའ་བསྒོ་ཞིང་དྲག་པོའི་ཚམ་རྔམས་དང་བཅས་པས་བསྐྲད། ཁྲོ་བོ་དུ་མ་སྤྲོས་པས་བགེགས་བཅོམ། དཀྱིལ་འཁོར་གྱི་གཞི་ཧཱུྃ་ལས་རྡོ་རྗེའི་རང་བཞིན་དུ་གྱུར་པར་བསམ། གཞན་ཡང་སྤྲོས་པ་ལ་དགའ་བས་ཆས་སུ་ཞུགས་ཏེ་ཁྲོ་བོའི་ཉམས་དང་ལྡན་པས་ཧཱུྃ་གི་སྒྲ་དྲག་པོར་བརྗོད་ཅིང་ཁྲོ་བོ་བཅུའི་རྣམ་འགྱུར་སོགས་འབར་བའི་སྟངས་སྟབས་ཇི་ལྟར་རིགས་པས་ཀྱང་གཅག་ཅིང་གཟུང་བར་བྱའོ། །ལྔ་པ་ས་བསྲུང་བ་ནི། སློབ་དཔོན་གྱིས་དབང་མཆོག་གི་ཕུར་བུ་བཟུང་ལ། ཕུར་བུ་སྐད་ཅིག་གིས་ [5b] བཛྲ་ཀཱི་ལ་ཡ་སྟོད་ཞལ་གསུམ་ཕྱག་དྲུག་ཕུར་བུ་འདྲིལ་བ། སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར་པར་བསམ་ལ། ཕུར་བུ་བསྒྲིལ་ཞིང་། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚན་བཛྲ་ངྷ་རོད་ཨཱ་ཛྙཱ་པ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ་ཕཊ༔ ཅེས་ལན་གསུམ་གྱིས་སྟེགས་བུའི་དབུས་སུ་གདབ་པས། ཕུར་བུ་ལས་འཕྲོས་པའི་ཁྲོ་ཆུང་དང་མེའི་འོད་ཀྱིས་ས་གཞི་ཁེངས་པར་བསམ་མོ། དེ་དག་ནི་སའི་ཆོ་གའོ། །སྐབས་འདིར་རྒྱབ་རིམ་གྱི་དཔུང་དུ་སྤྱི་བཤགས་བྱ་སྟེ། སཱཙྪ་གདབ། སྲོག་བསླུ། ཉེའུ་འདོན། བཤགས་སྐོང་། སྦྱིན་སྲེག །མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར་དང་། གཟུངས་མདོ་སྒྲོག །ཁྱད་པར་སྒྲུབ་ཁང་གི་ཤར་དུ་ཆོས་ཉིད་ཀྱི་དོན་རྟོགས་ཕྱིར་ཤེར་ཕྱིན། ལྷོར་བདུད་འཇོམས་ཕྱིར་སྟོབས་པོ་ཆེ། ནུབ་ཏུ་རྒྱུ་འབྲས་གོ་ཕྱིར་ལང་གཤེགས། བྱང་དུ་བར་ཆད་ཞི་ཕྱིར་ཏོག་གཟུངས་རྣམས་བཀླག་པ་སོགས་དགེ་བའི་དཔུང་བསྐྱེད་པའི་ཕྱིར་རང་ངམ་གཞན་གྱིས་ཀྱང་ཅི་འགྲུབ་ཏུ་བྱའོ། །གཉིས་པ་ལྷག་པར་གནས་པའི་རིམ་པ་ནི། ལྷ་དང་བུམ་པ་སློབ་མ་རྣམས་སྟ་གོན་དུ་བསྒྲུབ་པ་སྟེ། སྒྲུབ་ཆེན་དབང་བསྐུར་དང་འབྲེལ་བའི་སློབ་མ་རྗེས་སུ་བཟུང་བ་གཙོ་བོར་བྱེད་པའི་ཚེ་སྨིན་བྱེད་ཀྱི་ཆོ་གའི་སྐབས་བཞིན་ལག་ཏུ་བླང་བར་བྱ་ཞིང་། མོས་སློབ་སྒྲུབ་ཆེན་འདྲ་འབག་སྤྱི་ཙམ་ལ་ནི་དེ་དག་ངེས་པར་དགོས་པ་མ་ཡིན་པས་སྒྲུབ་གཞུང་ཆེན་པོ་གཞན་དག་ལས་ཀྱང་མི་འབྱུང་བ་བཞིན་འདིར་ཡང་མ་སྨོས་སོ། །གསུམ་ [6a] པ་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ་བདུན། མཚམས་བཅད་པ། མ་ཏྲཾ་བསྒྲལ་བ། ཆག་ཆག་གདབ་པ། ཐིག་གདབ་པ། ཐིག་གདབ་པ། ཚོན་དགྱེ་བ། ཕུར་བུ་དགོད་པ། རྒྱན་རྫས་དགྲམ་པའོ། །དང་པོ་ལ་གསུམ་གྱི། ཐོག་མར་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱིའི་ཕྱོགས་བཞིར་ཐོ་བཞི་བརྩིགས་ལ་རྒྱལ་ཆེན་བཞིའི་སྐུ་རྟེན་རབ་གནས་ཅན་གཟུག །དེ་དག་གི་མདུན་དུ་མཆོད་པ་ཆུ་གཉིས་ཉེར་སྤྱོད་ལྔ་དང་གཏོར་མ་རེ་བཤམས་ལ། སྒྲུབ་པ་པོ་རྣམས་དཔལ་ཆེན་པོའི་སྙེམས་པ་དང་བཅས་པས་ཤར་དུ་སོང་སྟེ། མངོན་པར་བཤམས་པའི་མཆོད་གཏོར་རྣམས་བྱིན་གྱིས་བརླབས་ནས། རང་གི་ཐུགས་ཀའི་ཧཱུྃ་ལས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ལ། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་སྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿསྤྱན་དྲངས། ཛ་ཧཱུཾ་བཾ་ཧོཿ ས་གཉིས་སུ་མེད་པར་བསྟིམ། ཨོཾ་མ་ཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་ནས། ཤཔྡའི་བར་གྱིས་མཆོད། རྩ་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ། དྲི་ཟའི་མངའ་བདག་ཡུལ་འཁོར་སྲུང་། །ཞི་བའི་ལས་མཛད་སྐུ་མདོག་དཀར། །ལྷ་ཡི་ཐུགས་དམ་པི་ཝཾ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་ [6b] པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་ཕྲིན་ལས་བཅོལ། ཨོཾ་དྷྲིཥྚ་རཥྚ་ཡ་སྭཱཧཱ། །ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱ། དེ་བཞིན་དུ་ལྷོ་ལ་སོགས་པའི་ཕྱོགས་གཞན་གསུམ་དུ་རིམ་བཞིན་སོང་སྟེ། ཆོ་ག་གཞན་སྔ་མ་ལྟ་བུ་ལས་ཤར་ཕྱོགས་ཀྱི་མལ་དུ་ལྷོ་ནུབ་བྱང་རྣམས་དང་། ཡུལ་འཁོར་སྲུང་ཞེས་པའི་ཚབ་ཏུ། འཕགས་སྐྱེས་པོ། མིག་མི་བཟང་། རྣམ་ཐོས་སྲས། ཞེས་བསྒྱུར་བས་སྤྱན་འདྲེན་མཆོད་གཏོར་འབུལ་བ་རྣམས་ཤེས་པར་བྱས་ལ། བསྟོད་པའི་ཚེ། ཧཱུྃ། གཤིན་རྗེའི་མངའ་བདག་འཕགས་སྐྱེས་པོ། །མངོན་སྤྱོད་ལས་མཛད་སྐུ་མདོག་སྔོ། །ཚར་གཅོད་བེ་ཅོན་རལ་གྲི་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཨོཾ་བཻ་རུ་ཌྷ་ཀཱ་ལ་སྭཱཧཱ། ཧཱུྃ། ཀླུ་ཡི་མངའ་བདག་སྤྱན་མི་བཟང་། །དབང་གི་ལས་མཛད་སྐུ་མདོག་དམར། །ཚོགས་རྫོགས་མཆོད་རྟེན་སྦྲུལ་ཞགས་བསྣམས། དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཨོཾ་བཻ་རཱུ་པཱ་ཀྵ་ཡ་སྭཱཧཱ། ཧཱུྃ། གནོད་སྦྱིན་མངའ་བདག་རྣམ་ཐོས་སྲས། །རྒྱས་པའི་ལས་མཛད་ལྗང་སེར་སྐུ། །གཏེར་འཆང་བེ་ཅོན་ནེའུ་ལེ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱཧཱ། ཞེས་དང་། ཕྲིན་ལས་བཅོལ་བ་སོགས་ [7a] གོང་བཞིན་བྱ། ཁོར་ཡུག་ཐམས་ཅད་རྒྱལ་ཐབས་བཞིས་རྡོ་རྗེའི་གུར་ཕུབ་པར་བསམ་མོ། །གཉིས་པ་ནང་མཚམས་བཅད་པ་ལ་གསུམ་གྱི། དང་པོ་དམ་སྲི་མནན་པ་ནི། དུག་ཤོག་ལ་དམ་སྲིའི་གཟུགས་རྟེན་ཚུལ་བཞིན་དུ་བྲིས་པ་སྒྲུབ་ཁང་གི་སྒོ་དྲུང་དོང་གྲུ་གསུམ་པར་བཀོད། སྡོང་གྲོགས་འཆོལ་བའི་ཕྱིར་གསེར་སྐྱེམས་ཀྱི་མཆོད་པ་སྔོན་དུ་འགྲོ་བས། ཀཱི་ལ་ཡའི་སྔགས་ཀྱིས་ང་རྒྱལ་བསྐྱེད་དེ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གསལ་ལ། བདེན་སྟོབས་བརྗོད་པའི་སྔོན་དུ་འགྲོ་བས། སྒྲུབ་པ་ཟབ་མོ་ལ་བར་དུ་གཅོད་པར་བྱེད་པའི་དམ་སྲི་འབྱུང་པོའི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ཁུག་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨཾ་ཀུ་ཤ་ཛཿཛཿཧཱུྃ་བཾ་ཧོཿ ཞེས་དགུག་གཞུག་བྱ། ལས་བྱང་བཞིན་བབ་བརྒྱད་སོགས་ཀྱིས་བསྐུལ་ནས། ཨོཾ་ལཾ་སོགས་བརྗོད་ལ་ཕུར་སྐོར་ཚམ་རྔམས་དང་བཅས་ཚེ་ཁྲུས་ཀྱི་དགོངས་པས་རྣམ་པར་ཤེས་པ་རྡོར་སེམས་ཡབ་ཡུམ་གྱི་སྲས་སུ་བསྐྲུན། རྣམ་སྨིན་བག་ཆགས་ཀྱི་ལུགས་རྟེན་དོང་ནང་དུ་སྤྱི་ཚོགས་སུ་མནན་ནས་རོ་གཡམ་ལ་སྣ་ཚོགས་རྡོ་རྗེ་དང་རི་རབ་གླིང་བཞི་བྲིས་པས་བཀབ་སྟེ། ཧཱུྃ༔ གཅིག་ནི་བརྗོད་མེད་ཉག་གཅིག་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་ནི་སྐུ་གསུང་ཐུགས་ཀྱི་རྒྱུ༔ བཞི་ནི་ཕྱག་རྒྱ་བཞི་ཡི་རྒྱ༔ ལྔ་ནི་ཡེ་ཤེས་ལྔ་ཡི་རྒྱ༔ [7b] དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་མ་མོ་བདུན་གྱི་རྒྱ༔ བརྒྱད་ནི་དུར་ཁྲོད་བརྒྱད་ཀྱི་རྒྱ༔ དགུ་ནི་ཧེ་རུ་ཀློང་དགུའི་རྒྱ༔ བཅུ་ནི་ཁྲོ་རྒྱལ་བཅུ་ཡི་རྒྱ༔ ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་མནན༔ རི་རབ་བརྗིད་པའི་འོག་ཏུ་མནན༔ དཔལ་གྱི་བྲོ་ར་བྱས་ཏེ་མནན༔ བསྐལ་པ་བྱེ་སྙེད་མཐའ་རུ་མནན༔ ཞེས་རྒྱ་བཅུས་གདབ་ཅིང་ལས་བྱང་བཞིན་བྲོ་བརྡུང་ངོ་། །གཉིས་པ་སྒོ་སྲུང་བ་ནི། བསེ་བྱང་གཉིས་ཀྱི་མདུན་ངོས་ལ་གཤིན་རྗེ་གཤེད་དང་བདུད་རྩི་འཁྱིལ་བའི་སྐུ་བྲི་ཞིང་རྒྱབ་ཏུ་སོ་སོའི་སྙིང་པོ་འདོད་དོན་གྱི་སྤེལ་ཚིག་ཅན་ཕུར་བུ་རེ་དང་བཅས་པའི་གཤིན་རྗེ་སྒོའི་ཕྱི་ངོས་དང་འཁྱིལ་བ་སྒོའི་ནང་ལོགས་ཀྱི་སྟེང་དུ་བཀོད། མདུན་དུ་མཆོད་པ་ལྔ་གཏོར་མ་དང་བཅས་པ་བཤམས་ཤིང་བྱིན་གྱིས་བརླབས་ཏེ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་པད་ཉི་དྲེགས་པའི་སྟེང་དུ་ཡ་ལས་གཤིན་རྗེ་ནག་པོ་ཐོད་དབྱུག་དང་ཞགས་པ་ཐོགས་པ། ཧཱུྃ་ལས་བདུད་རྩི་འཁྱིལ་བ་ལྗང་ནག་གར་གྲི་དང་རྒྱ་གྲམ་འཛིན་པ། གཉིས་ཀའང་སྲིན་པོ་ཁྲོས་པའི་ཉམས་ཅན་འབར་བའི་ཆས་ཀྱིས་བརྒྱན་ཏེ་མེའི་ཕུང་པོའི་དབུས་ན་གནས་པའོ། དེའི་སྤྱི་བོར་ཨོཾ༔ མགྲིན་པར་ཨཱཿསྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས། གཉིས་སུ་མེད་པར་བསྟིམ། པུཥྤེ་སོགས་ཉེར་སྤྱོད་ལྔས་མཆོད་ཅིང་སྔགས་གཉིས་ཀྱི་མཐར་གཏོར་སྔགས་བཏགས་པ་གསུམ་ [8a] གྱིས་གཏོར་མ་ཕུལ་ལ། ཧཱུྃ། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་བསྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། །ཁྲོ་བོའི་རྒྱལ་ལ་ཕྱག་འཚལ་བསྟོད། ། ཅེས་བསྟོད། བརྟན་པར་བྱ་བའི་ཕྱིར། ཨོཾ་བཛྲ་ཀྲོ་དྷ་ཏ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ལན་བདུན་བཟླས་ནས། ཁྲོ་བོ་གཤིན་རྗེའི་གཤེད་ཀྱིས་བསྒྲུབ་པའི་གནས་འདིར་ཕྱིའི་བར་ཆད་ནང་དུ་མི་གཏོང་བའི་ཕྲིན་ལས་མཛོད་ཅིག ཅེས་དང་། ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བདུན་བཟླས་ནས། ཁྲོ་བོ་བདུད་རྩི་འཁྱིལ་བས་ནང་གི་དངོས་གྲུབ་ཕྱིར་མི་གཏོང་བའི་ཕྲིན་ལས་མཛོད་ཅིག །ཅེས་འདོད་དོན་གསོལ་ལོ། །གསུམ་པ་ཁྲོ་བཅུའི་མཚམས་གཅོད་ནི། སེང་ལྡེང་ལ་སོགས་པའི་ཕུར་བུ་སོར་བཅུ་གཉིས་པ་ཙནྡན་དམར་པོས་བྱུག་པ་བཅུའི་མགུལ་དུ་ཁ་དོག་ལྔའི་སྲས་དབུས་དཀྲིས་ཤིང་རྩེ་མོར་མེ་ཏོག་དང་ཡུངས་དཀར་གྱི་ཐུམ་བུ་བཅིངས་པ་རྣམས་བསང་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡོངས་སུ་གྱུར་པ་ལས་ཕུར་བུ་རྣམས་སྟོད་ཁྲོ་བོ་བཅུ་ལ་སྨད་ཕུར་བུའི་དབལ་ཅན་རྩེ་མོར་རབ་ཏུ་འབར་བའི་མེ་ལྟ་བུར་བསམ་ནས། ཕུར་བུ་རྣམས་བསྒྲིལ་ཞིང་། ཀཱི་ལ་ཡ་དང་ཁྲོ་བཅུའི་སྔགས་བརྗོད་པས་བྱིན་གྱིས་བརླབས་ཏེ། དབང་པོ་ལ་སོགས་པའི་བགེགས་རྣམས་ཀྱི་སྤྱི་བོ་ནས་བསྡིགས་པས་གསང་བའི་བར་ཕུག་སྟེ་གསེར་གྱི་ས་གཞི་ལ་སྦྲགས་ནས་གཡོ་འགུལ་མེད་ཅིང་བདེ་བ་ཆེན་པོར་རོ་ [8b] གཅིག་ཏུ་གྱུར་པར་བསམ་ལ། ཨོཾ་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ༔ ཅེས་པ་ནས་སྟོབས་པོ་ཆེའི་བར་གྱི་སྔགས་ཚིག་རྣམས་བརྗོད་བཞིན་ཕུར་བུ་རྣམས་དཀྱིལ་འཁོར་ཁང་པའི་ཕྱོགས་མཚམས་བརྒྱད་དང་སྟེང་འོག་གི་ཕུར་བུ་ཤར་ནུབ་ཀྱི་ཤར་ནུབ་ཏུ་གདབ་ཅིང་། དེ་རྣམས་ཀྱིས་བགེགས་ཐམས་ཅད་བསྲུང་བའི་ལས་མཛད་པར་བསམ་མོ། གསུམ་པ་གསང་མཚམས་ནི། བར་དུ་གཅད་བྱ་གཅོད་བྱེད་ཐམས་ཅད་གཟུང་འཛིན་སེམས་ཀྱི་རྣམ་པར་རྟོག་པར་ངོར་སྣང་བ་ཙམ་སྟེ། སེམས་ཉིད་ཡེ་ནས་སྟོང་གསལ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ངོ་བོ་ལ་བར་ཆད་ཀྱི་མཚན་མ་ནམ་ཡང་གྲུབ་པ་མེད་པས་ན་སྲིད་ཞི་མཉམ་ཉིད་དུ་རིག་པ་ནི་མི་ཤིགས་རྡོ་རྗེའི་མཚམས་གཅོད་བླ་ན་མེད་པའོ། །གཉིས་པ་མ་ཏྲཾ་བསྒྲལ་བ་ནི། ཁམ་ས་ལམ་ཏྲཾ་གི་གཟུགས་ཐལ་སྐྱ་མི་སྡུག་པའི་རྣམ་པ་ཅན་ཞིག་བཅོས་པ་དཀྱིལ་འཁོར་གྱི་གཞིར་མགོ་ལྷོ་ནུབ་ཏུ་ཕྱོགས་པར་གན་རྐྱལ་དུ་བཞག་ལ། རང་ཉིད་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་སྤྲོས་པའི་འོད་ཟེར་ལྕགས་ཀྱུས་བར་གཅོད་པའི་བདུད་བགེགས་ལོག་འདྲེན་བཀུག་པར་བསམ་ཞིང་། བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། རྣམ་པ་མ་ཏྲཾ་རཱུ་དྲ་ངོ་བོ་དངོས་གྲུབ་ལ་བར་དུ་གཅོད་པའི་བདུད་དང་ལོག་འདྲེན་ཐམས་ཅད་མ་ཏྲཾ་རཱུ་དྲ་ཨཱ་ཀརྵ་ཡ་ཛཿཏྲི་ཡཾ་ཛཿཛཿཧཱུཾ་བཾ་ ཧོཿ ཞེས་དགུག་བསྟིམ་བྱ། དེ་ནས་ལས་ཀྱི་གིང་དཀར་ནག་གཡས་ཟངས་གྲི་དང་གཡོན་སྙིང་ཐོགས་པ་གཉིས་ཆས་སུ་བཅུག་པ་ལ་སློབ་དཔོན་གྱི་ཐུགས་ཀ་ནས་སྒྲོལ་བྱེད་ཌཱ་ཀྐི་རཱ་ཛ་དཀར་ནག་གཉིས་སྤྲོས་ཏེ་སོ་སོ་ལ་བསྟིམས་ནས་སྒྲོལ་གིང་དུ་མངའ་གསོལ། དེས་ཀྱང་སྙེམས་བརྟན་ཅིང་དྲག་པོའི་གོམ་སྟབས་དང་བཅས་པས། ཧཱུྃ། མ་ཏྲཾ་བྱ་བཅའི་སྡིག་ཅན་ཁྱོད། ། [9a] དུག་གསུམ་ཉོན་མོངས་དབང་དུ་སོང་། །གསང་བའི་དཀྱིལ་འཁོར་གཉན་པོ་བཤིག །དཀོན་མཆོག་གསུམ་གྱི་སྐུ་དགྲར་གྱུར། །དེ་ཚེ་དཔལ་ཆེན་ཧེ་རུ་ཀས། །བསྒྲལ་ནས་དུར་ཁྲོད་བརྒྱད་དུ་བྱས། །དེ་བཞིན་ཞིང་བཅུའི་རུ་དྲ་ཁྱོད། །བདག་མེད་ཆོས་ཀྱི་དབྱིངས་སུ་བསྒྲལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཏྲཾ་རཱུ་དྲ་པྲ་བྷཉྩ་ཀྲ་ཧཱུྃ་ཕཊ༔ ཙིཏྟ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་མ་ཏྲཾ་བསྒྲལ། སློབ་དཔོན་གྱིས་དེའི་སྙིང་ཕྱུངས་ཏེ་ཞལ་དུ་གསོལ་བར་བསམ་ཞིང་། ཏི་ཧཱུྃ་ཨེ་སྥ་ར་ཎ་ཕཊ། ཅེས་རྣམ་ཤེས་སྐྱེ་བ་མེད་པའི་དབྱིངས་སུ་སྦྱར། ཉོན་མོངས་པའི་ཡིད་དཔལ་ཆེན་པོའི་ཞབས་འོག་ཏུ་མནན་ལ་དོན་སྙིང་ནང་རོལ་རྣམས་ཕོ་ཉའི་ཚོགས་ཀྱིས་རོལ་པར་བསམ། བྷཱུཾ་ཛྙཱ་ན་མཎྜ་ལ་བྷཱུཾ། ཁོག་པ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷུན་གྱིས་གྲུབ་པར་བལྟས་ལ། མགོ་བོ་དཀྱིལ་འཁོར་གྱི་ལྷོ་ནུབ། ལག་གཡོན་ནུབ་བྱང་། རྐང་གཡོན་བྱང་། མཚན་མ་བྱང་ཤར། རྐང་གཡས་ཤར། ལག་གཡས་ཤར་ལྷོ། གློ་བ་ལྷོ། ཁོག་པ་དབུས་རྣམས་སུ་འགོད་དེ། །གསུམ་པ་ཆག་ཆག་གདབ་པ་ནི། ཀ་པཱ་ལར་ཁྲག་ཆེན་བདུད་རྩི་ལྔ་དྲི་དང་སྦྱར་བ་ཐོགས་ལ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་རྫས་བདུད་རྩི་ཡེ་ཤེས་ལྔ་ལྡན་པས༔ དེ་བཞིན་གཤེགས་པའི་ཕྲིན་ལས་མཆོག་བསྒྲུབ་ཕྱིར༔ བཀའ་གསང་རྨད་དུ་བྱུང་བའི་ཆག་ཆག་འདེབས༔ ཨོཾ་མཧཱ་པཉྩ་ཨ་མྲྀ་ཏ་མཎྜ་ལ་ [9b] ཧཱུྃ༔ ཞེས་བརྗོད་ཅིང་དཀྱིལ་འཁོར་གྱི་གཞི་དེའི་དབང་ལྡན་ནས་གཡས་བསྐོར་དུ་ཁྱེམ་མེད་པར་ཆག་ཆག་གདབ་བོ། །བཞི་པ་ཐིག་གདབ་པ་ལ་གཉིས་ཀྱི། དང་པོ་ཡེ་ཐིག་ནི། རྒྱུས་ཆེན་ནམ་ཁ་དོག་ལྔ་པའི་སྲད་བུ་མཚན་ཉིད་དང་ལྡན་པ་བསང་སྦྱང་། སྟོང་པའི་ངང་ལས་པདྨ་དང་ཉི་མ་གནས་པའི་ཧཱུྃ་ཁ་དོག་ལྔ་ལས་ཁྲག་འཐུང་རིགས་ལྔ་ཡུམ་དང་བཅས་པའི་སྐུར་གྱུར་པའི་ཐུགས་ཀའི་འོད་ཟེར་གྱིས་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས་བསྟིམ། ཉེར་སྤྱོད་ལྔས་མཆོད། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་ནི། །སོགས་ཤྭ་ལོ་ཀས་བསྟོད། དེ་རྣམས་ཞུ་བ་ལས་བྱུང་བའི་ཐིག་སྐུད་དུ་གྱུར་པར་བསམ་ལ། ལས་ཀྱི་རྡོ་རྗེ་ཡུམ་དུ་གསལ་བའི་ལག་ཏུ་གཏད་དེ། ཧཱུྃ༔ མཚན་ལྡན་བཀྲ་ཤིས་དགེ་བའི་ཡུམ༔ གཟུགས་མཛེས་ཡིད་འོང་ལྷ་མོའི་ཚུལ༔ མཉེན་ལྕུགས་འཁྲིལ་ནས་དབྱེར་མི་ཕྱེད༔ རྡོ་རྗེ་ལས་ཀྱི་དོན་གྲུབ་མ༔ རྡོ་རྗེ་གསང་བའི་དཀྱིལ་འཁོར་འདིར༔ གསང་བ་རྡོ་རྗེའི་ཐིག་གདབ་མཛོད༔ བྷྲཱུཾ་ཛྙཱ་ན་ཨེ་མཎྜ་ལ་བྷྲཱུཾ༔ ཞེས་བརྗོད་ཅིང་སློབ་དཔོན་ནུབ་དང་སློབ་མ་ཤར་དུ་གནས་པས་ཚངས་ཐིག་དང་པོ་མཁའ་ལ་གདབ་ཅིང་། དེ་བཞིན་དུ་སློབ་དཔོན་ལྷོ་དང་སློབ་མ་བྱང་དུ་གནས་པས་ཚངས་ཐིག་གཉིས་པ་དང་། ཟུར་ཐིག་རྣམས་ནུབ་ནས་ལྷོ་བྱང་། ལྷོ་ནས་ནུབ་ཤར་གྱི་རྩི་ཐིག་རྣམས་གདབ། ཡུམ་གྱི་མཁའ་ཀློང་དུ་ཡབ་ཀྱི་བྱང་སེམས་མཁའ་མཉམ་ [10a] གྱི་ཐིག་ལེར་འདྲེས་ཏེ་རང་བྱུང་གི་གཞལ་ཡས་ཁང་དུ་ལྷུན་གྱིས་གྲུབ་པར་བལྟའོ། །གཉིས་པ་ལས་ཐིག་ནི། ཐིག་ཆལ་གྱིས་སྦགས་པའི་སྐུད་པ་བརྐྱང་སྟེ། ཧཱུྃ། ནམ་མཁའ་བར་སྣང་ཨེ་ཡི་ངང་། །གསང་བ་ཡེ་ཤེས་ཐིག་བཏབ་པས། །རྡོ་རྗེ་སྲིན་པོའི་ལྷ་ཚོགས་གནས། །ཕོ་བྲང་ཡིད་བཞིན་ལྷུན་གྱིས་གྲུབ། །བྷྲུཾ་བི་ཤྭ་བི་ཤུདྡྷེ་རཏྣ་བྷཉྫ་ན་ཨེ་མ་མཎྜ་ལ་བྷཱུཾ། ཞེས་བརྗོད་ཅིང་འདུག་གནས་སྤྱོད་ལམ་ཡེ་ཐིག་གི་སྐབས་ལྟ་བུས་འདི་ལྟར་གདབ་སྟེ། ཐོག་མར་ཤར་ནུབ་ཚངས་ཐིག་གདབ། །དབུས་ནས་ཕྱོགས་བཞིར་མཚན་མ་བྱ། །ཤར་ནུབ་ཚངས་ནས་གཉིས་པ་དང་། །ཕྱོགས་བཞིའི་ཚངས་ནས་ཟུར་ཐིག་བཙལ། །དབུས་ནས་ཕྱི་མཐའི་བར་སྲིད་དུ། །ཕྱོགས་བཞིའི་ཚངས་ཐིག་གཡས་གཡོན་དུ། །ཆ་ཆེན་བཅུ་གསུམ་བགོ་བར་བྱ། །བརྒྱད་པའི་སྟེང་ནས་ལོགས་སུ་ཐིག །གྲུ་བཞིར་བཏབ་པ་རྟ་བབ་ཀྱི། །ཕྱི་མཐའི་ཐིག་ཡིན་དེ་ནས་བཟུང་། །ཚངས་པའི་བར་གྱི་རྟགས་རྣམས་གདབ། །བདུན་པ་དབུས་དོར་མཐའ་གཉིས་བསིལ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །བརྒྱད་པ་ཕྱེད་གདབ་ཕྱི་མ་ཕྱེད། །དྲྭ་ཕྱེད་ཤར་བུ་མདའ་ཡབ་འབྱུང་། །དགུ་པ་བཞི་ར་བགོ་རྟ་བབ་ས། །དེ་རྗེས་ནང་གི་རྩིག་ཐིག་ནས། །རྟ་བབ་ཕྱི་ཐིག་བར་དུ་ནི། །ལོགས་བཞིའི་ཚངས་ཐིག་གཡས་གཡོན་དུ། །ཆ་ཆེན་གཉིས་གཉིས་གདབ་པར་བྱ། །ནང་མ་ཕྱེད་གདབ་ཕྱི་མ་ཕྱེད། །ཕྱི་མ་ཆ་བཞིར་མཉམ་པར་བགོ །སྒོ་དང་སྒོ་ཁྱུད་སྒོ་འགྲམ་དང་། །རྩིག་མུན་ཀ་བ་ཀ་རྒྱད་འབྱུང་། །རྟ་བབ་ཕྱི་མཐའི་རིམ་པ་ནི། གསེར་སྣམ་ཀ་རྒྱན་མཐའ་དང་མཉམ། །ཤར་བུ་རིན་ཆེན་མདའ་ [10b] ཡབ་གསུམ། །ཆ་ཕྲན་རེ་རེ་ནང་དུ་བྲི། །གླང་གུར་མིག་གསུམ་བསྐོར་ཚུལ་ནི། །སྣམ་བུ་གཉིས་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱི་དབུས་མ་བསྐོར། །མུན་པ་པ་ཏིའི་ཕྱི་ཐིག་དར། །ཚངས་ཐིག་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་པ་ནས། །ཆ་ཕྲན་གཉིས་ཀྱིས་གཡས་གཡོན་བསྐོར། །དེ་ནང་ཆ་ཕྲན་ཕྱེད་རེ་བསྐོར། །དེ་དག་དཀྱིལ་འཁོར་ཕྱི་མའི་ཐིག །བཞི་པ་གཉིས་བགོའི་ཆ་རེ་ལ། །ནང་དཀྱིལ་ཆ་ཆེན་དེའི་བཞི་ཆ། །ཆ་ཕྲན་ཉིད་ཤེས་ནང་མ་ནི། །དབུས་དོར་མཐའ་གཉིས་གདབ་པ་དང་། །ཕྱི་མ་ཕྱེད་གདབ་དེའི་ཕྱི་ཕྱེད། །གོང་བཞིན་གདབ་པས་ནང་དཀྱིལ་གྱི། །རྩིག་པ་འདོད་སྣམ་ཕ་གུ་དང་། །དྲྭ་ཕྱེད་ཤར་བུ་མདའ་ཡབ་ཐིག །དཀྱིལ་འཁོར་ནང་མ་སྒོ་ཁྱུད་དང་། །རྟ་བབ་བྲལ་ཕྱིར་ཟང་ཐལ་དུ། །ཚངས་ནས་གཡས་གཡོན་གྱེན་མཐུར་ནི། །ཆ་ཆེན་ཕྱེད་དང་ཆ་ཕྲན་གདབ། །དེ་ཕྱིར་རྩིག་རྒྱུན་ཆ་ཕྲན་གཅིག །གྱེན་བརྩེགས་ཐད་ཀ་འཁོར་མོར་སྦྲེལ། །ལྟེ་བའི་ལྷ་གནས་བསྐོར་ཚུལ་ནི། །དབུས་ནས་ཆ་ཕྲན་བདུན་དང་གཅིག །བཞི་གཅིག་བཞི་གཅིག་གསུམ་དང་གཅིག །གཉིས་བཅས་རིམ་པར་ཟླུམ་པོར་བསྐོར། །ཟླུམ་སྐོར་དབུས་མའི་ཚད་ཀྱིས་ནི། །དེ་ཡི་ཤར་ངོས་ཚངས་ཟླུམ་འཛོམ། །བཟུང་སྟེ་ལྷོ་ནས་ལྷོ་ནུབ་དང་། །བྱང་ནས་ནུབ་བྱང་བར་གྱི་ནི། །ཟླུམ་ཐིག་ཆ་གསུམ་བགོས་པ་ཡི། །ཆ་གཉིས་ལྷོ་བྱང་ཆ་གཅིག་རེ། །ནུབ་ངོས་བོར་མཚམས་མཚན་བཏབ་སྟེ། །ལོགས་གསུམ་ཐིག་སྦྲེལ་གྲུ་གསུམ་འབྱུང་། །དེ་ནང་རེ་ཁཱ་ལ་རེག་པའི། །འདབ་བརྒྱད་མུ་ཁྱུད་དང་བཅས་བསྐོར། །དེ་རྒྱབ་འཁོར་ལོ་རྩིབས་བཞི་སྟེ། །གྲུ་བཞིར་བཏབ་པའི་ཟུར་བཞི་པོ། །ཟླུམ་བསྐོར་ཚངས་རྩེ་བཞི་པོ་སྦྲེལ། །དེ་ཕྱིར་འཁོར་ལོ་རྩིབས་བཅུ་པོ། །ཚངས་ཐིག་ནས་ནི་ཟུར་ཐིག་བར། །དུམ་བུ་ཕྱེད་གསུམ་གཞལ་ [11a] བ་ཡི། ཕྱེད་གཉིས་དོར་བའི་ཆ་གཅིག་པོས། །ལྷོ་བྱང་ཚངས་ནས་ཤར་ནུབ་ཀྱི། །ཚངས་པར་ཟླུམ་སྟེང་མཚན་བཏབ་སྟེ། །བསྣོལ་གདབ་ལྷོ་བྱང་རྩིབས་རེ་དང་། །ཤར་ནུབ་ཚངས་ལས་གཡས་གཡོན་དུ། །རྩིབས་རེ་མཚམས་ཀྱི་རྩིབས་ལས་བཅུ། །དེ་རྒྱབ་ཟླ་གམ་ཉེར་གཅིག་སྟེ། །མདུན་དང་གཡས་གཡོན་ཆ་མཉམ་པར། །གསུམ་བགོ་རེ་རེར་བདུན་བདུན་བཀོད། །མུ་ཁྱུད་རིམ་བཞི་ཐོད་སྐམ་ཕྲེང་། །དེ་ཕྱིར་མེ་ཡི་ཕྲེང་བའོ། །ལྔ་པ་དྲུག་པ་བར་ཁྱམས་ཏེ། །ཕྱི་དཀྱིལ་རྩ་ཐིག་ལ་རེག་པར། །ཟླུམ་པོའི་མཚན་གདབ་ཚད་དེས་ནི། །ཕྱོགས་བཞིའི་ཚང་ཟླུམ་འདོམ་སྟེང་ནས། །གཡས་གཡོན་མཚན་བྱ་རྟགས་བརྒྱད་དང་། །ཚངས་ཐིག་བཞི་བཅས་བཅུ་གཉིས་འོང་། །རང་རང་མཚན་མའི་སྟེང་དེ་ནས། །གཉིས་རེ་དོར་བའི་མཚན་མ་ལ། །། སྦྲེལ་ནས་གྲུ་བཞི་གསུམ་བསྣོལ་མར། །གདབ་པ་འཁོར་རྩི་བས་བཅུ་གཉིས་སོ། །བཅུ་པ་དབུས་དོར་མཐའ་བསིལ་བ། །པདྨ་ཆོས་འཁོར་གདུགས་ཀྱི་ས། །རྒྱ་ཚད་ཆ་ཕྲན་གཉིས་རེ་སྟེ། །པདྨའི་གཡས་གཡོན་ཆ་ཕྲན་ཕྱེད། །དོར་སར་རི་དྭགས་རེ་རེ་བྲི། །སྣ་ཚོགས་རྡོ་རྗེའི་རྭ་བསྐོར་ཚུལ། གསེར་སྣམ་ཕྱི་དང་ཚངས་ནས་གསུམ། །དོར་ཏེ་ཀ་རྒྱན་རྩེ་ནས་དང་། །དེ་ནས་འཕྲེད་གཉིས་ཕྱིར་གཅིག་ནས། །སྔ་མའི་ཚད་དེས་དེ་བཞིན་བསྐོར། །དབུས་རྭ་རྩ་བའི་རྒྱ་ཚད་དུ། །ཆ་ཆེན་གཅིག་ཡིན་མི་མཐོང་ཡང་། །རིམ་ཕྲ་རྩེ་མོ་ཆ་ཕྲན་གཉིས། པད་འཁོར་གདུགས་ཀྱི་འོག་ཏུ་བྲི། །བཅུ་གཉིས་ཟླུམ་བསྐོར་དུར་ཁྲོད་ས། །བཅུ་གཉིས་བཞིར་བགོས་གསུམ་པདྨ། །ཆ་གཅིག་རྡོ་ར་བཅུ་གསུམ་པ། །མེ་ཡི་ར་བ་རྣམས་སུ་འགྱུར། །མཐོང་བརྒྱུད་གནད་ཀྱི་ཤེས་པར་བྱའོ། །དེ་ནས་སྲད་བུ་ཆོ་ག་བཞིན་ [11b] མཆོད་ནས་ཡེ་ཤེས་ཀྱི་ཐིག་བཛྲ་མུཿ ས་གཤེགས་སུ་གསོལ། །ལས་ཐིག་ཀྱང་དབེན་པར་བཞག་གོ །ལྔ་པ་ཚོན་དགྱེ་བ་ན་ནི། རྡུལ་ཚོན་ཁ་དོག་ལྔ་ལ་རང་རིགས་ཀྱི་ཡི་གེ་ཧཱུྃ་ཨོཾ་སྭཱ་ཨཱཿཧཱ་རྣམས་བྲིས་པ་དབུས་དང་ཕྱོགས་བཞིར་བཀོད། བསང་སྦྱང་ལྷར་བསྐྱེད་དེ་བསྟོད་པའི་བར་ཐིག་གི་སྐབས་བཞིན་བྱས་ལ། དེ་རྣམས་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ཞིང་། ས་བོན་ལྔ་བརྗོད་པས་བྱིན་གྱིས་བརླབས་ནས་ཚོན་ཇི་ལྟར་དགྱེ་བའི་ཚུལ། དབུས་ཀྱི་པདྨ་སྣ་ཚོགས་མདོག །ལྟེ་བ་ཉི་གདན་ཨེ་མཐིང་ནག །ཟླ་གམ་གསུམ་དམར་འཁོར་ལོ་ཡི། །རྩིབས་རྣམས་སྔོ་ཞིང་རྩིབས་མཆན་སེར། །ཟླ་གམ་དམར་ནག་གཞི་མ་སྔོ། །མུ་ཁྱུད་རིམ་བཞི་ཐོད་སྐམ་ཕྲེང་། །མེ་རི་ལྔ་ལྡན་ཁྱམས་ཕྱོགས་མདོག །ལྷ་མཚན་གཙོ་བོ་རྡོ་རྗེ་མཐིང་། །རྩིབས་བཞིར་རྡོ་རྗེ་རིན་ཆེན་དང་། །པདྨ་རྒྱ་གྲམ་ཕྱོགས་ཀྱི་མདོག །ཁྲོ་བཅུ་ཟ་གསོད་སྲས་ཉེར་གཅིག །ནང་སྒོའི་སྒོ་སྐྱོང་བཞི་བཅས་ལ། །ཕྱག་མཚན་ནམ་ཐིག་ལེ་རང་མདོག་བཀོད། །ནང་དཀྱིལ་ཁྲོ་བོའི་དཀྱིལ་འཁོར་ནི། །རྩིག་པ་མགོ་བོ་སྐམ་རྙིང་རློན། །ཚར་གསུམ་སྤེལ་ཞིང་སྒོའི་གཡས་གཡོན། །བརྩེག་ཐབས་སྒོ་སྟེང་ཐད་དུ་བསྒྲིགས། །འདོད་སྣམ་དམར་པོར་ཁྲག་ཆེན་གྱི། །མཆོད་ཡོན་དབང་པོའ་མེ་ཏོག་སོགས། །དྲག་པོའི་ཉེར་སྤྱོད་བརྗིད་ལྡན་བྲི། །ཕ་གུ་གཞི་སེར་ཐོད་ཕྲེང་བརྒྱན། །མུན་པ་ནག་ལ་ཐོད་ཚལ་དང་། །རུས་པའི་དྲྭ་ཕྱེད་རྒྱུ་རློན་ཕྲེང་། །གློ་སྙིང་མགོ་བོའི་འཕྱང་འཕྲུལ་བྱ། །ཤར་བུ་གཞི་སྔོ་ཚིགས་ཆེན་བཞིའི། །རུས་པ་ལས་བྱ་མདའ་ཡབ་དཀར། །སྒལ་ཚིགས་དག་གིས་འཁོར་བར་བྲི། །དེ་སྟེང་ཞིང་དང་གང་ཆེན་སྟག །ལྤགས་པ་རོ་རས་ནག་པོ་ཡི། །བ་ [12a] དན་འཕན་དང་རོ་སྐྲ་ཡི། །རྔ་ཡབ་ལ་སོགས་བཀོད་པ་ནི། །འཇིགས་རུང་རྔམས་བརྗིད་ལྡན་པར་བྱ། །བར་ཁྱམས་ཁྲག་མཚོ་འཁོར་རྩིབས་སྔོ། །རྩིབས་སྟེང་མ་མོ་བཅུ་གཉིས་དང་། །ཕྱི་སྒོར་གིང་བཞིའི་ལྷ་མཚན་བཀོད། །ཕོ་བྲང་ཕྱི་མ་ཞི་དཀྱིལ་ནི། །སྒོ་བཞི་ཕྱོགས་མདོག་པ་ཏྲ་རིས། །རྩིག་པ་ནང་ནས་རིམ་པ་བཞིན། །མཐིང་དཀར་སེར་དམར་ལྗང་བའི་མདོག །འདོད་སྣམ་གཞི་མ་དམར་པོ་ལ། །རིག་མ་བཅུ་དྲུག་རང་མིང་གི །མཆོད་རྫས་ཐོགས་ནས་གར་འཁྱུག་བཞིན། །གཉིས་གཉིས་གཡས་བསྐོར་འཁོར་བར་བྱ། །ཕ་གུ་སེར་པོར་རིན་ཆེན་བཀྲ། །དྲྭ་བའི་གཞི་ནག་དྲྭ་བ་དཀར། །ཤར་བུའི་གཞི་སྔོ་ཟར་ཚགས་ནི། །མཆོད་རྟེན་རིས་དབྱིབས་དཀར་པོ་སྟེ། །མདའ་ཡབ་དཀར་པོ་པད་འདབ་རིས། །མུན་པ་པ་ཏི་གླང་གུར་ནག །ཀ་བ་རྡོ་ར་ཕྱོགས་མདོག་ལ། །ཀ་རྒྱན་རྟ་བབ་མཛེས་ཚོན་བྱ། །པདྨ་དམར་ལ་འཁོར་ལོ་དང་། །རི་དྭགས་གསེར་མདོག་གདུགས་དཀར་པོ། །ཕྱི་ཁྱམས་ལྗང་གུར་དབང་མོ་ཡི། །ཐིག་ལེ་སྣ་ཚོགས་བཀོད་པས་བསྐོར། །དུར་ཁྲོད་གཞི་ནས་ཁྱད་ཆོས་ཀྱི། རི་མོ་སྣ་ཚོགས་པདྨ་ནི། །མཛེས་པའི་ཚོན་ཏེ་རྡོ་རྗེའི་ཕྲེང་། །གཞི་ནག་རྡོ་རྗེ་སེར་པོ་ལ། །མེ་རི་སྣ་ལྔ་ཆོས་འཁོར་རོ། །ཞེས་གཟབ་ནས་འབྲི་བ་སྟེ་དེ་དག་ནི་ཉིན་དང་པོའི་བྱ་བའོ། །གལ་ཏེ་རྡུལ་ཚོན་མི་འགྲུབ་པའི་རས་བྲིས་ཀྱི་ཕྱོགས་ལ་ཐིག་ཚོན་གྱི་བྱ་བ་རྣམས་དོར་ནས་ཆག་ཆག་གདབ་པའི་རྗེས་སུ་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་མོ། །དྲུག་པ་ཕུར་བུ་འགོད་པ་ནི། །ལྕགས་སམ་སེང་ལྡེང་དུག་ཤིང་ཚེར་མ་ཅན་རྣམས་གང་རུང་ལས་བྱས་པའི་གཙོ་ཕུར་སོར་བཅུ་དྲུག །སྲས་མཆོག་དང་ཁྲོ་བོ་སོར་བཅུ་གཉིས། ཟ་གསོ་དང་སྒོ་སྐྱོང་མཐོ་རེ་ [12b] ཁྲ་ཐབས་མར་བཅད་སོར་བརྒྱད་པ། ཁྲོ་བོ་སོགས་རང་རང་གི་ཞལ་ཅན་རྒྱ་མདུད་ཉིས་རིམ་ཆངས་བཟུང་ཟུར་བརྒྱད་ཆུ་སྲིན་གྱི་ཁ་ནས་འཐོན་པའི་དབལ་ཟུར་གསུམ་པ། གཙོ་ཕུར་རྣམས་འགྱིང་ཞིང་བརྗིད་ཆགས་པ། ལས་ཕུར་རྣམས་གསོར་བདེ་བ། དམ་ཅན་དང་དབང་ཕྱུག་མ་རྣམས་རྩང་ཕུར་ཁོ་ན་སྟེ། ཀུན་ལ་དར་སྣ་ལྔའི་ཅོད་པན་གྱེན་དུ་འཕུར་ཞིང་རང་རྟགས་ཀྱི་སྙིང་པོས་མཚན་པ་རྫས་དགུས་ངར་བླུད་པ་རྣམས་རུས་སྦལ་གྱི་ཁོག་པའམ་ཐོད་པ་སོགས་སུ་དར་ནག་གིས་བཀབ་སྟེ་བཞག་པ་ཉིད་སླར་ཡང་བྱུག་སོགས་གསུམ་གྱིས་གཟི་བྱིན་བསྐྱེད་པའི་ཕྱིར་གུ་གུལ་གྱིས་བདུག་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སུ་རུ་སུ་རུ་ཨ་ངྷི་ཏིཥྛ་རྨུགས་རྨུགས་ཧ་ལ་ཧ་ལ་དགྲ་བགེགས་འབྱུང་པོའི་ཙིཏྟ་མྱགས་མཱ་ར་ཡ་ཧཱུྃ་ཕཊ། ཡུངས་དཀར་གྱིས་བྲབ་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་གུ་ཏ་ལ་པྲ་ཏ་ལ་པྲ་ལ་ཤ་ཏ་རཱ་ཙ་ཧཱུྃ་དགྲ་བགེགས་འབྱུང་པོ་མཱ་ར་ཡ་ཧཱུྃ་ཕཊ། རཀྟས་བྱུག་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་རཀྟ་ཛྭ་ལ་མཎྜལ་རཀྵ་རཀྵ་དགྲ་བགེགས་ཝཱ་ཤཾ་མཱ་ར་ཡ་ཧཱུྃ་ཕཊ། དེ་ནས་སྲིད་པ་རྫས་ཀྱི་ཕུར་བུ་ཡེ་ཤེས་ཀྱི་ཁྲོ་བོར་སྒྲུབ་པ་ནི། ཤུ་ནྱ་རས་བསང་སྦྱང་། ཕུར་བུ་རྣམས་སྟོང་ཉིད་ཆོས་ཀྱི་སྐུའི་རང་བཞིན་དུ་གྱུར། སྟོང་པའི་ངང་ལས་ཧཱུྃ་མཐིང་ནག་རེ་རེ་ལས་རྡོ་རྗེ་སྔོན་པོ་ཧཱུྃ་གིས་མཚན་པ་རེ་རེ་གྱུར། གཙོ་འཁོར་རྣམས་ཀྱི་སྔགས་རྣམས་ཚར་རེ་བརྗོད་པས། གཙོ་ཕུར་རྡོ་རྗེ་གཞོན་ནུ་ཡབ་ཡུམ་དང་། འཁོར་རྣམས་ཐམས་ཅད་རང་རང་གི་སྐུའི་རྣམ་པ་རྒྱན་ཆ་ལུགས་ [13a] ཕྱག་མཚན་དང་བཅས་པ་ལ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གསལ་བར་གྱུར་པར་མོས། རང་བཞིན་གྱི་དབྱིངས་ནས་ཡེ་ཤེས་པ་ཆར་བབས་པ་ལྟར་བྱོན་ནས་གཉིས་མེད་དུ་ཐིམ་པར་བསམ་ལ། ཧཱུྃ། ཐབས་ཀྱི་སྤྱོད་པས་འགྲོ་བའི་དོན་ཕྱིར༔ ཞེས་སོགས་ལས་བྱང་བཞིན་དབང་བསྐུར་བྱིན་གྱིས་བརླབས་ནས། དཀྱིལ་འཁོར་གྱི་ལྷ་གནས་སོ་སོར་ཨེ་ཁྲམ་གྱི་གདན་ལ་རིམ་བཞིན་འགོད་ཅིང་། ཧཱུྃ། དབུས་ནས་རང་བྱུང་གྲུབ་པའི་ལྷ། །བཅོམ་ལྡན་རྡོ་རྗེ་གཞོན་ནུ་དང་། །ཡུམ་ཆེན་འཁོར་ལོ་རྒྱས་འདེབས་བཅས། །ལྷ་ཆེན་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་དཱིཔྟ་ཙཀྲ་ས་མ་ཡ་ཏིཥྛནྟུ། ཞེས་གཙོ་ཕུར་དབུས་ནས་ཞལ་ཤར་བསྟན་དང་སྦྱོར་ཡུམ་མདུན་དང་སྒྲོལ་ཡུམ་གཡོན་ཟུར་ནས་ཡབ་ལ་ཕྱོགས་པས་འགོད། ཧཱུྃ། ཕྱོགས་བཞི་རང་བྱུང་གྲུབ་པའི་ལྷ། །སྲས་མཆོག་ཀཱི་ལི་ཀཱི་ལ་རིགས་ལྔ་པོ། །རུ་དྲ་བསྣོལ་བའི་གདན་སྟེང་དུ། །དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། །ཨོཾ་བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཀཱི་ལ་ཡ་ས་མ་ཡ་ཏིཥྛནྟུ། ཞེས་བུདྡྷ་ཀཱི་ལ་ཡ་གཙོ་བོའི་གཡས་ཟུར་དང་གཞན་རྣམས་ཕྱོགས་བཞིའི་རྩིབས་ལ་ཞལ་ནང་བསྟན་དུ་འགོད། ཧཱུྃ། ཕྱོགས་བཅུ་རང་བྱུང་གྲུབ་པའི་ལྷ། །ཁྲོ་རྒྱལ་ཡབ་ཡུམ་ཟ་གསོད་བཅས། །ཕྱོགས་སྐྱོང་ཕོ་མོའི་གདན་སྟེང་དུ། ། [13b] དགྱེས་ཤིང་བརྟན་པར་བཞུགས་སུ་གསོལ། ཁྲོ་བཅུའི་རྩ་སྔགས་མཐར། ས་མ་ཡ་ཏིཥྛནྟུ། ཞེས་ཤར་སྟོད་སྟེང་དང་ནུབ་སྨད་འོག་ཏུ་བྱས་ཏེ་ཕྱོགས་མཚམས་ཀྱི་རྩིབས་བཅུར་ཁྲོ་བོ་རྣམས་ཞལ་ནང་བསྟན་དང་ཡུམ་རྣམས་ཡབ་ལ་ཕྱོགས་ཤིང་ཟ་གསོད་གཉིས་ཀྱིས་གཡས་གཡོན་ནས་བརྟེན་པའི་ཚུལ་གྱིས་འགོད། ཧཱུྃ། སྐུ་གསུང་ཐུགས་ལས་སྤྲུལ་པ་ཡི། །སྲས་མཆོག་ཉི་ཤུ་རྩ་གཅིག་ཀྱང་། །ཟླ་གམ་ཨེ་ཡི་གདན་སྟེང་དུ། །དགྲ་བགེགས་གཟིར་ཞིང་དགྱེས་པར་བཞུགས། །ཨོཾ་ཀརྨ་ཀྲོ་དྷ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཏིཥྛནྟུ། ཞེས་ཕྱི་རིམ་གྱི་ཟླ་གམ་རྣམས་ལ་ཞལ་ནང་བསྟན་དུ་འགོད། ཧཱུྃ། གྲུ་ཆད་བཞི་ཡི་ཕོ་བྲང་དུ། །ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བཞུགས། །ཙ་ཏུརྐྲྀ་ཏྱ་ས་མ་ཡ་ཏིཥྛནྟུ། ཞེས་གྲུ་ཆད་བཞི་ལ་འགོད། ཧཱུྃ། ཚད་མེད་བཞི་ལྡན་སྒོ་བཞི་རུ། །ཡེ་ཤེས་སྒོ་སྐྱོང་བརྟན་པར་བཞུགས། །ཛཿཧཱུྃ་བཾ་ཧོཿ ས་མ་ཡ་ཏིཥྛནྟུ། །ཞེས་ནང་སྒོ་བཞི་ལ་ཞལ་ཕྱིར་བསྟན་དུ་འགོད། ཧཱུྃ། དཀྱིལ་འཁོར་ཆེན་པོའི་བར་ཁྱམས་སུ། །ཤྭ་ན་བདག་ཉིད་ས་བདག་ཚོགས། །བསྭེ་ལྕགས་དུང་གི་གྱད་ཆེན་དང་། །ཕྱི་རིམ་ཁོར་ཡུག་ཆེན་མོ་ལ། །དབང་ཕྱུག་ཉི་ཤུ་རྩ་བརྒྱད་རྣམས། །བསྟན་པ་བསྲུང་ཕྱིར་དགྱེས་པར་བཞུགས། །མོ་ཧ་གྷཱ་ཏ་ཡ་མ་མ་ཤཱི་གྷྲཾ་ཀརྨ་ཀ་ར་ཡེ་ས་མ་ཡ་ཏིཥྛནྟུ། ཞེས་མ་མོ་བཅུ་གཉིས་ཁྲག་ཁྱམས་ཀྱི་རྩིབས་ལ་ཞལ་ནང་བསྟན་དང་གིང་བཞི་ཕྱི་སྒོ་བཞིར་ཞལ་ཕྱིར་བསྟན། [14a] དབང་ཕྱུག་མ་ཕྱིའི་ཁོར་ཡུག་རྣམས་སུ་ཞལ་ནང་བསྟན་གྱིས་འགོད་དོ། །དེའི་ཞར་ལ་བུམ་པ་སོགས་འགོད་པ་ནི། སྔར་ནས་འདུ་བྱས་པའི་སྒྲུབ་རྫས་རྣམས་སྤོས་ཀྱིས་སྣ་དྲངས་ནས་ནས་དཀྱིལ་འཁོར་ལ་གཡས་སུ་བསྐོར་སྟེ། ཧཱུྃ། སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ཡེ་ཤེས་ཁྲོ་བོ་གཤེགས་ནས་ཀྱང་༔ ཕོ་བྲང་གནས་འདིར་བཞུགས་སུ་གསོལ༔ དངོས་གྲུབ་མ་ལུས་བསྩལ་དུ་གསོལ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ས་མ་ཡ་ཏིཥྛ་ལྷན༔ ཞེས་དཀྱིལ་འཁོར་སྟེང་གི་ཁྲིའུའི་རིམ་པ་དང་པོའི་དབུས་སུ་རྣམ་བུམ་སྐུ་རྟེན་དང་བཅས་པ། གཡས་སུ་གསང་ཐོད་མེ་ལོང་སྔགས་བྱང་ཅན་དང་རྒྱུད་ཀྱི་གླེགས་བམ། གཡོན་དུ་སྲོག་འཁོར་བླ་རྡོ་དང་རང་བྱུང་གི་ཤེལ་རྡོ་ཟུར་དྲུག་པ། རྒྱབ་ཏུ་དཔལ་གྱི་གཏོར་ཆེན། མདུན་དུ་ཚེའི་འབྲང་རྒྱས་སོགས་ཇི་ལྟར་འོས་པ་བཞིན་ལེགས་པར་འགོད་དོ། །བདུན་པ་རྒྱན་རྫས་དགྲམ་པ་ནི། དཀྱིལ་འཁོར་གྱི་སྟེང་དུ་ཞིང་གི་བླ་བྲེ་དང་གདུགས་ཀྱིས་ཕུབ་ཅིང་། ཁོར་ཡུག་རྣམས་སུ་ལྡ་ལྡི། བ་དན། རྒྱལ་མཚན། ཕྱེ་ཕུར། དར་གྱི་ཆུན་འཕྱང་སོགས་དཔལ་གྱི་ཆས་གོས་རྒྱན་ཕྲེང་། རྒྱུ་མ་དང་དོན་སྙིང་གི་འཕྱང་འཕྲུལ། གོ་མཚོན་སོགས་སྤྱན་གཟིགས་སྣ་ཚོགས་པས་ཀུན་ཏུ་བཟང་པོའི་ཞིང་ལྟ་བུར་མཛེས་ཤིང་བརྗིད་ཆགས་པར་བྱས་ནས། བདུད་རྩི་ལྔ་དང་བཅས་པའི་དྲིས་དཀྱིལ་འཁོར་གྱི་མཐའ་རིམ་དུ་བྱུག་ཅིང་། ཟུར་བཞིར་མདའ་དར་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ་བ་དང་རལ་གྲི་ལ་སོགས་པའང་ཚུལ་བཞིན་དུ་བཀོད་པའི་དཀྱིལ་འཁོར་གྱི་ [14b] ཤར་དུ་ཆུ་གཉིས་ཉེར་སྤྱོད་ལྔ། ལྷོར་འདོད་ཡོན་ལྔ་རིན་པོ་ཆེ་བདུན་བཀྲ་ཤིས་པའི་རྫས་བརྒྱད་སོགས། ནུབ་ཏུ་བཟའ་བཅའ་བཏུང་བ་ལྡག་གཞིབ་མྱང་བའི་དཔལ་གྱི་གཏོར་མ་དར་ཚོན་གྱི་འཕུར་ལྡིང་གཡོ་བ། དེའི་གཡས་སུ་ཆོས་སྐྱོང་ཕོ་རྒྱུད་ཀྱི་གཏོར་མ་དང་བདུད་རྩི་རྩ་བརྒྱད་སྟོང་སྦྱོར་གྱིས་སྦགས་པའི་སྨན་ཕུད། གཡོན་དུ་སྲུང་མ་མོ་རྒྱུད་ཀྱི་གཏོར་མ་དང་སོ་ལྔ་བ་སྦྱར་བའི་རཀྣ། བྱང་དུ་ཁྲག་གི་ཨརྒྷཾ་སོགས་དྲག་པོའི་ཉེར་སྤྱོད། ཤར་ལྷོར་ལས་བཞིའི་འབྲང་རྒྱས་སོགས་དངོས་གྲུབ་ཀྱི་ཡོ་བྱད། ལྷོ་ནུབ་ཏུ་དྲག་པོའི་བྲུབ་ཁུང་ལིང་ག་དང་ཐུན་རྫས། ནུབ་བྱང་དུ་དམ་ཅན་བཅུ་དྲུག་སོགས་བཀའ་སྲུང་གི་གཏོར་མ། བྱང་ཤར་དུ་སྲེག་འཕང་མནན་པ་སོགས་མཐའ་སྡུད་ཀྱི་ཡོ་བྱད། གཞན་ཡང་མཆོད་པར་འོས་པའི་རྫས་ཐམས་ཅད་ཀྱིས་ལེགས་པར་བསྐོར་ཞིང་། རྡོ་རྗེ། དྲིལ་བུ། ཐོད་རྔ། རྔ་བོ་ཆེ། སིལ་ཆོལ་སོགས་རོལ་མོའི་ཁྱད་པར་དང་། གར་འཆམས་ཀྱི་ཆ་བྱད་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ལ། ཧཱུྃ། དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ ཕུན་སུམ་ཚོགས་པའི་མཆོད་སྤྲིན་རབ་ཏུ་སྤྲས༔ དཔལ་ཆེན་འཁོར་བཅས་ཐུགས་དམ་གཉན་སྐངས་ལ༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ན་མ་༔ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ༔ ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་བར་བྱའོ། །བཞི་པ་ཕྲིན་ལས་ལ་འཇུག་པའི་ཡན་ལག་ལ་ལྔ་ལས། དང་པོ་སྒྲུབ་པ་པོ་རྣམས་མངའ་ [15a] གསོལ་ཞིང་གནས་སུ་འགོད་པ་ནི། རྡོ་རྗེ་རྒྱལ་ཚབ་པས་སྐབས་སུ་བབ་པའི་གཏོང་ཐུན་ཇི་ལྟར་རིགས་པ་སྔོན་དུ་འགྲོ་བས་དབྱངས་སྙན་པོར་ལེན་ཚུལ་གྱིས། ཧཱུྃ། རྡོ་རྗེ་རྒྱལ་པོ་ཚོགས་རྗེ་ཚོགས་ཀྱི་བདག༔ ཤེས་རབ་ཡུམ་མཆོག་གཙོ་བོའི་ཐུགས་དམ་བསྐངས༔ སྲས་མཆོག་རྒྱལ་ཐེབ་ཀརྨ་འཆམས་གར་བཅས༔ གིང་དང་ལས་མཁན་སྤྱན་པ་དུས་འཛིན་དང་༔ བརྡ་སྦྱོར་ཕྱག་ཚང་རྡུལ་ཕྱག་སྐྱེས་བུའི་ཚོགས༔ ཀུན་ཀྱང་དཀྱིལ་འཁོར་ཕོ་བྲང་གནས་འདི་རུ༔ ཕྲིན་ལས་མངའ་བརྙེས་བསྐོས་པའི་དོན་སྤྱོད་སྒྲུབ༔ སྐྱེ་བ་སྔོན་ནས་ཚོགས་གཉིས་ལམ་སྦྱངས་པས༔ དུས་འདིར་རླབས་ཆེན་སྤྱོད་པའི་ལམ་སྣ་ཟིན༔ འཁོར་ལོས་སྒྱུར་རྒྱལ་རྣམས་ལ་མངའ་གསོལ་ལོ༔ ཞེས་མངའ་གསོལ་ཞིང་བདུད་རྩིའི་སྐྱེམས་སོ་སོར་དྲངས་ཏེ་ལས་ཀྱི་གཉེར་གཏད་དོ། །གཉིས་པ་ཆས་སུ་གཞུག་པ་ནི། སླར་ཡང་སྔོན་བྱུང་གི་ལོ་རྒྱུས་ཇི་ལྟར་འཚམས་པའི་གཏོང་ཐུན་སྔོན་དུ་འགྲོ་བས། ཧཱུྃ། ཐེག་མཆོག་གླང་པོ་ཆེ་ཡི་ཀོ་རློན་ནི། །གཏི་མུག་འཁོར་བ་རྩད་ནས་བཅད་པ་དང་། །ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་ཐོབ་བྱའི་ཕྱིར། །རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། །མ་ཉམས་བྱང་སེམས་ཞིང་གི་གཡང་གཞི་ནི། །འདོད་ཆགས་འཁོར་བ་རྩད་ནས་བཅད་པ་དང་། །སོ་སོར་རྟོག་པའི་ཡེ་ཤེས་ཐོབ་བྱའི་ཕྱིར། །རྣལ་འབྱོར་དབང་ [15b] ཕྱུག་སྐུ་ལ་རྒྱན་དུ་གསོལ། །དཔའ་གཏུམ་ཟ་བྱེད་སྟག་གི་ཤམ་ཐབས་ནི། །ང་རྒྱལ་འཁོར་བ་རྩད་ནས་བཅད་པ་དང་། །མཉམ་པ་ཉིད་ཀྱི་ཡེ་ཤེས་ཐོབ་བྱའི་ཕྱིར། །རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། །མཉེན་ལྕུག་འཁྲིལ་ལྡེབ་སྦྲུལ་གྱི་ཆུན་པོ་ནི། །ཞེ་སྡང་འཁོར་བ་རྩད་ནས་བཅད་པ་དང་། །མེ་ལོང་ལྟ་བུའི་ཡེ་ཤེས་ཐོབ་བྱའི་ཕྱིར། །རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། །ཐོད་ཕྲེང་ཚར་གསུམ་ཕྲེང་བའི་ག་ཤ་ནི། །ཕྲག་དོག་འཁོར་བ་རྩད་ནས་བཅད་པ་དང་། །བྱ་བ་གྲུབ་པའི་ཡེ་ཤེས་ཐོབ་བྱའི་ཕྱིར། །རྣལ་འབྱོར་དབང་ཕྱུག་སྐུ་ལ་རྒྱན་དུ་གསོལ། ཧཱུཾ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ མཁའ་འགྲོའི་ཚོགས་དང་དམ་ཚིག་གཅིག་པ་དང་༔ སངས་རྒྱས་ས་གསུམ་དག་ལ་འགོད་བྱའི་ཕྱིར༔ སྨིན་མཚམས་ཐལ་ཆེན་ཚོམ་བུའི་མཚན་མས་གདབ༔ དེ་བཞིན་དུ་འགྲེས་ཏེ། ལྐོག་མར་ཞག་གི་ཟོ་རིས་མཚན་མས་གདབ༔ ཞེས་དང་། འབུར་བཞིར་ཁྲག་གི་ཐིག་ལེའི་མཚན་མས་གདབ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་བྷ་སྨ་མ་ཧཱ་ཀིཾ་ནི་རི་ཏི་མཧཱ་རཀྟ་ཧཱུྃ༔ ཞེས་རྡོ་རྗེ་རྒྱལ་པོ་ནས་བརྩམས་འདུས་པ་ཐམས་ཅད་ལ་རྟགས་གདབ་བོ། །གསུམ་པ་བསྲེ་བསྣན་བྱ་བ་ནི། སྔར་དམ་མ་འདྲེས་པའི་སློབ་བུ་གསར་པ་ཡོད་ན་དེ་རྣམས་དཀྱིལ་འཁོར་དུ་བཅུག་ནས་དམ་བསྲེ་བ་སྟེ། མཆེད་གསར་བུ་རྣམས་ལོགས་སུ་འཁོད་པ་ལ་ཁྲུས་བྱ། ལས་ [16a] བྱང་བཞིན་འབྱུང་གཏོར་བསྔོས་ཏེ་བགེགས་བསྐྲད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། ཅེས་སོགས་ཀྱིས་རྒྱུན་བཤགས་བྱས་ཏེ། སློབ་དཔོན་གྱིས་ནང་མཆོད་བྱིན་གྱིས་བརླབས་ནས་སྨན་མཆོད་རྒྱས་པར་ཕུལ་བའི་ལྷག་མ་ལ། ཨོཾ་བཛྲ་ཡཀྴ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ། ཅེས་བཟླས་པས་དམ་ཆུར་བྱིན་གྱིས་བརླབས་པའི་བདུད་རྩི་རྡོ་རྗེས་ལྕེ་ལ་ལན་གསུམ་རེ་བཞག་པས། ཡེ་ཤེས་སེམས་དཔའི་ངོ་བོ་ཧཱུྃ་མཐིང་ནག་རེར་གྱུར་ཏེ་སྙིང་དབུས་སུ་ཐིམ་པར་ བསམ་དུ་བཅུག་ལ། འདི་ནི་ཁྱོད་ཀྱི་དམྱལ་བའི་ཆུ༔ དམ་ཚིག་འདས་ན་སྲེག་པར་བྱེད༔ དམ་ཚིག་བསྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཅེས་བྱིན། སློབ་བུས། ས་མ་ཡ་ན་ར་ཀན༔ ཞེས་བྲོ་བོར་ཞིང་མྱང་། དེ་ནས་འདྲེས་ཟིན་བསྣན་པ་ནི། མཆེད་གསར་རྙིང་ཐམས་ཅད་ཀྱི་གནས་གསུམ་དུ། ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃ༔ ཞེས་བདུད་རྩིའི་ཐིག་ལེ་རེ་བྱ་ཞིང་། ལྕེ་ལ་བཞག་སྟེ། རྣལ་འབྱོར་རྣམས་ཀྱི་དཀའ་ཐུབ་དམ། །རྟོགས་ན་སྐུ་གསུང་ཐུགས་ཡིན་ཏེ། །མ་རྟོགས་ན་ནི་ངན་སོང་གསུམ། །སུ་ཡང་འདའ་བར་མ་བྱེད་ཅིག །ཅེས་བྱིན་ལ། ས་མ་ཡ་ན་ར་ཀན༔ ཞེས་བྲོ་བོར་དུ་བཅུག་ནས། གསར་རྙིང་གྲལ་བསྲེ་བ་ནི། ཧཱུྃ། རྩ་བ་སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་དུ། །བསྙེན་སྒྲུབ་རྣམ་བཞི་བསྙེན་ཅིང་བསྒྲུབ་པ་དང་། །ཡི་དམ་ལྷ་མཆོག་ཛཔྲ་བསྙེན་བགྲང་བའི་ཕྱིར། །དམ་ཚིག་རྡོ་རྗེའི་གྲལ་དུ་མཆིས་ [16b] པར་གནང་། །དེང་ཕྱིན་ཆད་མཆེད་གསར་རྙིང་ཐམས་ཅད་སྐལ་བ་མཉམ་པ་ཡིན་པས་གྲལ་གཅིག་ལ་འདུག་པས་ཆོག་པ་ཡིན་ནོ། །ཞེས་བསྐོས་པ་ལྟར་རང་རང་གི་གྲལ་ལ་འཁོད་དོ། །བཞི་པ་བརྡ་སྦྱར་བ་ནི། ལས་བྱང་བཞིན་བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ་བ་སྔོན་དུ་འགྲོ་བས། ཡི་དམ་ལྷའི་ང་རྒྱལ་བརྟན་པོས། ཨོཾ་མ་ཧཱ་བཛྲ་ཧཱུྃ་ གིས་རྡོ་རྗེ་ཐུགས་ཀར་གསོེར། ཨོཾ་བཛྲ་གྷཎྜེ་ཧོཿ ས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭབྷཱ་ཝ་ཨཏྨ་ཀོཉཧཾ། ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་དམ་ཚིག་གསུམ་དྲན་པའི་ངང་ནས་རོལ་མོའི་སྒྲ་སྣ་ཚོགས་པ་རྒྱ་ཆེར་བསྒྲག་གོ །ལྔ་པ་སྣོད་བཅུད་བྱིན་དབབ་པ་ནི། སློབ་དཔོན་སོགས་ཀྱིས་དཀྱིལ་འཁོར་ལ་བསྐོར་ཞིང་དར་གྱི་གཡབ་མོ་དང་དྲི་བཟང་པོའི་སྤོས་བཏུལ། རོལ་མོའི་སྒྲ་དང་སྙན་པའི་དབྱངས་ཀྱི་ང་རོ་དང་བཅས་མོས་གུས་དྲག་པོས་ཐུགས་དམ་བསྐུལ་ཏེ་བྱིན་དབབ་པས་བདག་གནས་དཀྱིལ་འཁོར་ཡོ་བྱད་དང་བཅས་པ་ཐམས་ཅད་ཡེ་ཤེས་ཆེན་པོའི་རོལ་པར་བྱིན་གྱིས་བརླབས་པར་བསམ་མོ། །དེ་དག་ནི་ཉིན་གཉིས་པའི་བྱ་བ་སྟེ་སྦྱོར་བའི་ལས་ཀྱི་རིམ་པ་རྣམས་གྲུབ་པ་ཡིན་ནོ། །སྤྱི་དོན་གཉིས་པ་དངོས་གཞི་བསྙེན་སྒྲུབ་ཕྲིན་ལས་ཀྱི་གཞུང་བསྲང་བ་ལ་བཞི། ཐུན་བཞིའི་རིམ་པས་སྒྲུབ་པའི་གཞུང་བསྲང་། དེའི་བར་ཆད་བརྟག་ཅིང་བསལ་བ། སྒྲུབ་པའི་མཚན་མ་བརྟག་ནས་དངོས་གྲུབ་བླང་བ། ཕྲིན་ལས་ལས་ལ་སྦྱར་བའོ། །དང་པོ་ནི། སློབ་དཔོན་སྒྲུབ་པའི་གྲོགས་དང་བཅས་པ་ཁྲུས་བྱས་དྲིས་བྱུགས་ཤིང་རྒྱན་གོས་བཟང་པོས་བརྒྱན། དང་བའི་ཡིད་ཀྱིས་དཀྱིལ་འཁོར་ལ་ཕྱོགས་པར་འཁོད་དེ་བརྒྱུད་པའི་གསོལ་འདེབས་ནས་བརྩམས་ཕྲིན་ལས་ཀྱི་སྔོན་འགྲོའི་ [17a] ཆོས་རྣམས་རྒྱས་པར་བཏང་། དངོས་གཞི་ཏིང་ངེ་འཛིན་གསུམ་གྱིས་རྩ་བའི་དཀྱིལ་འཁོར་སྒོམ་པའི་ཚེ་རྒྱུའི་ཧཱུྃ་དེ་ཉིད་བྲིས་པའི་དཀྱིལ་འཁོར་གྱི་དབུས་སུ་བབས་པ་ལས་བདག་ཉིད་གཙོ་བོར་བསྐྱེད་ཅིང་བདག་མདུན་དབྱེར་མེད་དཀྱིལ་འཁོར་གསུམ་ལྡན་དུ་བསྒོམ་ནས། ཡེ་ཤེས་ཀྱི་འཁོར་ལོ་སྤྱན་དྲངས་བསྟིམས་ཤིང་ཕྱག་མཆོད་བསྟོད་པའི་བར་གཞུང་བཞིན་བྱ། བཟླས་པའི་སྐབས་ཛཔྲ་ལ་བསྐུལ་ཏེ་སྐུ་ཕྱག་རྒྱ། གསུང་ཡིག་འབྲུ། ཐུགས་ཆོས་ཉིད་ལ་དམིགས་པའི་ཛཔྲ་དགོངས་གསུམ་པོ་ལྷ་ཐམས་ཅད་ལ་འགྲེ་བར་བྱས་ལ། ཐུན་རེ་རེ་བཞིན་གཙོ་བོ་ལ་སྟོང་། ཀཱི་ལི་རིགས་ལྔ་དང་ཁྲོ་བོ་བཅུ་ལ་བརྒྱ་རེ། སྲས་མཆོག་སྒོ་སྐྱོང་རྣམས་ལ་ལྔ་བཅུ་རེ་བཟླ། བསྙེན་གྲོགས་ཀྱིས་ཁོར་ཡུག་ཀུན་ཏུ་བཟླས་པ་མ་ཆད་པར་བྱ་ཞིང་། སྐབས་སུ་དབྱངས་ཀྱི་རྟ་ལ་སྦྱར་ཏེ་ཐུན་མོང་དུ་འུར་འདོན་ཡང་བྱ། འདིར་སྟོད་ལས་བསྙེན་སྒྲུབ་ལས་སྦྱོར་ཆིག་ཆོད་བྱེད་པར་འདོད་ན། གོང་གི་ཡེ་ཤེས་ལྷ་བསྙེན་གཙོ་བོར་བཟླ་བ་བསྙེན་པའི་ཚུལ་གྱི་མཐར། ཐུགས་སྲོག་འོད་ཟེར་ལྕགས་ཀྱུས་བསྐུལ་བས་དམ་ཅན་རྣམས་ཤ་རུལ་ལ་སྦྲང་མ་འདུ་བ་ལྟར་ཐིབས་ཀྱིས་བྱོན་ཏེ་ཕྲིན་ལས་སྒྲུབ་པར་བསང་ཞིང་བཞི་སྙིང་གཅིག་དྲིལ་བཟླ་བ་དམ་ཅན་ཉེ་བསྙེན་སྒྲུབ་པའི་ཡན་ལག་དང་། སྔགས་ཀྱི་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུས་དགྲ་བགེགས་ཐམས་ཅད་ཐུལ་ཐུལ་བསྲེགས་པར་བསམ་ཞིང་གབ་པའི་སྔགས་དྲུག་གམ་ཆིག་ཆོད་དུ་སྤུ་གྲིའི་དྲག་སྔགས་བཟླ་བ་ངན་སྔགས་ཉེ་བསྙེན་ལས་སྦྱོར་གྱི་ཚུལ་ཏེ། མོས་སློབ་ཀྱི་སྐབས་སུ་གྲངས་ཉེར་གཅིག་ཙམ་རེ་བཟླས་པས་ཆོག་གོ །མཐར་བརྟན་གཡོའི་ཚེ་བཅུད་བསྡུ་བའི་དམིགས་གནད་དང་བཅས། ཨོཾ་བཛྲ་ཀཱི་ལ་ཀཱི་ལ་ཡ་སརྦ་ཨཱ་ཡུརྫྙཱ་ན་སིདྡྷི་ཕ་ལ་ཧཱུྃ་ཨཱཿ ཞེས་ཚེ་ཛཔྲ་ཀྱང་བརྒྱ་ཙམ་བཟླ། ཐུན་མཚམས་སུ་སྟོང་ཚིག་གིས་མཆོད་ཅིང་བསྟོད་ནས་དངོས་གྲུབ་བསྐུལ། ཐུན་གཞན་རྣམས་ལ་ཏིང་ངེ་འཛིན་གསུམ་ནས་བཟླས་པའི་བར་དང་། དགོངས་ཐུན་གྱི་མཐར་དམ་ཅན་གཏེར་སྲུང་རྣམས་ཀྱི་གཏོར་ཆོག་དང་ཚོགས་ཀྱི་མཆོད་པ་སོགས་རྗེས་ཀྱི་བྱ་བ་རྣམས་མཐར་དབྱུང་། དེ་ལྟ་བུའི་འགྲོས་ཀྱིས་སྔ་དྲོ་དགོང་མོ་སྲོད་དང་ཐོ་རངས་བཞི་སྟེ་ཐུན་བཞིའི་རིམ་པས་ཉམས་སུ་བླང་བར་བྱའོ། །གཉིས་པ་ནི། དམ་སྲིའི་ཉམས་ལོན་གྱི་རྟགས་སུ་དོན་མེད་པར་སེམས་འཁྲུགས་ཤིང་འཐབ་རྩོད་འབྱུང་བ། དཀྱིལ་འཁོར་དང་མར་མེའི་མདངས་ཉམས་པ། ཆགས་སྡང་རང་གར་སྐྱེ་ཞིང་སྐྱོ་འཇིགས་སྙིང་མི་དགའ་བ། ནད་དང་སྡུག་བསྔལ་སློངས་བ། གྱེར་བཟླས་ཀྱིས་སུན་པ་སོགས་ཕྱི་ནང་གི་འགལ་རྐྱེན་མང་ན། སྤྱིར་རེ་དོགས་ཀྱི་བསྙེངས་བཅད་དེ་ལྟ་བས་ཟིལ་གྱིས་གནོན། བྱེ་བྲག་ཉུ་ལེ་བསྐྲད་པའི་ཆོ་ག་བྱ་སྟེ། བྲུབ་ཁུང་དུ་དམ་སྲིའི་ལིང་ག་བཅས་པ་མདུན་དུ་བཀོད་ལ ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་འབྱུང་པོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་ཞིང་། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ་བདེན་པ་དང་། ཆོས་ཀྱི་བཀའ་བདེན་པ་དང་། དགེ་འདུན་གྱི་བཀའ་བདེན་པ་དང་། གསང་སྔགས་དང་རིགས་སྔགས་དང་གཟུངས་སྔགས་དང་། སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་ [18a] འབྲས་བསླུ་བ་མེད་པའི་བདེན་པ་དང་། ཁྱད་པར་འཁོར་འདས་ཐམས་ཅད་ཀྱི་སྤྱི་དཔལ་ཡི་དམ་རྡོ་རྗེ་གཞོན་ནུ་བདུད་འདུལ་ཁྲོ་བཅུ་ཁྲ་ཐབས་སྒོ་སྐྱོང་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་བ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་ཁུག་ཅིག །ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་དགུག་བསྟིམས་ནན་ཏན་དུ་བྱས་ལ། ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ། ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཕུར་པ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་སྟོན་པ༔ དཔལ་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ། ང་ནི་རྡོ་རྗེ་གཞོན་ནུའི་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ ཕུར་པའི་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་པ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་བརློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀཱ་ལ་རཱུ་པ་ཀརྨ་ [18b] རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཕུར་བསྐོར་དང་བཅས་སྲས་མཆོག་གི་ཕུར་བུ་ལིང་གའི་གནས་རྣམས་སུ་གདབ་ཅིང་། སྤུ་གྲིའི་སྔགས་བཟླ་བཞིན་དུ་ཐུན་གྱིས་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། ཧཱུྃ། ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅིག༔ སྤྱན་རྩ་དམར་ཟླུམ་ཉི་མའི་ཟེར་ལྟར་འཕྲོ༔ སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུགས༔ བཞད་པ་ཧེ་དང་དཔལ་གྱི་པུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་འབྲུག་སྟོང་སྒྲོགས༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱི་རྩེ་ལ་མེ་ཆེན་འབར༔ བ་སྤུ་གནམ་ལྕགས་ཞུན་མའི་རྡོ་རྗེ་འཁྲུགས༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང་༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ [19a] ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན༔ བདུད་ལ་བབས་ན་སྙིང་ཁྲག་དྲོན་མོ་གསོལ༔ སྲིན་ལབབས་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབས་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལ་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་རྣམས་ཀྱི༔ ཕུང་པོ་དུམ་བུར་གཏུབས་ལ་དོན་སྙིང་སྲེག༔ དམ་ཉམས་ཉུ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃཿགྲུ་བུ་གྲུ་ཨ་པ་ཙེ༔ རཱུ་པ་ཙེ༔ ན་ར་ཙེ༔ ཙ་མེ་ཐུན་ཐུན༔ ན་ཤ་སྟྭཾ་བྷ་ཡ༔ ཡཀྴ་བྱིན༔ ཡཀྴ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན༔ ཞེས་ཀུན་ཐུབ་མའི་ཕྱག་མཚན་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་གཟིར། ཊཱ་ཀཱི་དཀར་པོས་གྲི་ཤར་བྱེད་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་མ་རཱ་ཛ་ཏྲིག་ནན༔ པུ་ན་རཀྴ་རྦུད་ལིང་༔ ཏྲིའུ་ཏྲིའུ་མ་ཡ་ན་མོ་ཤོ་ཛ་མཱ་ར་ཡ་རྦད་རྦད༔ ཊཱ་ཀཱི་ནག་པོས་གྲི་ལག་ལ་མི་ལྤགས་ཀྱི་ལྕགས་འབྲས་བཏགས་པས་བྲབ་ཅིང་། ཨོཾ་སུམྦྷ་ནི་སོགས་ཧཱུྃ་བཞི་པའི་སྔགས་ [19b] བརྗོད་ཐུན་གྱི་བྲབ་པ་སོགས་ཚམ་རྔམས་དྲག་པོས་བསྐྲད་པ་རྣམས་དུས་དྲུག་ཏུ་བྱས་པའི་རྗེས་སུ། སྒྲུབ་པ་པོ་རྣམས་རྒྱན་དང་ཆས་གོས་བསྟར་ནས་དཀྱིལ་འཁོར་ལ་བསྐོར་ཏེ་རོལ་མོ་སྣ་ཚོགས་པའི་སྒྲ་སྒྲོག་ཅིང་ཚིལ་ཆེན་དང་གུ་གུལ་བསྲེག །དར་ནག་དང་ལྕང་ལོ་མི་ལྤགས་ཀྱིས་གཡབ་ཅིང་དད་པ་མཆོག་ཏུ་བསྐྱེད་ལ་བྱིན་དབབ་པར་བྱའོ། །གསུམ་པ་ནི། དེ་ལྟར་བརྩོན་པས་བསྒྲུབ་པ་ལ་མཚན་མའི་ལྟས་རབ་འབྲིང་ཐ་མ་གསུམ་གྱི་སྒོ་ནས་འབྱུང་བར་གསུངས་ཏེ། གནད་འཕྱང་ལས། རབ་ཕུར་པ་འགྲུབ་པ༔ འཁྲབ་པ༔ རཀྟ་མི་སྐམ་ཞིང་ཁོལ་བ༔ མར་མེ་གསལ་ཞིང་ཞག་གསུམ་འཛིན་པ་དང་། ཏིང་ངེ་འཛིན་གསལ་བ༔ ཉམས་དགའ་བ༔ དྲི་བཟང་འཐུལ་བ་ལ་སོགས་པ་འབྱུང་ངོ༔ འབྲིང་དུ་རིན་པོ་ཆེའི་གླིང་དུ་ཕྱིན་པ་དང་༔ ཉི་ཟླ་ལུས་ལ་ཤར་བ་དང་༔ ཉི་ཟླ་ལག་གིས་བཟུང་བ་དང་༔ ཉི་ཟླ་ལ་ཞོན་པ་དང་༔ དར་ཕྱར་དུང་འབུད་མེ་འབར༔ ཕུར་པ་ལ་སོགས་ཕྱག་མཚན་རྙེད་པ་འབྱུང་ངོ་༔ ཐ་མ་མེ་ཏོག་སྔོན་པོའི་གླིང་དུ་འདུག་པ་དང་༔ ནམ་མཁའ་ལ་འཕུར་བ༔ ཆུ་ཆེན་བརྒལ་བ༔ མཚོན་རྣོན་ཐོགས་པ༔ ཉམས་དཔའ་གདིང་སྐྱེ་བ་ལ་སོགས་པ་འབྱུང་ངོ་༔ ཞེས་གསུངས་པ་ལྟར་གྲུབ་པའི་མཚན་མ་དགེ་བར་མཐོང་བའམ་དུས་དང་གྲངས་ཀྱི་དམ་བཅས་བརྟན་པོ་ཐེམས་ནས་དངོས་གྲུབ་བླང་བར་བྱ་སྟེ། སླར་ཡང་མཆོད་གཏོར་གསར་པ་བཟང་དུ་བཤམས་ཤིང་དངོས་གྲུབ་ཀྱི་རྫས་སོགས་ཁ་གསོ། ཕྲིན་ལས་ཀྱི་གཞུང་བསྲང་ནས་དངོས་གྲུབ་ལ་བར་དུ་གཅོད་པའི་བགེགས་བསྐྲད་ཅིང་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། འཁོན་གཅུག་དང་ཉམས་གྲིབ་བཤགས་ལ་བྱིན་དབབ་པ་སྔོན་དུ་འགྲོ་བས། ཡོན་ཏན་དངོས་གྲུབ་བླང་བ་ལ་དམིགས་པའི་ཛཔྲ་དགོངས་ནི། བདག་ཉིད་དཔལ་ཆེན་པོ་ཡབ་ཡུམ་དུ་གསལ་ [20a] བའི་ཡབ་ཀྱི་གསང་གནས་ཟླ་བར་རྡོ་རྗེ་རྩེ་ལྔ་བུ་གར་ཨོཾ་གྱིས་མཚན་པ། ཡུམ་གྱི་མཁའ་པདྨ་འདབ་བརྒྱད་ལ་ཨེར་ཨོཾ་གྱིས་མཚན་པ། སྙོམས་པར་ཞུགས་པས་ཡུམ་གྱི་དུང་ཁང་ཁྲག་འཐུང་རིགས་ལྔ་གནས་པ་རྣམས་བསྐུལ་སྙོམས་པར་ཞུགས་པས་ཡབ་ལྔའི་བྱང་སེམས་མུ་ཏིག་ལྟ་བུ་དང་ཡུམ་ལྔའི་དྭངས་མ་མཚལ་ལྟ་བུ་དྷུ་ཏིར་བྱུང་། མཁར་དཀར་དམར་འདྲེས་ནས་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བ་ཡི་གེ་གསུམ་དུ་གྱུར་པ་བདག་གི་རྡོ་རྗེའི་བུ་གར་རྡུབས་ནས་དྭངས་མའི་སྲོག་ལ་ཐིམ་པས་བདེ་སྟོང་འཛིན་མེད་རང་བྱུང་གི་ཡེ་ཤེས་འབར་བར་བསམ་ལ། དཀྱིལ་འཁོར་གསུམ་གྱི་ཛཔྲ་མཐར། ཨོཾ་ཨཱཿཧཱུྃ་སརྦ་སིདྡྷི་ཛཿཧཱུཾ་ཨཱཿ ཞེས་བཏགས་པ་ཅི་ནུས་བཟླས་ནས་གདུང་དབྱངས་དྲག་པོས། ཧཱུཾ༔ སྲིད་པའི་ཕུར་བུ་སྒྲུབ་པ་དང་༔ དབང་དང་དངོས་གྲུབ་བླང་བའི་ཕྱིར༔ གཉིས་མེད་དག་པའི་མཁའ་དབྱིངས་ནས༔ ཡེ་ཤེས་ཁྲོ་བོ་གཤེགས་སུ་གསོལ༔ ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་བསྐུལ་ལ་ཀ་པཱ་ལ་མཚན་ལྡན་དུ་ཁྲག་ཆང་ཨ་མྲྀ་ཏ་དང་མངར་གསུམ་སྦྱར་བ་བདུད་རྩིར་སྦ་རབ་ཐོགས་ཏེ། ཧཱུྃ༔ འཆི་མེད་བདུད་རྩི་སྨན་གྱི་བཅུད༔ ཉོན་མོངས་གདུང་བ་སེལ་བའི་མཆོག༔ ཛ་གད་རཀྣཏའི་མཆོད་པ་འདི༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ལ་འབུལ༔ ཞེས་ཁྲག་ཆང་མཐེབ་སྲིན་གྱིས་འཐོར་ཞིང་སོ་སོའི་མཚན་སྔགས་མཐར། མ་ཧཱ་ [20b] པཉྩ་ཨ་མྲྀ་ཏ་ཁཱ་ཧིཿ མ་ཧཱ་རཀྟ་ཁཱ་ཧི༔ ཞེས་བཏགས་པས་མཆོད། དངོས་གྲུབ་བསྡུ་བའི་ཛཔྲ་དབྱངས་དང་བཅས་པས་དཀྱིལ་འཁོར་ལ་བསྐོར་ཞིང་ཤར་དུ་འཁོད་པས། ཧཱུྃ༔ ལྷག་པའི་ཡེ་ཤེས་རྡོ་རྗེ་ཕུར་པའི་ལྷ༔ རང་བཞིན་དབྱིངས་ནས་རྩོལ་རྟོག་མི་མངའ་ཡང་༔ སྔོན་གྱི་ཐུགས་དམ་རང་བཞིན་བྱིན་རླབས་ནི༔ རིན་ཆེན་ནོར་བུ་དགོས་འདོད་ཀུན་འབྱུང་ལྟར༔ དུས་ལས་མི་འདའ་ཐུགས་རྗེའི་དབང་གི་ལྷ༔ སྐྱབས་ལས་མི་གཡེལ་གཡར་དམ་གཅིག་པའི་ངང༔ མི་ཟད་རིན་ཆེན་རྒྱན་གྱི་འཁོར་ལོ་ནས༔ མཆོག་དང་ཐུན་མོང་དངོས་གྲུབ་མ་ལུས་པ༔ སྐལ་ལྡན་རྣམས་ལ་དུས་འདིར་སྩལ་དུ་གསོལ༔ འཆི་མེད་ཚེ་ཡི་དངོས་གྲུབ་བསྩལ་དུ་གསོལ༔ བརྒྱུད་འཛིན་སྲིད་ཀྱི་དངོས་གྲུབ་བསྩལ་དུ་གསོལ༔ ཕྱག་རྒྱ་ཆེན་པོའི་དངོས་གྲུབ་བསྩལ་དུ་གསོལ༔ ཅེས་དང་། ཧཱུྃ༔ དགོངས་ཤིག་རྡོ་རྗེ་ཕུར་པའི་ལྷ༔ རིག་འཛིན་མཁའ་འགྲོ་དམ་ཅན་ཚོགས༔ དབང་གྱུར་ཐམས་ཅད་དགོངས་སུ་གསོལ༔ དང་པོ་བསྙེན་ཅིང་བར་དུ་བསྒྲུབས༔ བསྐྱེད་རྫོགས་གཉིས་ཀྱི་ལས་གཞུང་བསྲངས༔ [21a] སྨིན་གྲོལ་གཉིས་ཀྱིས་རྒྱུད་ཀྱང་སྦྱངས༔ ཞག་དུས་གྲངས་དང་རྟགས་ཀྱང་ཐེམས༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ འདོད་རྒུའི་དངོས་གྲུབ་རིན་ཆེན་གཏེར༔ ད་ནི་འབྱུང་བའི་དུས་ལ་བབ༔ རྡོ་རྗེ་ཕུར་པའི་ལྷ་ཚོགས་རྣམས༔ ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བའི༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ནས༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་ཀྱི༔ དབང་དང་དངོས་གྲུབ་བདག་ལ་སྩོལ༔ ལྷ་དང་སྐལ་བ་མཉམ་པར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ ཧོཿ ཞེས་བརྗོད་ལ་སྒྲུབ་རྟེན་གནས་གསུམ་དུ་གཏུག་ཅིང་དམ་རྫས་རྣམས་ལ་ལོངས་སྤྱད་ནས། ལྷ་དང་དངོས་གྲུབ་འོད་དུ་ཞུ་བ་བདག་གི་ཐུགས་སྲོག་ལ་ཐིམ་པས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པར་བསམ། འདིར་རྒྱས་པ་དང་ཞི་བའི་སྦྱིན་སྲེག་ཆོ་ག་བཞིན་དུ་བྱ་ཞིང་ཚོགས་ཀྱི་མཆོད་པ་རྒྱ་ཆེར་ཕུལ་ལོ། །བཞི་པ་ནི། སྲེག་འཕང་མནན་པའི་ཆོ་ག་གསུམ་གྱིས་ངན་སྔགས་དྲག་པོའི་ཕྲིན་ལས་ཀྱི་མཇུག་བསྡུ་བ་སྟེ། རྒྱས་པ་སོ་སོའི་གཞུང་དུ་བལྟ་བར་བྱ་ཞིང་། བསྡུས་པར་གཏོར་ཟོར་རྣམས་ཕྱིར་བཏེགས་ལ་ལས་བྱང་གི་ཟོར་ལས་ཀྱི་དགྲ་ཕྱོགས་སུ་འོང་། ཚེར་མ་ཅན་གྱི་ཧོམ་གྲུ་གསུམ་བར་མེ་ཉིད་རྡོ་རྗེ་སྲིན་པོའི་ལྷ་ཚོགས་སུ་གསལ་ [21b] བའི་ཞལ་དུ་སྲེག་ལིང་ཞུན་མར་དང་བཅས་པ་སྤུ་གྲིའི་སྔགས་མཐར་སྲེག་སྔགས་བཏགས་པས་བསྲེག །མནན་རྫས་རྣམས་སྒོའི་ཕྱི་རོལ་དུ་དོང་གྲུ་གསུམ་བྲུས་པར་མནན་ལ་རོ་གཡམ་རྒྱ་གྲམ་བྲིས་པས་བཀབ་སྟེ་དམིགས་བྱ་གཤིན་རྗེའི་བཙོན་ཁང་དུ་ཚུད་པའི་སྟེང་དུ་རི་རབ་ཀྱིས་མནན་པར་བསམ་ལ་བྲོ་བརྡུང་གཞུང་བཞིན་དུ་བྱ། གཞན་ཡང་ཞི་བ་ལ་སོགས་པའི་ཕྲིན་ལས་རབ་འབྱམས་གང་གིས་སེམས་ཅན་གང་འདུལ་བ་དེ་དང་དེའི་མོས་བློ་དང་འཚམས་པའི་སྤྱོད་པ་ལ་འཇུག་པར་བྱའོ། །དེ་དག་གིས་དངོས་གཞིའི་ལས་ཀྱང་རིམ་པ་རྣམས་གྲུབ་པ་ཡིན་ནོ། །སྤྱི་དོན་གསུམ་པ་རྗེས་མཐའ་རྒྱས་ཀྱི་བྱ་བས་མཇུག་བསྡུ་བ་ལ་བདུན། གཏོར་མ་བཏང་བ། དཀྱིལ་འཁོར་བསྡུ། མཚམས་འགྲོལ་བ། རྡུལ་ཚོན་གཤེགས་པ། སྨོན་ལམ་གདབ་པ། ཤིས་པར་བྱ་བ། དགའ་སྟོན་དང་གནས་སྲུང་བའོ། །དང་པོ་ནི། འཇིག་རྟེན་ལས་འདས་པའི་གཏོར་མ་རྣམས་དངོས་གྲུབ་ཀྱི་དོན་དུ་བཞག །དམ་ཅན་ལ་སོགས་པའི་འཕྲལ་གཏོར་རྣམས་རོལ་མོའི་སྒྲ་དང་བཅས་པས་ཡང་ཐོག་ཏུ་ཁྱེར་ལ་ཐ་ཚིག་བསྒྲག་ཅིང་བརྟན་མ་བསྐྱང་སྟེ་ཛ་གད་ཕུད་སྐྱེམས་དང་བཅས་པས་ཀྱང་མཆོད་དོ། །གཉིས་པ་དཀྱིལ་འཁོར་བསྡུ་བ་ནི། གཏང་རག་གི་དོན་དུ་དཀྱིལ་འཁོར་གྱི་འཁོར་ལོ་ལ་ཕྱག་སྔོན་དུ་འགྲོ་བས་ཕྱི་ནང་གི་མཆོད་པ་འབུལ་ཞིང་བསྟོད་པ་བྱས་ལ་ནོངས་པ་བཟོད་པར་གསོལ། དེ་ནས་མངོན་པར་འདོད་པའི་དོན་གྲུབ་པར་གསོལ་བ་གདབ་པ་ནི། ཨོཾ། ཁྱེད་ཀྱིས་སེམས་ཅན་དོན་དུ་ཀུན་མཛད། །ཅེས་སོགས་དང་། བཛྲ་མུཿས། རང་བཞིན་ཡེ་ཤེས་ཀྱི་འཁོར་ལོ་ཆོས་ཀྱི་དབྱིངས་སུ་གཤེགས། རྣམ་པ་དམ་ཚིག་གི་དཀྱིལ་འཁོར་ལས་བྱང་བཞིན་ཉེར་བསྡུ་བྱས་ཏེ་རྒྱུན་གྱི་ཏིང་ངེ་འཛིན་ལ་འཇུག་གོ །གསུམ་པ་ [22a] མཚམས་དགྲོལ་བ་ནི། ཕྱི་རོལ་གྱི་ཤར་ལ་སོགས་པར་སྔར་བཞིན་སོང་སྟེ་རྒྱལ་མཚན་བཞི་དང་སྒོ་ཕྱི་ནང་གི་ཁྲོ་བོ་གཉིས་རྣམས་ལ་མཆོད་ཅིང་བསྟོད་ནས་ཡེ་ཤེས་པ་སྐུ་གཟུགས་ཀྱི་བྱང་བུ་རྣམས་ལ་བསྟིམས་ཏེ་ལྷ་གནས་ཀྱི་མེ་ཏོག་འཐོར། ནང་དུ་ཞུགས་ལ་ཧཱུྃ་མཛད་ཀྱི་རྒྱ་དང་ལྡན་པས་སུམྦྷ་ནི་བརྗོད་ཅིང་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུགས་ཏེ། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་ངྷ་ནི་སྭཱ་ཧཱ། ཞེས་བཟླས་པའི་འོ་མས་ཕུར་རྩེ་བཀྲུ་ཞིང་ཁུང་བུར་ཡང་འཐོར། ལྷ་རྣམས་ཀྱང་གཤེགས་ལ་ཁུང་བུ་དགང་ངོ་། བཞི་པ་རྡུལ་ཚོན་བསྡུ་ཞིང་གཤེགས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་ ཨ་ཀཱ་རོ་བརྗོད་བཞིན་པས་གཡས་པའི་རྡོ་རྗེས་ཤར་གྱི་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱི་ཞིང་ལྷག་མ་རྣམས་རྗེས་མི་མངོན་པར་འཕྱག་ལ། དོན་དུ་གཉེར་བ་རྣམས་ལ་ཅུང་ཟད་བྱིན་ནས་གཞན་རྣམས་བུམ་པར་བླུགས་ཏེ་བཀུར་སྟི་ཆེན་པོས་མཆོད། ཐིག་ཤུལ་དྲི་བཟང་གི་ཆུས་དབྱི། དུས་དེ་ཉིད་དུའམ་གཞན་གྱི་ཚེ་ནའང་རུང་སྟེ་རྡུལ་ཚོན་ཉིད་སློབ་དཔོན་སློབ་མར་བཅས་པས་བཀྲ་ཤིས་པའི་གླུ་དང་རོལ་མོ་རྣམ་པར་བཀྲ་བའི་ལྟད་མོ་སྣ་ཚོགས་དང་བཅས་པས་རྒྱུན་མི་ཆད་པའི་ཆུ་ཀླུང་ཆེན་པོའི་འགྲམ་དུ་ཁྱེར་ནས། དེའི་དྲིའི་མཎྜལ་དཀར་པོ་འདབ་མ་བརྒྱད་པའི་དབུས་དང་འདབ་མ་མེ་ཏོག་གི་ཚོམ་བུ་བཀོད། མཐར་ཉེར་སྤྱོད་དཀར་སྐྱེམས་ལྷ་བཤོས་དང་བཅས་པ་དང་། དེའི་མདུན་རྒྱབ་གང་འོས་ཀྱི་སྟེགས་བུ་མཐོ་བ་ལ་རྡུལ་ཚོན་གྱི་བུམ་པ་བཞུགས་སུ་གསོལ། མཆོད་པ་རྣམས་བྱིན་གྱིས་བརླབས་ནས། རྟེན་བསང་སྦྱང་། སྟོང་པའི་ངང་ལས་བྃ་ལས་བྱུང་བའི་རྒྱ་མཚོ་རིན་པོ་ཆེ་དང་མེ་ཏོག་གིས་གང་བའི་དབུས་སུ་པདྨ་དཀར་ [22b] པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རང་སྣང་གི་ཡུམ་དང་བཅས་པའོ། །སྙིང་ག་ནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་དང་ལྡན་པའི་སྨད་སྦྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱུན་གྱིས་བརྒྱན་པའི་འཁོར་དང་བཅས་པར་བལྟས་ལ། ཨོཾ་བཛྲ་སཏྭ་ཨཥྚ་མ་ཧཱ་ནཱ་ག་ཨ་ངྷི་པ་ཏ་ཡེ་ས་པ་རི་ཝཱ་ར་པུཥྤེ་སོགས་ཀྱིས་མཆོད། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཨོཾ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང་། འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ [23a] ཀྱི་དཔལ་ཕུན་སུམ་ཚོགས་པ་འཕེལ་ཞིང་མཛད་དུ་གསོལ། ཞེས་རྡུལ་ཚོན་གཏད་དེ་ཆུ་ལ་བསྐུར་བ་དེ་རྣམས་ཀྱིས་བཀུར་སྟི་ཆེན་པོས་ས་འོག་གི་གཞིར་སྤྱན་དྲངས་པར་བསམ་ལ། ཨོཾ་མ་ཧཱ་ནཱ་ག་ཨ་ངྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪ། ཞེས་པས་ཀླུ་རྣམས་རང་གནས་སུ་གཤེགས། ཛཿཧཱུྃ་བཾ་ཧོཿ ས། རྡོ་རྗེ་སེམས་དཔའ་རང་ལ་བསྟིམ། མཆོད་གཏོར་དང་མཎྜལ་གྱི་ཚོམ་བུ་རྣམས་ཆུར་གཤེགས་ཤིང་རེ་ཁཱ་ཡང་བཀྲུ། གང་དུ་རྡུལ་ཚོན་བླུགས་པའི་བུམ་པ་དེ་ཆུས་བཀང་ནས་སྔར་བཞིན་ཁྱེར་ཏེ་ཞི་བའི་ཕྱིར་དཀྱིལ་འཁོར་གྱི་ཁང་པ་ལ་སོགས་པར་བསང་གཏོར་བྱའོ། །ལྔ་པ་སྨོན་ལམ་གདབ་པ་ནི། སློབ་དཔོན་འདུས་པར་བཅས་པ་རྣམས་ཀྱི་ལག་བསྣོལ་བས་སྲིན་ལག་སྦྲེལ་ཏེ་གཡོན་པས་མར་མེ་ཐོགས། རྒྱལ་ཚབ་པས་གཏོང་ཐུན་གྱིས་དྲངས་པའི་དྲངས་སྙན་པོས། ཧཱུྃ༔ དུར་ཁྲོད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་གཉན་གྱིས་དབུ་བཟུང་ནས༔ རྒྱལ་བའི་གདུང་འཚོབ་མཆེད་དང་ལྕམ་དྲལ་རྣམས༔ ནམ་ཞིག་བྱང་ཆུབ་ལམ་དུ་ཞུགས་པའི་ཚེ༔ དམྱལ་བའི་ཟངས་ཁར་ནམ་ཡང་མི་སྐྱེ་ཞིང་། གཅན་གཟན་གདུག་པའི་སྒྲ་སྐད་མི་ཐོས་ཤིང་༔ བག་ཆགས་ངན་པའི་ནད་རོ་མི་ལྡང་བརཿ རིགས་དྲུག་འཁོར་བའི་སྡུག་བསྔལ་འབྱུང་མི་འགྱུར༔ མཚོན་རྣོན་གདུག་པའི་དཔལ་གྱིས་མི་ཕོག་ཤོག༔ དགེ་བའི་བཤེས་གཉེན་བཀའ་དྲིན་ཆེ་བ་དང་༔ དམ་ཚིག་གཅིག་པའི་རྡོ་རྗེའི་མཆེད་གྲོགས་རྣམས༔ [23b] ཐབས་དང་ཤེས་རབ་འབྲེལ་བའི་གཟུངས་མ་གསུམ༔ ཚེ་རབས་འདི་ནས་སྐྱེ་བ་ཐམས་ཅད་དུ༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་འཆི་བའི་དུས་འབྱུང་ཚེ༔ གཏི་མུག་མུན་པའི་གླིང་དུ་འཁྱམས་གྱུར་ཅིང་༔ འཁོར་བའི་གཡང་ས་ཆེན་པོར་ལྟུང་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ སེམས་ཅན་ལས་ཀྱིས་མནར་བའི་སྡུག་བསྔལ་གྱིས༔ དམྱལ་བའི་ཟངས་ཁང་ནང་དུ་ལྟུང་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ ང་རྒྱལ་ཁྲོ་གཏུམ་ཁེངས་པའི་སྡུག་བསྔལ་གྱིས༔ གཅན་གཟན་གདུག་པའི་སྒྲ་སྐད་ཐོས་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ འདོད་ཆགས་འཛིན་པ་ལས་ཀྱི་སྡུག་བསྔལ་གྱིས༔ གཅོང་རོང་ཟབ་མོའི་ནང་དུ་སྐྱེ་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་ [24a] མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ ཕྲག་དོག་ཟུག་རྔུ་ལས་ཀྱི་སྡུག་བསྔལ་གྱིས༔ མི་བཟད་མཚོན་ཆའི་དབལ་གྱིས་ཕོག་སྲིད་ན༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ ནམ་ཞིག་ས་དང་ལམ་གྱི་ཡོན་ཏན་རྫོགས༔ སྟོབས་བཅུའི་ཡོན་ཏན་ཉེ་བར་གྱུར་པའི་ཚེ༔ ཐུགས་རྗེ་གསལ་བའི་མར་མེ་དེར་སྣང་ནས༔ སྣང་བའི་གོ་འབྱེད་མདངས་དང་ལྡན་པ་འདིས༔ རིག་འཛིན་སྒྲུབ་པོ་རྣམས་ཀྱི་ལམ་སྟོན་ཤོག༔ ས་བཅུའི་ཁྱད་པར་རིམ་གྱིས་བགྲོད་པའི་ཚེ༔ ཉོན་མོངས་བག་ཆགས་མ་ལུས་བྱང་གྱུར་ནས༔ ཕ་རོལ་ཕྱིན་དྲུག་འགྲོ་དོན་དཔག་མེད་ཅིང་༔ ས་བཅུའི་རྒྱུན་མཐར་ཅིག་ཅར་རྫོགས་གྱུར་ཅིག༔ ས་བཅུའི་ཁྱད་པར་རྩེ་མོར་ཕྱིན་པའི་ཚེ། བྱང་ཆུབ་སེམས་དཔའ་རྣམས་ཀྱིས་མདུན་བསུས་ཤིག༔ བྱང་ཆུབ་སེམས་མ་རྣམས་ཀྱིས་མཐའ་སྐྱོངས་ཤིག༔ ཁྲོ་བོ་ཁྲོ་མོ་རྣམས་ཀྱིས་རྒྱབ་བརྟེན་ཅིག༔ འགྱུར་མེད་རྡོ་རྗེའི་ས་ལ་ཕྱིན་པར་ཤོག༔ ཀུན་ཏུ་འོད་ཀྱི་ས་ལ་ཕྱིན་པའི་ཚེ༔ ཡི་དམ་ལྷ་ཚོགས་རྣམས་ཀྱིས་མདུན་བསུས་ཤིག༔ བཀྲ་ཤིས་ལྷ་མོ་བརྒྱད་ཀྱིས་མཐའ་སྐྱོངས་ཤིག༔ ཡེ་ཤེས་ཁྲོ་བོ་ [24b] རྣམས་ཀྱིས་རྒྱབ་རྟེན་ཅིག༔ རྡོ་རྗེ་ལྟ་བུའི་ཏིང་ངེ་འཛིན་ཐོབ་པར་ཤོག༔ རྡོ་རྗེ་འཛིན་པའི་ས་ལ་ཕྱིན་པའི་ཚེ༔ སྔོན་ས་འབྲེལ་བའི་ལྷ་ཡིས་མདུན་བསུས་ཤིག༔ མཁའ་སྤྱོད་རིག་འཛིན་རྣམས་ཀྱིས་མཐའ་སྐྱོངས་ཤིག༔ སྒྲུབ་པའི་དཀྱིལ་འཁོར་རྣམས་ཀྱིས་རྒྱབ་རྟེན་ཅིག༔ ཡང་དག་རྡོ་རྗེའི་ལམ་མཆོག་ཐོབ་པར་ཤོག༔ འཁོར་ལོ་ཚོགས་ཆེན་ས་ལ་ཕྱིན་པའི་ཚེ༔ འདས་པའི་སངས་རྒྱས་རྣམས་ཀྱིས་མདུན་བསུས་ཤིག༔ ད་ལྟ་བཞུགས་པ་རྣམས་ཀྱིས་མཐའ་སྐྱོངས་ཤིག༔ སླད་ནས་འབྱོན་པ་རྣམས་ཀྱིས་རྒྱབ་སྐྱོར་ཅིག༔ ཡང་དག་རྡོ་རྗེའི་ས་ལ་ཕྱིན་པར་ཤོག༔ ཡེ་ཤེས་བླ་མའི་ས་ལ་ཕྱིན་པའི་ཚེ༔ ཀརྨ་ཧེ་རུ་ཁ་ཡིས་མདུན་བསུས་ཤིག༔ རང་བྱུང་ཁྲོ་རྒྱལ་རྣམས་ཀྱིས་མཐའ་སྐྱོངས་ཤིག༔ དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱིས་རྒྱབ་བརྟེན་ཅིག༔ སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཐོབ་པར་ཤོག༔ རང་སྣང་དག་པའི་དཀྱིལ་འཁོར་དེར་གྲུབ་ཚེ༔ ཉིད་ལས་མི་གཞན་དག་པའི་འཁོར་རྣམས་ལ༔ མི་དམིགས་དགོངས་རྒྱུད་དག་པའི་དཀྱིལ་འཁོར་གྱིས་༔ ཏིང་འཛིན་ཆོས་ཀྱི་འཁོར་ལོ་བསྐོར་བར་ཤོག༔ སྤྲོས་མེད་དག་པའི་དཀྱིལ་འཁོར་དེ་ཉིད་ནས༔ གཟུགས་སྐུ་གཉིས་ཀྱི་འགྲོ་བའི་དཔལ་ཤར་ཚེ༔ གང་འདུལ་འགྲོ་བའི་དོན་རྣམས་ཡོངས་རྫོགས་ཏེ༔ [25a] ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་ཤོག༔ ཅེས་འདུས་པ་ཀུན་གྱིས་རྗེས་ཟློས་དང་བཅས་སྨོན་ལམ་ནན་ཏན་དུ་གདབ་ཅིང་དགེ་བའི་རྩ་བ་བླ་ན་མེད་པའི་བྱང་ཆུབ་ཏུ་བསྔོའོ། །དྲུག་པ་ཤིས་པ་བརྗོད་པ་ནི། ལས་བྱང་ནས་འབྱུང་བས་མཚོན་ཤིས་པ་བརྗོད་པའི་ཚིག་ཕྲེང་རྒྱ་ཆེར་སྤེལ་ཞིང་བཀྲ་ཤིས་ཀྱི་མེ་ཏོག་ཆར་དུ་བསྙིལ་བར་བྱའོ། །བདུན་པ་དགའ་སྟོན་དང་གནས་སྲུང་བ་ན། སླར་ཡང་ཞག་ལྔའམ་གསུམ་ལ་སོགས་པར་བཟའ་བཅའ་མྱང་བ་ལྡག་པ་དང་ཆང་ལ་སོགས་པའི་ལོངས་སྤྱོད་ཆེན་པོ་དང་ལྡན་པས་སྐྱེ་བོ་དམ་པའི་འདུས་པ་དང་དགའ་སྟོན་རྒྱ་ཆེན་པོར་བྱ་ཞིང་། བཀྲ་ཤིས་ཀྱི་ཆོ་གས་ཕྱོགས་ཐམས་ཅད་དུ་བདེ་ལེགས་ཀྱི་སྣང་བ་ཆེན་པོས་ཡོངས་སུ་ཁྱབ་པར་བྱའོ། །ཞར་བྱུང་འཕྲོས་དོན་དུ་མོས་སློབ་ཀྱི་སྒྲུབ་ཆེན་འདྲ་འབག་ཙམ་ཡང་མི་ལྕོགས་པས་སྒྲུབ་མཆོད་སྤྱི་འགྲེ་ལྟར་བྱེད་པར་འདོད་ན། ནུབ་དང་པོ་ས་ཆོག་གིས་བཟུང་ཡན་ཆད་སྔར་བཞིན་ལས། ས་བསྲུང་གི་ཚེ་ནང་མཚམས་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་ཕུར་གདབ་རྣམས་བྱས་ལ་ཆག་ཆག་གདབ་ཅིང་ཐིག་དང་ཚོན་གྱི་དཀྱིལ་འཁོར་བྲི། ནུབ་གཉིས་པ་ལ་ཕུར་བ་བྱིན་གྱིས་བརླབས་ནས་ཕུར་ཁྲོམ་སྒྲུབ་རྫས་མཆོད་གཏོར་དཀྱིལ་འཁོར་གྱི་རྒྱན་སོགས་སྡེབས་འགོད་བྱས་ཏེ་སྔགས་རྒྱས་སྤེལ་བའི་བར་ཙམ་བྱའོ། །དེ་ནས་སྒྲུབ་མཆོད་དངོས་གཞི་ཞག་གྲངས་ཇི་ཙམ་བྱེད་ཀྱི་བར་ཉིན་རེ་བཞིན་ལས་བྱང་གི་གཞུང་སྲོང་ལུགས་འདྲ་བ་ལས། ཐུན་བཞིའི་ངེས་པ་མི་དགོས་ཤིང་། འགྲུབ་ན་བདག་འཇུག་རེ་ལན། ནུབ་ཐ་མར་དངོས་གྲུབ་ལེན་པ་དང་། ལྕོགས་ན་སྦྱིན་སྲེག་བྱ། དཀྱིལ་འཁོར་བསྡུ་བ་དང་། ཕུར་བུ་ཕྱུང་ལ་རྡུལ་ཚོན་དབྱི་ཞིང་ཆུ་བོར་དོར་བ་རྣམས་ལྷག་པོར་བསྒྲུབ་པ་སྟེ། འདོར་ལེན་ [25b] གྱི་དམིགས་ཕྱེད་པར་བྱ་བ་ཡིན་ནོ། །སྤྱིའི་དོན་གསུམ་པ་དེ་ལྟར་བསྒྲུབ་པའི་འབྲས་བུ་ནི། སྤྱི་ཆོས་ཕུང་བརྒྱད་ཁྲིའི་ཡང་སྙིང་གསང་སྔགས་རྡོ་རྗེ་ཐེག་པའི་ལྷའི་མཚན་ཐོས་པ་ཙམ་གྱི་ཕན་ཡོན་དང་བསོད་ནམས་བསམ་གྱིས་མི་ཁྱབ་ན་དཀྱིལ་འཁོར་དུ་ཞུགས་ཤིང་བསྙེན་སྒྲུབ་ཚུལ་བཞིན་ཉམས་སུ་ལེན་པ་ལྟ་ཅི་སྨོས་ཏེ། གུ་རུའི་གསུང་ལས། སྒྲུབ་ཆེན་འདི་ཡི་མཚན་ཙམ་སུས་འཛིན་པ༔ ཨོ་རྒྱན་ང་དང་སྙིང་ཁྲག་གཅིག་ཏུ་འདྲེས༔ ཡིད་གཉིས་ཐེ་ཚོམ་མེའགྲུབ་པར་མ་གྱུར་ན༔ ཨོ་རྒྱན་ང་ཡིས་ཕྱི་རབས་འགྲོ་བ་བསླུས༔ ཞེས་དང་། ཁྱད་པར་ཕུར་པ་མཁན་པོ། བཀྲ་ཤིས། དཔལ་ཆེ། ཚེ་རིང་། ནོར་ཕྱུག །འཁོར་རྒྱས། སྲིད་འཕེལ། མཐུ་ཆེ། མཐའ་བཙན་པ་སྟེ་ཡོན་ཏན་བརྒྱད་དང་ལྡན་པར་གསུངས་པ་སོགས་ཕུར་པ་རོལ་པའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་བརྩོན་པའི་ཕན་ཡོན་བསམ་གྱིས་མི་ཁྱབ་ཅིང་། སྒྲུབ་ཆེན་འདི་ལྟ་བུ་ནི་འཁོར་ཚོམ་བུ་དང་བཅས་པ་བཙན་ཐབས་སུ་འཚང་རྒྱ་བའི་ཐབས་མཁས་རྨད་དུ་བྱུང་བའི་གསེང་ལམ་ཡིན་པས་མཐོང་ཐོས་དྲན་རེག་ཙམ་གྱིས་འབྲེལ་བ་ཐམས་ཅད་ཀྱང་སྐལ་བ་དང་འཚམས་པར་རིག་འཛིན་རྣམ་པ་བཞིའི་ས་ལ་དབུགས་ཆེན་འབྱིན་པར་འགྱུར་ལ། རྩེ་གཅིག་ཏུ་མོས་ཤིང་བརྩོན་པ་རྣམས་ནས་སྐབས་གང་ལ་བརྩམས་པའི་ཕྲིན་ལས་རབ་འབྱམས་བདེ་བླག་ཏུ་འགྲུབ་པ་དང་། མཆོག་གི་དངོས་གྲུབ་ཡི་དམ་ལྷ་དང་སྐལ་བ་མཉམ་ཞིང་བོར་དོར་ལྷར་སྣང་གི་ཕྱག་རྒྱ་འགྲུབ་སྟེ་ལོངས་སྤྱོད་རྫོགས་པའི་སྐུ་དཔལ་ཆེན་པོ་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་སྦྱོར་བར་འགྱུར་བ་ནི་ནམ་ཡང་མི་བསླུ་བའི་ཚད་མ་ཉིད་དུ་ངེས་པའོ། ། ཧེ་རུ་ཀ་དཔལ་མཆོག་གི་རྒྱལ་ཐབས་ཆེར། །བདེ་བར་དཀྲི་བའི་མྱུར་ལམ་སྙིང་པོའི་ཕུལ། །སྒྲུབ་ཆེན་ཆོ་གའི་ཁྲིགས་རིམ་འཇུག་བདེའི་སྐྱེས། ། [26a] གྲུབ་གཉིས་འདོད་འཇོའི་དགའ་སྟོན་བླ་ན་མེད། །འདི་ལས་རིག་འཛིན་ཚོམ་བུ་འབྲེལ་བར་བཅས། །དཀའ་བ་མེད་པར་མཆོག་ཐུན་དངོས་གྲུབ་ལ། །ཅི་དགར་ལོངས་སུ་སྤྱོད་པའི་སྐལ་བཟང་གིས། །ས་གསུམ་བཀྲ་ཤིས་སྣང་བས་ཁྱབ་བྱེད་ཤོག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་སྟོད་ལས་སྒྲུབ་ཆེན་གྱི་ཁོག་དབུབ་གྲུབ་གཉིས་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་འདི་ནི། རང་གཞན་མང་པོ་ལ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས། མཁས་ཤིང་གྲུབ་པ་བརྙེས་པའི་རྡོ་རྗེ་སློབ་དཔོན་རྣམས་ཀྱིས་ཇི་ལྟར་བཀྲལ་བའི་རྗེས་སུ་འབྲང་སྟེ། རྡོ་རྗེ་གཞོན་ནུའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་ཉེར་དགུར་སོན་པ་ཆུ་ཕོ་སྤྲེའུའི་ལོ་རྒྱལ་གྱི་ཟླ་བའི་ཐབས་ཀྱི་ཆའི་རྒྱལ་བ་དང་པོ་ལ་ཨེ་ཝཾ་བདེ་ཆེན་ཆོས་འཁོར་གླིང་གི་བསྟི་གནས་སུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་འགྲོ་བ་ཐམས་ཅད་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་ཏེ་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །། སརྦ་དཱ་མངྒ་ལཾ།།