དཔལ་རྡོ་རྗེ་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྩ་བའི་དབང་བསྐུར་གྱི་ཆོ་ག་སྨིན་གྲོལ་འདོད་འཇོའི་དགའ་སྟོན།

From Dudjom Wiki
DJYD-KABUM-10-THA-027
Wylie title dpal rdo rje phur bu bdud 'joms gnam lcags spu gri'i rtsa ba'i dbang bskur gyi cho ga smin grol 'dod 'jo'i dga' ston DJYD-KABUM-10-THA-027.pdf
Location bdud 'joms rin po che bka' 'bum
Volume 10, Text 27, Pages 547-635 (Folios 1a1 to 45a6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dpal rdo rje phur bu bdud 'joms gnam lcags spu gri'i rtsa ba'i dbang bskur gyi cho ga smin grol 'dod 'jo'i dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 10: 547-635. Kalimpong: Dupjung Lama, 1979-1985.
Side notes Recto: rtsa dbang   Verso: gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Empowerment Ritual - dbang chog - dbang skur
Cycle དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲི་ (dpal rdo rje phur bu bdud 'joms gnam lcags spu gri)
Parent Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Deity rdo rje phur pa
Colophon

དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྩ་བའི་དབང་བསྐུར་གྱི་ཆོ་ག་སྨིན་གྲོལ་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་འདི་ནི། རང་གཞན་མང་པོ་ལ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས་དབང་ཆོག་རྩ་བའི་གཞུང་ལ་ཁ་སྐོང་དུ་འོས་པ་རྣམས་གཏེར་ལ་རིགས་མཐུན་ཁས་བླངས་ཤིང་ཕྱག་ལེན་འཇུག་པ་བདེ་བའི་མཚམས་སྦྱོར་གསལ་བྱེད་ཀྱིས་རྣམ་པར་བརྒྱན་ཏེ། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་གཅིག་ཏུ་སོན་པ་ཤིང་ཕོ་ཁྱིའི་ལོ་ས་ག་ཉ་བའི་ཡར་ངོའི་དགའ་བ་གསུམ་པ་ལ་མཁན་ལྗོངས་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་གྲུབ་པར་བགྱིས་པ། འདིས་ཀྱང་ཟབ་མོའི་ལམ་གྱི་རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག ། སརྦ་མངྒ་ལཾ།།

de ltar dpal rdo rje phur bu bdud 'joms gnam lcags spu gri'i rtsa ba'i dbang bskur gyi cho ga smin grol 'dod 'jo'i dga' ston ces bya ba 'di ni/___rang gzhan mang po la sman pa'i bsam pa nye bar bskyed nas dbang chog rtsa ba'i gzhung la kha skong du 'os pa rnams gter la rigs mthun khas blangs shing phyag len 'jug pa bde ba'i mtshams sbyor gsal byed kyis rnam par brgyan te/___rig pa 'dzin pa'i myu gu 'jigs bral ye shes rdo rjes rang lo sum cu rtsa gcig tu son pa shing pho khyi'i lo sa ga nya ba'i yar ngo'i dga' ba gsum pa la mkhan ljongs phun tshogs dga' tshal gyi bsti gnas su grub par bgyis pa/___'dis kyang zab mo'i lam gyi ring lugs phyogs dus kun tu dar zhing rgyas la yun ring du gnas pa'i rgyur gyur cig_/___sarba mang+ga laM//

[edit]
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྩ་བའི་དབང་བསྐུར་གྱི་ཆོ་ག་སྨིན་གྲོལ་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །


༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྩ་བའི་དབང་བསྐུར་གྱི་ཆོ་ག་སྨིན་གྲོལ་འདོད་འཇོའི་དགའ་སྟོན་ཅེས་བྱ་བ། བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་བྱིན་རླབས་ཀྱི་གཏེརམཛོད་ལ་ཕྱག་འཚལ་ལོ། །མི་གནས་ཡེ་ཤེས་རྡོ་རྗེ་སྙིང་པོ་མཆོག་ཏུ་ཞི་བའི་དབྱིངས་རུམ་ལས། །རྣམ་འགྱུར་མི་འགག་ཁྲོ་བོའི་ཟློས་གར་གང་འདུལ་མཁའ་ཁྱབ་སྤྲིན་བཀོད་དེ། །རྒྱལ་ཐབས་སྤྱི་བླུགས་བདུད་རྩིའི་གྲུ་ཆར་སྲིད་གསུམ་སྲོག་ཏུ་འབེབས་མཛད་པ། །བླ་མ་ཧེ་རུ་ཀ་དཔལ་དཔའ་བོས་སྨིན་གྲོལ་གནས་ལ་དབུགས་འབྱིན་མཛོད། །བདུད་འདུལ་ཕྲིན་ལས་རོལ་པའི་དཀྱིལ་འཁོར་དུ། །སྐལ་བཟང་སྣོད་ལྡན་རྗེས་སུ་འཛིན་པའི་ཚུལ། །དབང་བསྐུར་ [2a] ཆོ་གའི་ངག་ཁྲིགས་བདུད་རྩིའི་སྐྱེས། །སྨིན་གྲོལ་འདོད་པ་འཇོ་བའི་དགའ་སྟོན་སྤྲོ། །དེའང་རྡོ་རྗེ་ཕུར་བུ་གསང་བ་མ་ཆོག་གི་དཀྱིལ་འཁོར་ཆེན་པོར་སྐལ་ལྡན་ཀྱི་སློབ་མ་གཞུག་ཅིང་སྨིན་པར་བྱེད་པའི་ཚུལ་ལ་གསུམ་སྟེ། སྔོན་འགྲོའི་རིམ་པས་དབང་གི་གཞི་བཟུང་བ། དངོས་གཞིའི་ལས་ཀྱིས་དབང་བསྐུར་གཞུང་བསྲང་བ། རྗེས་ཀྱི་ བྱ་བས་དབང་ཐོབ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ལ་གཉིས། སའི་ཆོ་ག་དང་། ལྷག་པར་གནས་པའོ། །དང་པོ་ནི། སྒྲུབ་གནས་གསར་པ་ཡིན་ན་སའི་ཆོ་ག་སྒྲུབ་ཁོག་བཞིན་རྒྱས་པར་བྱ་བ་ཡིན་ཅིང་། སྒྲུབ་གནས་རྙིང་པའི་ཕྱོགས་སུའང་བདག་གི་རྣལ་འབྱོར་དང་ལྡན་པས་ཞིང་སྐྱོང་གཞི་བདག་རྣམས་ལ་གཏོར་མ་བསྔོས་ཏེ་གནང་བ་ཞུ་བ་ཙམ་ས་ཁུང་དུ་མཛད་པ་དག་སྐབས་སུ་ཇི་ལྟར་བབ་པ་བཞིན་བྱའོ། །གཉིས་པ་ལྷག་པར་གནས་པར་གནས་པ་ལ་གསུམ། ལྷ། བུམ་པ། སློབ་མ་སྟ་གོན་ནོ། །དང་པོ་ནི། སྟེགས་བུའི་དབུས་སུ་ [2b] མཎྜལ་དྲི་བཟང་གིས་བྱུགས་པ་ལ་མེ་ཏོག་གི་ཚོམ་བུ་ལྷ་གྲངས་དང་མཉམ་པ་གཙོ་འཁོར་ཕྱེད་པར་འགོད། མཐའ་སྐོར་དུ་ཉེར་སྤྱོད་དང་ས་གསུམན་རཀ་གཏོར་མ་བཤམ། ལས་བྱང་གི་བཀའ་བསྒོ་ནས་བཟུང་བསྟོད་པའི་བར་དུ་བཏང་ལ་བཟླས་པ་ཅི་འགྲུབ་མཐར་མཆོད་ཅིང་བསྟོད་དོ། །གཉིས་པ་བུམ་པ་སྟ་གོན་ནི། རིན་པོ་ཆེའི་བུམ་པ་གཉིས་གུ་གུལ་གྱིས་བདཝག་ཅིང་དྲག་སྔགས་དང་བཅས་ཡུངས་དཀར་གྱིས་བྲབ་ལ་བགེགས་བསྐྲད། བཀྲ་ཤིས་པའི་ཕྱིར་སྤོས་ཀྱིས་བདུག་ལ་རྒྱུན་འབབས་ཀྱི་ན་གཙང་དྲི་བཟང་སོ་ལྔའི་བཅུད་ཀྱིས་སུམ་གཉིས་བཀང་པར་མགུལ་ཆིངས་ཁ་རྒྱན་གཟུངས་རྡོར་གྱིས་སྤྲས་པ་རྣམ་བུམ་དཀྱིལ་འཁོར་གྱི་དབུས་དང་། ལས་བུམ་བྱང་དུ་འགོད། དྲིའི་དུང་ཞལ་ཀྱང་འདུ་བྱས་ལ། བུམ་པ་ཨ་མྲ་ཏས་བསང་། སྭ་བྷ་ཝས་སྦྱང་། སྟོང་པའི་ངང་ལས་རིན་པོ་ཆེ་ལས་གྲུབ་པའི་རྣམ་རྒྱལ་བུམ་པ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་པད་ཉི་དྲེགས་པ་རཱ་དྲའི་གདན་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་རང་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་སོ་སོར་མ་འདྲེས་མེ་ལོང་ནང་གི་གཟུགས་བརྙན་ལྟར་རྣམ་པར་བཀྲ་བ་སྐད་ཅིག་གིས་གསལ་བར་གྱུར། ཐམས་ཅད་ཀྱི་སྤྱི་བོར་ཨོ། མགྲིན་པར་ཨཱཿ ཐུགས་ཀར་ཧཱ། དེ་ལས་འོད་ཟེར་འཕྲོས་པས་ཡེ་ཤེས་ཀྱི་འཁོར་ལོ་མདུན་གྱི་ནམ་མཁར་སྤྱན་དྲངས་པར་བསམ་ཞིང་། ཧཱ། དམིགས་མེད་མཁའ་ལྟར་ཁྱབ་ཅིང་དག་པའི་སྐུ། །སྤྱན་འདྲེན་གཤེགས་སུ་གསོལ་བར་མི་དམིགས་ཀྱང་། །ཐུགས་རྗེའི་དང་ཉིད་ཆོས་སྐུར་དག་པ་ལས། །ཡེ་ཤེས་སྒྱུ་མར་ [3a] རོལ་ཅིང་གཤེགས་སུ་གསོལ། །ཨོཾ་བཛྲ་ཀི་ལི་ཀི་ལ་ཡས་རྦས་པ་རི་ཝཱ་ར་བཛས་མཱ་ཛ༔ ཛཿཧཱུྃ་བཾ་ཧོཿ ས་དམ་ཡེ་དབྱེར་མེད་དུ་བསྟིམ། ཧཱུྃ༔ འབར་བའི་དཀྱིལ་འཁོར་རྡོ་རྗེ་ཕུར་པའི་ལྷ༔ ཞེས་སོགས་ཀྱིས་མཆོད་ཅིང་། ཧཱུྃ༔ སྲིད་གསུམ་གདུག་པ་མ་ལུས་བསྒྲལ་བ་དང་༔ ཞེས་སོགས་ཤོལ་ཀས་བསྟོད། གཟུངས་ཐག་བླངས་ཏེ། བདག་གི་ཐུགས་ལས་སྔགས་ཀྱི་འོད་ཟེར་ནི། །བར་མ་ཆད་པར་གཟུངས་ཐག་བརྒྱུད་དེ་སོང་། །བུམ་ལྷའི་ཐུགས་ཀར་ཕོག་པས་ཐུགས་རྒྱུད་བསྐུལ། །སྔགས་ཕྲེང་སྦྱོར་མཚམས་སྐུ་ཡི་ཆ་རྣམས་ལས། །བྱང་སེམས་ངོ་བོ་ཡེ་ཤེས་བདུད་རྩིའི་རྒྱུན། །བབས་པས་བུམ་ཆུར་གཉིས་མེད་རོ་གཅིག་གྱུར། །ཅེས་མོས་ལ་ཀི་ལ་ཡ་གང་འགྲུབ་བཟླས་མཐར། དུང་ཆོས་ཀྱི་མཆོད་ཡོན་ཨོཾ་ཨཱཿཧཱུྃ་གིས་ཕུལ་བས། བུམ་པའི་ལྷ་རྣམས་ཆགས་པ་ཆེན་པོས་བྱང་ཆུབ་སེམས་སུ་ཞུ་བ་བུམ་པའི་ཆུ་དང་གཉིས་མེད་དུ་གྱུར་པར་བསམ། ལས་བུམ་ནང་དུ་པདྨ་ཉ་ཧ་མའི་སྟེང་། །བདུད་རྩི་ལྗང་ནག་ཞལ་གསུམ་ཕྱག་དྲུག་པ། །གཡས་ཞལ་སེར་ནག་གཡོན་ཞལ་དུད་ཁ་འབར། །དང་པོའི་ཕྱག་གཉིགས་རྡོ་རྗེས་དུང་ཁྲག་དཀྲུགས། བར་པའི་ཕྱག་ན་རྒྱ་གྲམ་དབྱུག་ཏོ་བསྣམས། །ཐ་མ་གཉིས་ཀྱིས་གནམ་ལྕགས་ཕུར་བུ་འདྲིལ། །ཞབས་བཞི་འདོར་སྟབས་གནོད་སྦྱིན་ཕོ་མོ་གནོན། །ཡུམ་མཆོག་རླུང་འབྱིན་ལྗང་མོས་གཡོན་ནས་ [3b] འཁྲིལ། །ཕྱག་གཡས་དྲིལ་འཛིན་གཡོན་པས་ཐོད་ཁྲག་སྟོབ། །དུར་ཁྲོད་ཆས་ལྡན་མེ་དཔུང་ཀློང་དུ་གསལ། །ཞེས་གསལ་བཏབ་ལ། 梵ཀྡཾ༔ ཅེས་བརྒྱའམ་ཉེར་གཅིག་ཙམ་བཟླས་མཐར། ཁྲོ་བོ་བདུད་རྩི་འཁྱིལ་བའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་མོ། །གསུམ་པ་སློབ་མ་སྟ་གོན་ལ་བཅུ་ལས། དང་པོ་ཀུན་སློང་བཅོས་པ་ནི། དཀྱིལ་འཁོར་ལ་ཡོལ་བ་བཏང་། མཆོད་པའི་མཎཌ་ལ་དང་ཉེར་སྤྱོད། སྲུང་སྐུད་ཁ་དོག་སྔ་བསྒྲིལ། སོ་ཤིང་དང་འགྲིམ་དཀྱིལ། དྲིའི་ཁྱོར་ཆུ། ཀུ་ཤའི་ཕོན་པོ་བཅས་ཉེ་ལོགས་སུ་བསྡོག ། ཟུང་དུ་མ་གྱུར་པའི་སློབ་མ་རྣམས་སྒོ་དྲུང་དུ་འཁོད་པ་ལ། ཇི་ལྟར་བལྟམས་པ་སོགས་བརྗོད་ཅིང་ལས་བུམ་གྱི་ཆུས་ཁྲུས་བྱ། །ཕྱག་བཅས་གྲལ་དུ་འཁོད་པ་དར་མེ་ཏོག་བཀྲམ་བསྡུ་བྱས་ལ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་འདི་ལས་བསྒྲལ་ནས་ཐར་པ་བླ་ན་མེད་པའི་བྱང་ཆུབ་ཀྱི་གོ་འཕང་རིན་པོ་ཆེར་འགོད་པར་བྱ། དེའི་ཆེད་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་འཇུག་པའི་སྔོན་འགྲོ་སྟ་གོན་གྱི་ཆོས་ཟབ་མོ་ཞུ་བར་བགྱིའོ་སྙམ་པའི་མོས་བསམ་རྣམ་པར་དག་པ་དང་ལྡན་པས་གསན་འཚལ། དེ་ལ་རང་གཞན་ཐམས་ཅད་ཀྱིས་རྙེད་པར་དཀའ་ཞིང་རྙེད་པ་དོན་ཆེན་པོ་དང་ལྡན་པའི་དལ་འབྱོར་གྱི་མི་ལུས་རིན་པོ་ཆེ་ཆོས་བཅོ་བརྒྱད་དང་ལྡན་པ་འདི་ཉིད་ད་རེས་རྒྱ་མཚོའི་གླིང་གི་ [4a] ཡིད་བཞིན་གྱི་ནོར་བུ་ལྟར་ལན་ཅིག་ཐོབ་པའི་དུས་འདིར་ཤེས་ལྡན་གྱི་གང་ཟག་རྣམས་མྱུར་དུ་སྙིང་པོ་ལེན་པའི་ཐབས་ལ་འབད་པར་རིགས་པ་ཡིན་ཏེ། སློབ་དཔོན་ཆེན་པོས་རྒྱལ་སྲས་ལྷ་རྗེར་གདམས་པའི་བསླབ་བྱ་ཐ་ཚིག་གསེར་ཕྲེང་ལས། སྤྱིར་ན་བདེ་འགྲོར་སྐྱེ་བ་ཆེས་ཉུང་ལ༔ དེ་བས་མི་ལུས་རིན་ཆེན་མཆོག་ཏུ་དཀོན༔ མི་ལུས་ཐོབ་ཀྱང་ཆོས་ཐོབ་སྲིད་པ་ཙམ༔ དལ་འབྱོར་སྟོང་ལོ་ག་མ་གཏོང་གསུང་གི་སྲས༔ ཞེས་གསུངས་པ་ལྟར་རྒྱུ་དང་ངོ་བོ་གྲངས་དང་དཔེ་སོགས་རྒྱུ་མཚན་དང་གཏན་ཚིག་དུ་མའི་སྒོ་ནས་རྙེད་པར་དཀའ་ཞིང་། རྙེད་པ་དེའང་། བརྒྱ་ལ་སྲིད་པའི་དལ་འབྱོར་ཐོབ་ན་ཡང་༔ ནམ་འཆི་ཆ་མེད་གློག་གི་རོལ་རྩེད་བཞིན༔ ངེས་མེད་ཞག་དང་ཟ་མས་ཚེ་འཛད་ན༔ ཆོས་ལ་ཕྱི་བཤོལ་མི་ཉན་གསུང་གི་སྲས༔ ཞེས་གསུངས་པ་ལྟར་འདུས་བྱས་ཐམས་ཅད་གཡོ་ཞིང་འཇིག་པའི་ཆོས་ཁོ་ན་ཉིད་ཡིན་པའི་ཕྱིར་ཡུན་དུ་གནས་པའི་མཐུ་སྐད་ཅིག་ཀྱང་མེད་པས་འཆི་བར་ངེས་ལ། ཤི་བའི་འོག་ཏུ་ཡང་རང་ལས་གཅེས་ཤིང་སྙིང་དུ ་སྡུག་པའི་མཛའ་བཤེས་གཉེན་འཁོར་གནས་གྲོགས་ལོངས་སྤྱོད་སུ་དང་ཡང་འགའུ་ལེ་མཚུངས་པཨགས་པའི་དབང་མེ་དཔར་རང་ཉིད་གཅིག་པུ་མར་གསེབ་ནས་སྤུ་ཉག་བཏོན་པ་ལྟར་འགྲོ་ཞིང་། དགེ་སྡིག་དཀར་ནག་གི་ལས་ [4b] ཁོ་ན་ཆུད་མི་ཟ་བར་ལྷན་ཅིག་ཏུ་འགྲོགས་པའི་རྣམ་པར་སྨིན་པ་བདེ་སྡུག་རྒྱུ་འབྲས་ཀྱི་དང་ཚུལ་མི་བསླུ་བར་ཉམས་སུ་མྱོང་སྟེ་སྲིད་རྩེ་ནས་མནར་མེད་ཀྱི་བར་འགལ་མེའི་འཕྲུལ་འཁོར་ལྟར་འཁོར་བར་འགྱུར་ལ། དེ་ཉིད་སྡུག་བསྔལ་གསུམ་གྱི་རང་བཞིན་ཉམ་ཐག་འཐོན་པར་དཀའ་བ་སོགས་ཉེས་དམིགས་དང་སྐྱོན་གྱི་འབྱུང་གནས་ཡིན་པས་ན་ཐར་པ་དམ་པའི་གོ་འཕང་ཁོ་ན་དོན་དུ་གཉེར་དགོས་པ་ཡིན། དེ་ལའང་གང་ཟག་དམན་པ་ཁ་ཅིག་ཚེ་འདིའི་ནད་གདོན་ཞི་ཞིང་ཚེ་དཔལ་སྙན་གྲགས་སྟོབས་འབྱོར་ཙམ་ཞིག་རེ་བའི་བློས་འཇུག་པ་དང་། འགའ་ཞིག་ངན་སོང་གསུམ་གྱི་སྡུག་བསྔལ་ལ་ཞེ་འཚེར་བས་དེ་ལས་ལྷ་མིའི་རྟེན་བཟང་ཐོབ་པའི་འདོད་པས་དོན་དུ་གཉེར་བ་ཡོད་མོ་ཀྱི། དེ་གཉིས་ཀ་ཡང་དག་པའི་བློ་ཅན་མ་ཡིན་པའི་ཚུལ། འཁོར་བ་སྤེལ་བའི་མངའ་ཐང་མཐོ་གྱུར་ཀྱང་༔ རང་གཞན་གཉིས་ཕུང་གཏན་གྱི་སྡུག་ལ་སྦྱོར༔ དུག་འདྲེས་འབྲས་ཆན་ལོངས་སུ་སྤྱོད་དང་མཚུངས༔ སྲིད་འབྱོར་ཞེན་པ་སྤོངས་ཤིག་གསུང་གི་སྲས༔ ཞེས་གསུངས་པ་ལྟར་ཡིན་ལ། འོ་ན་ཇི་ལྟ་བུ་ཞིག་བྱ་སྙམ་ན། ཁམས་གསུམ་གྱི་འཁོར་བ་ནི་མཐོ་དམན་གང་དུ་སྐྱེས་ཀྱང་རྣམ་མང་སྡུག་བསྔལ་ཁོ་ནའི་རང་བཞིན་དུ་ཤེས་པས་གནས་སྐབས་ལྟར་སྣང་གི་བདེ་བ་སྒྲུབ་པའི་རྒྱུ་འབྲས་ཀྱི་ཆོས་དང་། སྲིད་པའི་བདེ་འབྱོར་གང་ལའང་མ་ཆགས་པས་སྙིང་པོ་ [5a] མེད་པ་སྦུན་པ་ལྟར་ངེས་པ་ཞིག་དང་། དེར་མ་ཟད། ཆོས་ཀྱི་རྩ་བ་བྱང་ཆུབ་སེམས་གསུམ་ཡིན༔ དེ་ཉིད་སྐྱེད་ཐབས་བྱམས་དང་སྙིང་རྗེ་སྟེ༔ འཇིག་རྟེན་འདི་ན་སྡུག་པ་ཕ་མ་ཡིན༔ ཀུན་ལ་ཕ་མར་ཤེས་མཛོད་གསུང་གི་སྲས༔ སེམས་ཅན་ཡོངས་ཀྱིས་བདག་གི་ཕ་མ་བྱས༔ ལན་རེ་མ་ཡིན་ཀུན་ཏུ་བྱམས་པས་བསྐྱངས༔ དྲིན་ཅན་མར་གྱུར་འགྲོ་འདི་སྡུག་བསྔལ་ན༔ འགྲོ་དོན་ཐུགས་རྗེ་ཆེར་སྐྱེད་གསུང་གི་སྲས༔ ཞེས་གསུངས་པ་བཞིན་ཐེག་པ་འོག་མ་ལྟར་རང་ཉིད་གཅིག་པུ་ཐར་འདོད་ཀྱི་བློས་རང་དོན་ཞི་བདེ་ཕྱོགས་གཅིག་ཏུ་ཞེན་པ་མ་ཡིན་པར་སེམས་ཅན་ཐམས་ཅད་ཕ་མར་ཤེས་པའི་སྙིང་རྗེ་ཚད་མེད་པས་ཀུན་ནས་བསླངས་ཏེ་དེ་དག་ཐམས་ཅད་བྱང་ཆུབ་སྙིང་པོར་སྦྱོར་འདོད་ཀྱི་བསམ་པ་ཐུན་མོང་མ་ཡིན་པས་གསང་སྔགས་ཟབ་མོའི་ཆོས་དོན་དུ་གཉེར་བར་བྱ་དགོས་ལ། དེ་ལྟར་བགྱིས་ན་གནས་སྐབས་ཀྱི་བདེ་འབྱོར་མི་འདོད་ཀྱང་ཞར་ལ་འབྱུང་བ་ནི། ཇི་སྐད་དུ། དཔེར་ན་སྐྱེས་བུ་ལ་ལས་འབྲས་བུའི་ཕྱིར། །སཱ་ལུ་བཀྱེད་ཀྱི་སོག་མའི་ཕྱིར་མིན་ཡང་། །སཱ་ལུ་རྙེད་ནས་གྲིམ་པ་མེད་པར་ནི། །སོག་མའི་ཕུང་པོ་ཞར་ལ་འབྱུང་བ་ཡིན། །དེ་བཞིན་བྱང་ཆུབ་འབྲས་བུ་འདོད་པའི་ཕྱིར། །བསོད་ནམས་སྒྲུབ་ཀྱི་ལོངས་སྤྱོད་ཕྱིར་མིན་ཡང་། །སོག་མའི་ཕུང་པོ་དག་དང་མཚུངས་པར་ཡང་། །མ་སྒྲིམས་བཞིན་དུ་མི་ཡི་ལོངས་ [5b] སྤྱོད་འགྲུབ། །ཅེས་འཇིག་རྟེན་ན་སོ་ནམ་དོན་དུ་གཉེར་བ་དག་འབྲས་བུའི་ཞོར་ལ་སོག་ཕུབ་འབྱུང་བ་ཆོས་ཉིད་ཡིན་པ་ལྟར་བྱང་ཆུབ་དོན་དུ་གཉེར་ན་གནས་སྐབས་ཀྱི་ཕུན་ཚོགས་ཤུགས་ལ་འགྲུབ་ཚུལ་དཔེ་དང་བཅས་ཏེ་གསུངས་པ་ལྟར་ལགས་ན། དེ་བས་ཐར་པ་བླན་མེད་པའི་བྱང་ཆུབ་ཀྱི་འབྲས་བུ་དོན་དུ་གཉེར་བ་ཡང་དག་པའི་བསམ་པ་ཆེན་པོ་དང་ལྡན་པའི་སྒོ་ནས་སྔོན་འགྲོ་སྟ་གོན་གྱི་ཆོས་ཟབ་མོ་རྣམས་རིམ་པར་ཞུ་བའི་ཡོན་དུ་མཎྜལ་འབུལ་བར་ཞུ། ཞེས་མཎྜལ་འབུལ་དུ་གཞུག ། གཉིས་པ་གསོལ་བ་འདེབས་ཤིང་གནང་བ་སྦྱིན་པ་ནི། དེ་ནས་ཕྱག་སྙིམས་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་བླ་མ་དཀྱིལ་འཁོར་གྱི་གཙོ་བོ་གཉིས་སུ་མེད་པར་འདུ་ཤེས་པས་མཆོག་ཏུ་གུས་པ་ཆེན་པོ་ཉེ་བར་བཞག་སྟེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ༔ དུས་གསུམ་སངས་རྒྱས་འདུས་པའི་དཔལ༔ བླ་མ་རྡོ་རྗེ་འཛིན་ཁྱོད་ཀྱིས༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་དུ༔ བདག་ཅག་དབང་གིས་སྨིན་པར་མཛོད་༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པས་རྒྱུད་སྣོད་རུང་དུ་དགོངས་ཏེ་སྤྲོ་བ་བསྐྱེད་པའི་སྒོ་ནས་གནང་བ་སྦྱིན་པ་འདི་ལ་གསན་པས་ཁྱབ་པར་གདའ། ཀྱེ་ཧོ་སྐལ་ལྡན་རིགས་ཀྱི་བུ༔ མི་ལུས་ཐོབ་པ་གྲངས་མང་ཡང་༔ དོན་ལྡན་ཨུ་དུམ་ཝ་ར་ཙམ༔ དེ་རིང་ཁྱོད་ཀྱིས་རྙེད་ཆེན་ཐོབ༔ དགའ་དང་གུས་པའི་སེམས་ཀྱིས་ཉོན༔ སྨིན་གྲོལ་དབང་མཆོག་བསྐུར་བར་བགྱི༔ [6a] གསུམ་པ་སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། དེ་ནས་ཆོས་ཐམས་ཅད་ཀྱི་འཇུག་སྒོའམ་རྨང་གཞིར་གྱུར་པ་སྐྱབས་སུ་འགྲོ་བའི་སླད་དུ། མདུན་གྱི་དཀྱིལ་འཁོར་དཔལ་ཆེན་རྡོ་རྗེ་གཞོན་ནུ་རྟེན་དང་བརྟེན་པར་བཅས་པ་ལ་བརྒྱུད་པ་དྲུག་ལྡན་གྱི་བླ་མ་རིག་འཛིན་རྒྱལ་བ་ཞི་ཁྲོ་མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ཚོགས་ཀྱིས་བསྐོར་ཏེ་མངོན་སུམ་བཞིན་དུ་བཞུགས་པའི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་རྩེ་གཅིག་གུས་པ་ཆེན་པོས་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས་མཛོད། ན་མོ༔ བླ་མ་རིག་འཛིན་སོགས་སྐྱབས་འགྲོ་ལན་གསུམ། ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་པ་ལ། ཕ་མར་གྱུར་པའི་མཁའ་ཁྱབ་ཀྱི་འགྲོ་བ་མཐའ་དག་སྐུ་གསུམ་གྱི་བདག་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་གསང་བའི་དཀྱིལ་འཁོར་ཆེན་པོར་སྨིན་བྱེད་ཟབ་མོའི་སྒོར་ཞུགས་ཏེ་ལམ་རིམ་པ་གཉིས་ཀྱི་ར་ཕྱརནལ་འབྱོར་ལ་ཚུལ་བཞིན་དུ་བརྩོན་པར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། ན་མོ༔ རྒྱུད་དྲུག་འཁོར་བར་སོགས་སེམས་བསྐྱེད་ལན་གསུམ། བཞི་པ་ཚོགས་བསགས་ཤིང་སྡོམ་པ་བཟུང་བ་ནི། རྒྱུད་རྣམ་པར་དག་པར་བྱ་བའི་སླད་དུ་སླར་ཡང་ཚོགས་ཀྱི་ཞིང་དེ་རྣམས་ཀྱི་སྤྱན་སྔར་བདག་གཞན་སེམས་ཅན་ཐམས་ཅད་སྒོ་གསུམ་འཇུག་པ་གཅིག་པས་ [6b] ཕྱག་འཚལ་ཞིང་སྐྱབས་སུ་འགྲོ་བ་དང་། བླ་ན་ཡོད་པ་དང་མེད་པའི་མཆོད་སྤྲིན་རྒྱ་མཚོས་མངོན་པར་མཆོད་པ་དང་། ཟབ་ལམ་གྱི་དངོས་གྲུབ་ཐོབ་པ་ལ་གེགས་བྱེད་ཀྱི་སྒྲིབ་ཚོགས་མཐའ་དག་བཤགས་པ་དང་། རང་གཞན་སྐྱེ་འཕགས་ཀུན་གྱི་དགེ་བ་རྨ་མེད་པ་ལ་རྗེས་སུ་ཡི་རང་བ་དང་། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་དོན་དམ་བྱང་ཆུབ་ཀྱི་སེམས་ཚུལ་བཞིན་དུ་བསྐྱེད་པ་དང་། རྒྱལ་བསྲས་དང་བཅས་པ་རྣམས་ལ་ལུས་ངག་ཡིད་གསུམ་ལྟོས་པ་མེད་པར་བྲན་དུ་འབུལ་བ་དང་། ཐོག་མེད་ནས་བསགས་པའི་དགེ་ཚོགས་ཇི་སྙེད་པ་ཐོ་སོམས་ཅད་གཅིག་ཏུ་བསྡོམས་ནས་འགྲོ་ཀུན་བྱང་ཆུབ་སྙིང་པོ་ཐོབ་པའི་རྒྱུར་བསྔོ་བར་བགྱིའོ་སྙམ་པས་རྒྱུན་བཤགས་འདི་ཉིད་ཀྱི་རྗེས་ཟློས་མཛོད། རྡོ་རྗེ་སློབ་དཔོན་སངས་རྒྱས་དཔལ། །སོགས་ལན་གསུམ། དེ་ལྟར་ཚོགས་བསགས་པ་སྔོན་དུ་འགྲོ་བས་དབང་བསྐུར་བ་དེ་ཡང་རྟེན་དཀྱིལ་འཁོར་ལ་བརེཏེན་ནས་ཐོབ་ནའང་དབང་འཛིན་པ་དམ་ཚིག་དང་སྡོམ་པ་ལ་རག་ལས་པས་ན། ཕྱི་སྒོ་གསུམ་གྱི་ཉེས་སྤྱོད་སྡོམ་པ་སོ་སོར་ཐར་པའི་ཚུལ་ཁྲིམས། ནང་གཞན་ལ་ཕན་པ་སྒྲུབ་པ་བྱང་ཆུབ་སེམས་དཔའི་བསླབ་བྱ། གསང་བ་རང་རྒྱུད་ཐབས་ཤེས་དབྱེར་མེད་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་དུ་སྡོམ་པ་རིག་འཛིན་སྔགས་ཀྱི་དམ་ཚིག་མཐའ་དག་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། རྡོ་རྗེ་གཞོན་ [7a] ནུའི་དཀྱིལ་འཁོར་འདིར༔ སོ་སོར་ཐར་པའི་སྡོམ་པ་དང་༔ བྱང་ཆུབ་སེམས་དཔའི་བསླབ་བྱ་དང་༔ རིག་འཛིན་སྔགས་ཀྱི་དམ་ཚིག་་རྣམས༔ དེང་ནས་བདག་གིས་བརྟན་པོར་བཟུང་༔ ལན་གསུམ། ལྔ་པ་གནས་གསུམ་བྱིན་གྱིས་བརླབ་པ་ནི། སློབ་དཔོན་རྡོ་རྗེ་གཞོན་ནུར་གསལ་བའི་ཐུགས་ཀ་ནས་ཡེ་ཤེས་ཀྱི་མེ་འོད་སྤྲོས་པས་ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྒྲིབ་གཉིས་བག་ཆགས་དང་བཅས་པ་ཐམས་ཅད་བསྲེགས། རིགས་ཧཱ་ལས་ཧེ་རུ་ཀ་སྔོན་པོ་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་ཕུར་འཛིན་པའི་སྐུར་གྱུར་པར་མོས་ཤིག །སློབ་དཔོན་གྱིས་གཡས་པའི་སྲིན་ལག་གིས་དང་པོར་གནས་གསུམ་གྱི་ཐུགས་ཕྱག་མཚན་གསལ་གདབ་ཕྱིར་དཔྲལ་བ་ནས་བཟུང་ཡས་ནས་མར་དྲིའི་བྲིག་ལེ་བྱ་ཞིང་། ཨོཾ་ཨཱཿཧཱུྃ དེའི་དབུས་སུ་གསུང་ཡིག་འབྲུ་གསལ་གདབ་སླད་མས་ནས་ཡར་རེག་ཅིང་། ཧཱ་ཨཱ་ཨོ༔ དེ་ལས་སྐུ་རྡོ་རྗེ་གསུམ་གྱི་ལྷ་རྫོགས་གསལ་འདེབས་ཕྱིར་ཡས་ནས་མར་རེག་ལ། ཨོཾ་ཨཱཿཧཱུྃ་ཞེས་བརྗོད་ཅིང་། དེ་ཉིད་ཚིག་གིས་གསལ་གདབ་པ་ནི། སྤྱི་བོར་ཟླ་བའི་གདན་ལ་ཨོ་ལས་སྐུ་རྡོ་རྗེ་དཀར་པོ་འཁོར་ལོ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་ཨོ་དཀར་པོ། མགྲིན་པར་པདྨའི་གདན་ལ་ཨཱཿལས་གསུང་རྡོ་རྗེ་དམར་པོ་པདྨ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་ཨཱཿདམར་པོ། ཐུགས་ཀར་ཉི་མའི་གདན་ལ་ཧཱ་ལས་ཐུགས་རྡོ་རྗེ་སྔོ་ན་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པའི་ཐུགས་ཀར་ཧཱ་སྔོན་པོ་རྣམས་ཀྱིས་མཚན་པར་གྱུར་པའི་ [7b] ང་རྒྱལ་དང་བཅས་སྔགས་འདིའི་རྗེས་ཟློས་མཛོད། ཨོ་ན་མཿས་རྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏཏ་བཛ་སྭ་བྷ་ཝ་ཨཱདྨ་ཀོ྅ཧ། ཞེས་ང་རྒྱལ་བརྟན་པར་བྱ། དེ་ལྟར་ཁྱེད་རང་རྣམས་ཀྱི་སྒོ་གསུམ་ལྷའི་བདག་ཉིད་ཡེ་ནས་ཡིན་པ་ལ་ཡིན་པར་གསལ་བཏབ་པ་དེ་མཆོད་པའི་ཡུལ་དུ་བཟུང་བ་ཡིན་པས་སློབ་དཔོན་གྱིས་མཆོད་པ་བགྱིས་པའི་མོས་པ་མཛོད། ཨོཾ་བཛྲ་པུ་ཥ་ཨཱཿཧཱ་སོགས་ནས། ཤཔའི་བར་གྱིས་ཉེར་སྤྱོད་འབུལ་ཚུལ་བྱའོ། །དྲུག་པ་སྲུང་སྐུད་གདག་པ་ནི། སྲུང་སྐུད་ཨ་མྲ་ཏས་བསང་། སྭ་བྷ་ཝ་ས་སྦྱང་། སྟོང་པའི་ངང་ལས་དམ་ཚིག་པའི་སྲུང་སྐུད་ཁ་དོག་ལྔ་ལྡན་སློབ་མའི་ལུས་ཚད་དང་མཉམ་ཞིང་རྡོ་རྗེའི་མདུད་པ་དང་ལྡན་པ་ལ། སྟ་གོན་གྱི་ལྷའི་ཐུགས་ཀ་ནས་ཡེ་ཤེས་པའི་སྲད་བུ་བསམ་གྱིས་མི་ཁྱབ་པ་བྱུང་སྟེ་དམ་ཚིག་པའི་སྲུང་སྐུད་ལ་ཐིམ་པས། ཁྲོ་བོ་བདུད་རྩི་འཁྱིལ་བའི་རང་བཞིན་སློབ་མའི་སྒོ་གསུམ་གྱི་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་གྱུར། སྲུང་སྐུད་ཐལ་མོའི་བར་དུ་མ་ཉེ་ཞིང་། ཨོཾ་བཛྲ་ཀྲོ་དྷ་ཨ་མྲ་ཏ་ཀུཎཌ་ལི་ཧཱུྃ༔ ཞེས་ལན་ཉེར་གཅིག་ཙམ་བཟླས་ལ་བསྔགས་རྗེས། བྱང་ཆུབ་སེམས་འཕོ་བའི་གེགས་བསྲུང་བ་གཙོ་ཆེ་ཕྱིར་སྐྱེས་པའི་དཔུང་པ་གཡོན་དང་། བུད་མེད་ཀྱི་དཔུང་པ་གཡས་སུ་ཉིས་བསྐོར་གྱི་བཅིངས་ལ། ཧཱུྃ༔ ཡེ་ཤེས་ལྔ་ལྡན་སྲད་བུ་འདི༔ འགྱུར་མེད་རྡོ་རྗེ་གསུམ་དང་ལྡན༔ ཁྱོད་ཀྱི་དཔུང་པར་བཅིངས་པ་ཡིས༔ བར་ཆད་གཡུལ་ལས་རྒྱལ་བར་ཤོག༔ རྩ་སྔགས་དང་འཁྱིལ་བའི་སྔགས་ [8a] མཐར་ བཛ་རཀ་ཧཱ་ཕཊ༔ ཅེས་བཅིངས་ལ་མདུད་རྒྱར་དྲིའི་ཐིག་ལེ་དང་རྡོ་རྗེས་རྒྱགས་གདབ། དེའང་སྲུང་སྐུད་འཁོར་གཉིས་སུ་བཅིངས་པས་ཉིན་མཚན་གྱི་བར་ཆད་སྲུང་། འདོམས་གང་བས་གཙོ་བོར་ལུས་ཀྱི་གེགས་སྲུང་བ་མཚོན། སུམ་སྟེབས་སུ་ བགྱིས་པས་སྦྱང་གཞི་ལུས་ངག་ཡིད་གསུམ་དང་། ཁ་དོག་ལྔ་ལྡན་རྡོ་རྗེའི་མདུད་པ་གསུམ་བཏབ་པས་ཕུང་ཁམས་ཡེ་ཤེས་ལྔར་དག་པ་དང་སྒོ་གསུམ་རྡོ་རྗེ་གསུམ་དུ་བྱིན་གྱིས་རློབ་པ་མཚོན། དེས་གཙོ་བོར་ལུས་སྒྲིབ་དག་པ་དང་། གནས་སྐབས་དོ་ནུབ་རྨི་ལམ་བརྟག་པའི་བར་ཆད་སྲུང་། མཐར་ཐུག་སྐུ་གསུམ་རྡོ་རྗེ་འཛིན་པའི་གོ་འཕང་ཐོབ་ནས་བདུད་བཞིའི་དཔུང་ལས་རྣམ་པར་རྒྱལ་བའི་རྟེན་འབྲེལ་མངོན་དུ་བགྱིས་པ་ཡིན་ནོ། བདུན་པ་སོ་ཤིང་འདོར་བ་ནི། སོ་ཤིང་བསང་སྦྱང་ སྟོང་པའི་ངང་ལས་སོ་ཤིང་མཚན་ཉིད་དང་ལྡན་པ་ཁྲོ་བོ་རྟ་མགྲིན་གྱི་རང་བཞིན་སློབ་མའི་དངོས་གྲུབ་ཀྱི་ལྟས་བརྟག་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་བཛྲ་ཀྲོ་དྷ་ཧ་རྒྱ་མཚོའི་མཆིང་གྲི་ཝ་ཧཱུྃ༔ ཞེས་བཟླས་པས་བརླབས་པ་གཏད་ལ། དེའང་སློབ་དཔོན་གྱིས་སོ་ཤིང་སྦྱིན་པའི་དུས་ཐལ་སྦྱར་བར་དུ་བླང་། རྗེས་ཟློས་ཀྱི་ཚེ་མཁའ་དབྱིངས་ཀྱི་ཕྱག་རྒྱ་ཞེས་མཐེ་བོང་ལྟོ་སྦྱར་བའི་བར་དུ་སོ་ཤིང་གི་རྩ་བ་བཟུང་ནས་སོས་འཆའ་བའི་ཚུལ་དང་། སོར་མོ་རྣམས་ཐད་ཀར་བརྐྱངས་པའི་གུང་མོའི་བར་སོ་ཤིང་གི་རྩེ་མོ་མེ་ཏོག་དང་ལྡན་པ་བཟུང་ལ། སོ་ཤིང་ [8b] ལས་བྱུང་བའི་འོད་ཟེར་གྱིས་ཁོང་པའི་ནང་གི་ནད་གདོན་སྡིག་སྒྲིབ་ཐམས་ཅད་ས་གསུམན་པ་མཁས་པས་སྐྱུགས་ས་གསུམན་བཏང་བ་བཞིན་ནག་འདུར་གྱིས་ཕྱིར་འཐོན་ཏེ་དབང་ཆེན་གསེར་ཀྱིས་གཞིར་ཐིམ་སོང་སྙམ་པ་དང་། རྩེ་མོའི་མེ་ཏོག་འདོར་ཡུལ་གྱི་མཎྜལ་གཏད་དེ་དངོས་གྲུབ་ཀྱི་མཚན་མ་གསལ་པོར་སྟོན་ཅིག་སྙམ་པས་འདིའི་རྗེས་ཟློས་དང་བཅས་འདོར་བར་མཛོད། ཧཱུྃ༔ ཡེ་ཤེས་རྡོ་རྗེ་མཆོག་གི་ནི༔ རྟགས་དང་མཚན་མ་བརྟག་པའི་ཕྱིར༔ བསྒྲུབ་པའི་སོ་ཤིང་འདི་དོར་བས༔ ལས་དང་ཐུགས་རྗེ་མཐུན་པ་ཡི༔ རྟགས་དང་མཚན་མ་བསྟན་པ་དང་༔ དངོས་གྲུབ་བཟང་པོ་སྩལ་དུ་གསོལ༔ ཨོཾ་བཛྲ་ཧ་ས་ཧཱཿ ཞེས་རབ་ཁྲུ་གང་གྲུ་བཞི་པ་བ་བྱུང་དང་དྲིས་བྱུགས་ཤིང་པདྨ་འདབ་བརྒྱད་ཀྱིས་མཚན་པའི་ཁར་འདོར་དུ་གཞུག ། དེ་ལྟར་སོ་ཤིང་ངོར་བས་གནས་སྐབས་ངག་གི་སྒྲིབ་པ་དག་པ་དང་། རྩེ་མོ་དབུས་སུ་ཕོག་ནས་རང་ལ་བསྟན་ན་གཙོ་བོའི་རིག་འཛིན། ཕྱོགས་མཚམས་དང་སྟེང་འོག་ཏུ་བལྟ་ན་འཁོར་གྱི་ལྷ་དང་དེའི་རིགས་ཀྱི་དངོས་གྲུབ་ཐོབ་པར་འགྱུར་པ་ནི་མཆོག་དང་། ཕྱོགས་བཞིར་བལྟ་ན་རིམ་པ་བཞིན་ཕྲིན་ལས་བཞི་དང་སྟེང་འོག་མཁའ་སྤྱོད་དང་ས་སྤྱོད། །མཚམས་བཞིར་བུམ་པ་དང་དཔག་བསམ་ཤིང་དང་བ་དང་ལོ་ཏོག་ལ་སོགས་འཇིག་རྟེན་པའི་དངོས་གྲུབ་ཐོབ་པར་འགྱུར་པ་ནི་མཆོག་དང་། ཕྱོགས་བཞིར་བལྟ་ན་རིམ་པ་བཞིན་ཕྲིན་ལས་བཞི་དང་སྟེང་འོག་མཁའ་སྤྱོད་དང་ས་སྤྱོད། །མཚམས་བཞིར་བུམ་པ་དང་དཔག་བསམ་ཤིང་དང་བ་དང་ལོ་ཏོག་ལ་སོགས་འཇིག་རྟེན་པའི་དངོས་གྲུབ་ཀྱི་ལྟས་ཡིན་ལ། གོང་གི་འབྲས་བུ་དེ་དག་ཀྱང་སོ་ [9a] ཤིང་ལན་གཅིག་དོར་བས་ཕོག་ན་ཚེ་འདི། གཉིས་ཀྱིས་བ་དོ། གསུམ་གྱིས་འཇིག་རྟེན་ཕྱི་མར་ཐོབ་འགྱུར་དུ་ངེས་ཤིང་། དེར་ཡང་མ་ཆུད་པར་ཕྱི་རོལ་ཏུ་ལྷུངང་ན་རེ་ཞིག་དངོས་གྲུབ་ཀྱི་སྐལ་པ་ཆད་པར་བཤད་པས་ཚོགས་བསགས་དང་ཉམས་ཆག་སྐོང་བ་ལ་འབད་པར་རིགས་སོ། །བརྒྱད་པ་ཁྱོར་ཆུ་བླུད་པ་ནི། དུང་ཞལ་གྱི་དྲིའི་ཆུ་བསང་སྦྱང་། སྟོང་པའི་ངང་ལས་དུང་ཆུ་ཁྲོ་ཆེནགཞན་གྱིས་མི་ཐུབ་པའི་རང་བཞིན་སློབ་མའི་ཡིད་ཀྱི་སྒྲིབ་པ་སྦྱོང་ནུས་པའི་རང་བཞིན་དུ་གྱུར། ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཞེས་བཟླས་པས་བརླབས་པ་སློབ་མའི་ཁྱོར་བ་གཡས་པར་བླུགས་ལ་ཧུབ་གསུམ་བཏུང་རྗེས་ལྷག་མ་རྒྱབ་ཏུ་དོར་གཞུག ། དེ་ལྟར་ཧུབ་གསུམ་བཏུང་བ་ནི་སྒོ་གསུམ་གྱི་དྲི་མ་སྦྱོང་བ་དང་། ལྷག་མ་རྒྱབ་ཏུ་དོར་བ་མི་ད གེ་བ་ལ་རྒྱབ་ཀྱིས་ཕྱོགས་པའི་དོན། དེ་ཡང་ཁྱོར་ཆུས་གནས་སྐབས་སུ་རྨི་ལམ་གསལ་བ་དང་སྒོ་གསུམ་སྤྱི་དང་ཁྱད་པར་ཡིད་ཀྱི་སྒྲིབ་པ་སྦྱོར། མཐར་ཐུག་སྒྲིབ་གསུམ་བག་ཆགས་དང་བཅས་པ་བྱང་ཞིང་དག་ནས་སྐུ་གསུམ་གྱི་འབྲས་བུ་མངོན་དུ་བྱེད་པའི་རྟེན་འབྲེལ་ལོ། །དགུ་པ་ཀུ་ཤ་སྦྱིན་པ་ནི། ཀུ་ཤའི་ཕོན་པོ་ཆེ་ཆུང་སློབ་མའི་གྲངས་མཉམ་བསང་སྦྱང་། སྟོང་པའི་དང་ལས་དྷི༔ དང་ཧཱ་ལས་སྐྱེས་པའི་ཀུ་ཤ་སྔོ་ལྗང་རྨ་བྱའི་མགྲིན་མདོག་ལྟར་འཇམ་ལ་རེག་ན་བདེ་བ། སློབ་མ་རྣམས་ཀྱི་རྨི་ [9b] ལམ་མི་འཁྲུགས་ཤིང་གསལ་བའི་ནཝས་པ་དང་ལྡན་པར་གྱུར། དྷིཧཱུྃ༔ བདུན་ཙམ་བཟླས་པས་བརླབས་ལ། ཀྱེ༔ སྔོན་གྱི་སྟོན་པ་ཤཱཀྱ་ཐུབ༔ རྩྭ་མཆོག་ལ་ནི་སྟན་བྱས་ཏེ༔ བྱང་ཆུབ་མངོན་དུ་མཛད་པ་ལྟར༔ ཁྱོད་ཀྱི་རྟེན་འབྲེལ་བཟང་པོར་འགྱུར༔ ཞེས་ཀུ་ན་ཕོན་ཆུང་བ་སྔས་ཀྱི་དོན་དུ་སློབ་དཔོན་གྱི་གཡས་དང་ཆེ་བ་སྟན་གྱི་དོན་དུ་གཡོན་པར་བསྣམས་ཏེ་ཕྱག་རྒྱ་བསྣོལ་མར་གཏད། སློབ་མས་ཐལ་མོ་རང་སར་བཀན་ཏེ་མ་འཆོལ་བར་ལེན། དོ་ནུབ་བླ་མའམ་དཀྱིལ་འཁོར་ལ་མགོ་ཕྱོགས་པས་ཀུ་ཤའི་སྔས་སྟན་ལ་སེང་གེའི་ཉལ་སྟབས་དང་བཅས་དགེ་བའི་སེམས་ཀྱིས་ཉོལ་ལ། དེ་ལས་ཐོ་རངས་ན་རྨི་ལམ་གྱི་མཚན་མ་བཟང་ངན་དག་མཐོང་བར་འགྱུར་བས་ན་ངེས་པར་ཁོ་བོ་ལ་སྨྲོས་ཤིག །དེ་ལྟར་ཀུ་ཤ་ནི་དག་བྱེད་ཀྱི་རྩྭ་གཙང་ཞིང་དགེ་བ་ཡིན་པས་གནས་སྐབས་སུ་རྨི་ལམ་མི་འཁྲུགས་ཤིང་བར་ཆད་ཐམས་ཅད་ཕྲུང་། མཐར་ཐུག་རྡོ་རྗེའི་གདན་བྱང་ཆུབ་ཆེན་པོའི་ཤིང་དྲུང་དུ་སྐུ་ཤའི་གདིང་བར་རྫོགས་པའི་བྱང་ཆུབ་ཀྱི་འབྲས་བུ་མངོན་དུ་བྱེད་པའི་རྟེན་འབྲེལ་ཁྱད་པར་ཅན་བསྒྲིགས་པ་ཡིན་ནོ། །བཅུ་པ་ཆོས་བཤད་པ་ནི། དེ་ནས་ཕྱིར་མི་ལྡོག་པའི་སླད་དུ་ཟབ་མོའི་ཆོས་བཤད་པའི་སྒོ་ནས་སྤྲོ་བ་བསྐྱེད་པ་འདི་ལ་གསན་པས་ཁྱབ་པར་གདའ། ཨེ་མ་སྐལ་ལྡན་རིགས་ཀྱི་བུ༔ ཕུར་པའི་དཀྱིལ་འཁོར་འཇུག་པ་ནི༔ ཨུ་དུམ་ཝ་རའི་མེ་ཏོག་བཞིན༔ བརྒྱ་ལམ་ན་ནི་རེས་འགའ་ཙམ༔ འབྱུང་འགྱུར་ཡང་ན་མི་འབྱུང་ [10a] ངོ་༔ བསྐལ་པ་བྱེ་བ་བསམ་ཡས་སུ༔ སྔོན་དུ་སྡིག་པ་བྱས་པ་གང་༔ དཀྱིལ་འཁོར་བཟང་པོ་མཐོང་མ་ཐག༔ དེ་རྣམས་འཛད་པར་འགྱུར་ཡིན་ན༔ ཚུལ་འདིར་ཞུགས་ན་སྨོས་ཅི་དགོས༔ གང་གི་སྤྱོད་པ་མཆོག་འདིལ༔ བློ་གྲོས་མི་ག་ཡོ་རབ་གནས་ན༔ གོ་འཕང་བླན་མེད་པར་འགྱུར༔ དེ་ཕྱིར་ཁྱེད་རྣམས་སྐལ་བཟང་ཅན༔ རྡོ་རྗེ་གཞོན་ནུའི་རིགས་མཆོག་སྟེ༔ མ་ནོར་ཚུལ་བཞིན་འཇུག་པར་གྱིས༔ ཀྱེ་རིགས་ཀྱི་བུ་རྣམས་འཇིག་རྟེན་ན་ཨུ་དུམ་ཝ་རའི་མེ་ཏོག་བརྒྱ་ལམ་ན་འབྱུང་སྲིད་ཀྱི་དེ་བས་སངས་རྒྱས་འཇིག་རྟེན་དུ་འབྱོན་པ་དཀོན། བྱོན་ཀྱང་ཆོས་གསུངས་པ་དང་ཁྱད་པར་ཐེག་ཆེན་གསུངས་པ་དཀོན། དེ་ལས་ཀྱང་གསང་སྔགས་རྡོ་རྗེ་ཐེག་པ་གསུངས་པ་ནི་ཤིན་ཏུ་དཀོན་པས། རྙེད་པར་དཀའ་བ་རྙེད་ན་དོན་ཆེ་བ་དཀྱིལ་འཁོར་ཆེན་པོ་ལན་གཅིག་མཐོང་བས་ཀྱང་བསྐལ་པ་བྱེ་བར་བསགས་པའི་སྡིག་པ་འདགས་པར་གསུངས་ན། དཀྱིལ་འཁོར་དུ་ཞུགས་ནས་དབང་བསྐུར་བ་ཚུལ་བཞིན་ཐོབ་པར་གྱུར་ན་སྨོས་ཀྱང་ཅི་དགོས་ཏེ། ཐབས་མང་དཀའ་བ་མེད་པའི་ཚུལ་གྱིས་རིང་པོར་མི་ཐོགས་པར་བླ་ན་མེད་པ་སངས་རྒྱས་ཀྱི་གོ་འཕང་བདེ་བླག་ཏུ་ཐོབ་པ་མྱུར་ལམ་རྡོ་རྗེ་ཐེག་པའི་རིགས་སུ་སྐྱེགླས་པ་ནི་ཁྱེད་རྣམས་ཀྱིས་རྙེད་པ་ལེགས་པར་རྙེད་པ་ཡིན་པས་སྤྲོ་བ་ཆེན་པོ་བསྐྱེད་ལ་ཡང་དག་པའི་བློ་གྲོས་དང་། [10b] བསམ་པ་དེ་ལས་ནམ་ཡང་མི་འགྱུར་བར་གྱིས་ཤིག །ཅེས་གདམས། དེས་སྔོན་འགྲོ་སྟ་གོན་གྱི་ཆོས་རྣམས་གྲུབ། དངོས་གཞི་དབང་བསྐུར་བའི་ཆོ་ག་སང་ཉིན་འབྱུང་བ་ལགས་པས་དགེ་བའི་རྩ་བ་གཞན་དོན་དུ་བསྔོ་བར་ཞུ། བསོད་ནམས་འདི་ཡིས་སོགས་ཀྱིས་དགེ་བ་བསྔོས་ཏེ་སློབ་མ་རྣམས་རང་གནས་སུ་བཏང་། སློབ་དཔོན་གྱིས་སྟ་གོན་གྱི་ལྷ་ལ་མཆོད་བསྟོད་སྔོན་དུ་འགྲོ་བས། གནང་བ་ཞུ་བའི་ཕྱིར་སྤོས་དང་བཅས་ཏེ། རྡོ་རྗེ་གཞོན་ནུ་བཅོམ་ལྡན་འདས། །རིག་སྔགས་རྒྱལ་ལ་ཕྱག་འཚལ་ལོ། །སེམས་ཅན་རྣམས་ལ་བརྩེ་བ་དང་། །ཁྱེད་རྣམས་ལ་ཡང་མཆོད་པའི་ཕྱིར། །རྡོ་རྗེ་འཛིན་པ་བདག་གིས་ནི། །ནང་པར་དཀྱིལ་འཁོར་འབྲི་བར་འཚལ། །རྗེས་སུ་བརྩེབས་ཉེར་དགོངས་ཏེ། །ཀུན་གྱིས་བྱིན་གྱིས་བརླབ་ཏུ་གསོལ། །ཞེས་ལན་གསུམ་གསོལ་བས་གནང་བ་ཐོབ་པར་མོས་ལ། འདེགས་པའི་རྒྱ་དང་བཅས། བཛྲ་ཨུཏྟི་ཥྛ། ཞེས་པས། སྟ་གོན་གྱི་ལྷ་ནམ་མཁར་བཏེགས་པ་བར་སྣང་འོད་ཀྱི་དྲྭ་གུར་དུ་བཞུགས་པར་མོས། ཚོམ་བུ་དང་མཆོད་པ་བསྡུ། ཕྱིར་ནངས་སློབ་མ་རྣམས་ཀྱིས་རྨི་ལམ་དགེ་བའི་མཚན་མ་མཐོང་ན་ཞེན་པ་མེད་པའི་སྒོ་ནས་གཟེངས་བསྟོད། ཅི་ཡང་མ་མཐོང་ན་འབྲིང་། ངན་ན་ཞི་བའམ་དྲག་པོའི་སྲེག་བླུགས་སོགས་ཟློག་པའི་ཐབས་བྱ་ཞིང་། དེ་ཙམ་མི་ནུས་ན་སྒྱུ་མ་ལྟ་བུར་ཤེས་པས་བདེན་མེད་ཀྱི་རྒྱས་བཏབ་པས་བཟློག་པར་བྱའོ། །གཉིས་པ་དངོས་གཞིའི་རིམ་པ་ལ་གསུམ། དབང་རྟེན་གཟུགས་བརྙན་གྱི་དཀྱིལ་འཁོར་འདུ་བྱ་བ། དབང་དོན་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྒྲུབ་ཅིང་མཆོད་པ། དབང་བསྐུར་དངོས་གཞིའི་ཆོ་ག་རྒྱས་པར་དབྱེ་བའོ། །དང་པོ་ནི། སྟེགས་བུར་བདུད་རྩི་ལྔས་ཆག་ཆག་བཏབ་པ་ལ་རས་བྲིས་ཀྱི་དཀྱིལ་འཁོར་ [11a] མཚན་ཉིད་དང་ལྡན་པ་ལེགས་པར་བཀྲམ་པའམ། མ་འབྱོར་ན་སྔར་གྱི་མཎྜལ་མེ་ཏོག་གི་ཚོམ་བུ་ཅན་བཀོད་པའི་སྟེང་དུ་ཨེ་ཁྲོམ་ལ་གཙོ་འཁོར་ཡོངས་རྫོགས་ཀྱི་ལྷ་ཕུར་རྣམས་བྱུག་སོགས་གསུམ་གྱིས་གཟི་བྱིན་བསྐྱེད་ཅིང་བྱིན་གྱིས་བརླབས་པ་བརྟན་པོར་བཀོད། ཕུར་ཁྲོམ་མེད་ནའང་གཙོ་ཕུར་ཉིད་ངེས་པར་འགོད་ཅིང་གཞན་རྣམས་ཀྱི་སྐུ་ཙཀ་ཚང་བར་འགོད། དེ་སྟེང་མཉྫུའི་ཁར་སྔར་ལྷག་གནས་བྱས་པའི་རྣམ་བུམ། མདུན་དུ་རྡོ་དྲིལ་ལྷན་ཅིག་ཏུ་བསྡམས་པ་དང་། གསང་མཚན་ཤོག་དྲིལ། ཧཱུྃ་ཡིག །གནམ་ལྕགས་རྡོ་རྗེ། སྲོག་འཁོར། མེ་ལོང་། ཚེ་འབྲང་། ཚེ་རིལ། ཚེ་ཆང་། མདའ་དར། གཡས་སུ་དབུ་རྒྱན་དར་དཔྱང་། དུར་ཁྲོད་དཔལ་ཆས། རྡོ་རྗེ་རྩེ་དགུ། རྩེ་ལྔ། མེ་དཔུང་། ཁ་ཊྭཱྃ། སྲས་ཕུར། རྒྱབ་ཏུ་རྡོ་རྗེ། ཨཱཿཡིག །སྔགས་བྱང་། རཀྴའི་ཕྲེང་བ། གསང་ཐོར་ཀ་པཱ་ལ་བྱང་སེམས་བདུད་རྩི་ཨ་མྲྀ་ཏས་བཀང་བའི་ཁ་དར་དམར་བཞི་ལྟེབས་ཀྱིས་བཀབ་པ། རིག་མའི་གཟུགས་བརྙན། དཔལ་གྱི་གཏོར་མ་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། གཡོན་དུ་དྲིལ་བུ། རྒྱུད་ཀྱི་གླེགས་བམ། ཆོས་དུང་། རྒྱལ་མཚན། འཕན་གདུགས། མན་ཤེལ། འོད་ལྔའི་ཐིག་ལེ། ཤར་ལྷོར་ལས་བཞིའི་འབྲང་རྒྱས་སོགས་ཕྱྭ་གཡང་དངོས་གྲུབ་ཀྱི་རྫས་དང་། རྫས་རྟགས་སྣ་བདུན་གྱི ཀླི། ལྷོ་ནུབ་ཏུ་བྲུབ་ཁུང་ལིང་ག། ཐུན་རྫས། ལས་ཕུར། བསྒྲལ་ཆས་སོགས། ནུབ་བྱང་དུ་དུག་ཤིང་གི་མེ་ཧོམ། དགང་བླུགས། སྲེག་རྫས། བྱང་ཤར་དུ་ཟློག་པའི་གཏོར་ཟོར་རྩང་དམར་མཚེ་ཡུངས་ཀྱིས་བརྒྱན་པ་དང་། མནན་རྫས་རི་རབ་རྣམས་འགོད། མཐར་སྨན་རཀ་གཏོར་མ་སོགས་ཀྱི་ནང་གི་མཆོད་པས་བསྐོར་ཞིང་རྒྱན་གྱི་བྱེ་བྲག་ཇི་ལྟར་འོས་པའང་མཛེས་ཤིང་བརྗིད་ཆགས་པར་བཀྲམ། ཉེ་ལོགས་སུ་ཨ་མྲྀ་ཏ་སྦྱར་བའི་དམ་ཆུ། མིག་དར། མེ་ཏོག ། ཕྱག་ཤིང་། [11b] འབེབས་རྫས་སྦྱར་སྤོས་སོགས་དང་། སྤྲོས་པ་ལ་མོས་ན་བསྒྲལ་དབང་སྐབས་སུ་མཁོ་བའི་དྲག་པོའི་ཞྭ་ཕོད་སོགས་གར་འཆམས་ཀྱི་ཡོ་བྱད་ཀྱང་ཉེ་བར་བསྡོག །གཞན་ཡང་ཚོགས་དང་གཏོར་མའི་ཡོ་བྱད་རོལ་མོའི་བྱེ་བྲག་སོགས་ཉེ་བར་མཁོ་བའི་ཆ་རྐྱེན་རྣམས་མ་ཚང་བ་མེད་པར་ལེགས་པར་འདུ་བྱའོ། །གཉིས་པ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་སྒྲུབ་མཆོད་བདག་ཉིད་འཇུག་པ་དང་བཅས་པ་ནི། བརྒྱུད་འདེབས་ནས་བརྩམས་སྔོན་འགྲོ་རྣམས་ལས་བྱང་གི་དཀྱུས་བཞིན་དང་། དངོས་གཞིའི་སྐབས་སྒྲུབ་གཞི་བདག་དང་མདུན་དུ་བཀོད་པའི་དཀྱིལ་འཁོར་སྒྲུབ་རྫས་དང་བཅས་པ་ཐམས་ཅད་དེ་བཞིན་ཉིད་ཀྱི་ཏིང་འཛིན་སྟོང་ཉིད་ཀྱི་རང་བཞིན་ཀུན་སྣང་སྙིང་རྗེ་ཆེན་པོའི་ངང་ལས་དཀྱིལ་འཁོར་རྣམ་གསུམ་རྟེན་དང་བརྟེན་པར་བཅས་པ་བདག་མདུན་ཐ་མི་དད་པའི་ཚུལ་དུ་གྱེར་ཚིག་གཅིག་གིས་བསྒོམས་ནས། སྤྱན་འདྲེན་སྐབས་སྟ་གོན་གྱི་ལྷ་རྣམས་མདུན་དཀྱིལ་ལ་བསྟིམས་ཏེ་ཕྱག་མཆོད་བསྟོད་པའི་ལས་རིམ་རྣམས་ཀྱི་མཐར་འོད་ཟེར་སྤྲོ་བསྡུས་ཛཔྲ་བཟླས་ཅི་མང་དང་། སྤྲོ་ན་སྟ་གོན་གྱི་སྐབས་བཞིན་བུམ་བཟླས་ཀྱང་བྱ། ཐོད་པ་གཞལ་ཡས་ཁང་དུ་ལྷ་རྣམས་རང་རང་གི་ཤེས་རབ་མ་དང་སྙོམས་པར་ཞུགས་པའི་བྱང་སེམས་ཡེ་ཤེས་ཀྱི་བདུད་རྩིས་གང་བར་བསམ་ཞིང་། སརྦ་པཉྩའི་སྔགས་ཀྱིས་བྱིན་བརླབ། ཚེ་བཅུད་བསྡུ་བསྟིམ་གྱི་དམིགས་པ་དང་བཅས་ཚེ་ཛཔྲ་བཟླ་ཞིང་ཚེ་འགུགས་བསྐུལ། ཆོས་སྐྱོང་སྤྱི་དང་བྱེ་བྲག་ཕུར་སྲུང་གཏོར་འབུལ། ཚོགས་ཀྱི་མཆོད་པ་རྣམས་བྱས་ལ། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པ་དབང་ལེན་པའི་ཡུལ་དང་། དབང་གི་བྱ་བ་རྣམས་གཙོ་བོ་ལས་ཕྱེ་བའི་ལས་ཀྱི་ཧེ་རུ་ཀས་མཛད་ཅིང་། བདག་ཉིད་རྣམ་འགྱུར་གློ་བུར་བའི་རང་བཞིན་དབང་ཞུ་བ་པོར་བྱས་ཏེ་རྒྱས་པར་འཆད་འགྱུར་བཞིན་ [12a] དབང་རྣམས་རྫོགས་པར་བླང་བའམ། བསྡུ་ན། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧཱུྃ། ཞེས་རིག་པའི་མེ་ཏོག་དོར་ནས། བདག་དང་དཀྱིལ་འཁོར་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་རྣམས་རང་བཞིན་དབྱེར་མེད་དུ་རྟོགས་པར་བྱས་ཏེ། ཨོཾ། ཁྲོ་ལ་ཁྲོས་པས་ཞི་མཛད་པ། །ཐུགས་རྗེ་ཁྲོ་དཔལ་རྔམས་པའི་ཚོགས། །འབར་བའི་བྱིན་རླབས་རྨད་པོ་ཆེ། །དེ་ཉིད་དུ་ནི་བདག་ལ་སྩོལ། །ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་སྟྭཾ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཕཊ། ཨོཾ་བཛྲ་ཀྲོ་དྷ་ས་མ་ཡ་ཧོ། ཞེས་པ་ཙམ་གྱིས་བདག་ཉིད་ཞུགས་ནས། སློབ་མ་འཇུག་པར་གསོལ་བ་གདབ་པ་ནི། རྡོར་དྲིལ་འཛིན་པས། དེ་བཞིན་གཤེགས་པ་ཀུན་གྱི་གནས། །རྡོ་རྗེ་གཞོན་ནུའི་གྲོང་ཁྱེར་མཆོག །གསང་བའི་དཀྱིལ་འཁོར་ཆེན་པོ་འདིར། །བདག་གིས་སློབ་མ་གཞུག་པར་བགྱི། །ཞེས་གསོལ་བས་གནང་བ་བྱིན་པར་བསམ། སློབ་མ་རྣམས་ཀྱིས་སྔར་མཚན་མའི་དཀྱིལ་འཁོར་མ་མཐོང་བ་མཚོན་བྱེད་དཀྱིལ་འཁོར་ཡོལ་བས་བསྒྲིབ་སྟེ་བཞག་གོ །གསུམ་པ་དབང་བསྐུར་བའི་ཆོ་ག་དངོས་ལ་གཉིས་ཏེ། དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང་། ཞུགས་ནས་མངོན་པར་དབང་བསྐུར་བའོ། །དང་པོ་ལའང་གཉིས། ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པ་དང་། ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའོ། །སྔ་མ་ལ་བདུན་ལས། དང་པོ་ཁྲུས་བྱ་ཞིང་བགེགས་བསལ་བ་ནི། སྟ་གོན་གྱིས་སྣོད་རུང་དུ་བྱས་པའི་སློབ་མ་རྣམས་སྒོའི་ཕྱི་རོལ་དུ་ཁྲུས་བྱ། ཕྱག་བཅས་གྲལ་དུ་འཁོད་པ་དང་ལས་གཞུང་བཞིན་བགེགས་གཏོར་བསྔོས་ལ་བཀའ་བསྒོས་ཏེ་དྲག་སྔགས་ཡུངས་ཐུན་ཚམ་རྔམས་དྲག་པོས་བསྐྲད་ནས་སྲུང་བའི་འཁོར་ལོ་བརྟན་པོར་བསྒོམ། གཉིས་པ་ལོ་རྒྱུས་ཀྱིས་མཚམས་ [12b] སྦྱར་ཏེ་མཎྜལ་འབུལ་ཞིང་ཆས་སུ་འཇུག་པ་ནི། མེ་ཏོག་བཀྲམ་བསྡུ་བྱས་ལ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་བདུད་བཞིའི་གཡུལ་ལས་རྣམ་པར་རྒྱལ་བར་བྱས་ཏེ་བཅོམ་ལྡན་འདས་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་ཉིད་ལ་མངོན་དུ་བསྒྲུབ་པར་བྱ། དེའི་ཆེད་དུ་གསང་སྔགས་རྡོ་རྗེ་ཐེག་པའི་ལམ་གྱི་འཇུག་སྒོ་དང་པོ་སྨིན་བྱེད་དབང་གི་རིམ་པ་ནོད་ནས་ཟབ་མོའི་བསྐྱེད་རྫོགས་ཀྱི་རྣལ་འབྱོར་ལ་ཚུལ་བཞིན་དུ་སློབ་པར་བགྱིའོ་སྙམ་པའི་བྱང་མཆོག་ཏུ་སེམས་བསྐྱེད་པ་དང་། རང་གི་སྒོ་གསུམ་སྡོམ་ཞིང་རྣམ་པར་མི་གཡེང་བ་ལ་རྩེ་གཅིག་པའི་ཡིད་བཞག་སྟེ་ཆོས་ཉན་པའི་ཀུན་ཏུ་སྤྱོད་པ་ཚུལ་བཞིན་དང་ལྡན་པས་ལེགས་པར་གསན་འཚལ། དེ་ལ་གང་ཞིག་གསན་པར་བྱ་བའི་ཆོས་ནི་འོ་སྐོལ་གྱི་སྟོན་པ་ཐབས་ལ་མཁས་ཤིང་ཚད་མེད་པའི་ཐུགས་རྗེ་ཆེན་པོའི་བདག་ཉིད་ཅན་དེས། གདུལ་བྱ་སོ་སོའི་མོས་བསམ་ཁམས་དབང་སྐལ་པའི་བྱེ་བྲག་དང་རྗེས་སུ་མཐུན་པར་དམ་པའི་ཆོས་ཀྱི་བདུད་རྩི་བསམ་གྱིས་མི་ཁྱབ་པ་ཞིག་བསྟན་པར་མཛད་པ་དེ་ཐམས་ཅད་སྤང་གཉེན་ནམ་ལྟ་སྤྱོད་ཙམ་གྱི་སྒོ་ནས་མདོར་བསྡུ་ན་ཐེག་པ་རིམ་པ་གསུམ་དུ་འདུ་བ་གསང་སྔགས་སྔ་འགྱུར་བའི་རང་བཞེད་ཐུན་མོང་མ་ཡིན་པ་སྟེ། སྤྱི་མདོ་དགོངས་པ་འདུས་པ་ལས། དོན་དམ་ངེས་པའི་ཐེག་པ་ནི། །གསུམ་དུ་ངེས་པར་བསྟན་པ་སྟེ། །ཀུན་འབྱུང་འདྲེན་དང་དཀའ་ཐུབ་ [13a] རིག །དབང་སྒྱུར་ཐབས་ཀྱི་ཐེག་པའོ། །ཞེས་གསུངས་པའི་ཀུན་འབྱུང་འདྲེན་པའི་ཐེག་པ་ལ། ཉན་ཐོས། རང་རྒྱལ། བྱང་སེམས་གསུམ། དཀའ་ཐུབ་རིག་བྱེད་ཀྱི་ཐེག་པ་ལ། ཀྲི་ཡ། ཨུ་པ། ཡོ་ག་གསུམ། དབང་སྒྱུར་ཐབས་ཀྱི་ཐེག་པ་ལ། མ་ཧཱ། ཨ་ནུ། ཨ་ཏི་གསུམ་དུ་དབྱེ་ཞིང་། དེའང་བསྡུ་ན། ཀུན་བྱེད་རྒྱལ་པོ་ལས། ཐེག་པ་རྣམ་པ་གཉིས་ཡིན་ཏེ། །མཚན་ཉིད་རྒྱུ་ཡི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པའོ། །ཞེས་གཉིས་སུ་འདུ་ཞིང་། དེ་ལ་འདིར་རྒྱུ་མཚན་ཉིད་ཀྱི་ཐེག་པ་ལས། ལམ་བདེ་བ་དང་། དུས་མྱུར་བ་དང་། ཐབས་ལ་མཁས་པ་སྟེ་ཁྱད་པར་གསུམ་གྱིས་འཕགས་པའི་འབྲས་བུ་རྡོ་རྗེ་ཐེག་པའམ་མ་རིག་པ་འཛིན་པའི་སྡེ་སྣོད་ཡིན། དེ་ལ་གངས་ཅན་གྱི་ལྗོངས་འདིར་འགྱུར་སྔ་ཕྱིའི་དབང་གིས་གསར་སྔགས་གསར་རྙིང་གཉིས་ཞེས་རབ་ཏུ་གྲགས་པ་ལས། འདིར་སྤྱན་འདྲེན་པ་པོ་ཡོན་བདག ། ཆོས་བསྒྱུར་བའི་གནས། སྒྱུར་བྱེད་ལོ་ཙཱ་བ། བསྒྱུར་མཁན་པཎྜི་ཏ། ཞུ་རྟེན་གྱི་མེ་ཏོག ། བསྒྱུར་བྱའི་ཆོས་ཏེ། ཁྱད་པར་དྲུག་གིས་འཕགས་པ་གསང་སྔགས་རྙིང་མའི་བཀའ་སྲོལ་ཡིན། དེ་ལའང་རིང་བརྒྱུད་བཀའ་མ། ཉེ་བརྒྱུད་གཏེར་མ། ཟབ་མོ་དག་སྣང་སྟེ། བརྒྱུད་པའི་བཀའ་སྲོལ་གསུམ་དུ་གནས་པ་ལས། འདིར་བཀའ་མ་ལས་ཀྱང་། བཀའ་བབ་ལུང་བསྟན། སྨོན་ལམ་དབང་བསྐུར། [13b] མཁའ་འགྲོ་གཏད་རྒྱ་སྟེ། ཁྱད་པར་གྱི་བརྒྱུད་པ་གསུམ་དང་ལྡན་ཅིང་། གཙོ་བོར་བརྒྱུད་ཐག་ཉེ་བས་བྱིན་རླབས་ཀྱི་ཚན་ཁ་ཆེ་ཞིང་། གཏེར་ཡིག་གི་དཔེ་དཔང་མངའ་བས་ཁུངས་བཙུན་པ་དང་། གང་ལ་གང་འདུལ་གྱི་དུས་དང་འཚམས་པར་མངོན་དུ་སྣང་བས་ཟབ་ལམ་ནུབ་པ་མེད་པའི་ཕྱིར་ཁྱད་པར་དུ་འཕགས་པ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་གཏེར་གནས་ཀྱི་དབྱེ་བས་ཕྱོགས་བཞི་དབུས་ལྔའི་གཏེར་ཁ། གཏེར་ཆོས་ཀྱི་དབྱེ་བས་གཏེར་ཆེན་དང་གཏེར་ཕྲན། འདོན་དུས་ཀྱི་དབྱེ་བས་གཏེར་རྙིང་དང་གཏེར་གསར་སོགས་སུ་མཆིས་པ་ལས། ཤར་གཏེར་འདྲིལ་བ་སྡོང་པོ་ལྟ་བུའི་སྐོར་དུ་གཏོགས་ཤིང་། གང་ཟག་གཅིག་འཚང་རྒྱ་བའི་ལམ་ཚང་ལ་མ་ནོར་བར་སྟོན་པས་གཏེར་ཆེན་གྱི་ཡ་གྱལ། བརྒྱུད་པ་མང་པོས་བར་མ་ཆད་པའི་གཏེར་གསར་བྱིན་རླབས་ཀྱི་གཟི་བྱིན་དང་ལྡན་པ། ཡོ་ག་གསུམ་གྱི་ནང་ཚདབ་དུ་རྣལ་འབྱོར་ཆེན་པོ་ལ་སྒྲུབ་སྡེ་ཆེན་པོ་བརྒྱད་དུ་གྲགས་པའི་ནང་ཚན་ཕྲིན་ལས་ཕུར་པ་རོལ་པའི་ཏནྟྲ་བྱེ་བ་ཕྲག་བརྒྱའི་བཅུད་ཕྱུང་ཞིང་ལུང་དང་མན་ངག་ལྟོ་སྦྱར་བའི་གདམས་ཟབ་ཉམས་ལེན་གནད་ཀྱི་སྙིང་པོར་དྲིལ་བ་སྟེ། དེའང་ངེས་པའི་དོན་དུ་བཅོམ་ལྡན་འདས་དཔལ་རྡོ་རྗེ་སེམས་དཔའ་ཉིད་གདུལ་བྱ་ཞི་བས་མི་འདུལ་བ་རྣམས་ཀྱི་གཉེན་པོར་དཔལ་ཆེན་ཀརྨ་ཧེ་རུ་ཀའི་སྐུར་བཞེངས་ཏེ། འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ལ་སོགས་པར། འཇིགས་ [14a] བྱེད་ཁྲོ་བོ་བཅུ་སོགས་ཡེ་ཤེས་རང་སྣང་གི་འཁོར་རྣམས་ལ་རྒྱུད་སྡེ་རྒྱ་མཚོ་ལྟ་བུ་གསུངས་ཤིང་། ཉིད་ལས་མི་གཞན་པ་གསང་བའི་བདག་པོ་དང་མཁའ་འགྲོ་མ་རྣམས་ཀྱིས་བསྡུས་ཏེ་གཉེར་བ་ལས། དུས་ལ་བབས་པའི་ཚེ་ཨོ་རྒྱན་དང་། འཕགས་ཡུལ། འགྲོ་ལྡིང་། སྲིན་ཡུལ། གངས་ཅན་ལྗོངས་སོགས་མིའི་ཡུལ་རྣམས་སུ་ཆ་ཤས་ཙམ་སྣང་བའི་དོན་ཉམས་སུ་བླངས་པས་བདུད་བཞི་ལས་རྣམ་པར་རྒྱལ་ཏེ་ཕྱག་རྒྱ་ཆེན་པོ་མཆོག་གི་རིག་འཛིན་བརྙེས་པ་མཁའ་འགྲོ་མ་བདེ་བའི་འཁོར་ལོ་དང་། སློབ་དཔོན་པྲ་བྷ་ཧསྟི་ལ་སོགས་པ་བསམ་གྱིས་མི་ཁྱབ་པ་བྱུང་། ཁྱད་པར་སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་། པཎ་ཆེན་བི་མ་ལ་མི་ཏྲ། བལ་པོ་ཤཱི་ལ་མཉྫུ་སྟེ་སློབ་དཔོན་རྣམ་པ་གསུམ་གྱིས་ཆོས་འདི་ལས་གྲུབ་པ་བརྙེས་པའི་ཚུལ་བསྟན་ཏེ་དགོངས་ཉམས་གཅིག་ཏུ་དྲིལ་བའི་བསྟན་བཅོས་འབུམ་ནག་ཅེས་བྱ་བའང་མཛད། སློབ་དཔོན་སངས་རྒྱས་གཉིས་པ་བོད་ཡུལ་མུན་པའི་གླིང་དུ་དམ་པ་ཆོས་ཀྱི་སྒྲོན་མེ་སྤོར་བ་ལ་ཕེབས་པའི་ཚེ། རྗེ་ཆོས་རྒྱལ་ཆེན་པོ། གྲོགས་མཁར་ཆེན་བཟའ། འབངས་ནམ་མཁའི་སྙིང་པོ། རླངས་ཆེན་དཔལ་གྱི་སེང་གེ ། སྣ་ནམ་རྡོ་རྗེ་བདུད་འཇོམས། འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་སོགས་སྐལ་བ་དང་ལྡན་པ་རྣམས་ཀྱིས་གསོལ་བ་བཏབ་པའི་ངོར། རིག་པ་མཆོག་གི་རྒྱུད་ལ་བརྟེན་ནས་རྡོ་རྗེ་ཕུར་པའི་སྒྲུབ་ཐབས་དང་མན་ངག་དཔག་ [14b] ཏུ་མེད་པ་གནང་བས། དེ་དག་གི་བརྒྱུད་པའི་ཆུ་བོ་རེ་རེ་ལས་ཀྱང་བརྒྱུད་སྲོལ་དུ་མར་ཕྱེས་ཏེ། ནང་དུག་ལྔ། ཕྱི་དགྲ་བགེགས་ལ་ཕུར་པ་ཐེབས་པས་མཆོག་དང་ཐུན་མོང་གི་དངོས་གྲུབ་གཅིག་ཅར་དུ་བརྙེས་པའི་རིག་འཛིན་རྩལ་འཆང་ས་ཆེན་པོའི་རྡུལ་ཙམ་བྱུང་། མན་ངག་ཕལ་ཆེར་མ་འོང་ཕྱི་མའི་དུས་ཀྱི་གདུལ་བྱ་མགོན་མེད་པ་རྣམས་ལ་བརྩེ་བས་དགོངས་ཏེ་བོད་ཡུལ་མཐའ་དབུས་ཀུན་ཏུ་ཟབ་མོའི་གཏེར་དུ་གཏམས་པར་མཛད་པ་ལས་འཕྲོ་སད་པའི་སྐལ་ལྡན་རྣམས་ཀྱིས་རིམ་བཞིན་བཏོན་ཅིང་སྤེལ་བའི་སྒོ་ནས། ད་ལྟའི་བར་དུའང་ལྷ་འདི་ལ་བརྟེན་ནས་ཡི་དམ་གྱི་ཞལ་གཟིགས་པ། ཆོས་ཉིད་ཀྱི་བདེན་པ་མཐོང་བ། ཕྲིན་ལས་རབ་འབྱམས་ལ་མངའ་འབྱོར་བའི་སྐྱེས་བུ་ཇི་སྙེད་ཅིག་བྱོན་པས་གངས་ལྗོངས་སངས་རྒྱས་བསྟན་པའི་སྲོག་རྩ་བཟུང་ཞིང་སྐྱེ་རྒུ་ཡོངས་ལ་ཕན་བདེའི་སྣང་བ་མཁའ་ཁྱབ་ཏུ་བརྡལ་བར་མཛད་པ་ལས། སྐབས་སུ་བབས་པའི་གསང་བ་ཟབ་མོ་འདི་ཉིད་ཀྱི་དབང་དུ་བྱས་ན། དཔལ་ཧེ་རུ་ཀ་དང་ཐ་མི་དད་ཅིང་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་ནུས་སྟོབས་གཅིག་ཏུ་བསྡུས་པ་རིག་འཛིན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་ཉིད་གངས་ཅན་བོད་ཀྱི་ཡུལ་མཐའ་མོན་ཁ་ནེ་རིང་སེང་གེའི་རྫོང་དུ་བཞུགས་པའི་སྐབས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་གཉིས་ཀྱི་གཙོས་སྐལ་ལྡན་འདུས་པ་ཐུན་མོང་མ་ཡིན་པ་ [15a] རྣམས་ཀྱིས་གསོལ་བ་བཏབ་པའི་ངོར་དཔལ་ཆེན་རྡོ་རྗེ་སྲིན་པོའི་དཀྱིལ་འཁོར་རྣམ་མཁའ་གང་བར་སྤྲུལ་ཏེ་དབང་བསྐུར་རྒྱུད་བཤད་མན་ངག་རྣམས་གནང་སྟེ། ཇི་སྐད་དུ། སྤྱིར་ནི་ལྔ་བདོ་དུས་ཀྱི་ཐ་མའི་ཚེ༔ ཕྲིན་ལས་ལས་ཀྱི་གདུལ་བྱ་དུས་བབས་པས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་མ་གཏོགས་པ༔ ལྷ་གཞན་བསྒྲུབ་ཀྱང་ལམ་དུ་འགྲོ་དཀའ་ཞིང་༔ གྲུབ་འབྲས་མངོན་དུ་འགྱུར་བ་ཤིན་ཏུ་དཀོན༔ བདག་འདྲ་རིག་འཛིན་པདྨ་ཐོད་ཕྲེང་ངས༔ གངས་ཅན་བོད་ཀྱི་ས་གནས་ཐམས་ཅད་དུ༔ ཕུར་རྒྱུད་འདྲ་མིན་བརྒྱ་ཙམ་གཏེར་དུ་སྦས༔ སྙིང་པོའི་ཡང་ཞུན་བཅུད་དུ་དྲིལ་བ་ཡི༔ གདམས་པའི་མཆོག་གྱུར་འདི་ལས་ཡོད་རེ་ཀན༔ ཉམས་སུ་ལེན་པའི་ལས་ཅན་སྐལ་ལྡན་རྣམས༔ འབྲེལ་བ་ཙམ་གྱིས་རིག་འཛིན་གྲལ་དུ་འཁོད༔ འདི་ཉིད་སྒྲུབ་རྒྱུན་འཛིན་པའི་ཡུལ་དེ་རུ༔ བདེ་ལེགས་ཀུན་འབྱུང་ཕྱོགས་ལས་རྣམ་རྒྱལ་འབྱུང་༔ ཞེས་དང་། ད་ལྟ་བོད་ལ་བདེ་སྐྱིད་ཉི་མ་ཤར༔ མ་འོང་བསྐལ་པའི་མར་གཤམ་སྙིགས་མའི་དུས༔ མ་རུང་བདུད་ཀྱི་དཔུང་སྟོབས་བརླག་པ་དང་༔ བསྟན་འགྲོ་གསོ་དང་ཆོས་སྒྲུབ་གོ་ཆ་དང་༔ ནད་མུག་མཚོན་གྱི་བསྐལ་ངན་གཞོམ་པའི་ཕྱིར༔ ཐུགས་སྒྲུབ་ཡང་སྙིང་གསང་བའི་རྒྱ་ཅན་ནི༔ བདུད་འཇོམས་གནམ་ལྕགས་རྡོ་རྗེའི་སྤུ་གྲི་འདི༔ ཡི་གེར་ [15b] ཐོབ་ལ་ཟབ་མོའི་གཏེར་དུ་སྦོས༔ འདི་འབྱིན་དུས་ནི་སུམ་ཅུ་ཁ་རལ་ཚེ༔ གནམ་ལ་དམག་དཔོན་མཚོན་གྱི་མཇུག་ཅན་འཆར༔ བོད་དུ་དམ་ལོག་བདུད་ནག་ཕོ་མོ་བདུན༔ ཕྱི་ནང་བར་གསུམ་འཁྲུག་རྩོད་འཐབ་ར་བཅའ༔ དུས་འཁྲུག་མཚོན་གྱི་ཁྲག་ཆར་དམར་པོ་འབེབས༔ ནད་རིམས་གོད་ཕུང་ལོ་ཉེས་སྣ་ཚོགས་འབྱུང་༔ དེ་དུས་གཏེར་འདིའི་གདུལ་བྱ་དུས་ལ་བབས༔ འདི་ཉིད་དབང་སྐལ་བབས་པའི་གཏེར་སྟོན་ནི༔ འབྲོག་བན་ལོ་ཙཱའི་ཡང་སྲིད་སྦས་ཚུལ་ཅན༔ ང་ཡི་ཕྲིན་ལས་སྤྲུལ་པ་བདུད་འཇོམས་གླིང་༔ བདུད་བགེགས་རྒྱལ་བསེན་ཀུན་གྱི་ཁ་གནོན་ཡིན༔ སྐྱེས་མཆོག་དམ་པ་དེ་ལ་དབང་བའོ༔ ས་མོ་ལུག་ལོར་ཟབ་གཏེར་སྒོ་འབྱེད་དེ༔ ཤིང་མོ་གླང་ལོར་ཡི་གེར་ཕབ་ཙམ་ནས༔ བདུད་ཀྱི་སྡེ་དཔོན་བཅུ་གཉིས་རིམ་བཞིན་འཇོམས༔ ཞེས་མ་འོངས་བོད་ཁམས་ཐམས་ཅད་མཐའི་དམག་གིས་འཇོམས་པའི་ཚེ་དེ་འདུལ་བྱེད་ཀྱི་གཉེན་པོ་ཐུན་མོང་མ་ཡིན་པར་འགྱུར་བའི་ཐ་ཚིག་དང་བཅས་འབྲོག་བན་ཁྱེའུ་ཆུང་ལོ་ཙཱ་ལ་སྨོན་ལམ་ཟབ་མོའི་གཏད་རྒྱ་ཡོངས་སུ་རྫོགས་པར་མཛད། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས་དྷཱ་ཀི་གསང་བའི་བརྡ་ཡིག་ཏུ་བཀོད་ནས་རང་བྱུང་རྡོ་སྒྲོམ་སྨུག་པོར་བསྩལ་བ་ལྕགས་ཟངས་གསེར་གྱི་ཞུན་མས་བྱིལ་པོར་གཡོགས་ཏེ་ཁྱད་པར་འཕགས་པའི་དམ་རྫས་དང་བཅས། བོད་ཆེན་པོའི་ལྗོངས་ཀྱི་བྱེ་བྲག་རྗེ་བཙུན་ [16a] འཕགས་མའི་གནས་མཆོག་གསེར་སྨད་རྔ་རོལ་སྟག་རྩེའི་རི་བོའི་གཡས་ལོགས་དགེ་བསྙེན་གཡུ་ཕྲེང་ཅན་གྱི་མགུལ་ཤྭ་བྲག་རྡོ་རྗེའི་བྲག་ཏུ་རྒྱས་བཏབ་ནས་སྦས་ཤིང་གཏེར་སྲུང་དམ་ཅན་རྒྱ་མཚོར་གཉེར་དུ་བཅོལ་བར་མཛད་པ་ཉིད། འབྱུང་འགྱུར་འདུལ་བའི་དུས་ལ་བབས་པ་ན་འདོན་པའི་སྐྱེས་མཆོག་ནི། གཏེར་སྟོན་ཡོངས་ཀྱི་སྤྱི་མྱེས་འགྲོ་འདུལ་སངས་རྒྱས་བླ་མའི་གཏེར་ལུང་ལས། ལྔ་བརྒྱའི་ཐ་མར་ཁམས་ཀྱི་གསེར་ལུང་དུ༔ བདུད་འཇོམས་རྡོ་རྗེས་ཟབ་གཏེར་སྒོ་ཡང་འབྱེད༔ ཅེས་དང་། བདུད་འདུལ་རོལ་པ་རྩལ་གྱི་ལུང་བྱང་ལས། མ་འོངས་བསྐལ་པ་རྩུབ་འགྱུར་ཡང་མཐའི་དུས༔ པད་འབྱུང་ང་ཉིད་བདུད་འཇོམས་རྡོ་རྗེར་སྤྲུལ༔ ལུས་ལ་ལྟེ་སྨེ་སྙིང་གར་གྲུ་གསུམ་ཤར༔ རྣ་ལྟག་གཡས་སུ་སེང་རལ་སྨེ་བས་བརྒྱན༔ ཟབ་གཏེར་རྣམ་གསུམ་སྒོ་འབྱེད་འབྲེལ་ཚད་ཀུན༔ ལྷོ་ནུབ་པདྨ་འོད་དུ་ལམ་སྣ་འདྲེན༔ ཞེས་སོགས་གཏེར་ཁ་གསར་རྙིང་མང་པོ་ནས་ལུང་བསྟན་བསྔགས་པའི་གླིང་བུ་མགྲིན་གཅིག་ཏུ་བསྒྱུར་བ་གཏེར་འབྱིན་གྲུབ་པའི་འཁོར་ལོས་བསྒྱུར་བ་ཆེན་པོ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་དགུང་གྲངས་ཉེར་ལྔ་བཞེས་པ་ས་མོ་ལུག་གི་ལོ་མགོ་ཟླ་བའི་དམར་ཕྱོགས་ཀྱི་ཚེས་བཅུའི་ཉིན་ངོ་མཚར་བའི་ཆོ་འཕྲུལ་བསམ་གྱིས་མི་ཁྱབ་པ་དང་བཅས་སྤྱན་དྲངས་ཏེ་བགྲང་བྱ་དྲུག་གི་བར་དུ་ཤིན་ཏུ་གསང་བའི་དམ་ [16b] ཚིག་གི་རྒྱས་བཏབ། རིམ་པར་ཆོས་བདག་མ་མོ་མཁའ་འགྲོ་མ་རྣམས་ཀྱིས་རྗེས་སུ་བསྐུལ་བ་བཞིན་ཤོག་སེར་ཌཱ་ཀིའི་ཡི་གེ་ལས་མདོ་རྒྱས་འཚམས་པར་བརྡ་བསྒྱུར་ཏེ་གཏན་ལ་ཕབ་པའི་ཚེ་ནག་ཕྱོགས་ཐུལ་བའི་ལྟས་བཟང་ཁྱད་པར་ཅན་སྐལ་ལྡན་རྣམས་ཀྱི་མཐུན་སྣང་དུ་གྲུབ་ཅིང་། བསྙེན་སྒྲུབ་ཕྲིན་ལས་རྒྱ་མཚོས་གངས་ལྗོངས་དུས་ཀྱི་རྒུད་པ་སྤྱི་དང་ཁྱད་པར་གསང་ཆེན་བསྟན་པའི་འགལ་བྱེད་ཚར་བཅད་ཅིང་བསྟན་འགྲོའི་ཕན་བདེའི་ལང་ཚོ་གསར་དུ་སྤེལ་བར་མཛད་པའི་ཟབ་ཆོས་མཁའ་འགྲོའི་ཁ་རླངས་མ་ཡལ་བ་མཐུ་སྟོབས་བྱིན་རླབས་ཀྱི་གཟི་བྱིན་འགྲན་ཟླ་དང་བྲལ་བ་འདི་ཉིད་ཀྱི་དཀྱིལ་འཁོར་དུ་རྩ་བའི་དབང་བསྐུར་ཟབ་མོ་བསྒྲུབ་པ་ལ། སློབ་དཔོན་གྱི་བྱ་བ་དང་སློབ་མའི་བྱ་བ་གཉིས་ལས། བདག་ཉིད་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ལས་ཇི་ལྟར་འབྱུང་བ་བཞིན་ཆད་ལྷག་མེད་པར་སྔོན་དུ་སོང་གྲུབ། ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ལ་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་དང་ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་སུ་ཡོད་པ་ལས་ཐོག་མར་འཇུག་པའི་ཆོས་རྣམས་ཞུ་བའི་ཡོན་དུ་དམིགས་ཏེ་མཎྜལ་འབུལ་བར་འཚལ། ཞེས་ལོ་རྒྱུས་ཀྱིས་མཚམས་སྦྱར་ཏེ་མཎྜལ་འབུལ་དུ་གཞུག ། དེ་ལྟར་མཎྜལ་ཕུལ་ནས་ཁྱེད་རང་རྣམས་སྔོན་ཆད་གཉིས་འཛིན་གྱི་ཞེན་རྟོག་འཐུག་པོས་མིག་ལྡོངས་ཏེ་ཡང་གསར་བླ་ [17a] ན་མེད་པ་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མ་མཇལ་བའམ། མཇལ་ནའང་དཀྱིལ་འཁོར་སོ་མ་འདི་ཉིད་མ་མཇལ་བ་མཚོན་བྱེད་དུ་ཁ་ཚར་ཉམས་པའི་དར་ཡུག་དམར་པོ་རེས་གདོང་གཡོགས་བཅིང་བའི་མོས་པ་མཛོད། ཨོཾ་ཙཀྵུ་བྷནྡྷ་དྷ་ཝཱ་ར་མ་ཎ་ཡེ་སྭཧཱ༔ ཞེས་མིག་དར་བཅིང་། དཀྱིལ་འཁོར་གྱི་ལྷ་དང་མཇལ་བའི་ཚེ་ཕྱག་སྟོང་པར་མཇལ་དུ་མི་རུང་བས་ཨུ་དུམ་ཝ་ར་ལ་སོགས་པའི་མཆོག་གི་མེ་ཏོག་སྣ་ལྔའི་ཆུན་པོ་གསར་པ་རེ་ཕྱག་རྟེན་དུ་གཏད་པའི་མོས་པ་མཛོད། ཨཱ་ཁཾ་བི་ར་ཧཱུྃ༔ ཞེས་མེ་ཏོག་གཏད། གསུམ་པ་གསོལ་བ་གདབ་ཅིང་གནང་བ་སྦྱིན་པ་ནི། བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དབྱེར་མི་ཕྱེད་པ་ལ་དད་མོས་དྲག་པོས་སྙིམ་པ་མེ་ཏོག་དང་བཅས་པའི་ཐལ་མོ་སྦྱོར་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཧཱུྃ༔ གསང་བའི་དཀྱིལ་འཁོར་བླ་ན་མེད༔ དངོས་གྲུབ་ཆེན་པོ་འབྱུང་བའི་གནས༔ རྡོ་རྗེ་གསང་བའི་དཀྱིལ་འཁོར་འདིར༔ ཧེ་རུ་ཀ་དཔལ་ལས་ཀྱི་བདག༔ ཁྱེད་ཀྱིས་བདག་ཉིད་སྨིན་པར་མཛོད༔ སྲིད་པའི་རྡོ་རྗེ་བདག་ལ་སྩོལ༔ ཅེས་ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་སློབ་དཔོན་གྱིས་རིགས་དང་སྐལ་པ་དྲི་བའི་སྒོ་ནས་ལན་སྦྱིན་པ་ཡིན་ཏེ། ལེགས་འོངས་སྐལ་ལྡན་རིགས་ཅན་རྣམས། བླ་མེད་གསང་བའི་དཀྱིལ་འཁོར་འདིར༔ འཇུག་ཅིང་དམ་ལ་གནས་གྱུར་པའི༔ དབང་དང་སྐལ་ [17b] པར་ལྡན་ལགས་སམ༔ ཞེས་དྲིས་པའི་ལན་དུ་སླར་ཡང་ནན་ཏན་ཆེན་པོས་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ བདག་ཅག་སྐལ་ལྡན་སྒྲུབ་པ་པོ༔ ལྷ་དང་བླ་མ་དབྱེར་མི་ཕྱེད༔ བླ་མེད་རྡོ་རྗེ་ཕུར་པ་ཡི༔ དབང་གི་དཀྱིལ་འཁོར་འཇུག་པར་སྤྲོ༔ མི་གནས་བདེ་ཆེན་གྲོང་མཆོག་ཏུ༔ སློབ་དཔོན་ཁྱེད་ཀྱིས་བདག་གཞུག་གསོལ༔ ཞེས་ལན་གསུམ་ཞུས་པའི་ལན་དུ། དེང་འདིར་གསང་ཆེན་དཀྱིལ་འཁོར་དུ༔ ཁྱེད་རྣམས་འཇུག་པར་སྤྲོ་བ་ནི༔ གསང་བའི་དམ་ཚིག་ཚུལ་མཐའ་དག༔ མི་འབྲལ་རྩེ་གཅིག་བློ་ཡིས་ཟུངས༔ ཞེས་གདམས། བཞི་པ་རྒྱུད་སྦྱོར་བའི་ཕྱིར་སྐྱབས་སེམས་ཚོགས་བསགས་དང་། ལྔ་པ་སྡོམ་པ་བཟུང་བ་རྣམས་སྟ་གོན་གྱི་སྐབས་བཞིན་བྱ། དྲུག་པ་གསང་སྔགས་ནང་གི་སེམས་བསྐྱེད་པ་ནི། དེ་ནས་གསང་སྔགས་ནང་གི་སེམས་བསྐྱེད་པའི་སླད་དུ། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་གྱི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་ངོ་བོ་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་ནས་འབྲས་ཙམ་གྱི་ལྟེ་བར་དྭངས་མ་ལྔ་ལྡན་གྱི་ཐིག་ལེར་ཧཱུཾ་སྔོན་པོ་སྤུས་བྲིས་པ་ལྟ་བུ་ཞིག་གི་གཟུགས་སུ་གནས་པར་མོས་ལ་ཐམས་ཅད་རྣལ་འབྱོར་དུ་སེམས་བསྐྱེད་པ་འདིའི་རྗེས་ཟློས་མཛོད། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུཏྤཱ་ད་ཡཱ་མི༔ ལན་གསུམ། སེམས་བསྐྱེད་པ་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། རྡོ་རྗེ་མེ་ཏོག་དང་བཅས་པ་སྙིང་གར་བཞག་སྟེ། བོ་དྷི་ཙིཏྟ་ས་མ་ཡ་སྟྭཾ༔ ཞེས་ [18a] བརྟན་པར་བྱ། བདུན་པ་སྒོ་བཞི་ནས་འཇུག་ཅིང་ཕྱག་བྱ་བ་ནི། སློབ་དཔོན་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་ཐུགས་ཀ་ནས་ཚད་མེད་པ་བཞིའི་ཡེ་ཤེས་ཀྱི་རང་གཟུགས་སུ་ཕྱེ་བའི་ལས་ཀྱི་རྡོ་རྗེས་ཕྱག་གིས་ཁྲིད་དེ་དཀྱིལ་འཁོར་གྱི་ནང་དུ་དྲངས་པའི་མོས་པ་མཛོད། སློབ་དཔོན་གྱི་ཕྱག་གི་རྡོ་རྗེ་ལ་འཇུར་བཅུག་ནས། ཛཿཧཱུྃ་བཾ་ཧོཿ ཡེ་ཤེས་རང་གསལ་གྱི་སྒོ་བཞི་ཤག་གིས་ཕྱེ་བར་གྱུར། བྷཱུཾ་པྲ་བེ་ཤ་ཡ་ཕཊ༔ ཅེས་ཡོལ་བ་བསལ། ཁྱེད་རང་རྣམས་དཀྱིལ་འཁོར་པ་ལ་དད་པའི་ཡིད་ཀྱིས་བསྐོར་བ་ལན་གསུམ་བྱས་ཏེ་ཤར་ཁྱམས་སུ་གནས་པས་ལྷ་ཚོགས་ཐམས་ཅད་ལ་ཕྱག་འཚལ་བའི་མོས་པ་དང་བཅས་ཐལ་མོ་སྤྱི་མགྲིན་སྙིང་གར་བཏུད་ནས་འདིའི་རྗེས་ཟློས་མཛོད། ཨོཾ་ན་མ་སྟེ་ཧཱུྃ༔ ཨོཾ་ནམ་མཱི་ཧཱུྃ༔ ཨོཾ་ན་མོ་ན་མཿཧཱུྃ༔ ཞེས་ལན་གསུམ་བྱའོ། །གཉིས་པ་ནང་འཇུག་ལ་ལྔ་ལས། དང་པོ་དམ་ལ་བཞག་པ་ནི། དེ་དག་གིས་ཕྱི་མཚན་མའི་དཀྱིལ་འཁོར་དུ་འཇུག་པའི་རིམ་པ་རྣམས་སོང་། དེ་ནས་ནང་ཡེ་ཤེས་ཀྱི་དཀྱིལ་འཁོར་དུ་འཇུག་པའི་ཐོག་མར་སྦྱོར་བ་དམ་ལ་བཞག་པ་ལ། དེ་ཡང་གསང་སྔགས་ཀྱི་གཞི་དབང་ལ་བརྟེན་ཀྱང་དབང་གི་སྲོག་དམ་ཚིག་ལ་རག་ལས་པས་ན་རྩ་བ་དང་ཡན་ལག་གིས་བསྡུས་པའི་དམ་ཚིག་གི་གནས་ལ་ཚུལ་བཞིན་དུ་སློབ་ཅིང་བཟུང་བས་ནི་མཆོག་དང་ཐུན་མོང་གི་དངོས་གྲུབ་ཐམས་ [18b] ཅད་དཀའ་བ་མེད་པར་འགྲུབ་པར་འགྱུར་བ་ཡིན་ཅེས་ཕན་ཡོན་གཙོ་བོར་བཤད་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་མགོར་བཞག་ལ། སྐལ་ལྡན་རྡོ་རྗེ་ལེགས་པར་ཉོན༔ དེང་ཁྱོད་བདེ་གཤེགས་ཐམས་ཅད་ཀྱི༔ རིགས་ནི་ཁྱོད་ལ་ཡང་དག་བཞུགས༔ རྡོ་རྗེ་སློབ་དཔོན་བདག་གིས་ནི༔ བཅོམ་ལྡན་རྡོ་རྗེ་གཞོན་ནུ་ཡི༔ ཡེ་ཤེས་ཁྱོད་ལ་བསྐྱེད་པར་བྱ༔ ཡེ་ཤེས་ཁྲོ་བོའི་དཀྱིལ་འཁོར་གྱི༔ དངོས་གྲུབ་ཆེན་པོ་ཐོབ་བྱེད་ན༔ ཕྲིན་ལས་གཞན་ལྟ་སྨོས་ཅི་དགོས༔ ཁྱོད་ཀྱི་དཀྱིལ་འཁོར་མ་མཐོང་བའི༔ དྲུང་དུ་ཚུལ་འདི་མ་སྨྲ་ཞིག༔ ཅེས་དང་། སྣོད་མ་ཡིན་པ་ལ་གསང་བ་བསྒྲགས་པ་སོགས་དམ་ཚིག་ལས་འགལ་ན་མི་བཟད་པའི་སྡུག་བསྔལ་ཆེན་པོ་ཉམས་སུ་མྱོང་བར་འགྱུར་བ་ཡིན་ཅེས་ཉེས་དམིགས་གཙོ་བོར་བཤད་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་སྙིང་གར་བཞག་ལ། དེ་རིང་རྡོ་རྗེ་གཞོན་ནུ་ཆེ༔ ཁྱོད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ ཞེས་དང་། དམ་ཚིག་བདུད་རྩིའི་ཆུ་ནན་འདི་ཉིད་ལྕེ་ལ་བཞག་ཀྱང་སྙིང་ནང་དུ་ཐིམ་སྟེ་ཧཱུཾ་མཐིང་ནག་གི་རྣམ་པར་གནས་པ་ལས། དམ་ཚིག་བསྲུངས་ན་ཡེ་ཤེས་སེམས་དཔའ་རྡོ་རྗེ་སེམས་དཔའི་ངོ་བོར་གྱུར་ནས་བྱིན་གྱིས་རློབ་ཅིང་མཆོག་ཐུན་གྱི་དངོས་གྲུབ་འབད་མེད་དུ་ཐོབ་པར་འགྱུར་བ་དང་། དམ་ལས་འགལ་ན་ཁྲོ་བོ་རྡོ་རྗེ་གནོད་སྦྱིན་ལྕགས་སྡིག་མགོ་དགུ་པའི་རྣམ་ [19a] པས་སྲོག་གཅོད་ཀྱི་གཤེད་མར་གྱུར་ནས་ཚེ་འདིར་མཐོང་ཆོས་ཀྱི་འབྲས་བུ་མི་བཟད་པ་དང་བཅས་ཕྱི་མར་མནར་མེད་པའི་དམྱལ་མེས་རབ་ཏུ་བསྲེག་པར་འགྱུར་བས་ན། ལེགས་ཉེས་ཀྱི་ཤན་འབྱེད་ཁྲིམས་དབང་ལྟ་བུ་སྟེ་ཕན་ཡོན་དང་ཉེས་དམིགས་གཉིས་ཀ་བསྟན་པའི་སྒོ་ནས་དམ་ལ་བཞག་པ་ནི། དམ་ཆུ་བདུད་རྩི་སྦྱིན་ལ། འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ ཁྱོད་ཀྱི་ལྕེ་ལ་བཞག་པ་ཡིས༔ དམ་ཚིག་གཉན་པོའི་སྲོག་ཐོབ་ཟིན༔ བསྲུང་ན་ཚེ་འདིར་སངས་རྒྱས་ཐོབ༔ ཉམས་ན་རྡོ་རྗེའི་དམྱལ་བར་ལྟུང༔ དེ་ཕྱིར་དམ་ཚིག་གཉན་པོ་སྲུངས༔ བཛྲ་ས་མ་ཡ་པཉྩ་ཨ་མྲྀ་ཏ་ཨུད་ཀ་ན་རཀ་ཋཋ༔ ཞེས་དང་། རྡོ་རྗེ་སློབ་དཔོན་ནི་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་ཆེན་པོར་ངེས་པའི་ཕྱིར་དེ་ཉིད་ཀྱི་སྐུ་གསུང་ཐུགས་ཀྱི་དམ་ལས་འགལ་བར་གྱུར་ན་མ་ལུས་པའི་དཀྱིལ་འཁོར་ཐམས་ཅད་དུས་གཅིག་ལ་སྤང་བར་འགྱུར་ཞིང་མི་བཟད་པའི་ཉམས་པ་ཆེན་པོར་འགྱུར་བ་ཡིན་ཅེས་སློབ་དཔོན་བཀའ་གཉན་པར་བསྟན་པའི་སྒོ་ནས་དམ་ལ་བཞག་པ་ནི། རྡོ་རྗེ་གདེངས་ཤིང་སྤྱི་བོར་བཞག་ལ། དེང་ནས་བརྩམས་ཏེ་བུ་ཁྱོད་ཀྱི༔ རྡོ་རྗེ་གཞོན་ནུ་ང་ཡིན་གྱི༔ ང་ཡིས་ཇི་ལྟར་བསྒོས་པ་རྣམས༔ བརྩོན་པས་ཁྱོད་ཀྱིས་བྱེད་དགོས་སོ༔ ཁྱོད་ཀྱིས་ང་ལ་སྨད་མི་བྱ༔ གང་ཡང་ང་ལ་མ་གུས་མིན༔ གལ་ཏེ་གུས་པར་མ་བྱས་ན༔ སེམས་ [19b] ཅན་དམྱལ་བ་ཆེན་པོར་ལྟུང་༔ ཞེས་བསྒྲགས། དེང་ཕྱིན་ཆད་བླ་མ་དཔལ་ཆེན་པོས་ཇི་ལྟར་བསྒོས་པའི་དམ་ལས་ནམ་ཡང་མི་འདའ་བར་རྡོ་རྗེའི་ཐ་ཚིག་ལ་རབ་ཏུ་གནས་པར་བགྱིའོ་སྙམ་པས་བྲོ་བོར་བ་འདིའི་རྗེས་ཟློས་མཛོད། བཛྲ་ས་མ་ཡ་ན་ར་ཀན༔ ཞེས་བྲོ་བསྐྱལ་ལོ། །གཉིས་པ་ཡེ་ཤེས་དབབ་པ་ནི། དེ་ནས་ནང་འཇུག་གི་དངོས་གཞི་ཡེ་ཤེས་པ་དབབ་པར་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་ཁྲོ་རྒྱལ་འབར་བའི་གཙོ༔ ཁྱོད་ཀྱི་རྡོ་རྗེའི་ཡེ་ཤེས་དེ༔ བདག་གི་སྙིང་གི་དབུས་ཉིད་ན༔ ཉེ་བར་དབབ་པར་མཛད་དུ་གསོལ༔ ལན་གསུམ། ད་ནི་དབང་གི་གཞིའམ་རྩ་བར་གྱུར་པ་ཡེ་ཤེས་པ་དབབ་པ་ཡིན་པས་ཁྱེད་རང་རྣམས་ལུས་གནད་སྐྱིལ་ཀྲུང་དྲང་པོར་སྲོང་། ངག་གནད་སྲོག་རྩོལ་ཁ་སྦྱོར་དུ་ཆིངས། སེམས་ཀྱི་གནད་གཞན་དུ་མ་ཡེངས་པར་དམིགས་པ་འདི་རྩེ་གཅིག་ཏུ་སྒོམས་ཤིག །ཤུ་ནྱ་ཏས་བསང་སྦྱང་། ཁྱེད་རང་རྣམས་ཀྱི་ཕུང་ཁམས་སྐྱེ་མཆེད་ཀྱིས་མཚོན་པའི་གཟུང་འཛིན་གྱི་སྣང་བ་ཐམས་ཅད་མི་དམིགས་ཏེ་འོད་གསལ་སྟོང་པ་ཉིད་ཀྱི་ངང་ལས། སྣོད་རྣམ་པར་དག་པ་སའི་ཕྱོགས་འདི་དག་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་ཡེ་ཤེས་རང་སྣང་གི་གཞལ་མེད་ཁང་དབྱིབས་དང་རྒྱ་ཁྱོན་བཀོད་པ་ཚད་མེད་པས་མངོན་པར་འཕགས་པའི་དབུས་སུ་སྣ་ཚོགས་པདྨ་ཉི་ཟླའི་དཀྱིལ་འཁོར་གྱི་སྟེང་དུ། བཅུད་རྣམ་པར་དག་པ་ཁྱེད་རང་རྣམས་ཀྱི་སེམས་ཉིད་རྣམ་པར་མི་རྟོག་པའི་ངོ་བོ་ཡི་གེ་ཧཱུཾ་མཐིང་ནག་ལས་རྡོ་རྗེ་སྔོན་པོ་རྩེ་དགུ་པ་སྟེ་བར་ཧཱུཾ་ [20a] གིས་མཚན་པར་གྱུར། དེ་ལས་འོད་ཟེར་འཕྲོས་འཕགས་པ་མཆོད་སེམས་ཅན་གྱི་དོན་བྱས་ཚུར་འདུས་ཡོངས་སུ་གྱུར་པ་ལས། ཁྱེད་རང་རྣམས་སྐད་ཅིག་གིས་དཔལ་རྡོ་རྗེ་གཞོན་ནུ་སྐུ་མདོག་མཐིང་ནག་བསྐལ་པའི་མེ་ལྟར་འབར་བའི་གཟི་བརྗིད་ཅན། དབུ་གསུམ་གྱི་རྩ་ཞལ་མཐིང་ག་གཏུམ་ལ་རྔམས་པ། གཡས་ཞལ་དཀར་པོ་སྒེག་ཅིང་བཞད་པ། གཡོན་ཞལ་དམར་པོ་ཁྲོ་ཞིང་ཆགས་པ། ཞལ་རེ་རེ་ལ་དམར་ལ་ཟླུམ་པའི་སྤྱན་གསུམ་གསུམ་སྡང་མིག་ཏུ་འཁྱིལ་བ། རྣམ་པར་འགྱུར་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། གློག་ལྟར་འཁྱུགས་པའི་ལྗགས་འདྲིལ་ཞིང་རྡོ་རྗེའི་གད་མོས་ས་གསུམ་གཡོ་བ། ཁྲོ་གཉེར་བསྡུས་པའི་ཤངས་ནས་མི་བཟད་པའི་རླུང་སྒྲ་འབྱིན་པ། དབུ་སྐྲ་དང་སྨར་སྨིན་དམར་སེར་དུས་ཀྱི་མེ་ལྕེ་ལྟར་བསྐྱོད་པ། སྐུ་ཆེ་ཞིང་ཡན་ལག་རགས་པ་ལང་ཚོ་རྒྱས་པའི་འགྱུར་བག་ཅན། ཕྱག་དྲུག་གི་དང་པོ་གཉིས་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་དགུ་པ་དང་མེ་དཔུང་། བར་པ་གཉིས་རྡོ་རྗེ་རྩེ་ལྔ་པ་དང་ཁ་ཊྭཱཾ་ཀ་གདེངས་སྟབས་སུ་འཛིན་པ། ཐ་མ་གཉིས་ཐུགས་ཀར་རི་རབ་ཀྱི་ཕུར་བུ་འདྲིལ་བ། ཞབས་བཞི་གཡས་བསྐུམ་ཞིང་གཡོན་བརྐྱང་པའི་གྱད་ཆེན་པོའི་སྟབས་ཀྱིས་དྲེགས་པ་ཕོ་མོའི་མགོ་བོ་དང་ནུ་མ་ནས་བརྫིས་པ། ཐོད་པ་སྐམ་པོ་རིན་པོ་ཆེའི་རྩེ་ [20b] བྲན་ཅན་གྱི་དབུ་རྒྱན་དང་། ཚར་གསུམ་ཐོད་པའི་ཕྲེང་བ་རྒྱུ་རློན་ལ་བརྒྱུས་པའི་དོ་ཤལ་ཅན། ཞིང་ཆེན་དང་གླང་པོ་ཆེའི་ཀོ་བས་སྟོད་གཡོགས་ཤིང་སྟག་གི་ལྦགས་པས་ཤམ་ཐབས་འཕྱང་བ། གདུག་པའི་སྦྲུལ་རིགས་ལྔ་དང་རུས་པའི་ཕྱག་རྒྱ་དྲུག་གིས་བརྒྱན་པ། ཁྲག་ཞག་ཐལ་བས་བྱུགས་ཤིང་རྡོ་རྗེའི་གཤོག་པ་སོགས་དཔལ་གྱི་ཆས་རྣམས་རྫོགས་པ། དེའི་པང་དུ་ཡུམ་འཁོར་ལོ་རྒྱས་འདེབས་མ་སྐུལ་མདོག་མཐིང་སྐྱ་གཅེར་བུ་སྐྲ་གྲོལ་ཞིང་ལང་ཚོས་སྒེག་པ། གཡས་ཁ་ཊྭཱཾ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་གཡོན་པས་དུང་ཁྲག་ཞལ་དུ་སྟོབ་པ། ཞབས་གཡོན་བསྐུམ་པས་ཡབ་ཀྱི་སྐེད་ལ་འཁྲིལ་ཞིང་གཡས་བརྐྱང་པའི་སྟབས་ཀྱིས་སྙོམས་པར་འཇུག་པ། གཟིག་ཤམ་དང་རུས་པའི་རྒྱན་གྱིས་སྤྲས་པ། གཉིས་ཀའང་སྣང་སྟོང་དབྱེར་མེད་གར་དགུའི་ཉམས་འགྱུར་མཆོག་ཏུ་རྒྱས་པ། བཟོད་པར་དཀའ་བའི་གཟི་བརྗིད་ཉི་མ་འབུམ་གྱི་འོད་ཟེར་ལྟར་འབར་ཞིང་ཡེ་ཤེས་ཀྱི་མེ་དཔུང་ཆེན་པོའི་ཀློང་ན་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཆེ་བའི་ཡོན་ཏན་ཡོངས་སུ་རྫོགས་པའི་བདག་ཉིད་ཅན་དུ་གསལ་བའི་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། ཐུགས་ཀའི་སྟོད་དུ་ཧཱུཾ་སྔོན་པོ་རྣམས་ཀྱིས་མཚན་པ་དང་། ཡབ་ཀྱི་ཐུགས་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པའི་དབུས་སུ་པདྨ་དང་ཟླ་བའི་གདན་ལ་ཡེ་ཤེས་སེམས་ [21a] དཔལ་རྡོར་སེམས་མཐིང་གསལ་ཞལ་གཅིག་ཕྱག་གཉིས་རྡོར་དྲིལ་འཛིན་ཅིང་ཞབས་བརྐྱང་བསྐུམ་དུ་བཞུགས་པ་རྒྱན་ཆ་ལུགས་ཡོངས་སུ་རྫོགས་པའི་ཐུགས་ཀར་ཉི་མ་ལ་གནས་པའི་ཏིང་འཛིན་སེམས་དཔའ་རྡོ་རྗེ་སྔོན་པོ་རྩེ་དགུ་པའི་ལྟེ་བར་ཐབས་ཤེས་ཉི་ཟླའི་གའུ་ཁ་སྦྱོར་གྱི་ནང་དུ་སྲོག་གི་སྙིང་པོ་ཧཱུཾ་ཡིག་མཐིང་ག་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་བཻཌཱུརྱ་ཞུན་མའི་མདངས་ཅན་གཡས་བསྐོར་དུ་འཁོད་པར་གསལ་ཐོབ། རྒྱུད་རྣམ་པར་དག་པ་ཡེ་ཤེས་ལྷའི་གཟི་བྱིན་དབབ་པའི་སླད་དུ་སློབ་དཔོན་ལ་དཔལ་ཆེན་རྡོ་རྗེ་གཞོན་ནུ་དངོས་ཡིན་སྙམ་པའི་གུས་འདུད་དྲག་པོས་གསོལ་བ་བཏབ་པ་ལ་བརྟེན་ནས། སློབ་དཔོན་གྱི་ཐུགས་ཀ་ནས་འོད་ཟེར་གྱི་སྣང་བ་ཆོས་ཀྱི་དབྱིངས་ཀུན་ཏུ་ཁྱབ་པར་འཕྲོས་པས། འོག་མིན་སྐུ་གསུམ་གྱི་ཞིང་ཁམས་རབ་འབྱམས་ནས་བླ་མ་རིག་འཛིན་ཡི་དམ་ཞི་ཁྲོ་དཔའ་བོ་མཁའ་འགྲོ་རྣལ་འབྱོར་མ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་ཐམས་ཅད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་ཀྱི་སྐུར་བཞེངས་ཏེ་སྐུ་གསུང་ཐུགས་ཀྱི་དབང་བྱིན་དངོས་གྲུབ་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་བྱོན་ནས་ཁྱེད་རང་རྣམས་ལྷར་གསལ་བའི་སྐུ་ལུས་ཀྱི་ཆ་ཐམས་ཅད་དང་ཁྱད་པར་སྙིང་གའི་ཏིང་འཛིན་སེམས་དཔའ་ལ་སིབ་སིབ་ཐིམ་པས་རྒྱུད་ཡེ་ཤེས་ཆེན་པོར་བྱིན་གྱིས་བརླབས་པའི་མོས་འདུན་དྲག་པོ་ [21b] བསྐྱེད་ཅིག །ཅེས་བརྡ་སྤྲད་ལ། གཞོན་ནུ་མའི་འདོམ་རས་རྡུལ་གྱིས་སྦགས་པ་དང་། བདུད་རྩི་ལྔ། བྱི་ལ་ནག་པོའི་བྲུན། རའི་རྐང་ལག་གི་ཉྭ་བཞིའི་ཤ ། གུ་གུལ་ནག་པོ་རྣམས་དྲི་བཟང་པོའི་སྤོས་དང་སྦྱར་བ་ཡི་དྭགས་ཀྱི་མེ་ལ་བསྲེགས་པའི་དུད་པས་བདུག །རོལ་མོའི་སྒྲ་དང་བཅས་ལས་གཞུང་གི་བྱིན་འབེབས་དང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཨཱ་བེ་ཤ་ཡ་ཨ་ཨཱཿཔྲ་བེ་ཤ་ཡ༔ པྲ་བེ་ཤ་ཡ༔ ས་མ་ཡ་ཕེཾ་ཕེཾ༔ ས་མ་ཡ་ཛཿཧཱུྃ་བཾ་ཧོཿ ཞེས་དྲག་ཏུ་བརྗོད་ལ་བྱིན་དབབ། བྱིན་ཕེབས་པ་ན། དེ་ལྟར་དབབ་པའི་ཡེ་ཤེས་པའི་བྱིན་རླབས་ཀྱི་རྒྱུན་དེ་ཉིད་ཇི་སྲིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྒོ་གསུམ་ལ་བརྟན་པར་བྱས་པར་མོས་ཤིག །མེ་ཏོག་དང་བཅས་པའི་རྡོ་རྗེ་སྤྱི་བོར་རྒྱ་གྲམ་དུ་བཞག་སྟེ། ཏི་ཥྛ་བཛྲ༔ ཞེས་བརྟན་པར་བྱ། གསུམ་པ་མེ་ཏོག་དོར་བ་ནི། ཚོམ་བུའི་དཀྱིལ་འཁོར་འདུ་བྱས་ལ། དེ་ནས་རིགས་བརྟན་པར་བྱ་བའི་སླད་དུ། ཁྱེད་རང་རྣམས་ལ་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རང་གི་ཚེ་རབས་སྔོན་ནས་བསྙེན་ཅིང་སྒྲུབ་པའི་ལས་འཕྲོ་གང་ལ་ཡོད་པའི་ལྷ་དེ་ལ་ཕོག་པར་ཤོག་ཅིག་སྙམ་པས་ཚིག་འདིའི་རྗེས་ཟློས་དང་བཅས་དཀྱིལ་འཁོར་དུ་འདོར་བར་མཛོད། ཧོཿ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ གསང་སྔགས་ཟབ་མོའི་བྱིན་རླབས་ཀྱིས༔ རྟེན་འབྲེལ་རྫས་ཀྱི་མེ་ཏོག་འདི༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ལྷག་པའི་ལྷ་ལ་ཕོག་པར་ཤོག༔ བཛྲ་པུཥྛ་པྲཏི་ཙྪ་ཧོཿ ཞེས་དངོས་སུ་དཀྱིལ་འཁོར་ལ་འདོར་རྒྱུ་ཡིན་ཀྱང་འཇུག་པ་བདེ་བའི་ཕྱག་ལེན་དུ་མཎྜལ་ཚོམ་བུ་ཅན་ནམ་རིགས་ལྔའི་ཕྱག་མཚན་བཀྲམ་པ་དཀྱིལ་འཁོར་དང་རོ་ཅིག་ཏུ་མོས་ [22a] ནས་དེར་དོར་བ་ཡིན་ཅིང་། དབུས་སུ་བབས་ན་རྡོ་རྗེ་གཞོན་ནུ་བརྩལ། ཤར་དུ་རྡོ་རྗེ་ཐུགས་མཆོག་བརྩལ། ལྷོར་རིན་ཆེན་ཡོན་ཏན་བརྩལ། ནུབ་ཏུ་པདྨ་བདེ་བ་བརྩལ། བྱང་དུ་ཕྲིན་ལས་གྲུབ་བརྩལ། ཤར་ལྷོར་རྡོ་རྗེ་གསང་བདག་བརྩལ། ལྷོ་ནུབ་ཏུ་རྡོ་རྗེ་དྲག་པོ་བརྩལ། ནུབ་བྱང་དུ་རྡོ་རྗེ་མེ་ཏོག་བརྩལ། བྱང་ཤར་དུ་རྡོ་རྗེ་སྟོབས་མཆོག་བརྩལ་རྣམས་དང་། བུད་མེད་རིགས་ལ། འཁོར་ལོའི་དབང་ཕྱུག་མ། རྡོ་རྗེ་བདུད་འདུལ་མ་སོགས་རིགས་འགྲེ་བས་གདགས་པའམ། སྤྱི་ཙམ་དུ། དེ་ལྟར་ཁྱེད་རང་རྣམས་ཀྱི་མེ་ཏོག་དབུས་དང་ཕྱོགས་མཚམས་གང་དུ་ཕོག་ཀྱང་འདྲ་སྟེ། ཐམས་ཅད་དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་དཔལ་ཆེན་གཙོ་བོའི་ཐུགས་ཀ་ཁོ་ནར་བབས་པ་ཡིན་ཏེ། འཁོར་གྱི་ཚོམ་བུར་སྣང་བ་ཐམས་ཅད་ཀྱང་གཙོ་བོའི་ཡེ་ཤེས་ཀྱི་རང་མདངས་གང་འདུལ་གྱི་རོལ་པར་འཆར་བ་ཡིན་པའི་ཕྱིར། ཁྱེད་ཅག་རྣམས་ཀྱི་ལྷག་པའི་ལྷ་སྐལ་དུ་ཡི་དམ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཉིད་ཟུངས་ལ་ཚུལ་བཞིན་བསྙེན་ཅིང་སྒྲུབ་པར་གྱིས་ཤིག །ཅེས་བརྗོད། ལྷ་དང་མི་འབྲལ་ཞིང་རང་རྒྱུད་བྱིན་གྱིས་བརླབས་པའི་བརྡར་མེ་ཏོག་དེ་ཉིད་སླར་ཡང་དབང་རྟགས་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཧཱུྃ༔ ཅོད་པན་འདི་ནི་དཔའ་བའི་རྟགས༔ ཡི་དམ་ལྷ་དང་སྐལ་པ་མཉམ༔ འཁོར་ལོས་སྒྱུར་རྒྱལ་ཇི་བཞིན་དུ༔ ཆོས་ཀྱི་རྒྱལ་སྲིད་དབང་བསྐུར་རོ༔ ཨོཾ་པཉྩ་ཨངྐ་ར་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མེ་ཏོག་སྤྱི་བོར་བཞག །བཞི་པ་མིག་དབྱེ་བ་ནི། སློབ་དཔོན་གྱི་ཐུགས་ [22b] ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་པས་ཁྱོད་རང་རྣམས་ཀྱི་མ་རིག་པའི་སྒྲིབ་གཡོགས་གཉིས་འཛིན་བདེན་རྟོག་གི་ལིང་ཏོག་དེ་ཉིད་མིག་དར་དང་ལྷན་ཅིག་ཏུ་བསལ་བས་དྲི་མེད་ཡེ་ཤེས་ཀྱི་སྤྱན་ཐོབ་པའི་མོས་པ་མཛོད། གསེར་ཐུར་ཐོགས་ལ། ཧོཿ བདེ་གཤེགས་སྙིང་པོ་སངས་རྒྱས་ཀྱི༔ ཞལ་རས་བསྒྲིབས་པའི་བག་ཆགས་སྒྲིབ༔ མ་རིག་ལིང་ཏོག་དྲི་མ་བསལ༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་གྱི༔ རང་ཞལ་མཇལ་ཏེ་འཚང་རྒྱ་ཤོག༔ ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་གདོང་གཡོགས་བསལ། ལྔ་པ་མཐོང་བ་བསྟན་པ་ནི། རྡོ་རྗེའམ་ཕྱག་ཤིང་གིས་མཚོན་ཏེ། དེ་ལྟར་ཡེ་ཤེས་ཀྱི་མིག་གསར་དུ་ཐོབ་པ་དེ་ལ་མཐོང་བ་བསྟན་པར་བྱ་བ་ཡིན་ཏེ། ད་ནི་དད་པའི་ཤུགས་ཀྱིས་སུ༔ དཀྱིལ་འཁོར་འདི་དེ་ཉིད་ལ་ལྟོས༔ ཁྱོད་ནི་སངས་རྒྱས་རིགས་སུ་སྐྱེས༔ སྔགས་དང་ཕྱག་རྒྱས་བྱིན་གྱིས་བརླབས༔ དངོས་གྲུབ་ཀུན་ཀྱང་ཕུན་སུམ་ཚོགས༔ དམ་ཚིག་མཆོག་ཏུ་ཁྱོད་འགྱུར་གྱི༔ རྡོ་རྗེ་པདྨ་ཆེ་གྲོལ་ལས༔ གསང་སྔགས་རྣམས་ལ་བསྒྲུབ་པར་གྱིས༔ ཞེས་བལྟ་བར་བསྐུལ་ནས། མདུན་གྱི་དཀྱིལ་འཁོར་སྲུང་བའི་གུར་ཁང་དུར་ཁྲོད་བརྒྱད་དང་བཅས་པ་གཟུང་འཛིན་འཁྲུལ་རྟོག་གི་བདུད་བཅོམ་ཞིང་ཚོགས་བརྒྱད་དག་པའི་དབུས་སུ། དུར་ཁྲོད་འབར་བའི་གཞལ་ལས་ཁང་རྒྱན་དང་མཚན་ཉིད་ཡོངས་སུ་ [23a] རྫོགས་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་རྣམ་པར་དག་པའི་ནང་དུ། ང་བདག་ཉོན་མོངས་དག་པ་རཱུ་དྲ་དང་མ་ཆགས་ཐབས་ཤེས་པདྨ་ཉི་ཟླའི་གདན་ལ། དཀྱིལ་འཁོར་གཙོ་བོ་རྡོ་རྗེ་གཞོན་ནུ་ཡབ་ཡུམ་སངས་རྒྱས་ཐམས་ཅད་འདུས་པའི་བདག་ཉིད་ཡིད་ཆོས་རྣམ་པར་དག་པའི་རང་བཞིན་ཅན། དུག་ལྔ་རྣམ་པར་དག་པ་ཡེ་ཤེས་ལྔའི་ངོ་བོ་ཀཱི་ལ་རིགས་ལྔ། ས་བཅུའི་དབང་ཕྱུག་ཞིང་བཅུ་སྒྲོལ་བའི་ཕྱིར་ཁྲོ་བོ་བཅུར་བསྟན་པ་ལ་མི་དགེ་བ་བཅུ་གནས་སུ་དག་ནས་ཕར་ཕྱིན་བཅུའི་དོན་མཐར་ཕྱིན་པའི་ཡུམ་ཁྲོ་མོ་བཅུས་རྣམ་པར་འཁྱུད་པ། ཉོན་མོངས་ཉི་ཤུ་རྣམ་པར་དག་པའི་ཁྲ་ཐབས་ཉི་ཤུ་གཡས་གཡོན་དུ་འགྱེད་པ། སྐུ་གསུང་ཐུགས་ཀྱི་ཕྲིན་ལས་གང་འདུལ་དུ་རོལ་པའི་སྲས་མཆོག་ཉེར་གཅིག །ཚད་མེད་པ་བཞིའི་ཕྲིན་ལས་བཞི་སྒྲུབ་པའི་སྒོ་སྐྱོང་བཞི། ཕུང་ཁམས་རྟོག་ཚོགས་རྣམ་པར་དག་པ་དམ་ཅན་ཕུར་སྲུང་ཕོ་ཉའི་རང་བཞིན་སྟེ། མདོར་ན་སློབ་དཔོན་ལུས་དཀྱིལ་བདག་ཉིད་རྩ་བའི་དཀྱིལ་འཁོར། དེའི་འཁོར་དུ་ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར། མདུན་གྱི་དཀྱིལ་འཁོར་མཚན་མ་རྫས་ཀྱི་དཀྱིལ་འཁོར་ཏེ། ཡེ་ཤེས་ཀྱི་རང་སྣང་གཅིག་ལས་ཐ་དད་པའི་ཚུལ་གྱིས་ཆུ་ཟླའི་གཟུགས་བརྙན་བཞིན་ཤར་བ་དེ་ཉིད་མངོན་སུམ་དུ་མཇལ་བས་མཚོན་བྱེད་དཔེའི་དཀྱིལ་འཁོར་དེས་མཚོན་བྱ་རང་བྱུང་ཡེ་ཤེས་ [23b] ཀྱི་དཀྱིལ་འཁོར་མཐོང་བའི་རྒྱུར་བྱས་ཏེ་ཕྱི་ནང་གི་འཛིན་རྟོག་ཐམས་ཅད་ལྷ་དང་ཡེ་ཤེས་ཀྱི་རོལ་པར་ཤར་བའི་མོས་པ་མཛོད་ཅིག །ཅེས་དཀྱིལ་འཁོར་དོན་བསྡུས་སུ་ངོ་སྤྲད། དེ་རྣམས་ཀྱིས་ལྷ་དང་སྐལ་བ་མཉམ་པར་བྱ་བའི་ཕྱིར་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་གྲུབ་པ་ལགས། །གཉིས་པ་ཞུགས་པའི་དཀྱིལ་འཁོར་དུ་དབང་བསྐུར་བ་ལ་གསུམ། སྟོད་ལས་མཆོག་སྒྲུབ་ཀྱི་དབང་། སྨད་ལས་དགྲ་བགེགས་སྒྲོལ་དབང་། མཐའ་རྟེན་ཚེའི་དབང་བསྐུར་བའོ། །དང་པོ་ལྔ་ལས། ཐོག་མར་བུམ་དབང་རྗེས་འབྲེལ་དང་བཅས་པ་ནི། ཞུགས་ནས་མངོན་པར་དབང་བསྐུར་བ་ལ་ཐོག་མར་བུམ་པའི་དབང་སྐུར་རྗེས་འབྲེལ་དང་བཅས་པ་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཨེ་མ་བླ་མ་ཀུན་བཟང་ཆེ་བའི་མཆོག༔ རྡོ་རྗེ་འཛིན་རྒྱལ་དཀྱིལ་འཁོར་འདིར༔ བདག་ཅག་སྐལ་ལྡན་བུ་མཆོག་ལ༔ དབང་མཆོག་དམ་པ་བསྐུར་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་དཀྱིལ་འཁོར་ཆེན་པོའི་ཤར་སྒོའི་ཁྱམས་སུ་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་པད་ཟླའི་གདན་ལ་གཙོ་བོའི་གཟུགས་ཀྱིས་འཁོད་པར་གྱུར་པའི་མོས་པ་མཛོད། སློབ་དཔོན་དཔལ་ཆེན་པོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། འོག་མིན་གྱི་ཞིང་ནས་དབང་ལྷ་དེ་བཞིན་གཤེགས་པ་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ཀྱི་རྣམ་པར་ [24a] བཛྲས་མཱ་ཛཿས་སྤྱན་དྲངས་ལ། ཨོཾ་བཛྲ་པུ་ཥྤེ་སོགས་ནས། ཤཔྡའི་བར་གྱིས་མཆོད། དེ་བཞིན་གཤེགས་པ་ཐམས་ཅད་ཀྱིས་རྡོ་རྗེའི་སློབ་མ་འདི་རྣམས་ལ་མངོན་པར་དབང་བསྐུར་དུ་གསོལ། ཞེས་གསོལ་བ་བཏབ་པས་སྒྲུབ་པའི་དཀྱིལ་འཁོར་པ་རྣམས་དང་མདུན་གྱི་ནམ་མཁར་སྤྱན་དྲངས་པའི་གདན་གསུམ་ཚང་བའི་དབང་ལྷ་རྡོ་རྗེ་རྒྱལ་པོ་དེ་བཞིན་གཤེགས་པ་རྣམས་ཀྱིས་དབང་བསྐུར་བའི་དགོངས་པ་མཛད། སེམས་དཔའ་སེམས་མ་རྣམས་ཀྱིས་མེ་ཏོག་འཐོར་ཞིང་ཤིས་པ་བརྗོད། ཀིངྐར་རྣམས་ཀྱིས་བགེགས་བསྐྲད། བུམ་འཛིན་རིག་པའི་ལྷ་མོ་རྣམས་ཀྱིས་བཛྲ་ཧེ་རུ་ཀའི་ངོ་བོར་གྱུར་པའི་རིན་པོ་ཆེའི་བུམ་པ་ཟག་མེད་ཡེ་ཤེས་ཀྱི་བདུད་རྩིས་བཀང་བས་མངོན་པར་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་སྤྱི་བོར་བཞག་ལ། ཧཱུྃ༔ བུམ་པ་ཆོས་དབྱིངས་དག་པའི་ནང་༔ ཡེ་ཤེས་རྒྱ་མཚོ་འཁྱིལ་བ་ཡི༔ བཛྲ་ཀཱི་ལའི་དབང་མཆོག་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཨ་བྷི་ཥེ་ཀ་ཏ་ཤྲཱི་ཧཱུྃ༔ ཞེས་བུམ་ཆུ་སྤྱི་བོར་གཏིགས། དེས་བཛྲ་ཧེ་རུ་ཀའི་སྒོ་ནས་ཆུའི་དབང་ཐོབ། ཞེ་སྡང་གི་དྲིམ་སྦྱངས། རྣམ་ཤེས་ཀྱི་ཕུང་པོ་གནས་གྱུར། མེ་ལོང་ལྟ་བུའི་ཡེ་ཤེས་མངོན་དུ་བྱས། བཛྲ་ཀཱི་ལ་ཡའི་གོ་འཕང་ནུས་པ་རྒྱུད་ལ་བཞག །རྡོ་རྗེའི་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ [24b] ནོ། །རཏྣ་ཧེ་རུ་ཀའི་ངོ་བོར་གྱུར་པའི་རིན་པོ་ཆེའི་དབུ་རྒྱན་དར་དཔྱངས་དང་ལྡན་པས་མངོན་པར་དབང་བསྐུར་ཞིང་སྤྱི་བོར་བཅིངས་པའི་མོས་པ་མཛོད། ཅོད་པན་དབུ་རྒྱན་ཐོགས་ལ། དེ་བཞིན་གཤེགས་པ་ཀུན་གྱི་རྒྱན༔ སངས་རྒྱས་ཀུན་གྱིས་རབ་བསྔགས་པའི་༔ རིན་པོ་ཆེ་ཡི་དབུ་རྒྱན་དང༔ དར་དཔྱངས་ཅོད་པན་དབང་སྦྱིན་ནོ༔ ཨོ་རཏྣ་ཀཱི་ལི་ཀཱི་ལ་ཡར་ཏན་མུ་ཀུ་ཊ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་མགོ་བོར་བཞག དེས་རཏྣ་ཧེ་རུ་ཀའི་སྒོ་ནས་ཅོད་པན་གྱི་དབང་ཐོབ། ང་རྒྱལ་གྱི་དྲི་མ་སྦྱངས། ཚོར་བའི་ཕུང་པོ་གནས་གྱུར། མཉམ་པ་ཉིད་ཀྱི་ཡེ་ཤེས་མངོན་དུ་བྱས། རཏྣ་ཀཱི་ལ་ཡའི་གོ་འཕང་ནུས་པ་རྒྱུད་ལ་བཞག །རིན་ཆེན་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་པ་ཅན་དུ་བྱས་པ་ཡིན་ནོ། །པདྨ་ཧེ་རུ་ཀའི་ངོ་བོར་གྱུར་པའི་རྡོ་རྗེ་རྩེ་དགུ་པས་མངོན་པར་དབང་བསྐུར་ཞིང་ལག་གཡས་སུ་གཏད་པའི་མོས་པ་མཛོད། རྡོ་རྗེ་ཐོགས་ལ། ཉེས་པའི་སྐྱོན་བྲལ་དྲི་མ་མེད༔ སྐྱེ་འགག་མེད་པའི་དངོས་གྲུབ་སྟེ༔ རྡོ་རྗེ་གཞོན་ནུའི་ཕྱག་རྒྱ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་པདྨ་ཀཱི་ལཱི་ཀཱི་ལ་ཡ་མ་ཧཱ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་བཞག་ཅིང་ལག་གཡས་སུ་གཏད་དེ་སྙིང་གར་གསོར་དུ་གཞུག ། དེས་པདྨ་ཧེ་རུ་ཀའི་སྒོ་ནས་རྡོ་རྗེའི་དབང་ཐོབ། འདོད་ཆགས་ཀྱི་དྲི་མ་སྦྱངས། འདུ་ཤེས་ཀྱི་ཕུང་པོ་གནས་གྱུར། སོ་སོར་རྟོག་པའི་ཡེ་ཤེས་མངོན་དུ་བྱས། པདྨ་ཀཱི་ལ་ཡའི་གོ་འཕང་ནུས་པ་རྒྱུད་ལ་ [25a] བཞག །པདྨ་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །ཀརྨ་ཧེ་རུ་ཀའི་ངོ་བོར་གྱུར་པའི་དྲིལ་བུས་མངོན་པར་དབང་བསྐུར་ཞིང་ལག་གཡོན་དུ་གཏད་པའི་མོས་པ་མཛོད། དྲིལ་བུ་ཐོགས་ལ། དོན་དམ་ཆོས་ཉིད་སྟོང་པའི་སྒྲས༔ གསུང་དབྱངས་དྲུག་ཅུ་མཚོན་པའི་བརྡ༔ དྲིལ་བུའི་དབང་མཆོག་དམ་པ་འདི༔ སྐལ་ལྡན་ཁྱོད་ལ་བསྐུར་བར་བྱ༔ ཨོཾ་ཀརྨ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་གཎྜེ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་སྤྱི་བོར་བཞག་ཅིང་ལག་གཡོན་དུ་གཏད་པ་གསིལ་ཞིང་དཀུར་བརྟེན་དུ་གཞུག ། དེས་ཀརྨ་ཧེ་རུ་ཀའི་སྒོ་ནས་དྲིལ་བུའི་དབང་ཐོབ། ཕྲག་དོག་གི་དྲི་མ་སྦྱངས། འདུ་བྱེད་ཀྱི་ཕུང་པོ་གནས་གྱུར། བྱ་བ་གྲུབ་པའི་ཡེ་ཤེས་མངོན་དུ་བྱས། ཀརྨ་ཀཱི་ལ་ཡའི་གོ་འཕང་ནུས་པ་རྒྱུད་ལ་བཞག །ལས་ཀྱི་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །སླར་ཡང་ནམ་མཁར་བཞུགས་པའི་དབང་ལྷ་དེ་བཞིན་གཤེགས་པ་རིགས་ཀྱི་ཡུམ་དང་བཅས་པ་ཐམས་ཅད་ཀྱིས་མགྲིན་གཅིག་དབྱངས་གཅིག་ཏུ་བུདྡྷ་ཧེ་རུ་ཀའི་ངོ་བོར་གྱུར་པའི་རྡོ་རྗེའི་མིང་གིས་དབང་གིས་དབང་བསྐུར་བའི་མོས་པ་མཛོད། རྡོར་དྲིལ་བསྣོལ་མ་སྤྱི་བོར་འཁྲོལ་ཞིང་། ཉོན་མོངས་ཡེ་ཤེས་གནས་གྱུར་པ༔ མིང་བཏགས་བདུད་ལས་རྣམ་པར་རྒྱལ༔ མིང་གི་དབང་བསྐུར་དམ་པ་འདི༔ སྐལ་ལྡན་ཁྱོད་ལ་སྦྱིན་པར་བྱ༔ ཨོ་བུདྷ་ཀཱི་ལི་ཀཱི་ལ་ཡ་ [25b] ཀྱེ་ཤྲཱི་ཧེ་རུ་ཀ་ཕྲིན་ལས་འདུས་པ་ལས་རབ་བདེ་བ་རྩལ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སོགས་རིགས་ཀྱི་མིང་གདགས། དེས་བུདྷ་ཧེ་རུ་ཀའི་སྒོ་ནས་མིང་གི་དབང་ཐོབ། གཏི་མུག་གི་དྲི་མ་སྦྱངས། གཟུགས་ཀྱི་ཕུང་པོ་གནས་གྱུར། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་མངོན་དུ་བྱས། བུདྷ་ཀཱི་ལ་ཡའི་གོ་འཕང་ནུས་པ་རྒྱུད་ལ་བཞག །སངས་རྒྱས་རིགས་ཀྱི་དངོས་གྲུབ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །དེ་རྣམས་བརྟན་པར་བྱ་བའི་སླད་དུ་སླར་ཡང་རྣམ་རྒྱལ་བུམ་པའི་བདུད་རྩིས་རྒྱལ་ཐབས་སྤྱི་བླུགས་སུ་མངོན་པར་དབང་བསྐུར་བའི་མོས་པ་མཛོད། རྣམ་བུམ་ཐོགས་ལ། ཧཱུྃ༔ བུམ་པ་ལྷུན་གྲུབ་གཞལ་ཡས་ཁང༔ རྡོ་རྗེ་ཕུར་པའི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ རྣམ་སྨིན་རིག་འཛིན་ཉེར་འགྲུབ་ཅིང་༔ བུམ་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས་མཐར། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཞེས་སྤྱི་བོར་བཞག་ཅིང་བུམ་ཆུ་སྦྱིན། དེ་ལྟར་བུམ་པའི་དབང་བསྐུར་བས་བདུད་རྩིའི་ཆུ་རྒྱུན་གྱིས་ལུས་ཀྱི་ནང་ཐམས་ཅད་གང་། བདེ་བ་ཆེན་པོའི་ཡེ་ཤེས་ཉམས་སུ་མྱོང་། ཆུའི་ལྷག་མ་སྤྱི་བོར་འཁྱིལ་བ་ལས་རིགས་ཐམས་ཅད་འདུས་པའི་སྤྱི་གཟུགས་རྒྱལ་བ་ཀུན་ཏུ་བཟང་པོས་དབུ་བརྒྱན་པར་གྱུར་ཅིང་། སྤྱན་དྲངས་པའི་དབང་ལྷ་རྣམས་ཁྱེད་རང་རྣམས་ལ་དབྱེར་མེད་དུ་ཐིམ་ [26a] པས་ཡེ་ཤེས་ཀྱི་བྱིན་རླབས་བརྟན་པར་བྱས་པའི་མོས་པ་མཛོད། ཨོ་སུ་པྲ་ཏི་ཥྛ་བཛྲ་ཡེ་སྭཧཱ། ཞེས་མེ་ཏོག་འཐོར། ཁྱེད་རང་རྣམས་ཡི་དམ་གྱི་ལྷ་དང་དབྱེར་མེད་པ་མཁའ་མཉམ་འགྲོ་བའི་དེད་དཔོན་ཆེན་པོར་འགྱུར་བའི་རྟེན་འབྲེལ་གྱི་ས་བོན་རྒྱུད་ལ་བཞག་པ་དེ་ལ་མངའ་དབུལ་གྱི་ཚུལ་དུ་སློབ་དཔོན་གྱིས་མཆོད་པ་བགྱིས་པའི་མོས་པ་མཛོད། ཨོཾ་བཛྲ་པུཥྤེ་སོགས་ཀྱིས་མཆོད་དོ། རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་རྗེས་སུ་གནང་བ་ནི། དེ་ནས་སྐུའི་རྗེས་སུ་གནང་བའི་སླད་དུ། མདུན་བསྐྱེད་དཀྱིལ་འཁོར་པའི་སྣ་ཚོགས་རྣམས་ལས་མར་མེ་གཅིག་ལས་གཉིས་མཆེད་ཀྱི་ཚུལ་དུ་རང་འདྲ་བའི་སྐུ་སྒྱུ་འཕྲུལ་གར་དགུའི་ཉམས་ཀྱིས་རོལ་པ་ཉི་མ་འབུམ་གྱི་གཟི་མདངས་ལྟར་འབར་བཞིན་བྱོན་པ་ཁྱེད་རང་རྣམས་ཀྱི་སྤྱི་བོར་ཐིམ་པས་ཕུང་ཁམས་རྒྱལ་བའི་དཀྱིལ་འཁོར་ཆེན་པོར་གཟོད་ནས་ལྷུན་གྱིས་གྲུབ་བཞིན་པ་ལ་སླར་ཡང་ཆན་ལ་ཕབས་ཀྱིས་ཐེབས་པ་ལྟར་སྐུ་མི་ཟད་པ་རྒྱན་གྱི་འཁོར་ལོའི་བྱིན་རླབས་ནུས་པ་བརྟན་པར་བྱས་པའི་མོས་པ་མཛོད། ལྷ་ཕུར་རམ་སྐུ་ཙཀ་རྣམས་རིམ་པར་སྤྱི་བོར་བཞག་ལ། ཧཱུྃ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ སྤྱི་དཔལ་རྡོ་རྗེ་གཞོ་་ནུ་ཆེ༔ སྣང་སྟོང་ཐབས་ཤེས་དབྱེར་མེད་སྐུས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ མི་ཤིགས་རྡོ་རྗེའི་གདིང་ཐོབ་ཀྱི༔ བསྐྱེད་རིམ་ལྷ་དབང་ཐོབ་པར་ [26b] ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ འཁོར་འདས་རྫོགས་པའི་དབྱིངས་ཆེན་མོ༔ སྒྲོལ་ཡུམ་ཨེ་ཀ་ཛ་ཊཱི་སྐུས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ སངས་རྒྱས་ཀུན་བས་སྔར་སངས་རྒྱས༔ ཀ་དག་གདོད་མའི་མགོན་པོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གཉིས་སུ་མེད་པའི་དབང་ཐོབ་ཤོག༔ རྩ་སྔགས། ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དཔལ་ཆེན་སྐུ་ཡི་གསང་རྫོགས་དཔལ༔ ཁྲག་འཐུང་བུདྡྷ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ སྐུ་ལ་དབང་བསྒྱུར་དབང་ཐོབ་ཤོག༔ ཨོ་བུདྡྷ་ཀཱི་ལི་ཀཱི་ལ་ཡ༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་གསང་རྫོགས་དཔལ༔ ཁྲག་འཐུང་བཛྲ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཐུགས་ལ་དབང་བསྒྱུར་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི༴ ཀཱ་ཡ་ཨ༴ ཧཱུྃ༔ དཔལ་ཆེན་ཡོན་ཏན་གསང་རྫོགས་དཔལ༔ ཁྲག་འཐུང་རཏྣ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཡོན་ཏན་དབང་བསྒྱུར་དབང་ཐོབ་ཤོག༔ ཨོ་རཏྣ་ཀཱི་ལི༴ ཀཱ་ཡ་ཨ༴ ཧཱུྃ༔ དཔལ་ཆེན་གསུང་གི་གསང་རྫོགས་དཔལ༔ ཁྲག་འཐུང་པདྨ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གསུང་ལ་དབང་བསྒྱུར་དབང་ཐོབ་ཤོག༔ ཨོཾ་ [27a] པདྨ་ཀཱི་ལི༴ ཀཱ་ཡ༴ ཧཱུྃ༔ དཔལ་ཆེན་ཕྲིན་ལས་གསང་རྫོགས་དཔལ༔ ཁྲག་འཐུང་ཀརྨ་ཀཱི་ལ་ཡས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཕྲིན་ལས་དབང་བསྒྱུར་དབང་ཐོབ་ཤོག༔ ཨོ་ཀརྨ་ཀཱི་ལི༴ ཀཱ་ཡ༴ ཧཱུྃ༔ དཔལ་གྱི་མངོན་སྤྱོད་རོལ་པའི་རྩལ༔ ཡེ་ཤེས་སྤྲུལ་པའི་ཁྱུང་ཆེན་གྱིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འཁོར་བ་དོང་སྤྲུགས་དབང་ཐོབ་ཤོག༔ ཁྲོ་ག་རུ་ཌ་ཀཱ་ཡ༴ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ ལྷ་གདོན་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་ཧཱུཾ་ཆེན་ཀཱ་ར་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཧཱ་ཀཱ་ར་ཧཱུྃ༔ ཀཱ་ཡ༴ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ དྲི་ཟ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་རྣམ་པར་རྒྱལ་བ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཀཱ་ཡ༴ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ མེ་ལྷ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་དབྱུག་པ་སྔོན་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ཀཱ་ཡ༴ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ གཤིན་རྗེ་ཟིལ་ [27b] གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་གཤིན་རྗེ་གཤེད་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཡ་མནྟ་ཀ་ཧཱུྃ༔ ཀཱ་ཡ༴ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ སྲིན་པོ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་མི་གཡོ་མགོན་པོ་ཡབ་ཡུམ་གྱི་ས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཨཱརྱ་ཨ་ཙ་ལ་ཧཱུྃ༔ ཀཱ་༴ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ ཆུ་བདག་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་རྟ་མགྲིན་རྒྱལ་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲི་ཝ་ཧཱུྃ༔ ཀཱ་ཡ༴ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ རླུང་ལྷ་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་འདོད་པའི་རྒྱལ་པོ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཀཱ་ཡ༴ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ གནོད་སྤྱིན་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱ་ཧཱུྃ༔ ཀཱ་ཡ༴ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ དབང་ལྡན་ཟིལ་གནོན་དྲག་པོའི་ [28a] སྐུར་སྟོན་པ༔ ཁྲོ་རྒྱལ་ཁམས་གསུམ་རྣམ་རྒྱལ་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ ཀཱ་ཡ ཧཱུྃ༔ དཔལ་ཆེན་ཆེ་མཆོག་རྡོ་རྗེ་གཞོན་ནུ་ཆེ༔ ས་བདག་ཟིལ་གནོན་དྲག་པོའི་སྐུར་སྟོན་པ༔ ཁྲོ་བོའི་རྒྱལ་པོ་སྟོབས་ཆེན་ཡབ་ཡུམ་གྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ ཀཱ་ཡ ཧཱུྃ༔ དཔལ་ཆེན་ཁྲོ་བོ་བཅུ་ཡི་རྣམ་རོལ་གར༔ མི་སྲུན་གདུག་པ་འདུལ་བའི་དཔལ་དུ་ཤར༔ མངོན་སྤྱོད་ལས་མཛད་ཟ་བྱེད་ཆེན་པོ་བཅུས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཀའ་ཡ༴ ཧཱུྃ༔ རྡོ་རྗེ་ཁྲོ་མོ་བཅུ་ཡི་ཕྲིན་ལས་གར༔ མྱུར་མགྱོགས་སྟོབས་རྩལ་དྲག་པོའི་མངོན་སྤྱོད་གྲུབ༔ མི་སྲུན་གསོད་བྱེད་ཕྲ་མེན་ཆེན་མོ་བཅུས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ་བྷྱོ༔ ཀཱ་ཡ༴ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཆེ༔ གཉིས་མེད་སྙོམས་འཇུག་རོལ་པའི་ཆོ་འཕྲུལ་གར༔ ཕོ་གདོན་ཟིལ་གནོན་སྐུ་ཡི་སྲས་མཆོག་བདུན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོཾ་ཀརྨ་ཀྲོ་དྷ་བཛྲ་ཀཱི་ལ་ཀཱི་ལ་ཡ་ཧཱ་ཕཊ༔ ཀཱ་ཡ༴ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཆེ༔ གསུང་གསང་སྒྱུ་འཕྲུལ་རོལ་པའི་གར་དབང་ [28b] པོ༔ མོ་གདོན་ཟིལ་གནོན་གསུང་གི་སྲས་མཆོག་བདུན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོ་ཀརྨ༴ ཀཱ་ཡ༴ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་ཆེ༔ ཐུགས་གསང་མཉམ་ཉིད་རོལ་པའི་སྒྱུ་འཕྲུལ་གར༔ ཀླུ་གདོན་ཟིལ་གནོན་ཐུགས་ཀྱི་སྲས་མཆོག་བདུན༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཨོ་ཀརྨ༴ ཀཱ་ཡ༴ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ ཚད་མེད་རྣམ་བཞི་ཕྲིན་ལས་དཔལ་དུ་ཤར༔ འགུགས་འཆིང་སྡོམ་མྱོས་ལས་བྱེད་སྒོ་མ་བཞིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཛཿཧཱུྃ་བཾ་ཧོཿ ཀཱ་ཡ༴ ཞེས་བསྐུར་རོ། དེ་ནས་གསུང་གི་རྗེས་སུ་གནང་བའི་སླད་དུ། སློབ་དཔོན་དཔལ་ཆེན་པོའི་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཐུགས་ཀ་ནས་སྔགས་ཀྱི་ཕྲེང་བ་མཐིང་ཞུན་གྱི་མདངས་ཅན་འོད་ཟེར་ཉི་མ་འབར་བའི་རྣམ་པ་ཅན་བྱུང་། ཞལ་ནས་ཐོན། ཁྱེད་རང་རྣམས་ལྷར་གསལ་བའི་ཞལ་ནས་ཐུགས་ཀའི་ཡེ་ཤེས་སེམས་དཔའི་ཞལ་དུ་ཞུགས། ཐུགས་སྲོག་ཧཱུཾ་ཡིག་གི་མཐར་འཁོད་པ་ལས་འོད་ཟེར་སྤྲོ་བསྡུས་དོན་གཉིས་བསྒྲུབས་ཏེ་ངག་སྔགས་ཀྱི་རོལ་པ་གསུང་མི་ཟད་པ་རྒྱན་གྱི་འཁོར་ལོའི་རང་བཞིན་དུ་རྒྱས་བཏབ་པར་མོས་པས་སྔགས་འདི་རྣམས་ཀྱི་རྗེས་ཟློས་མཛོད། ཅེས་ཕྲེང་བ་སྦྲེལ་ལ་བསྙེན་སྒྲུབ་ཚར་གསུམ་རེ་དང་། སྤུ་གྲི་ཚར་གཅིག་རྗེས་ཟློས་བྱར་གཞུག ། སྔགས་ [29a] ཀྱི་བྱང་བུ་མགྲིན་པར་བཞག་ཅིང་བསྙེན་པའི་ཕྲེང་བ་ལག་ཏུ་གཏད་པས་དེ་ཉིད་བརྟན་པར་བྱས་པའི་མོས་པ་མཛོད། ཨཱཿཡིག་དམར་པོ་མགྲིན་པར་བཞག་ལ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱིས༔ གསུང་གི་ས་བོན་ཨཱཿདམར་འོད་དང་བཅས༔ སྐལ་ལྡན་ཁྱོད་ཀྱི་མགྲིན་པར་དབང་བསྐུར་བས༔ ངག་གི་སྒྲིབ་དག་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་དང་། ཝཱཀ་ཨ་བྷི་ཥིཉྩ་ཨཱོཾ༔ སྔགས་བྱང་མགྲིན་པར་བཞག་ལ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡབ་ཡུམ་གྱི༔ གསུང་གི་སྙིང་པོ་སྔགས་ཀྱི་རང་སྒྲ་ཡིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ བཟླས་པ་སྔགས་སྦྱོར་སྔགས་ཀྱི་དབང་ཐོ་བ་སྟེ༔ མཆོག་དང་ཐུན་མོང་དངོས་གྲུབ་ཉེར་འགྲུབ་ཤོག༔ རྩ་སྔགས། ཝཱ་ཀ༴ ཞེས་བསྐུར། དེ་ནས་ཐུགས་ཀྱི་རྗེས་སུ་གནང་བའི་སླད་དུ། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་ཐུགས་ནས་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཆེན་པོའི་རང་རྩལ་འགྲོ་འདུལ་ཕྲིན་ལས་ཀྱི་ཕྱག་རྒྱ་ཡིག་འབྲུའི་རྣམ་པར་འཕྲོས་པ་ཁྱེད་རང་རྣམས་ཀྱི་སྙིང་གར་ཐིམ་པས་རང་བྱུང་འོད་གསལ་ [29b] ཆེན་པོའི་དགོངས་པ་ཀློང་དུ་གྱུར་ཏེ་ཐུགས་མི་ཟད་པ་རྒྱན་གྱི་འཁོར་ལོ་མངོན་དུ་བྱས་པའི་མོས་པ་མཛོད། ཧཱུྃ་ཡིག་སྔོན་པོ་སྙིང་གར་བཞག་ལ། ཧཱུྃ༔ རྒྱལ་བ་ཀུན་གྱི་ཐུགས་གསང་ཡི་གེ་ཧཱུྃ༔ མཐིང་ནག་འོད་ཀྱི་ཐིག་ལེ་དང་བཅས་པ༔ སློབ་མའི་སྙིང་གར་ཐིམ་པས་ཡིད་སྒྲིབ་དག༔ ཐུགས་ཀྱི་དབང་ཐོབ་ཆོས་སྐུར་སྨིན་གྲོལ་ཤོག༔ རྩ་སྔགས། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ གནམ་ལྕགས་རྡོ་རྗེ་རྩེ་དགུ་པ་སྙིང་གར་བཞག་ལ། ཧཱུྃ༔ དཔལ་ཆེན་ཐུགས་ཀྱི་གསང་བ་ཡོངས་སུ་རྫོགས༔ མི་ཤིགས་གནམ་ལྕགས་རྡོ་རྗེ་རྩེ་དགུ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རྡོ་རྗེ་ཐེག་པའི་དབང་མཆོག་ཡོངས་རྫོགས་ཤོག༔ རྩ་སྔགས། ཙི་ཊ སྲོག་འཁོར་གཏད་ལ། ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཐུགས་ཀྱི་མཛོད༔ སྒྱུ་འཕྲུལ་རོལ་པ་ཡོངས་རྫོགས་སྲོག་འཁོར་འདི༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག་མཆོག་ཐོབ་ཤོག༔ རྩ་སྔགས། ཙིཏྟ༴ མེ་ལོང་གཏད་ལ། ཧཱུྃ༔ ཀ་དག་ཆོས་སྐུ་སྤྲོས་པའི་མཐའ་དང་བྲལ༔ ཉག་གཅིག་ཐིག་ལེ་སྐྱོན་དང་དྲི་མ་མེད༔ ཅི་ཡང་འཆར་དུ་རུང་བའི་ཨ་དརྴས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཆོས་སྐུ་སྐྱེ་བ་མེད་པའི་དོན་རྟོགས་ཤོག༔ རྩ་སྔགས ཙིཏྟ༴ ཞེས་བསྐུར། དེ་ནས་ཡོན་ཏན་གྱི་ [30a] རྗེས་སུ་གནང་བའི་སླད་དུ། དཔལ་ཆེན་ཁྲོ་རྒྱལ་འབར་བའི་རྒྱན་ཆས་དང་རྟགས་ཀྱི་ཕྱག་མཚན་རྣམས་ཀྱིས་དབང་བསྐུར་བས། མ་མོ་མཁའ་འགྲོ་དམ་ཅན་ཐམས་ཅད་ཀྱིས་རྗེ་དང་གཙོ་བོར་མཐོང་ཞིང་བཀུར་བ་དང་། འཇིག་རྟེན་ཁམས་ཀྱི་དྲེགས་པ་ཅན་མ་ལུས་པ་ཟིལ་གནོན་དབང་དུ་སྡུད་པའི་མཐུ་དབང་ཐོབ་སྟེ་ཆེ་བའི་ཡོན་ཏན་ཡོངས་སུ་རྫོགས་པའི་མོས་པ་མཛོད༔ དུར་ཁྲོད་ཆས་བརྒྱད་གཏད་ལ། ཧཱུྃ༔ བྱུགས་པའི་རྫས་དང་མནབ་པའི་གོས༔ སྤྲས་པའི་རྒྱན་བཅས་དུར་ཁྲོད་ཆས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ ཧེ་རུ་ཀ་ཡི་དཔལ་ཐོབ་ཤོག༔ རྩ་སྔགས། གུ་ཎ་ཨ་བྷི་ཥིཉྩ་སྭཱ༔ རྡོ་རྗེ་རྩེ་དགུ་དང་རྩེ་ལྔ་ལག་གཡས་སུ་གཏད་ལ། ཧཱུྃ༔ རྡོ་རྗེ་རྩེ་དགུས་ལོག་རྟོགས་རུ་དྲ་འཇོམས་༔ རྡོ་རྗེ་རྩེ་ལྔས་དུག་ལྔ་ཕུང་ལྔ་སྒྲོལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ འཁོར་བ་དོང་ནས་སྤྲུགས་པའི་དབང་ཐོབ་ཤོག༔ རྩ་སྔགས། གུ་ཎ༴ མེ་དཔུང་དང་ཁ་ཊྭཱཾ་ལག་གཡོན་དུ་གཏད་ལ། ཧཱུྃ༔ མེ་དཔུང་འབར་བས་མ་རིག་བག་ཆགས་བསྲེག༔ ཁ་ཊྭཱཾ་རྩེ་གསུམ་ཉོན་མོངས་དུག་གསུམ་སྒྲོལ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ བདག་རྟོག་རཱུ་དྲ་སྒྲོལ་བའི་དབང་ཐོབ་ཤོག༔ རྩ་སྔགས། གུ་ཎ༴ ཕུར་པ་ལག་གཉིས་སུ་གཏད་ལ། ཧཱུྃ༔ སྐུ་གསུམ་ལྷུན་ [30b] གྲུབ་རི་རབ་ཕུར་པ་འདིས༔ ཁམས་གསུམ་འཁོར་བ་སྐུ་གསུམ་ཀློང་དུ་སྒྲོལ༔ སྐལ་ལྡན་བུ་མཆོག་ཁྱོད་ལ་གཏད་པ་ཡིས༔ དོན་གཉིས་ལྷུན་གྲུབ་མཐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས། གུ་ཎ༴ ཞེས་བསྐུར། དེ་ནས་ཕྲིན་ལས་ཀྱི་རྗེས་སུ་གནང་བའི་སླད་དུ། ཐོག་མར་ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་བྲན་དང་འབངས་སུ་གཏད་པར་བྱ་བ་ཡིན་ཏེ། དམ་ཅན་གྱི་རྩང་ཕུར་རམ་སྐུ་ཙཀ་རྣམས་ལ་དམིགས་ཏེ་བདེན་སྟོབས་སྔོན་དུ་འགྲོ་བས། ཕུར་སྲུང་དམ་ཅན་བཅུ་དྲུག་དབང་ཕྱུག་ཉེར་བརྒྱད་སྤྲུལ་པ་འཁོར་དང་བཅས་པ་ཐམས་ཅད་རང་རང་གི་རྟེན་འདི་རྣམས་ལ་ཐིམ་པར་གྱུར་ཅིག །ཛ་ཧཱུཾཿཧཱུྃ་བཾ་ཧོཿ ཞེས་བཀུག་ཅིང་གུ་གུལ་དང་ཤ་ཆེན་བདུག །ཡུངས་དཀར་ལ་བཞི་སྙིང་གཅིག་དྲིལ་བཟླས་པ་འཐོར་བས་གཟི་བྱིན་བསྐྱེད་ལ། ཧཱུྃ༔ བྲན་དང་བཀའ་ཉན་ཁས་བླངས་ཕོ་ཉའི་ཚོགས༔ སྔོན་ཚེ་དཔལ་ཆེན་རྡོ་རྗེ་གཞོན་ནུ་ཡི༔ སྤྱན་སྔར་ཇི་ལྟར་ཁས་བླངས་དམ་བཅས་ལྟར༔ དམ་ཚིག་གཉན་པོ་དེ་ལས་མ་འདའ་བར༔ རིག་འཛིན་བདག་གིས་གཞུང་བཞིན་བསྒྲུབས་ལགས་ཀྱི༔ དམ་ཅན་སྲུང་མ་མ་གཡེལ་དམ་ལ་འདུས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་འགྲུབ་པར་མཛོད༔ ཅེས་བསྐུལ། ཁྱེད་རང་རྣམས་སྐད་ཅིག་གིས་དཔའ་བོ་གོ་བརྗེས་པའི་ཚུལ་དུ་ཁྲོ་བོའི་རྒྱལ་པོ་སྟོབས་པོ་ཆེ་དུད་ཁ་ཡུམ་སྐུལ་བྱེད་མ་དང་མཉམ་པར་སྦྱོར་ཞིང་རྒྱན་ཆ་ལུགས་ [31a] ཡོངས་སུ་རྫོགས་པ་དྲེགས་ཚོགས་ཟིལ་གྱིས་གནོན་པའི་བདག་ཉིད་ཆེན་པོར་གྱུར་པས། ཕུར་སྲུང་དམ་ཅན་རྒྱ་མཚོའི་ཚོགས་རྣམས་བྲན་དང་འབངས་སུ་གཏད་པས་ཇི་ལྟར་བཅོལ་བའི་ཕྲིན་ལས་ཐམས་ཅད་ཐོགས་མེད་དུ་སྒྲུབ་པར་ཞལ་གྱིས་བཞེས་པའི་མོས་པ་མཛོད། རྩང་ཕུར་རམ་སྐུ་ཙཀ་རྣམས་རིམ་བཞིན་གཏད་ལ། ཧཱུྃ༔ དབྱིངས་ཀྱི་རྗེ་མོའི་ཐུགས་ཀྱི་རྣམ་རོལ་གར༔ ཞིང་བཅུའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ རབ་འཇིགས་གཏུམ་མོ་ཤྭ་ན་མཆེད་སྡེ་བཞིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ མ་མོ་དམ་ཅན་སྲོག་ལ་དབང་ཐོབ་ནས༔ མངོན་སྤྱོད་ལས་ཀྱིས་གདུག་པ་འདུལ་བར་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ༔ ཤྭ་ན་སྲི་ཀ་སྲི་ལ་ཀུ་ཀུ་མུ་ཁ་བཛྲ་ས་མ་ཡ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུཾ༔ ཧཱུྃ༔ དབྱིངས་ཀྱི་རྗེ་མོའི་སྐུ་ཡི་རྣམ་རོལ་གར༔ བསྟན་དགྲའི་སྲོག་གི་གཤེད་མར་ལྷུན་གྱིས་གྲུབ༔ སྲིད་པའི་དབང་མོ་རེ་ཏཱ་མཆེད་སྡེ་བཞིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ སྲིད་པ་མ་མོའི་སྐུ་ལ་དབང་ཐོབ་ནས༔ ཞིང་བཅུའི་དགྲ་དཔུང་བརླག་པའི་མཐུ་ཐོབ་ཤོག༔ རྩ་སྔགས། པྲ་མོ་སྲོག་ཏིག་སྙིང་ཏིག་པྲ་མོ་ཧ་བཛྲ་སམ་ཡ་ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དབྱིངས་ཀྱི་རྗེ་མོའི་གསུང་གི་རྣམ་རོལ་གར༔ ལོག་འདྲེན་སྲོག་ [31b] གི་གཤེད་མར་ལྷུན་གྱིས་གྲུབ༔ མཐུ་རྩལ་ཐོགས་མེད་ས་བདག་ཆེན་མོ་བཞིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ བཀའ་སྡོད་མ་མོའི་གསུང་ལ་དབང་ཐོབ་ནས༔ མངོན་སྤྱོད་དྲག་པོ་མཐུ་ཡི་དཔལ་ཐོབ་ཤོག༔ རྩ་སྔགས། མ་མ་བཛྲ་ཀྲོ་དྷ་བཛ་མ་ཡ་ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ དཔལ་ཆེན་རྡོ་རྗེ་གཞོན་ནུའི་ཕྲིན་ལས་གར༔ མངོན་སྤྱོད་ལས་ཀྱིས་དགྲ་བགེགས་ཐལ་བར་རློག༔ མི་བཟད་རབ་འཇིགས་སྐྱེས་བུ་གིང་ཆེན་བཞིས༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ དྲག་པོ་མཐུ་ཡི་དངོས་གྲུབ་མཆོག་ཐོབ་སྟེ༔ བརྣག་པ་ཙམ་གྱིས་ལོག་འདྲེན་སྒྲོལ་ནུས་ཤོག༔ རྩ་སྔགས། ཀྴ་ཡ་ཀྴ་ཡ་མཱ་ར་ཛ་དུ་ཀ་ལ་ཀིང་ཀ་ར་བཛྲ་ཀྲོ་དྷ་བཛྲས་མ་ཡ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཧཱུྃ༔ སྦྱོར་བའི་ཡུམ་ཆེན་འཁོར་ལོ ་རྒྱས་འདེབས་མ༔ མི་སྲུན་ལོག་འདྲེན་གདུག་པ་ཚར་གཅོད་ཕྱིར༔ རྡོ་རྗེ་སྲིན་མོའི་རྣམ་འགྱུར་རོལ་པའི་གར༔ བཀའ་སྡོད་ལས་ཀྱི་དབང་ཕྱུག་ཉི་ཤུ་བརྒྱད༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ མ་མོ་རབ་འབྱམས་དབང་སྡུད་དབང་ཐོབ་ཤོག༔ རྩ་སྔགས། མ་ཏྲི་བྷྱོ་ཛཿ ཧྲིང་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བསྐུར། དེ་ནས་རྡོ་རྗེ་རྒྱལ་པོ་རབ་འབྱམས་བཀའི་དབང་གི་སླད་དུ། ཁྱེད་རང་རྣམས་སེང་གེ་ལ་སོགས་ [32a] པའི་ཁྲི་ལ་དཔལ་ཆེན་པོ་དངོས་སུ་གསལ་བར་གྱུར་པའི་སྤྱི་བོར་གདུགས་དཀར་པོ་གསེར་གྱི་ཡུ་བ་ཅན་དབུབ། གཡས་གཡོན་དུ་རྒྱལ་མཚན་དང་བ་དན་བསྒྲེངས། དབུ་ལ་པྲོག་ཞུ་བཀོན། ཕྱག་ཏུ་དུང་དང་སྒྲུབ་ཡིག་གཏད། མཐའ་སྐོར་དུ་སྨན་རཀ་གཏོར་མ་སོགས་མཆོད་པའི་བྱེ་བྲག་དུ་མ་དང་བཅས་ཏེ་མངའ་གསོལ་བས་སྲིད་ཞི་དབང་དུ་སྒྱུར་བའི་འཁོར་འདས་ཀུན་གྱི་སྤྱི་དཔལ་ཆེན་པོར་མངའ་དབང་རྫོགས་པའི་མོས་པ་མཛོད༔ ཡོ་བྱད་རྣམས་གོང་གསལ་བཞིན་གཏད་ལ། ཧཱུྃ༔ དུས་གསུམ་རྒྱལ་བ་རིག་འཛིན་དམ་པའི་སྲས༔ བསྐྱེད་རྫོགས་བརྟན་ཐོབ་ཕྲིན་ལས་རྣམ་པ་བཞི༔ མཐར་ཕྱིན་ཆོས་རྣམས་ཀུན་ལ་དབང་བསྒྱུར་ཞིང་༔ བསྙེན་སྒྲུབ་ལས་སྦྱོར་མ་ལུས་མཐར་སོན་ཏེ༔ བདག་གཞན་མ་ལུས་སྨིན་ཅིང་གྲོལ་བ་དང་༔ ཕྲིན་ལས་རྣམ་བཞི་ལྷུན་གྲུབ་བཀའ་གཏད་དབང་༔ དེང་འདིར་སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ རབ་འབྱམས་བཀའ་ཡི་དབང་རྫོགས་འདི་བསྐུར་བས༔ ཕྲིན་ལས་ནུས་མཐུ་ཐོགས་མེད་དབང་ཐོབ་ཤོག༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཛཿཧཱུྃ་བཾ་ཧོཿ ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་ཏ་ཐཱ་ག་ཏ་ཨ་བྷི་ཥིཉྩ་མཾ༔ ཞེས་དང་རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་རོ། དེ་ལྟར་ན་ཕྱི་ཀུན་རྫོབ་མཚན་མའི་དཀྱིལ་ [32b] འཁོར་དུ་བུམ་པའི་དབང་ཐོབ། ཕུང་ཁམས་སྣོད་བཅུད་ཐ་མལ་དུ་ཞེན་པའི་རྟོག་ཚོགས་སྦྱངས་ཏེ་ལུས་ཀྱི་སྒྲིབ་པ་དག །ལམ་དུས་སུ་བསྐྱེད་པའི་རིམ་པ་བསྒོམ་པ་ལ་དབང་། སྣོད་བཅུད་ཁྲག་འཐུང་རོལ་པའི་དཀྱིལ་འཁོར་གཅིག་ཏུ་རྫོགས་ནས། འབྲས་བུ་སྐུ་རྡོ་རྗེ་མཆོག་གི་སྤྲུལ་སྐུ་འགྲུབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གཉིས་པ་གསང་བའི་དབང་བསྐུར་བ་ནི། དེ་ནས་གསང་བའི་དབང་བསྐུར་ཟབ་མོ་ཞུ་བའི་དོན་དུ་མཎྜལ་ཕུལ། གཟུགས་དང་ལང་ཚོས་བརྒྱན་པའི་རིག་མ་མཚན་ཉིད་དང་ལྡན་པ་ཕྱག་རྒྱའི་དོན་དུ་ཕུལ་བར་མོས་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོ་བླ་མ་ཁྱེད་དགོངས་ཤིག༔ འཁོར་བའི་གཅོང་རོང་ཟབ་མོ་ལས༔ ཟུང་འཇུག་ཀློང་དུ་སྒྲོལ་མཛད་པ༔ གསང་བའི་དབང་མཆོག་བདག་ལ་སྩོལ༔ ལན་གསུམ། སློབ་དཔོན་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་གཟུངས་མ་ཡུམ་ཆེན་འཁོར་ལོ་རྒྱས་འདེབས་མ་རྗེས་ཆགས་བདེ་ཆེན་གྱི་མཉམ་སྦྱོར་མཛད་པའི་ཡབ་ཀྱི་གསང་གནས་ཧཱུཾ་ལས་རྡོ་རྗེ་སྔོན་པོ་རྩེ་ལྔ་པ་བུ་ག་ཧཱུཾ་གིས་མཚན་པ། ཡུམ་གྱི་མཁའ་གསང་ཨ་ལས་པདྨའི་ཟེའུ་འབྲུ་ཨས་མཚན་པར་གྱུར། ཛཿཧཱུྃ་བཾ་ཧོཿ ཡབ་ཡུམ་མཉམ་པར་སྦྱོར་བའི་དགའ་བའི་སྒྲ་དང་བདེ་བའི་ [33a] འོད་ཟེར་དམར་པོའི་འཕྲོ་འདུས་ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་སྤྱན་དྲངས་པ་ཡབ་ཀྱི་ཞལ་དུ་ཞུགས། ཐུགས་ཀར་ཆགས་པ་ཆེན་པོའི་མེས་ཞུ་བ་སྐུའི་དབྱིབས་བརྒྱུད་རྡོ་རྗེའི་ལམ་ལས་ཡུམ་གྱི་པདྨར་བབས། བྱང་སེམས་དཀར་དམར་རོ་གཅིག་ཏུ་འདྲེས་པའི་རྒྱུན་མུ་ཏིག་གི་མདངས་ཆགས་པ་ཐོད་པའི་བདུད་རྩི་དང་དབྱེར་མེད་དུ་གྱུར་པ་དེ་ཉིད་ཁྱེད་རང་རྣམས་ཀྱི་ལྗགས་ཐོག་ཏུ་བསྩལ་བའི་མོས་པ་མཛོད། གསང་ཐོད་ཐོགས་ལ། ཧཱུྃ༔ ཡེ་ཤེས་གསང་ཆེན་ཡངས་པའི་བྷནྡྷ་རུ༔ གསུང་གསང་འདུས་པའི་བཅུད་ཆེན་ཨ་མྲྀ་ཏ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད་པ་ཡིས༔ གསང་བའི་དབང་ཐོབ་ལོངས་སྐུར་སྨིན་གྲོལ་ཤོག༔ རྩ་སྔགས། བྷོ་དྷི་ཙིཏྟ་ཝཱ་ཀ་ཨ་བྷི་ཥིཉྩ་ཨཱཿ ཞེས་མགྲིན་པར་བཞག་ལ་བདུད་རྩི་སྦྱིན། རྣམ་པར་རྟོག་པ་མེད་པའི་སེམས་ཀྱིས་སྔགས་འདིའི་རྗེས་ཟློས་དང་བཅས་མྱང་བར་མཛོད། ཨ་ཧོ་མ་ཧཱ་སུ་ཁ་ཧོཿ ཞེས་མྱང་དུ་གཞུག ། དེ་ལྟར་བྱང་སེམས་ཡི་གེའི་སྤྲིན་ཨཱ་ལི་ཀཱ་ལིའི་རྣམ་པར་འཆར་བས་རྩ་གནས་ཐམས་ཅད་གང་བས་རྩའི་འཆིང་བྱེད་ཀྱི་མདུད་པ་གྲོལ། གཟུང་འཛིན་བརྒྱད་ཅུའི་རྟོག་པ་འགགས། ཐིག་རླུང་སེམས་གསུམ་ཡེ་ཤེས་ཆེན་པོའི་ངོ་བོར་བྱིན་གྱིས་བརླབས་ནས་བདེ་བའི་ཡེ་ཤེས་ཁྱད་པར་ཅན་རྒྱུད་ [33b] ལ་སྐྱེས་པར་མོས་ཤིག །སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོ་སྤྲུལ་པའི་སྐུ་ཤཱཀྱ་སེང་གེའི་རྣམ་པར་བཞེངས་ནས་ཁྱེད་རང་རྣམས་བྱང་ཆུབ་མཆོག་ཏུ་ལུང་བསྟན་པར་མོས་མཛོད། ཅེས་སློབ་དཔོན་གྱི་ལག་གཡོན་པས་ཆོས་གོས་ཀྱི་གྲྭ་གཉིས་སེང་གེའི་རྣ་བ་ལྟར་བྱས་པ་སྙིང་གར་བཟུང་། གཡས་རྡོ་དྲིལ་ལྷན་ཅིག་ཏུ་བཟུང་བ་སློབ་མའི་སྨིན་ཐད་དུ་དཀྲོལ་ཞིང་། འདིར་ནི་ཁྱོད་ལ་ངས་ལུང་བསྟན༔ རྡོ་རྗེ་གཞོན་ནུ་ཞེས་བྱ་བའི༔ སྲིད་པ་ཀུན་ལས་རྣམ་གྲོལ་བ༔ དེ་བཞིན་གཤེགས་པ་ཉིད་ཡིན་ནོ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་བྷུ་རྦྷུ་བ་སྭ༔ འདི་ལྟར་ངས་ལུང་བསྟན་པ་ལྟར་ཕྱོགས་བཅུའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་དང་དཀྱིལ་འཁོར་གྱི་ལྷ་ཚོགས་ཐམས་ཅད་ཀྱིས་མགྲིན་གཅིག་ཏུ་ལུང་སྟོན་པར་མཛད་པ་ནི་སྔགས་འདི་དང་ཕྱག་རྒྱ་འདིའི་མཐུ་ཡིན་ནོ། །ཞེས་ལུང་བསྟན། དེ་ལྟར་ན་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་གསང་བའི་དབང་ཐོབ། རླུང་ཐ་མལ་དུ་འཛིན་པའི་བག་ཆགས་སྦྱངས་ཏེ་ངག་གི་སྒྲིབ་པ་དག །ལམ་དུས་སུ་བདག་བྱིན་རླབས་རྫོགས་རིམ་ཙཎྜ་ལཱིའི་རྣལ་འབྱོར་བསྒོམ་པ་ལ་དབང་། སྒྲ་སྐད་དང་རླུང་འབྱིན་འཇུག་གསང་སྔགས་སུ་དག་སྟེ། འབྲས་བུ་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །གསུམ་པ་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ནི། [34a] དེ་ནས་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བཅོམ་ལྡན་ཞི་བ་ཆེན་པོ་ཀྱེ༔ རྡོ་རྗེ་གཞོན་ནུ་བདག་ལ་དགོངས༔ རྡོ་རྗེ་པདྨ་སྦྱོར་བྱུང་བའི༔ བདེ་ཆེན་ལམ་འདི་བདག་ལ་སྩོལ༔ ལན་གསུམ། ཁྱེད་རང་རྣམས་དཔལ་ཆེན་པོ་སྣང་སྟོང་སྒྱུ་མ་ལྟ་བུའི་སྐུར་གསལ་བ་ལ། སློབ་དཔོན་གྱིས་ཡུམ་འཁོར་ལོ་རྒྱས་འདེབས་མ་ལས་རིགས་མཐུན་གྱི་ལས་རྒྱ་གཟུགས་དང་ལང་ཚོ་མཚན་ཉིད་ཕུན་སུམ་ཚོགས་པ་ཞིག་རྣམ་པར་འཕྲུལ་པའི་ལག་གཡོན་པ་ནས་བཟུང་སྟེ་རྒྱལ་བ་ཐམས་ཅད་དཔང་པོར་གསོལ་ནས་ཁྱེད་རྣམས་ཀྱི་ལག་གཡས་སུ་གཏད་པའི་མོས་པ་མཛོད། རིག་མའི་གཟུགས་བརྙན་གཏད་ལ། ཧཱུྃ༔ སྟོང་པའི་བདག་ཉིད་ཤེས་རབ་དབྱིངས་ཀྱི་ཡུམ༔ བདེ་ཆེན་ཡེ་ཤེས་བསྐྱེད་པའི་མཛའ་ན་མོ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ བདེ་སྟོང་སྙོམས་འཇུག་ཆེན་པོར་ལོངས་སྤྱོད་ཅིང༔ དགའ་བ་བཞི་ཡི་ཡེ་ཤེས་ཉམས་སུ་མྱོང་༔ ཡིད་སྒྲིབ་དག་ནས་ཆོས་སྐུའི་ས་བོན་ཐེབས༔ ཤེས་རབ་ཡེ་ཤེས་དབང་མཆོག་ཡོངས་རྫོགས་ཤོག ། རྩ་སྔགས། ཨོ་མ་ཧཱ་བྷོ་དྷི་ཛྙཱ་ན་མུ་དྲ་ཚིནྡྷ་ཨ་བྷི་ཥིཉྩ་ཧཱུྃ༔ དེས་ཀྱང་ཟབ་མོའི་བརྟུལ་ཞུགས་ལ་སྤྱོད་པའི་ [34b] ནུས་པ་ཡོད་མེད་བརྟག་པའི་དོན་དུ་དྲི་བ་འདི་ལྟར་སྨྲས་པར་མོས་ཤིག །བདུད་རྩིའི་མཆོད་པ་བྱེད་པ་དང་༔ བུད་མེད་རྣམས་ལ་གུས་པ་དང་༔ བྷ་ག་ལ་ནི་འོ་བགྱིད་པར༔ སྤྲོ་བར་གྱུར་རམ་བུ་ཡིས་སྨོས༔ དེ་ལྟར་དྲིས་པ་ལ་ནུས་ཤིང་སྤྲོ་བའི་ལན་བཏབ་པར་མོས་ལ་འདིའི་རྗེས་ཟློས་མཛོད། དྲི་ཆེན་དྲི་ཆུ་ལ་སོགས་འཚལ༔ བུད་མེད་རྣམས་ལ་རྟག་གུས་བགྱིད༔ བྷ་ག་ལ་ཡང་འོ་བྱེད་པར༔ བདག་ནི་སྤྲོ་བས་ཁྱོད་མཆོད་དོ༔ ཞེས་ལན་བཏབ་པས་རིག་མ་དེ་ཉིད་དགྱེས་ཏེ་ལུས་གོས་དང་བྲལ་བར་བྱས་པ་ལ་གུར་གུམ་ལ་སོགས་པའི་དྲི་ཞིམ་པོའི་ཆུས་བྱུགས། རྩ་མཛེས་པའི་ཆུ་སྐྱེས་ཀྱི་མདངས་ངོམས་ཏེ་པདྨའི་ཆེ་བ་བརྗོད་པར་མོས་མཛོད། ཨེ་མ་ང་ཡི་པདྨ་འདི༔ བདེ་བ་ཐམས་ཅད་འབྱུང་བའི་གནས༔ གལ་ཏེ་ཆོ་ག་བཞིན་བརྟེན་ན༔ སངས་རྒྱས་མཉེས་པ་ལ་སོགས་པའི༔ བྱ་བ་པདྨར་ཇི་བཞིན་ནོ༔ སྐྱེ་བོ་མ་རིག་རང་གར་སྤྱོད༔ ཐེ་ཚོམ་ཅན་རྣམས་འདི་སྤོང་བ༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ ཅེས་གསུངས་ཏེ་པང་དུ་བྱོན་པར་མོས་ཤིག །དེ་ནས་ཁྱེད་རང་རྣམས་དཔལ་ཆེན་རྡོ་རྗེ་གཞོན་ནུ་དང་། རིག་མ་ཡུམ་འཁོར་ལོ་རྒྱས་འདེབས་མར་གསལ་བ་ལྷའི་འདུ་ཤེས། ཡབ་ཀྱི་གསང་ [35a] གནས་ཧཱུཾ་ལས་རྡོ་རྗེ་ཧཱུཾ་གིས་མཚན་པའི་ནོར་བུར་ཨོཾ་དང་རྩེ་མོར་ཕཊ་ཀྱིས་མཚན་པ། ཡུམ་གྱི་མཁའ་ཨ་ལས་པདྨ་ཨས་མཚན་པར་མོས་པ་སྡགས་ཀྱི་འདུ་ཤེས། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པ་ཆོས་ཀྱི་འདུ་ཤེས་ཏེ། འདུ་ཤེས་གསུམ་ལྡན་གྱི་སྒོ་ནས་ཡབ་ཡུམ་འཁྱུད་པ་དང་ཙུམྦ་ན་དང་གསང་གནས་སྦྱར་ཞིང་རོལ་པས་རྗེས་ཆགས་བདེ་ཆེན་གྱི་ཡེ་ཤེས་ཆེས་ཆེར་འབར་བས་གཉིས་སྣང་གི་རྟོག་པ་ཐམས་ཅད་དབྱིངས་སུ་ནུབ་ནས་ཐིག་ལེ་དྭངས་མ་རྣམས་ཞུ་སྟེ། སྤྱི་བོ་ནས་མགྲིན་པར་བྱོན་པས་དགའ་བ། སྙིང་གར་མཆོག་དགའ། ལྟེ་བར་དགའ་བྲལ། མཁའ་གསང་གི་རྩེར་དཀར་དམར་གྱི་འདུ་འཕྲོ་ཞལ་མཇལ་བས་ལྷན་སྐྱེས་ཀྱི་དགའ་བ་ཉམས་སུ་མྱོང་། སླར་ཡང་རླུང་འཕོ་བ་མེད་པའི་སྟོབས་ཀྱིས་ཧཱུཾ་ཞེས་ཡུམ་གྱི་དམར་ཆ་དང་ལྷན་ཅིག་གྱེན་དུ་དྲངས་པས་མས་བརྟན་གྱི་དགའ་བ་བཞི་ཉམས་སུ་མྱང་བར་བྱས་ཏེ་མཚོན་བྱེད་དཔེའི་ཡེ་ཤེས་བདེ་སྟོང་ལྷན་ཅིག་སྐྱེས་པའི་རང་ངོ་བརྗོད་བྲལ་གྱི་ངང་མདངས་དེ་ཉིད་ཅུང་ཟད་བསྐྱང་བར་ཞུ། ཞེས་དར་གཅིག་བཞག ། དེ་ལྟར་ཟབ་མོའི་དབང་ཐོབ་པ་ལ་མཐའ་རྟེན་དུ་དབུགས་དབྱུང་བ་ནི། [35b] འདོད་ཆགས་བྲལ་བ་ལྟ་བུའི་སྡིག༔ ཁམས་གསུམ་གནས་ན་སྡིག་མེད་དེ༔ དེ་བས་འདོད་ལ་ཆགས་བྲལ་བ༔ ཁྱོད་ཀྱིས་ནམ་ཡང་མ་བྱེད་ཅིག༔ ཅེས་བསྒྲག། དེ་ལྟར་ན་གསང་བ་ཆོས་ཐམས་ཅད་འབྱུང་བའི་དཀྱིལ་འཁོར་དུ་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། གཟུང་འཛིན་གཉིས་སྣང་གི་རྟོག་ཚོགས་སྦྱངས་ཏེ་ཡིད་ཀྱི་སྒྲིབ་པ་དག །ལམ་དུས་སུ་ཕོ་ཉ་བདེ་བ་ཆེན་པོ་རྡོ་རྗེ་སེམས་དཔའི་གསེང་ལམ་བསྒོམ་པ་ལ་དབང་། བདེ་སྡུག་བྱུང་ཚོར་ཐམས་ཅད་ལྷན་སྐྱེས་ཡེ་ཤེས་སུ་དག་ནས། འབྲས་བུ་ཐུགས་རྡོ་རྗེ་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ཐོབ་པའི་སྐལ་བ་ཅན་དུ་བྱས་པ་ཡིན་ནོ། །བཞི་པ་ཚིག་དབང་རིན་པོ་ཆེ་བསྐུར་བ་ནི། དེ་ནས་དབང་རྣམས་ཀུན་གྱི་མཐར་ཐུག་ཚིག་དབང་རིན་པོ་ཆེ་ཞུ་བའི་དོན་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། བདག་ཉིད་ཆེ་ཁྱོད་བཀའ་དྲིན་གྱིས༔ གཙོ་བོའི་དབང་བསྐུར་རྣམ་གསུམ་ཐོབ༔ དེ་རིང་རིན་ཆེན་བཞི་པ་ཡང་༔ བཀའ་དྲིན་གྱིས་ནི་བསྐྱང་དུ་གསོལ༔ ལན་གསུམ། ཁྱེད་རང་རྣམས་སྒོ་གསུམ་མ་བཅོས་རང་བབས་སུ་ལྷོད་ཀྱིས་གློད་ལ་ལྟ་སྟངས་གཡོ་བ་མེད་པའི་ངང་ནས་རིག་པ་སྐྱེས་འགག་གནས་གསུམ་དང་བྲལ་བའི་གཤིས་ལུགས་སྨྲ་བསམ་བརྗོད་བྲལ་གྱི་ངང་ [36a] དུ་མཉམ་པར་ཞོག་ཅིག །མན་ཤེལ་སྙིང་གར་གཏད་ལ། ཧཱུྃ༔ ཆོས་དབྱིངས་བརྡལ་ཁྱབ་ཆེན་པོའི་ཀློང་ཡངས་སུ༔ ལྷུན་གྲུབ་འགག་མེད་ལོངས་སྐུའི་ཚོམ་བུ་གསལ༔ མ་བཅོས་རང་བྱུང་རང་གསལ་འཇའ་ཤེལ་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན་བྲལ་ནས༔ ཀ་དག་སྐྱེ་མེད་ཚིག་གི་དབང་ཐོབ་ཤོག༔ རྩ་སྔགས། སརྦ་ཨ་བྷི་ཥིཉྩ་ཨ༔ འོད་ལྔའི་ཐིག་ལེ་གཏད་ལ། ཧཱུྃ༔ དབྱིངས་རིག་ཟུང་འཇུག་བདེ་བ་ཆེན་པོའི་ཀློང་༔ སྐུ་དང་ཡེ་ཤེས་ལྷུན་གྲུབ་ཐིག་ལེ་ཤར༔ སྐལ་ལྡན་བུ་མཆོག་ཁྱོད་ལ་དབང་བསྐུར་རོ༔ སྣང་བཞི་མཐར་ཕྱིན་འཇའ་ལུས་སྐུ་ཐོབ་ཤོག༔ རྩ་སྔགས། སརྦ་ཀཱ་ཡ་ཛྙཱ་ན་ཨ་བྷི་ཥིཉྩ་ཨཿ ཨ་ཨ་ཨ་ཕཊ༔ དེའང་རང་སེམས་སྟོང་གསལ་རིག་པའི་སྙིང་པོ་ཅན་འདི་ནི་ཤེལ་གོང་དྭངས་པ་ལ་གཟུགས་བརྙན་གྱི་ཚོན་རིས་སྣ་ཚོགས་སུ་འཆར་ཡང་ཤར་བ་ཉིད་དམིགས་སུ་མེད་ཅིང་དངོས་པོར་མ་གྲུབ་པ་བཞིན་དུ། སེམས་ཀྱི་གཤིས་ལུགས་ཡེ་ནས་དངོས་མཚན་ཅན་དུ་གྲུབ་པ་མེད་པས་སྟོང་སང་ངེ་བ། སྟོང་པའི་རང་མདངས་འགགས་མེད་དུ་སྣང་བས་གསལ་ལྷང་ངེ་བ། སྟོང་གསལ་གཉིས་མེད་ཀྱི་རང་རྩལ་སྣ་ཚོགས་པར་ཤར་ཡང་དོན་ལ་སྤྲོས་པའི་མཚན་ [36b] མས་དབེན་པ་འདི་ཉིད་སེམས་ཀྱི་གནས་ལུགས་དྲི་མ་མེད་པ་སྟེ། རིག་པའི་ངོ་བོ་ཀ་དག་ཁྱབ་བརྡལ་ཕྱོགས་མཐའ་ཐམས་ཅད་དང་བྲལ་བ་དེ་ཀ་ཆོས་སྐུ་གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཞེས་བྱ་བ་ཡིན་ནོ། །གདངས་མ་འགག་རང་བཞིན་སྐུ་དང་ཡེ་ཤེས་ཀྱི་རོལ་པར་ལྷུན་གྱིས་གྲུབ་པ་ནི་ལོངས་སྐུ་རིགས་ལྔ་གངས་ཆེན་མཚོའི་བཀོད་པའོ། །ཐུགས་རྗེའི་རྩལ་ཀུན་ཁྱབ་ཅིར་ཡང་འཆར་བ་ནི་སྤྲུལ་པའི་སྐུའོ། །དེ་གསུམ་ཡང་ཐ་དད་དུ་མ་ཡིན་པར་ད་ལྟའི་ཐ་མལ་གྱི་ཤེས་པ་གསལ་རིག་རྗེན་ནེ་བ་སྤྲོས་པ་ཐམས་ཅད་དང་བྲལ་བ་འདི་ཉིད་སྐུ་གསུམ་དབྱེར་མེད་དཔལ་ཆེན་ཧེ་རུ་ཀའི་དགོངས་པར་ངོ་ཤེས་པས་རང་སྣང་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དབྱིངས་སུ་མཉམ་པར་ཞོག་མཛོད། དེའི་མཐའ་རྟེན་དུ་གཟེངས་བསྟོད་པར་བྱ་བ་ཡིན་ཏེ། བདུད་འདུལ་དཀྱིལ་འཁོར་ཆེན་པོ་རུ༔ དབང་མཆོག་བསྐུར་བས་སྡིག་ལས་གྲོལ༔ འབྲས་བུ་གྲུབ་པའི་དགེ་བ་ནི༔ ཐོབ་པས་ཁྱོད་ནི་འབྲས་དང་བཅས༔ དེ་ལྟར་ན་དོན་དམ་བྱང་ཆུབ་སེམས་ཀྱི་དཀྱིལ་འཁོར་དུ་རིག་པའི་རྩལ་དབང་ཐོབ། སྒོ་གསུམ་ཐ་དད་དུ་འཛིན་པའི་ཤེས་བྱའི་སྒྲིབ་པ་ཆེས་ཕྲ་བ་སྦྱོངས། ལམ་དུས་སུ་ཁྲེགས་ཆོད་ཐོད་རྒལ་ཟུང་འཇུག་རྫོགས་རིམ་ [37a] མཐར་ཐུག་པའི་རྣལ་འབྱོར་ཆེན་པོ་བསྒོམ་པ་ལ་དབང་། སྣང་བཞི་ཟད་སར་འཁྱོལ་ཏེ། འབྲས་བུ་ངོ་བོ་ཉིད་སྐུ་ཀུན་བཟང་ཧེ་རུ་ཀའི་གོ་འཕང་མངོན་དུ་བྱེད་པའི་སྐལ་བ་ཁྱད་པར་ཅན་དུ་བྱས་པ་ཡིན་ནོ། །ལྔ་པ་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་བསྐུར་བ་ནི། དེ་ནས་བྱིན་རླབས་ཡོངས་རྫོགས་གཏོར་མའི་དབང་གི་སླད་དུ། དཔལ་གྱི་གཏོར་ཆེན་འདི་ཉིད་བཅོམ་ལྡན་འདས་རྡོ་རྗེ་གཞོན་ནུའི་ལྷ་ཚོགས་དངོས་སུ་གསལ་བའི་སྟེང་གི་ཆ་ལ་རིག་འཛིན་བརྒྱུད་པའི་བླ་མ། བར་གྱི་ཆ་ལ་ཡི་དམ་རྒྱུད་སྡེའི་ལྷ་ཚོགས། འོག་གི་ཆ་ལ་མཁའ་འགྲོ་དམ་ཅན་སྲུང་མའི་ཚོགས་དང་བཅས་པ་དྭངས་པའི་མཚོ་ལ་གཟའ་སྐར་ཤར་བ་བཞིན་བཀྲ་ལམ་མེར་དགྱེས་འཛུམ་བྱིན་གྱིས་རློབ་པའི་དགོངས་པ་དང་ལྡན་པས་བཞུགས་པ་ལ། མོས་འདུན་དྲག་པོས་གསོལ་བ་བཏབ་པའི་རྐྱེན་གྱིས་ཁྱེད་རང་རྣམས་ཀྱི་སྤྱི་བོར་བྱོན། གསང་བ་གསུམ་གྱི་བྱིན་རླབས་ཐམས་ཅད་འོད་ཟེར་བདུད་རྩིའི་རྣམ་པར་ཆར་རྒྱུན་བཞིན་བབས་པས་ལུས་དག་ཡིད་གསུམ་གྱི་འགལ་རྐྱེན་ནད་གདོན་བར་ཆད་སྡིག་སྒྲིབ་ཐམས་ཅད་ལྷག་མེད་དུ་སྦྱངས། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་བྱིན་དངོས་ [37b] གྲུབ་མ་ལུས་པ་ཆིག་རྫོགས་སུ་ཐོབ་པའི་མོས་པ་མཇོད། གཏོར་ཆེན་གནས་གསུམ་དུ་བཞག་ལ། ཧཱུྃ༔ གཞི་དབྱིངས་ཁྱབ་བརྡལ་ཡངས་པའི་སྣོད་མཆོག་ཏུ༔ ལྷུན་གྲུབ་བཀོད་པ་རྫོགས་ལྡན་གཏོར་ཆེན་པོ༔ ཐབས་ཤེས་སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་རྫོགས༔ དབང་དང་བྱིན་རླབས་དངོས་གྲུབ་ཆར་རྒྱུན་འབེབས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ རིགས་དང་དཀྱིལ་འཁོར་ཀུན་ལ་དབང་ཐོབ་ཤོག༔ རྩ་སྔགས། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་བ་ལིང་ཏ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱཧཱ་ཧཱུྃ༔ ཞེས་དང་། སླར་ཡང་སྦྱི་བོར་བཞག་སྟེ། ཁྱབ་བདག་ཀུན་ཏུ་བཟང་པོ། དཔལ་ཆེན་ཁྲག་འཐུང་རིགས་ལྔ། རིག་འཛིན་རྡོ་རྗེ་ཆོས་རབ། མཁའ་འགྲོ་བདེ་བའི་འཁོར་ལོ། སློབ་དཔོན་པྲ་བྷ་ཧ་སྟི། ཨོ་རྒྱན་པདྨ་ཐོད་ཕྲེང་། མཁར་ཆེན་ཡེ་ཤེས་མཚོ་རྒྱལ། འབྲོག་བན་ཁྱེའུ་ཆུང་ལོ་ཙཱ། ཁྲག་འཐུང་བདུད་འཇོམས་དཔའ་བོ། འགྱུར་མེད་ངེས་དོན་དབང་པོ་ལ་སོགས་ཏེ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། སངས་རྒྱས་ཐམས་ཅད་ཀྱི་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་མཐུ་སྟོབས་གཅིག་ཏུ་འདུས་པ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་གྱི་ལྷ་ཚོགས་མཁའ་འགྲོ་བཀའ་སྡོད་དམ་ཅན་རྒྱ་མཚོའི་ [38a] ཚོགས་དང་བཅས་པས་རྡོ་རྗེའི་སློབ་མ་འདི་རྣམས་ཀྱི་རྒྱུད་ལ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་སྒོ་ནས་བྱིན་གྱིས་བརླབ་ཏུ་གསོལ། ནད་གདོན་སྡིག་སྒྲིབ་བགེགས་དང་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བ་དང་། ཚེ་དང་བསོད་ནམས་དཔལ་དང་འབྱོར་པ་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། ཁམས་གསུམ་སྐྱེ་འགྲོ་རླུང་སེམས་སྣང་བ་ཐམས་ཅད་དབང་དུ་འདུ་བ་དང་། གཉིས་སྣང་ལོག་འདྲེན་དགྲ་བགེགས་འབྱུང་པོ་ཐམས་ཅད་ཚར་གཅོད་པ་དང་། བྱང་ཆུབ་ཀྱི་སེམས་རྣམ་པ་གཉིས་རྒྱུད་ལ་སྐྱེས་ནས་མྱུར་དུ་ཕྱག་རྒྱ་ཆེན་པོ་མཆོག་གི་དངོས་གྲུབ་དཔལ་ཆེན་རྡོ་རྗེ་གཞོན་ནུའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། ཞེས་བཀའ་བསྒོ་བྱས་མཐར། ཛཿཧཱུྃ་བཾ་ཧོཿ ཞེས་བརྗོད་པས། གཏོར་མའི་ལྷ་ཚོགས་འོད་དུ་ཞུ་སྟེ་ཁྱེད་རང་རྣམས་ལ་སིབ་ཀྱིས་ཐིམ་པས་དཔལ་ཆེན་པོའི་གསང་བ་གསུམ་དང་གཉིས་སུ་མེད་པའི་ངོ་བོར་ལྷུན་གྱིས་གྲུབ་པའི་མོས་པ་མཛོད་ཅིག །ཅེས་གཏོར་མའི་རས་མ་བདུད་རྩི་དང་བསྲེས་པ་དངོས་གྲུབ་ཏུ་སྦྱིན་ནོ། །གཉིས་པ་སྨད་ལས་དགྲ་བགེགས་སྒྲོལ་བའི་དབང་ནི། དེ་རྣམས་ཀྱིས་བྱང་ཆུབ་སྒྲུབ་པའི་ཕུར་བུའི་དགོངས་པ་གསུམ་དང་འབྲེལ་བ་སྟོད་ལས་ཀྱི་དབང་བསྐུར་ [38b] བ་གྲུབ་ནས། ད་ནི་མཚན་མ་རྫས་ཀྱི་ཕུར་བུས་དགྲ་བགེགས་བསྒྲལ་བ་སྨད་ལས་མངོན་སྤྱོད་དམོད་པའི་རྗེས་གནང་ཟབ་མོ་ཞུ་བའི་དོན་དུ་མཎྜལ་ཕུལ། ཞེས་མཚོན་ཆའི་མཎྜལ་འབུལ་དུ་གཞུག ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཐབས་ཀྱི་སྤྱོད་པས་འགྲོ་དོན་དུ༔ བྱམས་དང་སྙིང་རྗེས་གང་འདུལ་བ༔ སངས་རྒྱས་ཕྲིན་ལས་རྫོགས་མཛད་ཕྱིར༔ ལས་སྦྱོར་དབང་བསྐུར་བསྩལ་དུ་གསོལ༔ ལན་གསུམ་ཞུས་པའི་ལན་དུ། ཧཱུྃ༔ གང་གིས་འདུལ་བར་མི་འགྱུར་བའི༔ གདུག་པ་ཅན་རྣམས་བསྒྲལ་བ་དང་༔ སངས་རྒྱས་བསྟན་པ་བསྲུང་དོན་དུ༔ མངོན་སྤྱོད་དབང་འདི་སྦྱིན་པར་བྱ༔ ཞེས་གནང་བ་སྦྱིན། དེའང་མངོན་སྤྱོད་དྲག་པོ་སྒྲོལ་བའི་རྗེས་སུ་གནང་བ་སྒྲུབ་པ་ལ། ཕྲིན་ལས་རྩོམ་པ་པོ་ལྟ་བ་ཆོས་ཉིད་ཀྱི་རྫོང་ལ་ཞུགས་ཤིང་། སྒོམ་པ་བསྐྱེད་རྫོགས་ཀྱི་འཕྲང་ལ་འགྲིམ་སྟེ། སྤྱོད་པ་སྙིང་རྗེའི་སྲོག་དང་ལྡན་པས། བརྩམ་པའི་ཡུལ་ཉམས་པ་བདུན་ལྡན་གྱི་དགྲ་བགེགས་རྣམས་ལ། ཇི་ལྟར་རྩོམ་པའི་ཕྲིན་ལས་ཀྱི་རིམ་པ་རྣམས་འོག་ནས་འབྱུང་བའི་ཚིག་རིས་དང་མཐུན་པར་དོན་གྱི་དགོངས་པ་གསལ་འདེབས་པར་མཛོད། ཅེས་བརྡ་སྦྱར་ལ། སྨད་ལས་བཞིན་གསེར་སྐྱེམས་ཀྱི་མཆོད་པ་སྔོན་དུ་འགྲོ་བས། བྲུབ་ཁུང་ [39a] བསྐྱེད་ཅིང་འགུག་གཞུག་བྱ་བ་ནས་བཟུང་སྨྱོ་རུ་གཞུག་པའི་བར་དཀྱུས་བཞིན་སོང་ནས། དེ་ནས་ཚེ་ཁྲུས་ཀྱི་དགོངས་པས་བསྒྲལ་དབང་གི་དངོས་གཞིའི་ལས་མཐར་དབྱུང་བའི་སླད་དུ་དམིགས་པ་འདི་བཞིན་དུ་ངེས་མཛོད། དེའང་དང་པོར་མི་ལྡོག་པའི་ཕྱིར་རང་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་དངོས་སུ་གསལ་བ་དང་། མི་རྡུགས་པའི་ཕྱིར་ཕྱག་མཚན་ཕུར་པ་སྲས་མཆོག་དངོས་སུ་གསལ་བ་དང་། མི་འབྱམས་པའི་ཕྱིར་ལིངྒ་དགྲ་བོ་དངོས་སུ་གསལ་བ་ནི་གསལ་བ་གསུམ་ལྡན་གྱི་ཏིང་ངེ་འཛིན་ཡིན་ལ། བདག་ཉིད་རྩ་བའི་དཀྱིལ་འཁོར། མཚན་མ་རྫས་ཀྱི་དཀྱིལ་འཁོར། ཕྱོགས་བཅུ་ཁྲོ་བོའི་དཀྱིལ་འཁོར་གསུམ་པོའི་ལྷ་ཚོགས་ཐམས་ཅད་ཀྱི་གནས་གསུམ་དུ་ཨ་དཀར་པོ་རེ་རེ་གསལ་བ་ལས་འོད་ཟེར་འཕྲོས་ཕྱོགས་བཅུའི་སངས་རྒྱས་ཐམས་ཅད་ཨ་དཀར་པོ་བྱ་དཀར་གདངས་ལ་བསྒྲིགས་པ་ལྟ་བུའི་རྣམ་པར་བྱོན་ནས་དཀྱིལ་འཁོར་གསུམ་ལ་ཐིམ་པས་བདག་གི་ལུས་ངག་ཡིད་གསུམ་གྱི་སྒྲིབ་པ་སྦྱངས་ཏེ་བདེ་སྟོང་གི་ངང་དུ་རོ་གཅིག་པར་བསམ་པ་ནི་བདག་རྣལ་འབྱོར་པའི་ཁྲུས་ལུང་། ཡང་དཀྱིལ་འཁོར་གསུམ་པོའི་གནས་གསུམ་གྱི་ཨ་དཀར་ལས་འཕྲོས་པའི་འོད་ཀྱིས་འཕགས་པ་ [39b] མཆོད་བྱིན་རླབས་བསྡུས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྦྱངས་ཡི་དམ་ལྷའི་གོ་འཕང་ལ་བཀོད་པར་བསམ་པ་ནི་ཁམས་གསུམ་སེམས་ཅན་གྱི་ཁྲུས་ལུང་། ཡང་འོད་ཟེར་ཚུར་འདུས་དགྲ་བགེགས་ཀྱི་གནས་གསུམ་དུ་ཐིམ་པས་ཁོའི་ལས་ངན་གྱི་སྡིག་སྒྲིབ་སྦྱངས་བསྒྲལ་བའི་སྐལ་ལྡན་དུ་གྱུར་པར་མོས་པ་ནི་གཟས་པོ་དགྲ་བགེགས་ཀྱི་ཁྲུས་ལུང་སྟེ་ཁྲུས་ལུང་རྣམ་པ་གསུམ་ཡིན་ཅིང་། དེའི་དང་པོ་ནི་འདྲ་བ་དཔེའི་སྒོ་ནས་ཨ་དཀར་བྱ་དཀར་གྱི་དགོངས་པ་དང་། གཉིས་པ་བདག་ཕུར་ལིངྒ་གསུམ་དགོངས་པ་གཅིག་གིས་འབྲེལ། དམ་ཚིག་གཅིག་གིས་འབྲེལ། ཆོས་ཉིད་གཅིག་གིས་འབྲེལ་སླད་ཐུགས་རྗེ་འབྲེལ་ཐག་གི་དགོངས་པ་དང་། སྤྱིར་སེམས་ཅན་ཐམས་ཅད་སྒོས་བསྒྲལ་བྱའི་ཞིང་དེ་ཉིད་མྱུར་དུ་མ་བསྒྲལ་ན་ལས་ངན་ཚབས་པོ་ཆེ་བསགས་ཏེ་འཁོར་བར་འཁྱམས་དགོས་པར་མཐོང་ནས་ཚད་མེད་སྙིང་རྗེས་མི་གཏོང་བ་གདུང་སེམས་ལུ་གུ་རྒྱུད་ཀྱི་དགོངས་པ་སྟེ། དགོངས་པ་རྣམ་གསུམ་གྱི་དོན་ཚང་། དེ་ནས་ལིང་ག་དགྲ་བགེགས་དངོས་སུ་གསལ་བའི་སྙིང་དཀར་ནག་མཚམས་སུ་སྲོག་གི་ངོ་བོ་ཚེ་རྟེན་སྡོམ་གྱི་བལ་རྒྱ་འདྲ་བ་དེའི་ནང་དུ་ཁྲག་ [40a] སྦལ་བྱེའུ་ལན་པའི་མགོ་བོ་ཙམ་གྱི་དབུས་སུ་ཀུན་གཞིའི་རྣམ་ཤེས་ཀྱི་ངོ་བོར་གྱུར་པའི་ཡི་གེ་ཨ་དཀར་པོའི་ཁོང་པར་ཐིག་ལེ་འོད་ཀྱི་རང་བཞིན་ཅན་གྱི་ལྟེ་བར་ཡི་གེ་ནྲྀ་དུད་ཁ་མར་མེ་འཆི་ཁའི་འོད་ལྟ་བུ་སྔོ་སྐམ་སྐམ་པ་ཞིག་ཡོད་པ་དེ་ལ་དམིགས་ཏེ་ཕུར་རྩེ་བསྒྲིལ་ཞིང་བཏབ་པས་ཕུར་རྩེའི་འོད་ཟེར་མེའི་ཚྭ་ཚྭ་ལྟ་བུ་དང་རྩེ་མོའི་རྣོ་དབལ་གྱིས་ཚེ་སྲོག་བལ་རྒྱ་འདྲ་བ་དེ་དབྲལ་རྣམ་ཤེས་མར་མེ་ལ་ཕུས་བཏབ་པ་ལྟར་ནག་ཐུམ་གྱིས་སོང་། ནྲྀ་ཐིག་ལེ་ཨ་དང་བཅས་པ་ཏོག་གིས་བླངས་ནས་ཕུར་རྩེ་ལ་ཡེར་རེ་ཡོད་པ་རང་གི་སྙིང་གར་ཐིམ་པས་རྡོ་རྗེའི་ཚེ་སྲོག་གི་སྟོབས་བསྐྱེད། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱ་ཕཊ། ལན་གསུམ། ཅེས་བརྗོད་ཅིང་ཕུར་པའི་དབལ་ནས་བཟུང་སྟེ་ཀླད་ལ་ལན་གསུམ་བསྐོར་བས་དེ་ལས་རང་འདྲའི་ཕུར་བུ་དཔག་མེད་འཕྲོས་པས་སྣང་སྲིད་ཐམས་ཅད་ཕུར་བུས་གང་ཞིང་གཟི་བརྗིད་འབར། བདག་གི་ཐུགས་ཀ་ནས་འོད་ཟེར་གྱི་སྣེ་ལ་མཆོད་པའི་ལྷ་མོ་འདོད་ཡོན་ཐོགས་པ་དཔག་མེད་འཕྲོས། སྣང་སྲིད་ཕུར་བུའི་ལྷ་ཚོགས་མཆོད་པས་མཉེས་ཤིང་ཚིམས། སྐུ་གསུང་ཐུགས་ཀྱི་དབང་དང་དངོས་གྲུབ་ཐམས་ཅད་འོད་ཟེར་དཀར་དམར་མཐིང་ [40b] གསུམ་གྱི་རྣམ་པར་བྱུང་བ་རང་ལ་ཐིམ། ཕུར་རྩེ་གྱེན་དུ་བསྟན་པ་དང་ལྷན་ཅིག་ཧཱུཾ་ཧཱུཾ་ཧཱུཾ་ཞེས་བརྗོད་པའི་རྐྱེན་གྱིས་བདག་གི་ཐུགས་ཀ་ནས་འོད་ཟེར་བ་ཐག་ལྟ་བུའི་སྣེ་ལ་དགྲ་བགེགས་ཀྱི་རྣམ་ཤེས་ཨ་དཀར་པོ་ཙན་གྱིས་བླངས་ནས་སྐར་མདའ་འཕངས་པ་ལྟར་སོང་། ཕཊ་ཕཊ་ཕཊ་ཅེས་འོག་མིན་དུ་རྡོར་སེམས་ཡབ་ཡུམ་གྱི་སྦྱོར་མཚམས་སུ་འཕངས་པས་རྒྱལ་བའི་སྲས་སུ་སྐྱེས་པར་བསམ་པ་ཁྱད་པར་ཅན་གྱི་ཚེ་ལུང་དང་གསོ་བའི་ལུང་སྟེ། དེ་ལྟ་བུའི་དམིགས་པའི་གནད་དང་ལྡན་པས་གདབ་པའི་ལས་རིམ་ལ་འཇུག་པར་འཚལ། སྲས་ཕུར་གཏད་ལ། ཧཱུྃ༔ གཟུང་འཛིན་རཱུ་དྲ་ཕོ་མོའི་ཕུང་ཁམས་གཟུགས༔ འཇིགས་བྱེད་ལས་ཀྱི་མཚོན་ཐུན་ངར་ལྡན་པ༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་གཏད་པ་ཡིས༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས། རཱུ་དྲ་ཨ་མུ་ཀ་མཱ་ར་ཡ་རྦད་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད། ཧཱུྃ༔ ང་ནི་རྡོ་རྗེ་གཞོན་ནུ་ཆེ༔ ཞེས་སོགས་ཀྱིས་ཕུར་པ་ཐོག་མར་སློབ་དཔོན་གྱིས་འདྲིལ་ཞིང་རྗེས་ལ་སློབ་མའི་ལག་ཏུ་གཏད་དེ་ལིངྒ་གདབ་ཏུ་གཞུག །དེ་ནས་གདབ་ཕུར་ཐོགས་ལ། ཧཱུྃ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ ཞེས་སོགས་ཀྱིས་ཕུར་བུ་གནས་སོ་སོར་གདབ་ཅིང་སྤུ་གྲིའི་དྲག་སྔགས་བཟླ་བཞིན་དུ་ཐུན་རྫས་ཀྱིས་བྲབ། སྨད་ལས་བཞིན་དུམ་བུར་བཏུབ་ [41a] ཅིང་རྡུལ་དུ་བརླག་པ་དང་ཞལ་དུ་སྟོབ་པ་བཅས་གཏད་ལ་ལིང་རོའི་ཕུད་དཔལ་གྱི་གཏོར་མར་སྦྲོན་ཅིང་ཆ་ཤས་སྲེག་ཧོམ་དུ་འབུལ་རྒྱུར་འཇོག །བར་པ་སློབ་མ་ལྷར་གསལ་བ་ལ་བཀྱེ། ལྷག་མ་ཚོགས་ལྷག་ཏུ་བླུག་གོ ། དེ་ལྟར་བསྒྲལ་ལས་དངོས་གཞིའི་རིམ་པ་སོང་ནས་མཐའ་སྡུད་ལས་ཀྱི་སྦྱོར་བ་ལས། བསད་པའི་མཐའ་སྡུད་སྲེག་པ་ཧོམ་གྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། མེ་ཧོམ་སྦར་བ་བསང་སྦྱང་། སྟོང་པའི་ངང་ལས་དྲག་པོའི་ཐབ་ཁུང་གྲུ་གསུམ་ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྤྲུལ་འཁོར་དང་བཅས་པ་ཤིན་ཏུ་རྔམས་པའི་ཆ་ལུགས་ཞལ་གནམ་ས་ཙམ་དུ་གདངས་ནས་བཞུགས་པ་ལ། དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བདུད་རྩིའི་རྒྱ་མཚོར་སྦར་བ་ཞལ་དུ་བསྟབས་པས་དགྱེས་པའི་བཞད་སྒྲ་དང་བཅས་ལྷག་མེད་དུ་རོལ་བའི་མོས་པ་མཛོད། དགང་གཟར་བླུགས་མར་ནག་ལིང་རོ་སོགས་སྲེག་རྫས་རྣམས་གཏད་ལ། ཧཱུྃ༔ ལས་ཀྱི་དགང་གཟར་མེ་ཧོམ་བཅས༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ དྲག་པོའི་ཞལ་གྱི་ཧོམ་ཁུང་དུ༔ དགྲ་བགེགས་བསྟབ་བསྲེག་དབང་ཐོབ་ཤོག༔ རྩ་སྔགས། སརྦ་ཤ་ཏྲུཾ་མཱ་ར་ཡ་ཨ་གྣེ་ཛྭ་ལ་རཾ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དང་སྤུ་གྲིའི་སྔགས་ཤམ་དུ། དགྲ་བགེགས་དམ་སྲི་ཛྭ་ལ་རཾ་ཁཱ་ཧི༔ ཞེས་བཏགས་པས་འབུལ་དུ་གཞུག་མཐར། མེ་ [41b] ལྷ་ཆོས་ཀྱི་དབྱིངས་སུ་གཤེགས་པར་མོས་ཤིག །དེ་ནས་ཟློག་པའི་མཐའ་སྡུད་འཕང་བ་ཟོར་གྱི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། གཏོར་མ་འདི་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུ་སྤྲུལ་འཁོར་ཕོ་ཉ་སྡེ་བརྒྱད་དྲེགས་པའི་དམག་ཚོགས་དགྲ་བགེགས་སྒྲོལ་བའི་ལས་ལ་རྔམས་པར་གསལ་བ་ཁྱེད་རང་རྣམས་ཀྱི་ལག་ཏུ་གཏད་པ་ཙམ་གྱིས་ཕས་རྒོལ་གནོད་བྱེད་ཐམས་ཅད་སྐད་ཅིག་ཉིད་ལ་རྡུལ་ཕྲན་བཞིན་དུ་བརླག་པར་ནུས་པའི་མཐུ་དབང་ཐོབ་པར་མོས་མཛོད། གཏོར་ཟོར་གཏད་ལ། ཧཱུྃ༔ དྲག་པོ་ལས་ཀྱི་གཏོར་ཟོར་འདི་གཏད་པས༔ མངོན་སྤྱོད་ཟོར་འཕེན་ལས་ལ་བརྩོན་པ་ཡི༔ ཞིང་བཅུའི་བདུད་སྡེ་མ་ལུས་བརླག་བྱེད་པའི༔ ཐོགས་མེད་དྲག་པོ་མཐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས། ནྲྀ་ཏྲི་ཀ་ལ་རཱུ་པ་མཱ་ར་ཡ་རྦད་བྷྱོ་ཀརྨ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད་དེ་གསེར་སྐྱེམས་འབུལ་ཞིང་ཟོར་སྒོ་དབྱེ། གཏོར་མའི་ལྷ་ཚོགས་སློབ་མར་བསྟིམས་ནས་གཏོར་མ་ནད་མཚོན་དུག་གི་ཕུང་པོར་བསྒྱུར་ཏེ་ལས་བྱང་བཞིན་ཟོར་བསྐུལ་དྲག་སྔགས་དམོད་མོ་དང་བཅས་དཔོན་སློབ་ལྷན་ཅིག་པས་གནོད་པའི་ཕྱོགས་སུ་འཕེན་ནོ། ། དེ་ནས་སྲུང་བའི་མཐའ་སྡུད་གཏད་ཁྲོམ་མནན་པའི་རྗེས་སུ་གནང་བ་ལ་དམིགས་པ་འདི་བཞིན་དུ་མཛོད། དཔལ་གྱི་རི་རབ་འབར་བ་འདི་ཉིད་ཁྱེད་རང་རྣམས་ཀྱི་ལག་ཏུ་གཏད་པས་དགྲ་འདྲེ་དམ་སྲི་འབྱུང་པོའི་ [42a] ཚོགས་ཀྱི་ལུས་ངག་ཡིད་གསུམ་གྱི་མཐུ་རྩལ་ནུས་པ་ཐམས་ཅད་ནམ་ཡང་ལྡང་མེད་གནོན་པའི་ཕྲིན་ལ་མངའ་བརྙེས་པའི་མོས་པ་མཛོད། རི་རབ་གཏད་ལ། ཧཱུྃ༔ མི་ཤིགས་དུག་ལྔའི་ལས་ལས་གྲུབ་པ་ཡི༔ ཐར་མེད་བདུད་ཀྱི་བཙོན་ཁང་ནག་པོ་རུ༔ དགྲ་བགེགས་མ་ལུས་བཀུག་ཅིང་བྲུབ་ནས་སུ༔ ལྡང་མེད་བསྐལ་པར་གནོན་པའི་དབང་ཐོབ་ཤོག༔ རྩ་སྔགས། སརྦ་ཤ་ཏྲུཾ་མཱ་ར་ཡ་ནན་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་གཏད། གོང་གི་ཐལ་བ་སྒོ་ཐེམས་འོག་ཏུ་དོང་གྲུ་གསུམ་བྲུས་པར་མནན་ལ་གཏོར་གཞོང་སྦུབས་པའི་སྟེང་དུ་རྡོ་རྗེས་རྒྱས་བཏབ་སྟེ་ལས་བྱང་བཞིན་རྟ་བྲོ་བརྡུང་ངོ་། དེ་རྣམས་ཀྱིས་མངོན་སྤྱོད་དྲག་པོའི་རྗེས་གནང་གྲུབ་པ་ཡིན་པས། དེང་ནས་བརྩམས་ཏེ་སྣང་སྲིད་ཐལ་འབྱིན་གྱི་དགོངས་པས་ཕུར་བུ་རྣམ་བཞི་ཡུལ་སོ་སོར་གདབ་པའི་ལས་ལ་བརྩོན་པར་གྱིས་ཤིག །གསུམ་པ་མཐའ་རྟེན་ཚེའི་དབང་བསྐུར་བ་ནི། དེ་ནས་མཐའ་རྟེན་འཆི་མེད་ཚེའི་དབང་བསྐུར་ཟབ་མོ་ཞུ་བའི་སླད་དུ་མཎྜལ་ཕུལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད། ཀྱེ་ཧོཿ རྡོ་རྗེ་སློབ་དཔོན་དགོངས་སུ་གསོལ༔ དུས་གསུམ་རྒྱལ་བའི་གདུང་གསོབ་པའི༔ རིག་འཛིན་བདག་ཅག་རྣམས་ལ་ནི༔ ཚེ་དབང་དངོས་གྲུབ་བསྩལ་དུ་གསོལ༔ ལན་གསུམ། སློབ་དཔོན་དཔལ་ཆེན་ཚེའི་བདག་པོའི་ངོ་བོར་བཞུགས་པའི་ཐུགགས་ཀ་ནས་ [42b] འོད་ཟེར་དམར་པོ་ལྕགས་ཀྱུའི་དབྱིབས་ཅན་འཁོར་འདདས་ཁྱབ་པར་འཕྲོས། ཁྱེད་རང་རྣམས་ཀྱི་བླ་ཚེ་འཁྱམས་པ་ཡར་བ་བརྐུས་པ་འཕྲོག་པ་ལ་སོགས་པ་ཐམས་ཅད་དང་། བརྟན་གཡོ་སྣོད་བཅུད་ཀྱི་དྭངས་མ། རྩ་གསུམ་རྒྱལ་བ་སྲས་དང་བཅས་པའི་ཚེའི་བྱིན་རླབས་ཐམས་ཅད་འོད་ཟེར་ཁ་དོག་སྣ་ཚོགས་པའི་རྣམ་པར་བསྡུས་ཏེ་ཁྱེད་རང་རྣམས་དང་མདུན་གྱི་ཚེ་རྫས་ལ་སིབ་ཀྱིས་ཐིམ་པས་འཆི་མེད་རྡོ་རྗེའི་བཅུད་ལེན་དུ་གྱུར་པའི་མོས་པ་མཛོད། མདའ་དར་གཡབ་ཅིང་། ཧཱུྃ༔ དབུས་ནས་རང་བྱུང་གྲུབ་པའི་ལྷ༔ ཞེས་སོགས་ཀྱིས་ཚེ་འགུགས་བསྐུལ། ཚེ་ཡི་འབྲང་རྒྱས་འདི་ཉིད་དཔལ་ཆེན་རྡོ་རྗེ་གཞོན་ནུའི་དཀྱིལ་འཁོར་དུ་གསལ་བ་སྤྱི་བོར་བཞག་སྟེ་དབང་བསྐུར་བའི་ཚེ་སྐུ་གསུང་ཐུགས་ལས་འཆི་མེད་བདུད་རྩི་འོད་ཟེར་གྱི་རྒྱུན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས་ལུས་ཀྱི་ནང་ཐམས་ཅད་གང་བས་གསང་གསུམ་མི་ཤིགས་རྡོ་རྗེའི་ཚེ་དབང་དམ་པ་ཐོབ་པའི་མོས་པ་མཛོད། ཚེ་འབྲང་སྤྱི་བོར་བཞག་ལ། ཧཱུྃ༔ སྲིད་པའི་ཕུར་བུ་བདག་གིས་བསྒྲུབ་པ་དང་༔ ཚེ་དབང་དངོས་གྲུབ་མ་ལུས་བླང་བའི་ཕྱིར༔ ཡེ་ཤེས་ཁྲོ་རྒྱལ་ཆེན་པོ་གཤེགས་སུ་གསོལ༔ ཁྲོ་ཆེན་འབར་བ་འཁོར་བཅས་གཤེགས་ནས་ཀྱང་༔ རྟགས་དང་མཚན་མ་མྱུར་དུ་ [43a] བསྟན་པ་དང་༔ བཛྲ་ཀཱི་ལའི་ཚེ་དབང་དངོས་གྲུབ་སྩོལ༔ རྩ་སྔགས། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སི་དྷི་ཕ་ལ་ཧཱུཾ་ཧཱུཾ་ཧུཾ་ཧྲི༔ ཛ་ཛཿ ཧཱུཾ་བྷྲ྄ཱུ་གུ་ཎ་བཛྲ་སརྦ་སི་དྡྷི་ཧྲཱིཿ ཞེས་དབང་བསྐུར་ཞིང་། ཚེ་རིལ་དང་ཚེ་ཆང་སྦྱིན། བཀྲ་ཤིས་ལོངས་སྤྱོད་ཞལ་ཟ ས་ཚོགས་ཀྱི་ཡོ་བྱད་སྣ་ཚོགས་བྱིན་པས་དཔལ་འབྱོར་སྙན་གྲགས་དབང་ཐང་ཕྱྭ་གཡང་རིགས་བརྒྱུད་སོགས་བདེ་ཆེན་ཡེ་ཤེས་ཀྱི་ལོངས་སྤྱོད་ནམ་མཁའ་མཛོད་ཀྱི་དཔལ་ཆེན་པོ་ལ་མངའ་བརྙེས་པའི་མོས་པ་མཛོད། དངོས་གྲུབ་ཀྱི་རྫས་གཏད་ལ། ཧཱུྃ༔ གཞོང་པ་རྣམ་དག་ཉི་ཟླའི་སྣོད་ནང་དུ༔ ཞལ་ཟས་སྣ་ཚོགས་བདུད་རྩིའི་རྒྱ་མཚོར་འཁྱིལ༔ སྐལ་ལྡན་རིགས་ཀྱི་བུ་ཡིས་ལོངས་སྤྱད་པས༔ བདེ་ཆེན་ཡེ་ཤེས་མཆོག་དང་ལྡན་པར་ཤོག༔ ཅེས་རོལ་དུ་གཞུག ། བརྟན་གཡོའི་དྭངས་བཅུད་ཐམས་ཅད་སྙིང་གའི་ཚེ་རྟེན་ལ་འུབ་ཀྱིས་འདྲིལ། ལུས་ལ་རྡོ་རྗེའི་གོ་ཆ་ཞུ་ལུགས་སུ་བགོས་ཏེ་དཔལ་ཆེན་པོ་དང་དབྱེར་མེད་པའི་གཞོམ་བྲལ་རྡོ་རྗེའི་སྲོག་དང་འགྲིབ་མེད་གཞོན་ནུའི་ལང་ཚོ་ཡོངས་སུ་རྫོགས་པའི་མོས་པ་མཛོད། མགོ་བོར་མདའ་དར་རྒྱ་གྲམ་དུ་བཀོད་ལ། བྷྲུཾ༔ ཚེ་ཡི་དངོས་གྲུབ་རྒྱུད་གསུམ་པོ༔ རྩ་སྲོག་ཙིཏྟའི་དཀྱིལ་དུ་བསྟིམ༔ ཅིས་ཀྱང་མི་ཆོད་མི་ཤིགས་པའི༔ རྡོ་རྗེ་གཞོན་ནུའི་སྲོག་ཐོབ་ཤོག༔ ཨ་ཡུ་རྫྙཱ་ན་ཨ་ཨ་ཨ༔ ཞེས་ [43b] རྒྱས་གདབ། དེ་ནས་བཀྲ་ཤིས་པའི་རྫས་རྟགས་དང་རྒྱལ་སྲིད་རིན་པོ་ཆེ་སྣ་བདུན་རྣམས་རིམ་པར་ཕྱག་ཏུ་གཏད་ཅིང་མངའ་གསོལ་བས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་བདེ་ལེགས་ཀྱི་དཔལ་ཡོན་ཇི་སྙེད་པ་ལ་མངའ་བརྙེས་པའི་མོས་པ་མཛོད། རྫས་བརྒྱད་གཏད་ལ། ཧཱུྃ༔ རྒྱལ་བའི་བྱིན་གྱིས་བརླབས་པའི་བཀྲ་ཤིས་རྫས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ མི་མཐུན་ཕྱོགས་རྣམས་ཀུན་ལས་རྣམ་རྒྱལ་ཞིང་༔ བཀྲ་ཤིས་ཡོན་ཏན་ཕུན་སུམ་ཚོགས་པར་ཤོག༔ མངྒ་ལ་ཨ་བྷི་ཥིཉྩ་ཧཱུྃ༔ རྟགས་བརྒྱད་གཏད་ལ། ཧཱུྃ༔ སྔོན་ཚེ་བཅོམ་ལྡན་རྒྱལ་བའི་དབང་པོ་ཡི༔ མཚན་དཔེ་ལས་བྱུང་བཀྲ་ཤིས་རྟགས་བརྒྱད་ཀྱིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ མཚན་དཔེ་ཡོན་ཏན་རྫོགས་པའི་སྐུ་ཐོབ་ཤོག༔ སརྦ་མངྒ་ལ་པུཎྱེ་ཨ་བྷི་ཥིཉྩ་ཧཱུྃ༔ སྣ་བདུན་གཏད་ལ། ཧཱུྃ༔ འཁོར་ལོའི་བསྒྱུར་རྒྱལ་བསོད་ནམས་ལས་གྲུབ་པའི༔ རྒྱལ་སྲིད་ལོངས་སྤྱོད་རིན་ཆེན་སྣ་བདུན་འདིས༔ སྐལ་ལྡན་སྐྱེས་བུ་ཁྱོད་ལ་དབང་བསྐུར་རོ༔ ཁམས་གསུམ་ཆོས་ཀྱི་རྒྱལ་པོའི་སྲིད་ཐོབ་ཤོག༔ སྭ་སྟི་དྷརྨ་རཱ་ཛ་ཨ་བྷི་ཥིཉྩ་ཨ༔ མ་ཎི་རཏྣ་སི་དྷི་ཧཱུྃ༔ ཞེས་གཏད། ནམ་མཁའ་གང་བའི་ལྷ་ཚོགས་རྣམས་ཀྱིས་ཤིས་པ་བརྗོད་པའི་གླུ་དབྱངས་ [44a] སྒྲོག་ཅིང་མེ་ཏོག་སྣ་ཚོགས་ཀྱི་ཆར་སིལ་མར་བསྙིལ་བས་དབང་དོན་གྱི་ཡེ་ཤེས་བྱིན་རླབས་ནུས་མཐུ་ཐམས་ཅད་རབ་ཏུ་བརྟན་ཅིང་མི་ཉམས་གོང་འཕེལ་དུ་བྱས་པའི་མོས་པ་མཛོད། ཅེས་རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་འཐོར་ཞིང་ལས་བྱང་ནས་འབྱུང་བས་མཚོན་ཤིས་བརྗོད་རྒྱ་ཆེར་སྤེལ་ལོ། །རྩ་བའི་གསུམ་པ་རྗེས་ཀྱི་ལས་རིམ་ལ་གཉིས། དབང་གི་རྗེས་རིམ་དང་། ཆོ་གའི་རྗེས་རིམ་མོ། །དང་པོ་ནི། དེ་ལྟ་ན་དེ་དག་རྣམས་ཀྱི་སྒོ་ནས་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་དཀྱིལ་འཁོར་དུ་རྩ་བའི་དབང་ཆེན་ཡོངས་སུ་རྫོགས་པ་རིག་འཛིན་བརྒྱུད་པའི་ཕྱག་བཞེས་བཞིན་ལེགས་པར་གྲུབ་པ་སྟེ། ཟབ་མོའི་དཀྱིལ་འཁོར་འདི་ལྟ་བུར་དབང་ཐོབ་ཅིང་ལམ་བསྒོམ་ན་བརྩོན་འགྲུས་དང་སྐལ་པ་རབ་ཚེ་འདིར་གྲོལ། འབྲིང་འཆི་ཚེ་མཁའ་སྤྱོད་དུ་འགྲོ། ཐ་མ་སྐྱེ་བ་བརྒྱུད་ནས་དཔལ་ཆེན་པོའི་གོ་འཕང་འཐོབ་ཅིང་། ཡང་ཐ་དད་ཅིང་ཐེ་ཚོམ་མེད་པ་ཁོ་ནས་ཀྱང་དཔལ་ཆེན་པོས་རྗེས་སུ་འཛིན་པར་འགྱུར་ཏེ། བཤད་རྒྱུད་ལས། རྩེ་གཅིག་འདི་ལ་བརྩོན་ལྡན་པས། །འཁོར་བར་མི་ལྡོག་མངོན་འཚང་རྒྱ། །གང་གིས་དབང་དང་མན་ངག་ཐོབ། །སྐད་ཅིག་ཙམ་གྱིས་མོས་གྱུར་ན། །འཆི་བ་ཞེས་ནི་རྣམ་རྟོག་སྟེ། །མཁའ་སྤྱོད་གནས་སུ་འཁྲིད་པར་འགྱུར། །གང་ཞིག་འདི་ལ་མོས་པ་ [44b] ཙམ། །དབང་དང་དམ་ཚིག་འཛིན་གྱུར་ན། །སྐྱེ་བདུན་ཉིད་ནས་འཚང་རྒྱ་འགྱུར། །སྐྱེ་བ་གཞན་གྱིས་བར་མི་ཆོད། །འདི་ལ་ཐེ་ཚོམ་ལེ་ལོ་སྤང་། །ཞེས་གསུངས་པ་ལྟར་ལགས་པས་དད་མོས་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་པ་དང་། དབང་གི་སྲོག་རྡོ་རྗེ་ཐེག་པའི་དམ་ཚིག་ས་མ་ཡ་འབུམ་སྡེ་སྤྱི་དང་ཁྱད་པར་གྱིས་བསྡུས་པ་མཐའ་དག་གཞུང་ནས་ཇི་སྐད་བཤད་པ་ལྟར་ཚུལ་བཞིན་དུ་བསྲུང་བར་བགྱིའོ་སྙམ་པས་འདིའི་རྗེས་ཟློས་མཛོད། གཙོ་བོའི་ཇི་ལྟར་སོགས་ལན་གསུམ། དབང་བསྐུར་རྫོགས་པར་ཐོབ་པའི་གཏང་རག་ཏུ་མཎྜལ་ཕུལ། སླར་ཡང་ལུས་ལོངས་སྤྱོད་དགེ་ཚོགས་རྒྱ་མཚོ་དང་བཅས་པ་ཐམས་ཅད་ཀུན་ཏུ་བཟང་པོའི་མཆོད་སྤྲིན་ཆེན་པོར་སྤྲོས་ཏེ་འབུལ་ན་ཆ་ཤས་རེ་རེ་ནས་བཞེས་ལ་ལོངས་སྤྱད་དུ་གསོལ་སྙམ་པས་འདིའི་རྗེས་ཟློས་མཛོད། དེང་ནས་བརྩམས་ཏེ་སོགས་ལན་གསུམ། དེ་ལྟར་དབང་བསྐུར་ཟབ་མོ་ཐོབ་པ་ལས་བྱུང་བའི་དགེ་བའི་རྩ་བ་རྣམས་བླ་ན་མེད་པའི་བྱང་ཆུབ་ཆེན་པོར་ཡོངས་སུ་བསྔོ་བའི་རྒྱས་འདེབས་ལྷན་ཅིག་ཏུ་མཛད་པ་དང་། ཟབ་ཆོས་འདི་ཉིད་ཀྱི་སྒོ་ནས་རང་གཞན་གྱི་དོན་རྒྱ་ཆེན་པོ་སྒྲུབ་པར་ཞུ། བསོད་ནམས་འདི་ཡིས་སོགས་ཀྱིས་དགེ་བ་བསྔོས་ཏེ་སློབ་མ་རྣམས་རང་གནས་སུ་བཏང་ངོ་། །གཉིས་པ་ཆོ་གའི་རྗེས་རིམ་ནི། སློབ་དཔོན་གྱིས་ཚོགས་ལ་རོལ་ཞིང་ལྷག་མ་བཏང་། ཆོས་སྐྱོང་གི་གཏོར་སྐྱོང་དང་ཆད་བརྟན་རྟ་བྲོ། གཏང་རག་གི་མཆོད་བསྟོད་ནོངས་བཤགས། བརྟན་བཞུགས་བསྡུ་ལྡང་། བསྔོ་སྨོན་ཤིས་བརྗོད་བཅས་ལས་བྱང་བཞིན་མཐའ་རྒྱས་སུ་བྱའོ། ། མཁའ་འགྲོའི་སྙིང་ཁྲག་རིག་མཆོག་བྱེ་བའི་བཅུད། །གནམ་ལྕགས་སྤུ་གྲིའི་སྨིན་ལམ་བདུད་རྩིའི་རྒྱུན། །རྣམ་གྲོལ་མཆོག་དངོས་འདོད་པ་རབ་འཇོ་བའི། །ནམ་མཁའ་མཛོད་ཀྱི་དགའ་སྟོན་དེང་འདིར་སྤྲོས། །བསོད་ནམས་དེས་ཀྱང་སྣང་སྲིད་ཐལ་འབྱིན་དུ། །ཕུར་བུ་རྣམ་བཞིས་ཐོགས་མེད་འདེབས་པ་ལ། །ཁྲག་འཐུང་རྡོ་རྗེ་སྲིན་པོའི་སྟོབས་བཅུའི་དཔལ། །ཡོངས་རྫོགས་བདུད་ལས་རྣམ་པར་རྒྱལ་གྱུར་ཅིག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྩ་བའི་དབང་བསྐུར་གྱི་ཆོ་ག་སྨིན་གྲོལ་འདོད་འཇོའི་དགའ་སྟོན་ཅེས་བྱ་བ་འདི་ནི། རང་གཞན་མང་པོ་ལ་སྨན་པའི་བསམ་པ་ཉེ་བར་བསྐྱེད་ནས་དབང་ཆོག་རྩ་བའི་གཞུང་ལ་ཁ་སྐོང་དུ་འོས་པ་རྣམས་གཏེར་ལ་རིགས་མཐུན་ཁས་བླངས་ཤིང་ཕྱག་ལེན་འཇུག་པ་བདེ་བའི་མཚམས་སྦྱོར་གསལ་བྱེད་ཀྱིས་རྣམ་པར་བརྒྱན་ཏེ། རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་གཅིག་ཏུ་སོན་པ་ཤིང་ཕོ་ཁྱིའི་ལོ་ས་ག་ཉ་བའི་ཡར་ངོའི་དགའ་བ་གསུམ་པ་ལ་མཁན་ལྗོངས་ཕུན་ཚོགས་དགའ་ཚལ་གྱི་བསྟི་གནས་སུ་གྲུབ་པར་བགྱིས་པ། འདིས་ཀྱང་ཟབ་མོའི་ལམ་གྱི་རིང་ལུགས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།