དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཁྱད་པར་གྱི་རྫོགས་རིམ་ཡང་གསང་ཨ་ཏིའི་མན་ངག་སྙིང་པོར་དྲིལ་བ་འོད་གསལ་སྣང་བའི་དགའ་སྟོན།

From Dudjom Wiki
DJYD-KABUM-11-DA-011
Wylie title dpal rdo rje phur bu bdud 'joms gnam lcags spu gri'i khyad par gyi rdzogs rim yang gsang a ti'i man ngag snying por dril ba 'od gsal snang ba'i dga' ston DJYD-KABUM-11-DA-011.pdf
Location bdud 'joms rin po che bka' 'bum
Volume 11, Text 11, Pages 415-487 (Folios 1a1 to 37a)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dpal rdo rje phur bu bdud 'joms gnam lcags spu gri'i khyad par gyi rdzogs rim yang gsang a ti'i man ngag snying por dril ba 'od gsal snang ba'i dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 11: 415-487. Kalimpong: Dupjung Lama, 1979-1985.
Side notes Recto: rdzogs chen   Verso: gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Dzogchen - rdzogs pa chen po  ·  Pith Instructions - man ngag
Cycle དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲི་ (dpal rdo rje phur bu bdud 'joms gnam lcags spu gri)
Parent Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Deity rdo rje phur pa
Colophon

།དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཁྱད་པར་གྱི་རྫོགས་རིམ་ཡང་གསང་ཨ་ཏིའི་མན་ངག་སྙིང་པོར་དྲིལ་བ་འོད་གསལ་སྣང་བའི་དགའ་སྟོན་ཅེས་བྱ་བ་འདི་ནི། གསང་ཆེན་རྫོགས་པ་ཆེན་པོའི་ལམ་ལས་རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་འཇིགས་མེད་ཆོས་དབྱིངས་ནོར་བུ་དོན་ཐམས་ཅད་གྲུབ་པའི་སྡེའི་གསུང་གིས་ཡང་དང་ཡང་དུ་བསྐུལ་བ་ལས། རྗེས་སུ་འཇུག་པའི་སྐྱེ་བོ་རྣམས་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་མཐོང་ནས། བག་ཡངས་རང་གྲོལ་སྒྱུ་མའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་རྩ་གཉིས་པའི་ཐོག་ཏུ་སོན་པ་ན་ཚོད་ལྡན་གྱི་ལོ་དབོ་ཉ་བའི་ཤེས་རབ་ཀྱི་ཆའི་ཌཱ་ཀི་འདུ་བའི་དུས་བཟང་པོ་ལ། སྦས་ཡུལ་མཁན་པ་ལྗོངས་ཀྱི་བསྟི་གནས་རང་བྱུང་ཀུན་ཏུ་བཟང་པོའི་ནགས་ཀླུང་ཉམས་དགའ་བའི་ཚལ་དུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་འགྲོ་བ་ཐམས་ཅད་ཟབ་ལམ་གྱི་སྣོད་དུ་གྱུར་ཏེ་ཀུན་བཟང་རྡོ་རྗེ་གཞོན་ནུའི་རྒྱལ་ཐབས་མཆོག་ལ་མྱུར་དུ་དབུགས་ཆེན་འབྱིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ། །

de ltar dpal rdo rje phur bu bdud 'joms gnam lcags spu gri'i khyad par gyi rdzogs rim yang gsang a ti'i man ngag snying por dril ba 'od gsal snang ba'i dga' ston ces bya ba 'di ni/___gsang chen rdzogs pa chen po'i lam las rtogs pa klong du gyur pa'i rnal 'byor pa 'jigs med chos dbyings nor bu don thams cad grub pa'i sde'i gsung gis yang dang yang du bskul ba las/___rjes su 'jug pa'i skye bo rnams la phan pa chen po'i sgor 'gyur bar mthong nas/___bag yangs rang grol sgyu ma'i rnal 'byor pa 'jigs bral ye shes rdo rjes rang lo sum cu rtsa gnyis pa'i thog tu son pa na tshod ldan gyi lo dbo nya ba'i shes rab kyi cha'i DA ki 'du ba'i dus bzang po la/___sbas yul mkhan pa ljongs kyi bsti gnas rang byung kun tu bzang po'i nags klung nyams dga' ba'i tshal du grub par bgyis pa ste/___'dis kyang 'gro ba thams cad zab lam gyi snod du gyur te kun bzang rdo rje gzhon nu'i rgyal thabs mchog la myur du dbugs chen 'byin pa'i rgyur gyur cig__/sarba mang+ga laM/

[edit]
༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཁྱད་པར་གྱི་རྫོགས་རིམ་ཡང་གསང་ཨ་ཏིའི་མན་ངག་སྙིང་པོར་དྲིལ་བ་འོད་གསལ་སྣང་བའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །


༄༅། །དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཁྱད་པར་གྱི་རྫོགས་རིམ་ཡང་གསང་ཨ་ཏིའི་མན་ངག་སྙིང་པོར་དྲིལ་བ་འོད་གསལ་སྣང་བའི་དགའ་སྟོན་ཅེས་བྱ་བ། ཁྱབ་བདག་བླ་མ་རིག་སྟོང་རྡོ་རྗེ་གཞོན་ནུའི་ངོ་བོ་ཉིད་ལ་ཕྱག་འཚལ་ལོ། །སེམས་ཉིད་ངོ་བོ་ཀ་ནས་དག་པ་སྤྲོས་བྲལ་གདོད་མའི་གཞི་དབྱིངས་སུ། །རང་བཞིན་མི་འགག་གཞི་སྣང་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་དཔལ། །དབྱེར་མེད་ཟུང་འཇུག་ཐུགས་རྗེའི་ཡེ་ཤེས་ཀུན་ཁྱབ་འདུས་མ་བྱས་པའི་གཤིས། །རང་བྱུང་རིག་པ་གདོད་མའི་མགོན་པོ་ཧེ་རུ་ཀ་དཔལ་རྒྱལ་གྱུར་ཅིག །ཤིན་ཏུ་ཟབ་ཅིང་བརྟག་དཀའ་ནམ་མཁའི་གནས། །སྤངས་གཉེན་ [2a] མཐའ་ལས་ཡོངས་གྲོལ་རྫོགས་པ་ཆེ། །སུ་འཕྲད་བཙན་ཐབས་གྲོལ་བའི་གདམས་ངག་ཕུལ། །འོད་གསལ་སྣང་བ་མཆོག་གི་དགའ་སྟོན་སྤྲོ། །དེ་ལ་འདིར་ཕུར་བུ་ཐལ་འབྱིན་གྱི་དགོངས་པ་རྣམ་པ་བཞི་ལས་རིག་པ་ཡེ་ཤེས་ཀྱི་ཕུར་བུ་ཆོས་ཀྱི་དབྱིངས་ཀྱི་ཡུལ་ལ་གདབ་པའི་རིམ་པ་ཨ་ཏི་ཡང་གསང་རྫོགས་པ་ཆེན་པོ་ཐུན་མོང་མ་ཡིན་པའི་མན་ངག་ཟབ་མོ་སྟོན་པ་ལ་གཉིས་ཏེ། ཟབ་ལམ་བསྒོམ་པའི་སྣོད་རུང་དུ་སྒྲུབ་པ་སྔོན་འགྲོའི་ཁྲིད་དང༌། ཟབ་ལམ་བསྒོམ་པ་དངོས་ལ་འཇུག་པ་དངོས་གཞིའི་ཁྲིད་དོ། །དང་པོ་ལའང་གཉིས། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱོང་བ་དང༌། ཐུན་མོང་མ་ཡིན་པའི་སྔོན་འགྲོས་ [2b] གནས་ལུགས་གཏན་ལ་དབབ་པའོ། །དང་པོ་ནི། རྒྱུད་ལས། མི་རྟག་སྙིང་རྗེ་བྱང་སེམས་ཀྱིས། །ཆོས་འཇུག་ཐེག་ཆེན་ལམ་དུ་འགྲོ། །ཞེས་གསུངས་ཏེ། དེའང་ཐེག་པ་ཆེན་པོའི་ལམ་གྱི་རྩ་བ་བྱང་ཆུབ་ཀྱི་སེམས་རིན་པོ་ཆེ་རྣམ་པ་གཉིས་ཡིན་ཅིང༌། དེ་རྒྱུད་ལ་སྐྱེད་པ་ལ། ཐོག་མར་ཕྱི་སྣོད་ནང་བཅུད་རང་ལུས་བཅས་མྱུར་དུ་མི་རྟག་ཅིང་འཇིག་པའི་ཚུལ་ལ་བློ་སྦྱང༌། དེའི་རྟེན་དལ་འབྱོར་གྱི་མི་ལུས་རྙེད་དཀའ་བ་དང༌། ལས་འབྲས་ནམ་ཡང་བསླུ་བ་མེད་པས་ཤི་བའི་འོག་ཏུ་འཁོར་བ་དང་ངན་སོང་གི་སྡུག་བསྔལ་ཡུན་རིང་ལ་དོས་དྲག་པ་མྱོང་འགྱུར་ལ་བསམ་སྟེ་ལྟར་སྣང་གི་བདེ་བ་སྙིང་པོ་མེད་པ་ལ་ཞེན་ལོག་དང༌། སྲིད་འབྱོར་མཐའ་དག་ལས་ངེས་པར་འབྱུང་བའི་བློ་ཤུགས་དྲག་པོས། དེང་ནས་བྱང་ཆུབ་མ་ཐོབ་ཀྱི་བར་དུ་དཀོན་མཆོག་རྩ་བ་གསུམ་ལ་བློ་གཏད་ལིང་བསྐྱུར་གྱིས་སྐྱབས་སུ་འགྲོ། རྒྱུ་ཀུན་རྫོབ་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་སེམས་བསྐྱེད་ཅིང༌། འབྲས་བུ་དོན་དམ་བྱང་ཆུབ་ཀྱི་སེམས་ལ་བློ་སྦྱང༌། ཉམས་རྟོགས་སྐྱེ་བའི་འགལ་རྐྱེན་སྡིག་སྒྲིབ་སྦྱོང་བ་སྟོབས་བཞི་ཚང་བའི་སྒོ་ནས་རྡོ་རྗེ་སེམས་དཔའི་བསྒོམ་བཟླས་ལ་འབད། མཐུན་རྐྱེན་ཚོགས་གཉིས་ཟུང་འབྲེལ་དུ་སྤེལ་བ་ཕྱི་ནང་གསང་བའི་མཎྜལ་འབུལ། བྱིན་རླབས་ [3a] བཙན་ཐབས་སུ་འཇུག་པའི་སླད་དུ་བཅོས་མིན་མོས་གུས་ཀྱི་ཤུགས་དྲག་པོས་བླ་མའི་རྣལ་འབྱོར་ལ་དགེ་སྦྱོར་གྱི་གཙོ་བོར་བཏོན་ནས་ཉམས་སུ་བླང་བར་བྱ་སྟེ། དེ་དག་གི་ཚུལ་ནི་གཞན་ལས་ཤེས་ཤིང༌། སྐབས་འདིར་མ་ཐོག་མ་ནས་རྩ་བའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་ཟབ་མོ་ནོད་ལ་ཐུན་མོང་དང་ཁྱད་པར་གྱིས་བསྡུས་པའི་དམ་ཚིག་མཐའ་དག་སྲོག་བཞིན་དུ་བསྲུང་བ་ལ་བརྩོན་པར་བྱའོ། །གཉིས་པ་ཐུན་མོང་མ་ཡིན་པའི་སྔོན་འགྲོས་གནས་ལུགས་གཏན་ལ་དབབ་པ་ལ་གསུམ། །འཁོར་འདས་རུ་ཤན་དབྱེ་བ། སྒོ་གསུམ་གྱི་སྔོན་འགྲོ། རྣལ་དུ་དབབ་པའོ། །དང་པོ་ནི། ཐལ་འགྱུར་ལས། འཁོར་འདས་རུ་ཤན་མ་ཕྱེ་ན། །ཁམས་གསུམ་ལུས་ངག་ཡིད་ཀྱིས་ཀྱང༌། །འབྲེལ་བ་ཆོད་པར་མི་འགྱུར་བས། འཁོར་འདས་རུ་ཤན་དབྱེ་བར་བྱ། །ཞེས་གསུངས་པས། རང་རེ་རྣམས་ཀྱི་ལུས་ངག་ཡིད་གསུམ་གྱི་ཆོས་ཉིད་ཡེ་ནས་རང་བཞིན་གྱིས་རྣམ་པར་དག་ཀྱང་གནས་སྐབས་གློ་བུར་འཁྲུལ་པའི་སྣང་ཞེན་གྱིས་བསྒྲིབས་པས་ཐོག་མ་མེད་པ་ནས་ད་ལྟ་ཡན་ཆད་རིགས་དྲུག་གི་གནས་སུ་བར་མེད་དུ་འཁོར་ཞིང་སྡུག་བསྔལ་གྱི་རྣམ་པ་གྲངས་ཀྱིས་མི་ཆོད་པ་ཞིག་མྱོང་བ་ལས། ད་རེས་འཁོར་འདས་རུ་ཤན་ཕྱེད་པར་བྱས་ནས་ཕྱིན་ཆད་འཁོར་བར་སྐྱེ་བའི་ [3b] གཞི་རྩ་ཆོད་པ་ཞིག་བྱ་དགོས་ཏེ། ཇི་ལྟར་དབྱེ་ན། འཁོར་བའི་ལས་སྣང་དང་རྣམ་པ་མཐུན་པར་ལམ་དུ་བྱས་པས་ལས་ངན་གྱི་མཚང་བརྟོལ་ནས་ཕྱིན་ཆད་འཛིན་ཞེན་ལས་གྲོལ་བར་འགྱུར་བའི་ཕྱིར་རོ། །དེ་ལ་ཕྱི་ནང་གཉིས་ལས། དང་པོ་ཕྱི་ལྟར་དབྱེ་བ་ནི། འདས་རྗེས་ལས། ལུས་ཀྱི་སྔོན་འགྲོ་བྱ་བའི་ཕྱིར། །རིགས་དྲུག་སྤྱོད་པ་སྣ་ཚོགས་སྤྱད། །དཀོན་མཆོག་གསུམ་གྱི་སྤྱོད་པའང་སྤྱད། །ཅེས་གསུངས་པ་ལྟར། རི་ངོགས་ལུང་སྟོང་སོགས་མིས་རྒྱུ་འགྲུལ་མེད་པའི་གནས་དབེན་པར་སོང་སྟེ་གཞི་བདག་ལ་གཏོར་མ་བྱིན་ནས། ད་ནི་སེམས་ཅན་གྱི་དོན་དུ་འཁོར་འདས་རུ་ཤན་ཕྱེ་ལ་ཕྱིན་ཆད་འཁོར་བར་མི་ལྡོག་པར་བྱའོ་སྙམ་དུ་སེམས་བསྐྱེད་དེ། དམྱལ་བ་ལ་ཚ་གྲང༌། ཡི་དྭགས་ལ་བཀྲེས་སྐོམ། དུད་འགྲོ་ལ་བཀོལ་སྤྱོད། མི་ལ་སྐྱེ་རྒ་ན་འཆི། ལྷ་མིན་ལ་འཐབ་རྩོད། ལྷ་ལ་འཕོ་ལྟུང་སོགས་རིགས་དྲུག་གི་བདེ་སྡུག་སྤྱོད་ཚུལ་ཐམས་ཅད་སེམས་ཀྱིས་རང་རྒྱུད་ལ་མྱོང་བར་བསམ་ཞིང༌། ལུས་ཀྱི་མཆོང་རྒྱུག་འགྲོ་འདུག་སོགས་རྣམ་འགྱུར་ཐམས་ཅད་བྱ། ངག་གིས་དེ་དང་དེའི་སྒྲ་སྐད་སྣ་ཚོགས་བརྗོད་པ་སོགས་ཤུགས་འབྱུང་འགག་མེད་དུ་སྤྱད་པས། ངལ་དུབ་འགྱུ་བ་སྤུན་དག་ཏུ་མ་གྱུར་གྱི་བར་དུ་བྱས་ནས་རྗེས་ཤེས་ཀྱི་རང་ངོ་ལ་བལྟ་ཞིང་ངལ་གསོ། ཡང་ལུས་ [4a] ཀྱིས་བདེ་བར་གཤེགས་པ་ཞི་ཁྲོའི་སྐུའི་རྣམ་འགྱུར་དང༌། ངག་གསུང་སྔགས་ཀྱི་སྒྲ་སྐད། ཡིད་དེ་དག་གི་རྣམ་པ་གསལ་བ་དང་ངར་འཛིན་ཅི་ནུས་བྱས་ལ་རྗེས་ཤེས་ཀྱི་རང་ངོ་བསྐྱང་ངོ༌། །དེ་ལྟར་བྱས་པས་ལུས་ལ་ཚ་གྲང་བཀྲེས་སྐོམ་ཆགས་ཞེན་དགག་སྒྲུབ་མེད་པ་དང༌། ངག་བླ་མའི་གདམས་ངག་གི་ཚིག་དོན་ལ་སྒོམ་བྱུང་གི་ཤེས་རབ་འཆར་བ་དང༌། སེམས་གསལ་སྟོང་འགག་མེད་བདེ་བའི་ཉམས་རྩོལ་མེད་དུ་འཆར་བ་རྣམས་མ་བྱུང་གི་བར་དུ་སྦྱང་ངོ༌། དེའི་དགོས་པ་ནི། ལུས་ངག་ཡིད་གསུམ་གྱི་སྡིག་པ་འདག །བར་ཆད་ཞི། མངོན་ཞེན་ལྡོག །སྐུ་གསུང་ཐུགས་རྡོ་རྗེར་འཚང་རྒྱ་བར་བྱེད་དོ། །གཉིས་པ་ནང་ལྟར་རུ་ཤན་དབྱེ་བ་ནི། ཀློང་གསལ་ལས། ནང་གི་འཁྲུལ་རྒྱུ་ཟད་པའི་ཕྱིར། །འཁོར་འདས་རུ་ཤན་ནང་ལྟར་དབྱེ། །ཞེས་གསུངས་པས། ཕྱི་ལྟར་རུ་ཤན་དབྱེ་བས་ཕྱི་འཁྲུལ་བའི་རྐྱེན་སྣང་ཟད་ཀྱང༌། ནང་འཁྲུལ་པའི་རྒྱུ་དང་ས་བོན་མ་ཟད་ན་ཞེ་སྡང་སོགས་ཉོན་མོངས་པའི་ཀུན་སློང་གིས་མི་དགེ་བའི་བག་ཆགས་ས་བོན་སོ་སོ་ལ་བཞག་པས་དེ་དང་དེའི་ནུས་པ་སད་པར་བྱས་ཏེ་འབྲས་བུ་རིགས་དྲུག་གི་འཁོར་རྒྱུན་ཆོད་པར་མི་འགྱུར་བས་དེ་ཆོད་པར་བྱ་བའི་ཕྱིར་ཏེ། དེ་ལ་འདས་རྗེས་ལས། ལུས་འདི་མ་རིག་རྒྱུས་བསྐྱེད་ [4b] ཕྱིར། །རིགས་དྲུག་ས་བོན་ཉིད་དུ་གནས། །རིག་པ་སྐུ་གསུམ་དངོས་ཡིན་ཕྱིར། །སྐུ་གསུམ་ཡི་གེ་འབྲུ་གསུམ་ཤར། །ཡི་གེ་རྩལ་སྦྱང་རུ་ཤན་དབྱེ། །ཞེས་གསུངས་པ་ལྟར། སྦྱང་གཞི་འགྲོ་བ་རྣམས་ཀྱི་ལུས་ཀྱི་གནས་དྲུག་ཏུ། སྦྱང་བྱ་སྤྱི་བོར་ལྷའི་ས་བོན་ཨ་དཀར་པོ། མགྲིན་པར་ལྷ་མིན་གྱི་ས་བོན་སུ་ལྗང་སེར། སྙིང་གར་མིའི་ས་བོན་ནྲྀ་སྔོ་སྐྱ། ལྟེ་བར་དུད་འགྲོའི་ས་བོན་ཏྲི་དམར་ནག །གསང་བར་ཡི་དྭགས་ཀྱི་ས་བོན་པྲེ་དམར་ནག །རྐང་མཐིལ་དུ་དམྱལ་བའི་ས་བོན་དུ་དུད་ཁ་རྣམས་ལ་འགྲོ་བ་དྲུག་གི་བག་ཆགས་རྣམས་ལྷན་སྐྱེས་སུ་གནས་པ་རྣམ་པ་སོལ་དོང་དུ་དུ་བ་འཕྱུར་བ་ལྟར་བསམ་ཞིང༌། སྦྱོང་བྱེད་རིག་པའི་ཡེ་ཤེས་རྡོ་རྗེ་གསུམ་གྱི་རྣམ་པ་སྤྱི་བོར་ཨོཾ་དཀར་པོ། མགྲིན་པར་ཨཱཿདམར་པོ། སྙིང་གར་ཧཱུཾ་མཐིང་ག་རྣམས་བཀྲག་མདངས་འོད་ཟེར་འབར་བར་བསམ་ལ། ཡི་གེ་གསུམ་བཟླས་པའི་རྐྱེན་གྱིས་དེ་ལས་ཡེ་ཤེས་ཀྱི་མེ་རང་འོད་དུ་འབར་བས་ཡི་གེ་དྲུག་བག་ཆགས་དང་བཅས་པ་ཐམས་ཅད་དངོས་མེད་དུ་བསྲེགས། འཁོར་བ་དང་ངན་སོང་གི་རྒྱུ་འབྲས་ཐམས་ཅད་སྦྱངས་ནས་རང་ལུས་དྭངས་གསལ་ཤེལ་གོང་ཕྱིས་པ་ལྟར་སོང་བར་བསམ་ཞིང༌། ཨོཾ་ཨཱཿཧཱུཾ་འབུམ་ཚོ་བདུན་དབྱངས་སྙན་པོས་བཟླའོ། །དེས་སྡིག་པ་དག་པའི་རྟགས་ [5a] དངོས་སམ་རྨི་ལམ་ཅི་རིགས་པར་འབྱུང་ཞིང་ལུས་ངག་ཡིད་གསུམ་ཐ་མལ་གྱི་འཛིན་ཞེན་དག །ལས་བདེ། ངག་སྙན། སེམས་གསལ་སྟོང་མི་རྟོག་པའི་ཉམས་སྐྱེ་བར་འགྱུར་ཏེ། ཀློང་གསལ་ལས། རུ་ཤན་ནང་ལྟར་སུས་ཕྱེ་བ། །འཁྲུལ་རྒྱུ་འཁོར་བའི་ས་བོན་སྟོང༌། །གསུམ་པོ་འཁོར་བར་ལྡོག་པ་མེད། །ཅེས་སོ། །གཉིས་པ་སྒོ་གསུམ་གྱི་སྔོན་འགྲོ་ལ་གསུམ་ལས། དང་པོ་ལུས་ཀྱི་སྔོན་འགྲོ་ནི། ཐལ་འགྱུར་ལས། རྡོ་རྗེ་སྐྱིལ་མོ་ཀྲུང་བཅས་ཏེ། །ལུས་སྦྱངས་སེམས་ལ་ཕན་པའོ། །ཞེས་གསུངས་པས། དེའང་ལུས་ལ་གནད་དུ་བསྣུན་ན་སེམས་ཀྱི་དྭངས་སྙིགས་ཕྱེད་པར་འགྱུར་བའི་ཕྱིར། རྐང་མཐིལ་གཉིས་སྦྱར་ཏེ་སོར་མོ་བཅུ་ས་ལ་བཙུགས། པུས་མོ་ཕྱིར་བསྒྲད། སྒལ་ཚིག་དྲང་པོར་བསྲང༌། ལག་པ་གཉིས་སྤྱི་བོར་མ་རེག་པར་ཐལ་མོ་སྦྱར། གྲུ་མོ་གཉིས་ཐད་སོར་ཕྱིར་བརྒྱང༌། མགྲིན་པ་ཨོལ་མདུད་ནོན་པར་བྱས། ཉྭ་བཞི་ཤུགས་ཕྱུངས་ནས་སྒྲིམས་ཏེ། རྡོ་རྗེའི་འདུག་སྟངས་བྱས་པ་བཞིན་དུ་རྡོ་རྗེ་སྔོན་པོ་རྩེ་གསུམ་པ་མེ་འབར་བ་ཞིག་ཏུ་བསྒོམ། དེས་ལུས་ཁོལ་བུར་ན་ཞིང་ཚུགས་མི་ཐུབ་པ་དང་དྲོད་སྐྱེ་ཞིང་སེམས་རྟོག་མེད་དུ་གནས་པ་འབྱུང༌། མི་ལྕོགས་པ་ན་ལུས་རང་བབས་སུ་ཁྲེས་སེ་སྐྱུར་ལ་སེམས་གཏད་མེད་ཀྱི་ [5b] ངང་དུ་བཞག་གོ །དེའང་རྡོ་རྗེའི་ཡར་རྩེ་གསུམ་ནི་ངོ་བོ་རང་བཞིན་ཐུགས་རྗེ་གསུམ་དང༌། མར་རྩེ་གསུམ་སྐུ་གསུམ། སྐེད་པ་གཅིག་ཏུ་འདྲིལ་བ་ཐབས་ཤེས་དབྱེར་མི་ཕྱེད་པ་མཚོན་པའོ། །དེའི་དགོས་པའང་ཐུན་མོང་དུ་ལུས་ཀྱི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ལུས་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང༌། མཐར་ཐུག་སྐུ་རྡོ་རྗེ་སྤྲུལ་པའི་སྐུ་དང་གཉིས་སུ་མེད་པར་འགྱུར་རོ། །གཉིས་པ་དག་གི་སྔོན་འགྲོ་ལ་བཞི་སྟེ། ཐལ་འགྱུར་ལས། ངག་ནི་ཧཱུཾ་ཞེས་གནས་པ་ལ། །རྒྱས་གདབ་པ་དང་རྩལ་སྦྱང་ཉིད། །མཉེན་བཙལ་ལམ་དུ་གཞུག་པ་ཡིས། །ཞེས་གསུངས་པའི་དང་པོ་ལ་གཉིས་ཀྱི། ཕྱི་སྣང་བ་ལ་རྒྱས་གདབ་པ་ནི། ལུས་གནད་ཆོས་བདུན་བཅས་ཏེ། སྙིང་གར་ཧཱུཾ་སྔོན་པོ་ཞིག་བསྒོམ་པ་གསལ་སྣང་ཐོན་པར་བྱས་ནས་སོ་དང་མཆུ་མ་རེག་ཙམ་དུ་རླུང་དང་ཤེས་པ་ཧཱུཾ་གསུམ་གཅིག་ཏུ་བསྲེས་ཏེ་ཧཱུཾ་གི་གླུ་སྙན་ལ་རིང་བར་བླངས་པས། སྙིང་གའི་ཧཱུཾ་ལས་ཧཱུཾ་ཡིག་མང་པོ་ཐོལ་ཐོལ་བྱུང༌། སྣ་བུག་གཡས་ནས་ཐོན། ཕྱིའི་སྣང་བ་ཐམས་ཅད་ཧཱུཾ་གིས་མེ་རེ་རེ་ཁེངས་པས་སྣང་བ་ཐམས་ཅད་ཧཱུཾ་གི་རང་བཞིན་དུ་སོང་བར་བསམ་ཞིང་དེ་ལྟར་འཆང་བ་ནི་རྒྱས་ཐེབས་པའོ། །དེས་ནི་སྣང་བ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །ཡང་ནང་ཕུང་ [6a] པོ་ལ་རྒྱས་གདབ་པ་ནི། །སྔར་ལྟར་ཧཱུཾ་བརྗོད་པས་ཕྱི་རོལ་གྱི་ཧཱུཾ་རྣམས་སྣ་བུག་གཡོན་ནས་ཐོགས་པ་མེད་པར་ཞུགས། ལུས་ཀྱི་ནང་ཐམས་ཅད་མེ་རེ་རེ་གང་བར་བསམ་ཞིང་རླུང་བཟུང༌། ལུས་ཧཱུཾ་གིས་གང་བར་རྩོལ་མེད་དུ་འཆར་ཞིང་མི་བདེ་བ་སྙམ་བྱེད་པ་ན་རྒྱས་ཐེབས་པའོ། །དེས་ནི་ཕུང་པོ་རང་བཞིན་མེད་པར་གྲོལ་བའི་དགོས་པ་ཡོད་དོ། །གཉིས་པ་ལ་གཉིས་ཀྱི། ཕྱི་སྣང་བ་ལ་རྩལ་སྦྱང་བ་ནི། སྙིང་གའི་ཧཱུཾ་ཡིག་སྔར་ལྟར་གསལ་བ་ལས་ཧཱུཾ་མཐིང་ནག་དྲག་ལ་རྩུབ་པ་རྣོ་ཞིང་མྱུར་བའི་ཤུགས་དང་ལྡན་པ་ཡུལ་ཆེ་ཆུང་གང་ལ་སྤྲོ་བ་དེ་དང་འཚམས་པ་མང་པོ་ཐོལ་ཐོལ་བྱུང་བས་ཕྱི་རོལ་གྱི་སྣང་བ་ཐམས་ཅད་ཐལ་ཕྱུང་དུ་ཕུག་ནས་ཁྲལ་ཁྲོལ་དུ་སོང་བར་བསམ་ཞིང་ཧཱུཾ་དྲག་པོ་ངར་དང་ལྡན་པར་བརྗོད། སྣང་བ་ཐམས་ཅད་ཧཱུཾ་གི་རང་བཞིན་ལས་སང་སེང་དངོས་མེད་དུ་དག་བར་འཆར་བ་ནི་རྩལ་འབྱོངས་པའོ། །དེས་ནི་སྣང་བ་བདེན་མེད་འོད་གསལ་དུ་གྲོལ་བའི་དགོས་པ་ཡོད་དོ། །ནང་ཕུང་པོ་ལ་རྩལ་སྦྱང་བ་ནི། སྔར་ལྟར་ཧཱུཾ་བརྗོད་པས་ཧཱུཾ་ཡིག་མཚན་ཉིད་བཞི་ལྡན་དེས་རང་གི་ལུས་རྒྱབ་མདུན་སྟོད་སྨད་ཐམས་ཅད་ནས་ཐོགས་པ་མེད་པར་ཐལ་ཕྱུང་དུ་ཕུག་པས་སང་སེང་ཁྲལ་ཁྲོལ་དུ་སོང་བར་བསམ་ཞིང༌། ལུས་ཀྱི་ཤ་ཁོལ་བུར་འཕར་ཞིང་ན་བ་དང་ལུས་ཆུ་ [6b] ཟླ་ལྟར་རང་བཞིན་མེད་པའི་ཉམས་འཆར་ན་འབྱོངས་པའོ། །དེས་ནི་ཕུང་པོ་འཇའ་ལུས་འོད་གསལ་དུ་འགྲོ་བའི་དགོས་པ་ཡོད་དོ། །གསུམ་པ་མཉེན་བཙལ་བ་ནི། །མདུན་དུ་ཤིང་བུ་ལྟ་བུའི་དམིགས་རྟེན་བཙུགས་ཏེ། ཧཱུཾ་སྙན་ཅིང་རིང་པོར་བརྗོད་པས་སྙིང་གའི་ཧཱུཾ་ལས་ཧཱུཾ་གི་ཕྲེང་བ་བར་མ་ཆད་དུ་བྱུང་བ་དམིགས་རྟེན་གྱི་རྩ་བ་ནས་རིམ་པར་དཀྲིས་ཏེ་རྩེ་མོར་སླེབ་པ་དང་དར་གཅིག་ཀློད་ལ་ངལ་གསོ། ཡང་རིམ་བཞིན་བཤིག་ནས་ནང་དུ་བསྡུས་ཏེ་སྙིང་གའི་ཧཱུཾ་ལ་རྫོགས་པར་བསྟིམ་ནས་ངལ་གསོ། དེ་ལྟར་རླུང་སེམས་ཧཱུཾ་གསུམ་གཅིག་ཏུ་བྱས་ནས་ཕྱི་ནང་དུ་འགྲོ་ལྡོག་ལ་སྦྱངས་པས་དེ་བཞིན་ལམ་དུ་ལོངས་པས་རྣམ་རྟོག་གི་དར་ཞི་ནས་སེམས་ཤིན་སྦྱངས་ཐོབ་སྟེ་དམིགས་པ་གང་དུའང་བསྒྱུར་ཐུབ་པ་ནི་མཉེན་བཙལ་བའི་དོན་དོ། །བཞི་པ་ལམ་དུ་གཞུག་པ་ནི། རང་གི་ལུས་དང་རླུང་སེམས་གཅིག་དྲིལ་ཧཱུཾ་ཡིག་སྔོན་པོའི་རྣམ་པ་ཅན་དུ་བྱས་ལ་མདུན་ནས་ཕར་སྲིན་འགྲོས་ལྟ་བུའི་ལམ་ལ་ཞུགས་ནས་སོང་སྟེ་འཁྱོགས་མཚམས་སུ་ཅུང་ཟད་ངལ་གསོ་ཞིང༌། རྒྱང་རིང་པོའི་མཐའ་ཚད་མེད་པའི་ཕ་རོལ་དུ་སོང་བར་བསམ་ཞིང་ཧཱུཾ་དྲག་པོར་བརྗོད་ལ་རང་བབས་སུ་ངལ་གསོ། ཡང་སྔར་བཞིན་ཚུར་ལོག་ནས་རང་སོར་གནས་པ་ལ་ངལ་གསོ། དེས་ཐོག་མར་དགའ་བ་དང་སྐྱོ་བ་ལ་སོགས་ [7a] པའི་ཉམས་མཐོ་དམན་ཅན་དུ་སྐྱེ་ཞིང༌། མཐར་ལུས་སེམས་ཟག་མེད་ཀྱི་བདེ་བས་ཁྱབ་པ་འཆར་རོ། །དེས་ནི་ལུས་ངག་ཡིད་གསུམ་ཡང་དག་པའི་ལམ་སྲོལ་དུ་ཆུག་པས་རྣམ་རྟོག་རང་ཤུགས་སུ་ཆོད་ཅིང་བདེ་གསལ་མི་རྟོག་པའི་ཉམས་བོགས་ཆོད་དུ་སྐྱེ་བས་དེའི་རང་ངོ་བསྐྱང༌། དེ་དག་གི་དགོས་པའང་ཐུན་མོང་དུ་ངག་གི་སྡིག་པ་འདག་ཅིང་བར་ཆད་ཞི། ཁྱད་པར་ངག་གི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང༌། །མཐར་ཐུག་གསུང་རྡོ་རྗེ་ལོངས་སྤྱོད་རྫོགས་པའི་སྐུ་དང་གཉིས་སུ་མེད་པར་འགྱུར་རོ། །གསུམ་པ་སེམས་ཀྱི་སྔོན་འགྲོ་ལ་གསུམ་སྟེ། ཐལ་འགྱུར་ལས། སེམས་ནི་དང་པོ་བྱུང་ས་དང༌། །བར་དུ་གནས་དང་ཐ་མར་འགྲོ། །དེ་ལྟར་གསུམ་ལ་བརྟག་དཔྱད་ན། །སེམས་སྦྱོང་སེམས་ཀྱི་གནས་ལུགས་ཤེས། །ཞེས་གསུངས་པས། དང་པོ་བྱུང་ས་ལ་བརྟག་པ་ནི། སེམས་ཞེས་བདེ་སྡུག་ཐམས་ཅད་མྱོང་བ་པོ་རིག་རིག་འགྱུ་འགྱུ་བ་འདི་ཕྱི་ནང་སྣོད་བཅུད་སོགས་གང་ལས་བྱུང༌། ཕྱི་འབྱུང་བཞིའི་དངོས་པོ་གང་རུང་ལས་བྱུང་ངམ་སྙམ་ན། དེ་རེ་རེ་ནས་རྡུལ་ཕྲན་དུ་བཤིགས་ཏེ་བཙལ་བས་ཨེ་རྙེད། ནང་རང་ལུས་ལས་བྱུང་ངམ་སྙམ་ན། དེ་ཡང་ཆ་ཤས་ནས་བཙལ་བས་རྙེད་དམ། གལ་ཏེ་སྟོང་པ་ལས་ [7b] བྱུང་ངམ་སྙམ་ན་བྱུང་བའི་ཡུལ་ཨེ་གྲུབ། སྣང་བ་ལས་བྱུང་ངམ་སྙམ་ན་དེའི་དམིགས་ཨེ་རྙེད། མདོར་ན་བཙལ་བྱའི་སེམས་ལ་ཕར་དཔྱད། འཚོལ་མཁན་གྱི་སེམས་ལ་ཚུར་བལྟས་པས། ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བའི་རང་ངོ་མ་མཐོང་གི་བར་དུ་རྩད་བཅད་ཅིང་བསྐྱར་རོ། །གཉིས་པ་གནས་ས་ལ་བརྟག་པ་ནི། སྔར་བཞིན་ཕྱི་ནང་སྣོད་བཅུད་ལུས་ཀྱི་ཆ་ཤས་སོགས་གང་ལ་གནས། དབྱིབས་དང་ཁ་དོག་བྱེད་ལས་ངོ་བོ་གང་གིས་མཚོན་བརྟག་ཅིང་དཔྱད་པས་དེ་དག་གང་དུའང་མ་གྲུབ་ན། རྟོགས་བྱེད་ཀྱི་ཤེས་པ་ལ་ཚུར་བལྟས་པས། ཤེས་པ་གསལ་ཞིང་སྣང་ཡང་རང་བཞིན་མ་གྲུབ་པས་གཞི་མེད་རྩ་བྲལ་དུ་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །གསུམ་པ་འགྲོས་ལ་བརྟག་པ་ནི། སེམས་ཝལ་གྱིས་ཤར་ནས་ཡལ་གྱིས་སོང་སྙམ་བྱེད་པ་འདི་གང་དུ་འགྲོ་བརྟག་པས་ཕྱི་ནང་སྣོད་བཅུད་སྣང་སྟོང་ཡོད་མེད་སོགས་གང་དུའང་འགྲོ་བའི་ཡུལ་མེད། ཡུལ་ཅན་གྱི་སེམས་ཉིད་ཀྱང་འདི་ཞེས་ངོ་བོ་ངོས་བཟུང་ཐམས་ཅད་དང་བྲལ་བས་འགྲོ་བའི་ཡུལ་དང་འགྲོ་མཁན་གྱི་སེམས་ཞེས་མ་གྲུབ་པས་རིག་སྟོང་འགྲོ་འོང་དང་བྲལ་བར་གཏན་ལ་མ་ཕེབས་ཀྱི་བར་དུ་བསྐྱར་རོ། །དེ་དག་གི་དགོས་པའང་ཐུན་མོང་དུ་ཡིད་ཀྱི་སྡིག་པ་འདག་ [8a] ཅིང་བར་ཆད་ཞི། ཁྱད་པར་ཡིད་ཀྱི་མངོན་ཞེན་ལྡོག་པས་འཁོར་བར་མི་ལྟུང༌། མཐར་ཐུག་ཐུགས་རྡོ་རྗེ་ཆོས་ཀྱི་སྐུ་དང་གཉིས་སུ་མེད་པར་འགྱུར་རོ། །གསུམ་པ་རྣལ་དུ་དབབ་པ་ལ་གཉིས། རྣལ་དབབ་དངོས་དང༌། སོར་གཞུག་པའོ། །དང་པོ་ནི། ཐལ་འགྱུར་ལས། འདི་དུས་ལུས་ངག་སེམས་ཀྱི་གནད། །རྣལ་འབྱོར་ལྡན་པས་རྣལ་དབབ་བྱ། །ཞེས་གསུངས་པས། དེ་ལྟར་སྔར་བཤད་པའི་འཁོར་འདས་རུ་ཤན་དབྱེ་བ་སོགས་ཐ་མལ་བག་ཆགས་ཀྱི་ཞེན་སྣང་ཕྲ་རགས་གང་ཡང་ཡིད་ལ་མི་བྱེད་པར་རང་ལུགས་སུ་སྣང་བ་དང་སྟོང་པ་དང་སྤང་བྱ་དང་གཉེན་པོའི་མཚན་མ་ཅི་ལའང་མི་རྟོག་པར་འཇོག་པ་སྟེ། རྣལ་མ་ནི་མ་བཅོས་པའི་དོན་དང༌། དབབ་པ་ནི་དེ་ལ་རང་བབས་སུ་འཇོག་པའི་དོན་ཏེ། དཔེར་ན་ཆུ་རྙོགས་མ་ཅན་དེ་ཉིད་གཡོ་མེད་དུ་བཞག་ན་དྭངས་པར་འགྱུར་བ་བཞིན་ནོ། །དེ་ལ་བདེ་བའི་མལ་དུ་ལུས་སེམས་སྐྱིལ་ལམ་ཙོག་པུ་སོགས་གང་བདེ་རང་བབས་སུ་བསྒུལ་བསྐྱོད་མེད་པར་བཞག །ངག་སྨྲ་བརྗོད་ལྟ་ཅི་རླུང་ལའང་བཟོ་བཅོས་མེད་པར་བཞག །སེམས་མི་དགེ་བ་དང་ལུང་མ་བསྟན་དུ་མ་ཟད་དགེ་བའི་རྣམ་པར་རྟོག་པ་ཙམ་ཡང་བཏང་ནས་རང་བབས་སུ་བཞག་པས། སྒོ་གསུམ་གཞི་ཐོག་ཏུ་དྭངས་ [8b] པར་འགྱུར་ཏེ་བསམ་གཏན་དང་ཞི་གནས་ཀྱི་རྒྱུ་ཕུན་སུམ་ཚོགས་པ་འགྲུབ་པ་ཡིན་ནོ། །དེས་ནི་གནས་སྐབས་སུ་སྒོ་གསུམ་རྣལ་དུ་ཕེབས་པས་འབྱུང་བ་མི་འཁྲུགས་ཤིང་ནད་རྐྱེན་མི་འབྱུང་བ་དང་རང་བཞིན་གྱི་བསམ་གཏན་ལ་གནས། མཐར་ཐུག་སྒོ་གསུམ་གྱི་འཛིན་པ་རང་དག་ཏུ་གྲོལ་བར་འགྱུར་རོ། །གཉིས་པ་སོར་གཞུག་པ་ནི། ཀློང་གསལ་ལས། ཀ་དག་དོན་ནི་རྟོགས་བྱའི་ཕྱིར། །རྣལ་དུ་ཕབ་ནས་སོར་ནི་གཞུག །ཅེས་གསུངས་པས། སྔར་རྣལ་དུ་ཕབ་པའི་སེམས་ཉིད་གསལ་ལ་མི་རྟོག་པར་གནས་པ་དེ་ཉིད་སྤྱོད་ལམ་ཞི་བ་དང་བར་མ་དང་རྩུབ་མོའི་རྐྱེན་གྱིས་རིམ་བཞིན་ཁྲིད་ནས་གོམས་པ་ལ་བསླབ་པར་བྱ་བ་ཡིན་ཏེ། རལ་གྲིའི་འཕྲུལ་འཁོར་ཤེས་པར་འདོད་པས་དང་པོར་ཤིང་གི་རལ་གྲི་ལ་བསླབ་པ་བཞིན་ནོ། །དེ་ལ་འདས་རྗེས་ལས། ཉན་ཐོས་བྱང་སེམས་ཁྲོ་བོ་ཡི། །ལྟ་སྟངས་ཉིད་ཀྱིས་སོར་ཡང་གཞུག །ཅེས་གསུངས་པ་ལྟར་གསུམ་ལས། དང་པོ་ཉན་ཐོས་ཀྱི་ལྟ་སྟངས་ནི། ལུས་གནད་ཆོས་བདུན་ལྡན་གྱིས་མི་གཡོ། ངག་རླུང་གི་འགྲོ་འོང་རང་བབས་སུ་བཞག །མིག་སྣ་རྩེའི་ཐད་ཀྱི་ནམ་མཁའ་ལ་ཧྲིག་གེར་གཏད་ནས། ཚོགས་དྲུག་གི་ཤེས་པ་ཇི་ལྟར་ཤར་བ་ལས་མི་སྤྲོ་མི་བསྡུ་བར་རང་སོར་བཞག་པས་རྐྱེན་སྣང་ [9a] རང་གི་ངོ་བོས་གསལ་ཡང་མི་རྟོག་པའི་ངང་མ་ཤོར་བ་ཉིད་ལ་བསླབ་པར་བྱ་སྟེ། ཀློང་གསལ་ལས། ཉན་ཐོས་ཞི་བའི་ལྟ་སྟངས་ཀྱིས། །ལུས་ངག་ཡིད་གསུམ་རྣལ་དུ་ཕེབས། །ཞེས་གསུངས་པ་ལྟར་རོ། །གཉིས་པ་བྱང་སེམས་ཀྱི་ལྟ་སྟངས་ནི། གཞན་སྔར་ལྟར་ལས་མིག་བར་སྣང་ལ་ཧྲིག་གེར་བསྒྱུར་ནས་ཧད་པོས་བལྟས་པས་རྐྱེན་དེས་བསྐྱེད་པའི་ཤེས་པ་སྐད་ཅིག་མ་དེ་ཡང་གསལ་ལ་མ་འགག་པར་ཤར། ཤར་ཙམ་ཉིད་ནས་རང་བཞིན་གྱིས་མ་གྲུབ་པ་སྣང་སྟོང་དབྱེར་མེད་ཆུ་ཟླ་ལྟར་རྟོགས་པར་བྱ་སྟེ། བོ་དྷི་ས་ཏྭའི་ལྟ་སྟངས་ཀྱིས། །རྣལ་ཕེབས་བདེ་བ་ཉིད་ཐོབ་འགྱུར། །ཞེས་གསུངས་པ་ལྟར་རོ། །གསུམ་པ་ཁྲོ་བོའི་ལྟ་སྟངས་ནི། བསམ་གཏན་གྱི་ངང་མ་ཤོར་བ་ཉིད་ལ་ལངས་ཏེ་གོམ་པ་གྱ་ཚོམས་སུ་འདོར། མིག་གཡོ་ཞིང་བལྟ། ངག་ཏུ་ཧ་ཧ་ཧི་ཧི་སོགས་བརྗོད་ཅིང་རིག་པ་ཧུར་ཕྱུངས་ཏེ་རྩལ་སྦྱངས་པས་རང་བྱུང་རང་ཤར་སྤྲོས་བྲལ་བསལ་བཞག་མེད་པ་ཆུ་རླབས་རྒྱ་མཚོར་ཐིམ་པ་ལྟར་རྟོགས་པ་ལ་བསླབ་པར་བྱ་སྟེ། དེས་ནི་སྣང་རྐྱེན་ཇི་ཙམ་མང་བ་ཙམ་དུ་སྟོང་ཉིད་ཀྱི་ཡེ་ཤེས་ཀྱང་དེ་ཙམ་དུ་འཕེལ་བར་འགྱུར་ཏེ་བུད་ཤིང་མང་ན་མེ་ལྕེ་མང་བ་བཞིན་ནོ། །དེ་ལྟར་ཡང༌། ཁྲོ་བོ་ཉིད་ཀྱི་ལྟ་སྟངས་ཀྱིས། །རྣལ་ཕེབས་ཡོན་ཏན་གསུམ་ཡང་ [9b] འགྲུབ། །ཅེས་གསུངས་པས། ཉན་ཐོས་ཀྱིས་སྒོ་གསུམ་རང་བཞིན་དུ་གནས་པར་བྱེད། བྱང་སེམས་ཀྱིས་གནས་པ་བརྟན་པར་བྱེད། ཁྲོ་བོས་བརྟན་པ་མཐར་ཕྱིན་ནས་གྲོལ་བར་བྱེད་ཅིང༌། དེ་དག་གི་དགོས་པའམ་གནས་སྐབས་སུ་བདེ་གསལ་མི་རྟོག་པའི་ཉམས་དང་ལྡན་པའི་ཞི་གནས་ཁྱད་པར་ཅན་སྐྱེ་བས་སྡུག་བསྔལ་དང་ཉོན་མོངས་རགས་པ་གནོན། མཐར་ཐུག་ལྷག་མཐོང་ཀ་དག་གི་དོན་རྟོགས་པས་ཉོན་མོངས་རགས་པ་རྣམས་འཇོམས་ཤིང་ཡང་དག་པའི་ལམ་ལ་སྲོལ་དུ་འཇུག་པ་ཡིན་ནོ། །དེ་ལྟར་སྒོམ་པའི་ཚེ་ཡིད་སྤྲོ་ཞིང་འཇུག་ན་གེགས་ཆུང་ལ་བོགས་ཆེ་བས་བསྒོམ། སུན་ཅིང་མི་སྤྲོ་ན་བསྒོམས་ཀྱང་གེགས་སུ་འགྱུར་ཏེ་ཕྱིས་སྒོམ་གྱིས་སྣ་སུན་ནས་ངན་ལང་དུ་འགྲོ་བས་ཅུང་ཟད་ངལ་གསོས་ནས་རིམ་གྱིས་གོམས་པ་ལ་འཇུག་པར་བྱའོ། །དོན་གཉིས་པ་ཟབ་ལམ་སྒོམ་པ་དངོས་གཞིའི་ཁྲིད་ལ་གསུམ་སྟེ། བརྩོན་འགྲུས་རབ་ཚེ་འདིར་འཚང་རྒྱ་པ། འབྲིང་བར་དོར་འཚང་རྒྱ་བ། ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་འཚང་རྒྱ་བར་བསྟན་པའོ། །དང་པོ་ནི། དེའང་བློ་ཡངས་ལ་རྒྱ་ཆེ་བ་ནམ་མཁའ་ལྟ་བུའི་གང་ཟག་གིས། རིག་པའི་ཡེ་ཤེས་དྲི་མ་མེད་པའི་ཕུར་པ། ཆོས་དབྱིངས་སྤྲོས་བྲལ་གྱི་ཡུལ་ལ། སོར་བཞག་རྩིས་གདབ་དང་བྲལ་བའི་ཐབས་ཀྱིས་དབྱིངས་ཡེ་གཉིས་ [10a] མེད་ཆུ་དང་འོ་མ་འདྲེས་པའི་ཚུལ་དུ་གདབ་པས། རྣམ་པར་རྟོག་པས་འཁོར་བར་འཁྱམས་པའི་སྐྱོན་ལས་གྲོལ་ཏེ་མཚན་རྟོག་ཆོས་ཉིད་དུ་གྲོལ་བའི་གདིང་ཚད་དང་ལྡན་པས་འབྲས་བུ་ཆོས་སྐུ་ཐོབ་པར་བྱེད་པ་སྟེ། དེ་ལ་གཉིས། ལེ་ལོ་ཅན་མ་བསྒོམས་པར་འཚང་རྒྱ་བའི་གནད་དབྱིངས་ལ་ལྟོས་ཏེ་སེམས་ཀ་དག་རྩ་བྲལ་དུ་ངོ་སྤྲད་ནས་རིག་པ་རྗེན་པ་ལྷོངས་སུ་ཕུད་པས་འབད་མེད་དུ་གྲོལ་བའི་ལམ་ཁྲེགས་ཆོད་དང་། བརྩོན་འགྲུས་ཅན་བསྒོམས་པས་འཚང་རྒྱ་བའི་གནད་སྣང་བ་ལ་ལྟོས་ཏེ་འོད་གསལ་ལྷུན་གྲུབ་ཏུ་ངོ་སྤྲད་ནས་མངོན་སུམ་གྱི་གནད་ལ་གཟིར་བས་གདོས་བཅས་འོད་ལུས་སུ་གྲོལ་བའི་ལམ་ཐོད་རྒལ་ལོ། །དང་པོ་ནི། གཞུང་རྩ་བར། བདག་མེད་རྟོགས་པའི་ཤེས་རབ་ཉིད༔ མངོན་གྱུར་ཆེན་པོ་གཞི་བྱས་ཏེ༔ འཁོར་འདས་འུབ་ཆུབ་རོལ་པ་ཡི༔ ཁྱབ་བརྡལ་རིག་སྟོང་རྫོགས་པ་ཆེ༔ ཐེག་པ་ཀུན་གྱི་འབྲས་བུར་གནས༔ མཐར་ཐུག་གྲོལ་ས་འདིར་ལ་ཟླ༔ ལྟ་བས་བསམ་དང་སྒོམ་རྒྱུ་སྟོར༔ མ་བཅོས་རང་བྱུང་ཆེན་པོ་རུ༔ ཡེ་གྲོལ་ཉིད་ལ་ཆམ་གྱིས་ཞོག༔ རང་གྲོལ་རྒྱལ་པོ་ཧེ་རུ་ཀ༔ སྐུ་དང་ཡེ་ཤེས་ཐམས་ཅད་ཀྱི༔ བདག་ཉིད་ཆེན་པོ་དེ་ཀའོ༔ ཞེས་གསུངས་པས། འདི་ལ་བཞི། གྲོང་ཁྱེར་རྒྱུན་གཅོད་ཀྱི་ལྟ་བས་ཐག་བཅད་པ། ཉིན་ [10b] མཚན་ཁ་སྦྱོར་གྱི་སྒོམ་པས་ཉམས་སུ་བླང་བ། སྣང་བ་དབང་བསྒྱུར་གྱི་སྤྱོད་པས་བོགས་འབྱིན་པ། བྱ་བྲལ་ལྷུན་གྲུབ་ཀྱི་འབྲས་བུ་རང་ལས་རྙེད་པའི་ཚུལ་ལོ། །དང་པོ་ནི། །རྒྱུད་ལས། ལྟ་བ་རྟོག་བྲལ་མ་འཁྲུལ་བ། །རྡོ་རྗེ་གཞོན་ནུའི་དགོངས་པ་ཡིན། །ཅེས་དང༌། ཀློང་གསལ་ལས། ངོ་བོ་ཀ་དག་ཡེ་ཤེས་ནི། །མ་རིག་རྟོག་པ་ཀུན་དང་བྲལ། །རང་བཞིན་ལྷུན་གྲུབ་ཡེ་ཤེས་ནི། །སྟོང་གསལ་རང་གདངས་ཉིད་དུ་གནས། །ཐུགས་རྗེ་ཀུན་ཁྱབ་ཡེ་ཤེས་ནི། །འགགས་མེད་སྣང་སྟོང་ཉིད་དུ་གནས། །ཞེས་ངོ་བོ་རིག་སྟོང༌། རང་བཞིན་གསལ་སྟོང༌། ཐུགས་རྗེ་སྣང་སྟོང་དབྱེར་མེད་གསུམ་དུ་གསུངས་པའི། དང་པོ་ངོ་བོ་ཀ་ནས་དག་པའི་ཡེ་ཤེས་ནི། རིག་པའི་ངོ་བོ་དངོས་པོ་དང་མཚན་མར་མ་གྲུབ་པས་སངས་རྒྱས་ཀྱི་སྤྱན་གྱིས་ཀྱང་བལྟར་མེད་པ། གཞི་མེད་རྩ་བ་དང་བྲལ་བས་འདིའོ་ཞེས་བརྗོད་དུ་མེད་པ། གོ་བའི་ཚིག་དང་མཚོན་པའི་དཔེ་ཀུན་གྱི་ཡུལ་ལས་འདས་པ། བསམ་གྱིས་མི་ཁྱབ་པའི་གནས་ལུགས་ཀྱི་ཕྱིར་བློའི་སྤྱོད་ཡུལ་མ་ཡིན་པ། ཡེ་གདོད་མ་ཉིད་ནས་རང་བཞིན་གྱིས་སྟོང་པའི་གཤིས་སམ་རང་བབས། འཁྲུལ་གྲོལ་གཉིས་ཀ་ཡོད་མ་མྱོང་བས་འཁོར་བ་གཞི་མ་གྲུབ་ཅིང་མྱང་འདས་ཞེས་པའང་ལྟོས་ནས་བཏགས་པ་ཙམ་ལས་དོན་ལ་མ་གྲུབ་པ་སྟེ། ཀློང་དྲུག་པ་ལས། [11a] སྟོང་པ་ཡུལ་གྱི་སྤྲོས་པ་མེད། །ཅེས་སོ། །གཉིས་པ་རང་བཞིན་ལྷུན་གྱིས་གྲུབ་པའི་ཡེ་ཤེས་ནི། ངོ་བོ་ཀ་དག་སྨྲ་བསམ་བརྗོད་བྲལ་དེ་ཉིད་གསལ་མདངས་འགགས་པ་མེད་པའི་ཡེ་ཤེས་ཀྱི་རང་རྩལ། ནམ་མཁའི་དབྱིངས་ལས་ཉི་མའི་འོད་ཟེར་ཕྱོགས་མེད་དུ་ཁྱབ་པ་བཞིན་བརྟན་གཡོ་འཁོར་འདས་ཀུན་ལ་ཁྱབ་ཅིང་ཀུན་གྱི་སྲོག་གམ་སྙིང་པོའི་ཚུལ་དུ་བཞུགས་པ་སྟེ། དེའང་རྟེན་དང་བརྟེན་པའི་རྣམ་པ་ཅན་མ་ཡིན་པར་ནམ་མཁས་སྣོད་བཅུད་རྣམས་ལ་ཁྱབ་པ་ལྟར་མཐའ་གང་ལའང་མི་གནས་ཤིང་ཀུན་དང་དབྱེར་མེད་པའི་ཚུལ་དུ་འཁོར་འདས་གཉིས་ཀར་རྒྱ་ཆད་དང་ཕྱོགས་ལྷུང་གིས་རིས་སུ་བཅད་པ་མེད་པར་གནས་ཏེ། སྔ་མ་ལས། གསལ་བ་ཡོད་མེད་མཐའ་ལས་འདས། །མཚོན་ཚིག་དུ་མའི་སྤྲོས་དང་བྲལ། །ཅེས་སོ། །གསུམ་པ་ཐུགས་རྗེ་ཀུན་ལ་ཁྱབ་པའི་ཡེ་ཤེས་ནི། ངོ་བོ་སྟོང་པ་དང་རང་བཞིན་གསལ་བ་དེ་གཉིས་ཀྱང་གཅིག་དང་དུ་མའི་སྤྲོས་པ་ཀུན་ལས་འདས་ཤིང༌། གདོད་ནས་དབྱེར་མེད་ཟུང་དུ་འཇུག་པ་མར་མེ་དང་མར་མེའི་འོད་ལྟ་བུ་སུས་ཀྱང་བཅོས་ནས་འདུས་མ་བྱས་པའི་རང་བབས་ཀྱི་གནས་ལུགས་སྣ་ཚོགས་སྣང་བའི་འཆར་གཞིར་མ་འགག་པར་རང་སྣང་བ་སྟེ། དེ་ནི་ཡུལ་དང་ཡུལ་ཅན་དུ་བརྟགས་ [11b] ནས་བལྟར་མེད་པས་ན་བློ་ལས་འདས་པ་ལྟ་བ་ཀུན་གྱི་རྒྱལ་པོ་གོང་ན་མེད་པའི་ཕྱིར་གནས་པ་གཞིའི་རྡོ་རྗེ་གཞོན་ནུ་ཞེས་བྱ་བ་ཡིན་ནོ། །དེ་ལྟར་ཡང་ནོར་བུ་ཕྲ་བཀོད་ལས། རྫོགས་སངས་རྒྱས་ནི་རང་རིག་ཉིད། །ངོ་བོ་དུས་གསུམ་འགྱུར་བ་མེད། །རང་བཞིན་རྟག་ཏུ་འགག་པ་མེད། །ཐུགས་རྗེ་ཀུན་ལ་རང་སྣང་ངོ༌། །ཞེས་གསུངས་སོ། །གཉིས་པ་ཉིན་མཚན་ཁ་སྦྱོར་གྱི་སྒོམ་པས་ཉམས་སུ་བླང་བ་ལ་གཉིས། དོན་ཉམས་སུ་ལེན་པ་དང༌། ངོ་གཅེར་ཕོག་ཏུ་སྤྲད་པའོ། །དང་པོ་ནི། ཚིག་གསུམ་གནད་དུ་རྡེག་པའི་སྒོ་ནས་རང་གི་རིག་པ་ཆོས་སྐུ་དྲི་མ་མེད་པར་རྟོགས་པར་བྱེད་པ་སྟེ། དེ་ལ་ངོ་རང་ཐོག་ཏུ་སྤྲད་པ་ནི། ད་ལྟར་གྱི་ཤེས་པ་བཅོས་སླད་མཉེན་པོ་དང་བྲལ་བ། ངོ་བོ་ངོས་བཟུང་ལས་འདས་པ། རིག་པ་མཚན་མར་མ་གྲུབ་པ། སྟོང་གསལ་རང་བྱུང་གི་ཡེ་ཤེས་དྲན་བསམ་བློ་འདས་ཆེན་པོ་ཝ་ལེ་སང་ངེ་ཕྱམ་མེར་གནས་པ་འདི་ཉིད་ཆོས་སྐུ་ཀ་དག་གི་དགོངས་པ་བགྲོད་པ་ལམ་གྱི་རྡོ་རྗེ་གཞོན་ནུ་ཞེས་བྱ་བར་ངོ་ཤེས་པར་བྱའོ། །ཐག་གཅིག་ཐོག་ཏུ་བཅད་པ་ནི། ཆོས་སྐུ་བློ་འདས་ཀྱི་དགོངས་པ་བཞི་ཆ་སུམ་བྲལ་གྱི་ངང་ལ་མི་གཡོ་བས་གནས་པ་སྟེ། དེའང་དྲན་བསམ་སྔ་མ་འགག །ཕྱི་མ་མ་སྐྱེས། ད་ལྟར་ [12a] གྱི་ཤེས་པ་གང་དུའང་བཅོས་སླད་བྲལ་བའི་ངང་དུ་རིག་པའི་གདངས་མ་འགགས་པར་ཆུ་རྙོགས་པ་དྭངས་པ་དང་འདྲ་བའི་ངང་ལ་ཆེད་དུ་རྩོལ་བས་མ་བསྒྲིམས། ཡེངས་པ་ཕྱལ་བར་མ་ཤོར་བར། ཐ་མལ་གྱི་རིག་པ་སོར་བཞག་གཅིག་པུ་རིག་གེ་སང་ངེ་ཡེར་རེ་ཝལ་ལེར་བཞག་པར་བྱའོ། །གདིང་གྲོལ་ཐོག་ཏུ་བཅའ་བ་ནི། དེ་ལྟར་ངང་དྭངས་སྤྲོས་པ་དང་བྲལ་བ་རྒྱ་མཚོ་དྭངས་པ་ལྟ་བུའི་ངང་ལ་བཞག་པའི་དུས་སུ། ཐ་མལ་གྱི་ཤེས་པ་ཡུལ་ཐོག་ཏུ་འཕྲོ་ཡང་རང་ཤར་རང་གྲོལ་དུ་བསྟན་པ་རྦ་རླབས་ཆུར་ཐིམ་པ་ལྟ་བུ་སྟེ། ཤར་དུས་ཉིད་ནས་བཅོས་བསླད་མེད་པའི་ངང་དུ་ཀློད་པས། དྲན་རྟོག་རྗེས་མེད་དུ་ཡལ་ནས་བྱུང་ཚོར་གཞི་ཐིམ་ལ་སོང་བ་ནི་སྐྱེ་མེད་རང་གྲོལ་ཞེས་བྱ་སྟེ། རང་ཤར་རིས་མེད་འཛིན་རྩོལ་སྤང་བླང་གཉེན་པོ་མེད་པར་གདིང་འཆོས་པའོ། །གཉིས་པ་ངོ་གཅེར་ཕོག་ཏུ་སྤྲད་པ་ལ་གཉིས། བྱིན་རླབས་འཕོ་བའི་སྟོབས་ཀྱིས་ངོ་སྤྲད་པ་དང༌། ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲད་པའོ། །དང་པོ་ནི། དབེན་པའི་གནས་སུ་ཚོགས་གཏོར་རྒྱ་ཆེར་བཤམས་པས་མཆོད་ཅིང་གསོལ་བ་བཏབ། སློབ་མ་རྣམས་ཀྱིས་མཎྜལ་ཕུལ་ལ་ལུས་གནད་དྲང་པོར་བསྲང༌། ངོ་སྤྲོད་འདེབས་པ་ [12b] པོ་བསྒོམ་གཞིར་བྱས་ནས་བླ་མའི་རྣལ་འབྱོར་གྱི་དམིགས་རིམ་ཕོག་ལ། དེ་ཡང་སྐྱོན་ཀུན་ཟད། ཡོན་ཏན་ཀུན་རྫོགས། དགོས་འདོད་ཀུན་སྩོལ། སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ངེས་ཤེས་བསྐྱེད་ནས་ཅི་མཛད་ཁྱེད་ཤེས་ཀྱི་བློ་གཏད་ལིང་གིས་བསྐྱུར་ཏེ། རྩ་བརྒྱུད་ཀྱི་བླ་མ་དམ་པ་རྣམས་ཀྱིས་ཚད་མེད་པའི་ཐུགས་རྗེས་དགོངས་ནས་བདག་གི་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ། ཟབ་ལམ་གྱི་རྟོགས་པ་ཁྱད་པར་ཅན་དུས་ད་ལྟ་ཉིད་དུ་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས་ཤིག་སྙམ་དུ་བཟོད་མེད་མོས་གུས་ཀྱི་གདུང་ཤུགས་མཆི་མ་འཁྲུགས་པ་ཙམ་དུ་བསྐྱེད་ཅིག་བྱས་ལ། སྤོས་དང་གུ་གུལ་སྲེག་ཅིང་བླ་མས་ཌཱ་དྲིལ་འཁྲོལ་བ་དང་བཅས། འགྱུར་མེད་དབྱིངས་ཀྱི་མགོན་པོ་ཀུན་ཏུ་བཟང༌། །རང་བྱུང་སྒྱུ་འཕྲུལ་རིགས་ལྔ་ཧེ་རུ་ཀཿ ལོངས་སྤྱོད་ཡོངས་རྫོགས་རྡོ་རྗེ་སེམས་དཔའ་ལ། །གསོལ་བ་འདེབས་སོ་དགོངས་པས་བྱིན་གྱིས་རློབས། །ཞེས་སོགས་ནས། མཁའ་འགྲོ་དམ་ཅན་གཏེར་སྲུང་བཅས་རྣམས་ལ། །གསོལ་བ་འདེབས་སོ་དགོངས་པས་བྱིན་གྱིས་རློབས། །འཁོར་འདས་དག་མཉམ་ལྟ་བའི་གདིང་ཆེན་ཐོབ། །མ་བཅོས་རང་བབས་སྒོམ་པའི་རྩལ་ཆེན་རྫོགས། །བྱར་མེད་བྱུང་རྒྱལ་སྤྱོད་པའི་བོགས་ཆེན་འབྱོངས། ། [13a] གཉུག་མ་ལྷུན་གྲུབ་འབྲས་བུའི་མཐར་ཕྱིན་ཤོག །ཅེས་བརྒྱུད་པའི་བཤར་འདེབས་ཀྱིས་བྱིན་ཕབ་པའི་རྗེས་ལ། བླ་མ་ཉིད་ཚད་མེད་པའི་ཐུགས་རྗེས་འོད་དུ་ཞུ། སློབ་མའི་སྤྱི་བོ་ནས་ཐིམ་པས་སློབ་མའི་སྒོ་གསུམ་དང་བླ་མའི་རྡོ་རྗེ་གསུམ་དབྱེར་མེད་སྤྲོས་པ་དང་བྲལ་བའི་ངང་དུ་ཤེས་པ་ཀློད་ལ་འཇོག་ཏུ་བཅུག་པས་བྱིན་རླབས་ཀྱི་འུར་ལངས། སྒོ་གསུམ་གྱི་སྣང་བ་བླ་མར་འདྲེས། རྣམ་རྟོག་མོས་གུས་སུ་ཤར། དེའི་ངང་ལ་ལྷོད་ཀྱིས་ཀློད་པས་རིག་མདངས་མོས་གུས་སུ་ལམ་མེ། གཤིས་འཛིན་མེད་དུ་ཁྲོལ་ལེར་ཤར་བས། མོས་གུས་རང་རིག་ཏུ་གྲོལ། རང་རིག་སྐྱེ་མེད་ཀ་དག་གི་དབྱིངས་སུ་གྲོལ་བ་ཞེས་བྱ་སྟེ། དེའི་ངང་བསལ་བཞག་མེད་པར་རང་བབས་སུ་བསྐྱང་དུ་གཞུག་གོ །འདི་ནི་རྩ་བའི་དངོས་བསྟན་ལ་མེད་ཀྱང་ཉམས་མྱོང་བོགས་ཆོད་དུ་སྐྱེ་བའི་ཕྱིར་བླ་མ་རྣམས་ཀྱི་ཕྱག་བཞེས་སུ་མཛད་པས་བྱིན་རླབས་ཤིན་ཏུ་ཆེ་བ་ཡིན་ནོ། །གཉིས་པ་ཉམས་མྱོང་སྒོམ་པའི་ཐོག་ཏུ་ངོ་སྤྲད་པ་ལ་གསུམ། གནས་པ། འགྱུ་བ། ཟུང་འཇུག་གི་དགོངས་པ་ངོ་སྤྲད་པའོ། །དང་པོ་དོན་སྐྱེ་མེད་དུ་རྩད་བཅད་ནས་གནས་ཐོག་ཏུ་གཞི་བཅིངས་གྲོལ་མེད་པའི་གནས་ལུགས་ཆོས་ཟད་ཀ་དག་གི་དགོངས་པར་ངོ་སྤྲད་པ་ནི། སློབ་མ་རྣམས་སྔར་ [13b] ལྟར་ལུས་གནད་ཆོས་བདུན་བཅའ། ངག་གནད་རླུང་རང་བབས་སུ་བཞག །སེམས་གནད་རྟོག་པ་སྔ་མ་འགགས། ཕྱི་མ་མ་སྐྱེས། ད་ལྟའི་རིག་པ་བཞི་ཆ་སུམ་བྲལ་གཤིས་གང་དུའང་མ་གྲུབ་ཅིང༌། མདངས་བདེ་ཆེན་དུ་མ་འགགས་ལ། རྩལ་སྣ་ཚོགས་སུ་སྣང་ཡང་ངོ་བོ་སྨྲ་བསམ་བརྗོད་མེད་བློའི་སྤྱོད་ཡུལ་ལས་འདས་པའི་རིག་པ་གསལ་ལེ། ཡེར་རེ། ཧྲིག་གེ ། རྗེན་ནེ། སང་དེ་བ་འདི་རང་བྱུང་གི་ཡེ་ཤེས་ཆོས་སྐུ་བློ་འདས་ཆེན་པོའི་དགོངས་པ་ཡིན་པས་དེ་བཅར་ཕོག་ཏུ་ངོས་ཟུངས་ལ་མཐའ་བྲལ་ནམ་མཁའ་ལྟ་བུའི་ངང་དུ་མཉམ་པར་ཞོག་ཅིག །ཅེས་བརྡ་སྤྲད། དེ་ལྟར་བཞག་པས་རྣམ་རྟོག་གི་སྤྲོས་པ་ཉེ་བར་ཞི་ནས་བྱ་བྱེད་དྲན་རྟོག་ཐམས་ཅད་བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་རོལ་པར་འཆར་ཏེ། མཉམ་རྗེས་ཀྱི་རིས་མེད། ཉིན་མཚན་གྱི་བར་མེད། རྟག་ཆད་ཀྱི་འཕྲད་མེད། བླང་དོར་གྱི་ཆོས་མེད། བསྒོམ་བྱ་སྒོམ་བྱེད་ཐམས་ཅད་ལས་འདས་པའི་གནས་ལུགས་ཆོས་ཟད་ཀ་དག་གི་དགོངས་པར་ལ་བཟླ་བའོ། །དེ་ལྟར་ཡང་གསང་བ་སྒྲ་རྒྱུད་ལས། སྔ་ཕྱི་དྲན་རྟོག་མེད་པ་ཡི། །རིག་གེ་སང་ངེ་གསལ་ལེ་བ། །ད་ལྟའི་ཤེས་པ་འདི་ཉིད་ལ། །ཆོས་སྐུ་བཞི་ལྡན་ངོས་བཟུང་ངོ༌། །ཞེས་གསུངས་པ་ལྟར་རོ། །གཉིས་ [14a] པ་རྩལ་སྣང་འགག་མེད་དུ་གཏན་ལ་ཕབ་ནས་འགྱུ་ཐོག་ཏུ་སྤང་གཉེན་མེད་པར་རང་གྲོལ་དུ་ངོ་སྤྲད་པ་ནི། སེམས་ཉིད་བདེ་གསལ་མི་རྟོག་པའི་ངང་ལས་མ་འགགས་པའི་རྩལ་སྣང་དྲན་རིག་འཕྲོ་འདུ་གང་ཤར་དེ་ག་ཕྱིའི་སྣང་བ་མ་འགགས་ལ། ནང་འཛིན་ཞེན་གྱི་གཉེན་པོས་མ་བཅིངས་པའི་སྟེང་དུ་སྔ་ཕྱི་བསུ་སྐྱེལ་དང༌། སྤང་བླང་དགག་སྒྲུབ་སོགས་གང་གིས་ཀྱང་བཅོས་བསླད་མེད་པའི་རིག་པ་གཅེར་བུ་ཧར་སངས་རྗེན་པ། གསལ་རིག་དེ་ཀའི་ངང་མདངས་རང་བབས་སུ་བསྐྱངས་པས་རྒྱ་མཚོར་རླབས་ཇི་ལྟར་ཤར་ཡང་རྒྱ་མཚོའི་ཆུ་ཉིད་ལས་མ་འདས་པ་ལྟར་གང་ཤར་གྱི་རྟོག་པ་ཐམས་ཅད་མ་སྤངས་མ་བསྒྱུར་བར་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་ཞིང་མི་འགྱུར་བའི་ཕྱིར། དེའང་ཕྱི་སྣ་ཚོགས་སུ་འཕྲོ་ཡང་སྣང་བས་སེམས་མི་གཡོ་བ་སྒྱུ་མའི་སྐྱེས་བུ་ལྟར་ཆགས་ཞེན་གྱི་རྩིས་གདབ་མེད་པར་གནས་པ་དང་། ནང་སྣ་ཚོགས་སུ་སྣང་ཡང་ཞེན་འཛིན་མེད་པ་བུ་ཆུང་གི་ཤེས་པ་ལྟར་འདི་ཞེས་ངོས་བཟུང་མེད་པར་གནས་པས་བྱུང་ཚོར་གྱི་རྟོག་པ་ཐམས་ཅད་ལན་ཚྭ་ཆུར་ཐིམ་པ་ལྟར་རང་ཞི་རང་སངས་ལ་སོང་བས་ཅིར་སྣང་རང་གྲོལ་ཞེས་བྱ་བ་ཡིན་ཏེ། ཐལ་འགྱུར་ལས། ཇི་ལྟར་ཤར་བའི་རིག་པ་ནི། །སྦྲུལ་མདུད་བཞིན་དུ་རང་གྲོལ་ལོ། །གཉེན་པོ་མེད་ཕྱིར་འབད་རྩོལ་ཞིག ། [14b] ངོ་བོ་ཉིད་ཀྱིས་ཡེ་གྲོལ་ལོ། །ཞེས་གསུངས་པའི་ཕྱིར་རོ། །གསུམ་པ་གནས་འགྱུ་ངོ་བོ་དབྱེར་མེད་དུ་ཐག་བཅད་ནས་ཟུང་འཇུག་ཏུ་གང་ཤར་རིག་པ་རྗེན་པར་ངོ་སྤྲད་པ་ནི། སྒོ་གསུམ་རང་བཞིན་ལྷུག་པར་གནས་པའི་ངང་ལས་རྩལ་སྣང་མ་འགགས་པའི་རྣམ་རྟོག་ཇི་སྙེད་ཅིག་འཆར་ཡང་དགག་སྒྲུབ་བླང་དོར་མེད་པར་རང་བབས་སུ་བཞག་པས་ཆོས་ཉིད་ཀྱི་ངང་དུ་མི་གཡོ་བར་གནས་ཤིང༌། གནས་པའི་རང་རྩལ་འགག་པ་མེད་པར་འཕྲོ་བའི་ཕྱིར། དེ་ལྟར་གནས་པ་དང་འཕྲོ་བའི་རང་བཞིན་གཉིས་སུ་མེད་ཅིང་དབྱེར་མེད་པ་སྟེ། དེའང་གནས་འགྱུ་ངོ་བོ་ལྟོས་བཞག་ཅན་མ་ཡིན་པའི་གནད་ཀྱིས་ཚོགས་དྲུག་གི་སྣང་བ་གང་གི་ཕྱོགས་སུའང་མ་ལྷུངས་པར་རིག་པ་རྗེན་པར་བཞག་པས། རྣམ་རྟོག་ཆེ་ཕྲ་ཐམས་ཅད་ཐོལ་སྐྱེས་ཐོལ་ནུབ་འཁྱགས་རོམ་ཆུར་ཞུ་བའམ་ན་བུན་ནམ་མཁར་ཡལ་བ་ལྟར་ཆོས་ཉིད་ཀྱི་རོལ་པ་ལས་མི་འདའ་ཞིང་མི་གཡོ་བར་ཤེས་པར་བྱའོ། །དེ་ལྟར་ཡང་རྨད་བྱུང་ལས། ཇི་ལྟར་རྒྱ་མཚོའི་རྦ་རླབས་བཞིན། །སེམས་ཀྱི་རྦ་རླབས་གཡོ་བ་ཀུན། །གདོད་མ་གཞི་ཡི་རྒྱ་མཚོར་ཐིམ། །ཞེས་གསུངས་པ་བཞིན་ནོ། །དེ་ལྟར་སེམས་གནས་ན་གདོད་མའི་ངང་དུ་གནས། འཕྲོ་ན་ཡེ་ཤེས་ཀྱི་རོལ་པར་ཤར། མཉམ་ན་གཉིས་མེད་ཀྱི་ངང་དུ་ཡིན་པས། ཇི་ལྟར་ [15a] བྱས་ཀྱང་ཆོས་ཉིད་ཀྱི་ངང་མདངས་ལས་མ་འདས་པ་ཡིན་པས། གནས་པ་མི་བསང༌། འཕྲོ་བ་མི་དགག །མཉམ་པ་མི་སྒྲུབ་སྟེ། གང་ཤར་རིག་པའི་ཆོ་འཕྲུལ་ལས་མི་འདའ་བའི་ཕྱིར། མདོར་ན་ལུང་ལས། དྲི་མེད་དག་པའི་སངས་རྒྱས་ནི། །རང་རིག་ཆོས་སྐུ་འགྱུར་བ་མེད། །ས་ལ་ལེ་སང་ངེ་ཝལ་ལེ་བ། །སྤྲིན་མེད་སྟོན་ཀའི་ནམ་མཁའ་བཞིན། །མི་འགྱུར་བརྟན་པའི་རི་བོ་བཞིན་དུ་ཞོག །མི་གཡོ་དྭངས་པ་རྒྱ་མཚོ་བཞིན་དུ་ཞོག །ཡངས་དོགས་བྲལ་བ་ནམ་མཁའ་བཞིན་དུ་ཞོག །གང་ལྟར་གནས་ཀྱང་རིག་པའི་ངང་ཡིན་ཞོག །འཕྲོ་གནས་རང་རིག་དྭངས་སངས་ཕྱེད་བར་ཞོག །ཇི་ལྟར་བྱ་རྣམས་ནམ་མཁར་འཕུར་བ་ཡང༌། །མཁའ་ལས་མ་འདས་དེ་བཞིན་རིག་པའི་ངང༌། །ཆོས་རྣམས་རང་གསལ་གཡོ་བ་མེད་པར་ཞོག །ཅེས་གསུངས་པ་ལྟར། བཟོ་བཅོས་མེད་པར་རང་བབས་སུ་ཀློད་པས་དགག་སྒྲུབ་བླང་དོར་རེ་དོགས་མེད་པའི་ཞེ་ཆལ་པ་ཞིག་འཆར་ཏེ། དེ་ནི་རིག་པ་རང་གནས་ཀྱི་བསམ་གཏན་ཡིན་པས་ངོ་ཤེས་པར་བྱའོ། །འདི་ངོས་ཟིན་པ་ན་ཤེས་པ་གནས་འགྱུ་དགག་སྒྲུབ་བཟང་རྟོག་ངན་རྟོག་གི་དུས་ཐམས་ཅད་དུ་རང་རིག་རང་གསལ་རང་བབས་ལ་ཅེ་རེ་བལྟས་པས་འཛིན་མེད་རང་གནས་ཀྱི་བསམ་གཏན་རྗེན་སང་གིས་ [15b] འཆར་ཏེ། དེ་རྩོལ་མེད་ཆུ་བོའི་རྒྱུན་བཞིན་དུ་འཇུག་པའི་དྲན་འདུན་གྱིས་བསྐྱང་བ་སྟེ། དེ་དག་གིས་ནི་ཇི་ལྟར་སྣང་ཞིང་མྱོང་བའི་ཆོས་ཐམས་ཅད་དགག་སྒྲུབ་བླང་དོར་རེ་དོགས་མཚན་འཛིན་ལས་འདས་པར་ངོ་སྤྲད་པའོ། །དེའང་སྐལ་པ་དང་ལྡན་པའི་གང་ཟག་གིས་དོན་ཉམས་སུ་བླངས་པའི་རྒྱུད་ཐོག་ཏུ་བླ་མས་ངོ་སྤྲོད་ཐེབས་པར་བཏབ་པས་གནས་ལུགས་ཟབ་མོའི་དོན་ལ་སྒྲོ་འདོགས་ཆོད་ཅིང་དེའི་རྒྱུན་མ་ཉམས་པར་བསྐྱངས་པས་བརྟན་པ་མྱུར་དུ་ཐོབ་པར་འགྱུར་ཞིང༌། བསྒོམ་དོན་ལ་མྱོང་བ་མ་སྐྱེས་པར་གོ་ཡུལ་དུ་སོང་བ་རྣམས་ལ་ངོ་སྤྲོད་བཏབ་ཀྱང་བྱ་ཤོར་དུ་འགྲོ་བས། སླར་ཡང་དམིགས་རིམ་རྣམས་ལ་མྱོང་བ་ཐོན་ཐོན་གྱི་བར་འབད་ནས་བསྒོམ་ཞིང༌། ཉམས་རྟོགས་སྐྱེས་རིམ་དང་བསྟུན་ནས་ངོ་སྤྲོད་བཏབ་པས་རིམ་གྱིས་ཉམས་མྱོང་གི་སྣེ་ཟིན་པར་འགྱུར་རོ། །གཞན་ཡང་སྐབས་འདིར་ཤེས་པར་བྱ་བའི་གནད་ནི། དེ་ལྟར་མཉམ་པར་བཞག་པའི་ཚེ་ན་སྔར་ལས་རྣམ་རྟོག་མང་དུ་སོང་བ་ལྟ་བུ་དང༌། རེས་འགའ་ཧ་ཆད་དེ་བ་ལ་གནས་ཤིང༌། རེས་མི་གནས་པ་དང༌། གནས་ཀྱང་གཏིང་ན་ཡིད་བྱེད་ཕྲ་མོ་མི་ཁེགས་པ་ཞིག་འབྱུང་བས། དེ་དག་གང་ཡང་གནས་པར་རྩོམ་པ་ཡིན་ཅིང༌། འོན་ཀྱང་རྟོག་པ་འཕྲོ་བ་བཀག་པས་མི་ཁེགས་ [16a] པས། དེ་ལ་ཤེས་པ་མཐའ་མེད་དུ་སྤྲོས་ནས་ཨར་ལ་གཏད་པས་མཐར་རྟོག་པ་མཐུ་རྡུགས་ནས་གནས་པའི་རང་སོ་ཟིན་པ་ཞིག་འོང་བས་དེའི་ངང་ལ་འཇོག་པ་སྟེ། ཇི་ལྟར་རྫིང་ལས་འཕུར་བའི་བྱ་རོག་བཞིན། །སྐོར་ཞིང་སྐོར་ཞིང་སླར་ཡང་དེ་རུ་འབབ། །ཅེས་པ་ལྟར་རོ། །ཡང་བྱིང་བ་ཤས་ཆེ་ན་རླུང་རོ་བསལ། ལུས་གནད་བསྒྲིམས་ཤིང་ལྟ་སྟངས་གཏོད། ཤེས་པ་ལ་ངར་བཏགས། རིག་པ་ཧུར་བཏོན་པས་ཨར་ལ་གཏད། འཕྲོ་ཞིང་རྒོད་ན་ལྟ་སྟངས་དམད། ལུས་གནད་ལྷོད་ཆ་འཚོལ། མིག་ཕབ། ཞེ་གཏིང་ནས་ཀློད། རང་བབས་སུ་འཇོག་གོ །ཡང་སྐབས་རེ་ནམ་མཁའ་དྭངས་ཤིང་སྤྲིན་མེད་པའི་ཚེ། ཉི་མ་ལ་རྒྱབ་ཕྱོགས་པས་ནམ་མཁའི་མཐོངས་སུ་ལྟ་སྟངས་གཅུན་ནས་བལྟས་པས། དཔེ་ཕྱིའི་ནམ་མཁའི་སྟོང་མདངས་ཀྱིས་གོ་ཕྱེ་ནས། དཔེ་ཅན་ནང་ཤེས་པའི་ནམ་མཁའ་རྣམ་པར་དག་པ་ལས། གསང་བ་འོད་གསལ་སྙིང་པོའི་ནམ་མཁའ་གསལ་སྟོང་མཐའ་དབུས་ཐམས་ཅད་ལས་འདས་པའི་ཆོས་ཉིད་སྐད་ཅིག་ལ་འཆར་བ་ཡིན་ནོ། །གསུམ་པ་སྣང་བ་དབང་བསྒྱུར་གྱི་སྤྱོད་པས་བོགས་འབྱིན་པ་ནི། །དེ་ལྟར་ཅོག་བཞག་གི་སྒོམ་པ་ཀློང་དུ་གྱུར་པ་ན་སྒོ་གསུམ་གྱི་སྤྱོད་ལམ་གང་རུང་དུ་ཞུགས་ཀྱང་ཐམས་ཅད་ཆོས་ཉིད་ཀྱི་རོལ་པ་ལས་ནམ་ཡང་ [16b] མ་གཡོས་ཏེ་འབྱུང་བཞིའི་ཆོ་འཕྲུལ་ཇི་ལྟར་ཤར་ཡང་ནམ་མཁའི་ཀློང་ལས་མི་འདའ་བ་བཞིན་ནོ། །དེས་ན་འཁྲུལ་གྲོལ་གྱི་རེ་དོགས་མེད་པས་ཚོགས་དྲུག་གི་ཡུལ་ལ་དེར་འཛིན་གྱིས་མི་ཞེན་པར་ཐུག་ཕྲད་རང་གྲོལ་གང་དགར་རྒྱ་ཡན་དུ་བཏང༌། སྣང་བཏགས་ཇི་ལྟར་སྣང་རུང་རིག་པའི་ཀློང་ལས་གུད་ན་མེད་པས་འགྲོ་འཆག་ཉལ་འདུག་ཐམས་ཅད་རང་བྱུང་གི་ཡེ་ཤེས་ཆེན་པོའི་རྩལ་དུ་འུབ་ཆུབ་པར་ཐག་བཅད། རྩ་བྲལ་གྱི་ཆོས་ཐམས་ཅད་ཡེ་ནས་ལྷུན་གྲུབ་ཀྱི་ཆོས་སྐུར་སངས་རྒྱས་པས་གཟུང་བྱ་འཛིན་བྱེད་སྤང་བྱ་བླང་བྱེད་གཉིས་སུ་མེད་པ་ཆོས་ཉིད་མཉམ་པ་ཆེན་པོར་བརྡལ་བས། འབད་རྩོལ་དམིགས་བཅས་མཚན་མས་བསྒོམ་པར་བྱ་བ་རྡུལ་ཙམ་ཡང་མེད་པས་སྒོམ་འདོད་ཀྱི་རྟོག་པ་ལས་གྲོལ་ཏེ་ཐ་མལ་ཁ་ཡན་དུ་འབྱམས་ཤིང༌། བཅོས་མའི་བློས་མི་བསྒོམ་པའི་དོན་རིག་སྟོང་ཆོས་ཉིད་ཟང་ཐལ་རྗེན་པ་དང་རྒྱུན་དུ་འབྲལ་བ་མེད་པས་ན་གང་ཟག་ཐ་མལ་པའི་ཚུལ་ལས་རིང་དུ་འདས་ཏེ། སྤྱོད་ལམ་ཇི་ལྟར་སྤྱོད་པ་ཐམས་ཅད་ཀུན་ཏུ་བཟང་པོ་ཡེ་ཤེས་ཟང་ཐལ་རང་སྣང་རིས་མེད་དག་པ་རབ་འབྱམས་སུ་ཤར་བས། ཆོས་ཉིད་རྒྱུན་ཆད་མེད་པ་ཆུ་བོ་ཆེན་པོའི་རྒྱུན་དང་འོད་གསལ་གསལ་འགྲིབ་མེད་པ་མར་མེའི་རྩེ་མོ་བཞིན་དེ་ཁོ་ན་ཉིད་ཀྱི་གནས་ལུགས་རིག་པས་རྟག་ཏུ་མཉམ་པར་ [17a] བཞག་པ་ལས་མ་གཡོས་བཞིན་དུ་ཡེ་ཤེས་ཀྱི་འཁོར་ལོ་ཕྱོགས་མེད་དུ་བསྐོར་བ་ཡིན་ཏེ། ཉི་ཟླ་ཁ་སྦྱོར་ལས། དམིགས་པས་སྣང་བའི་ཡུལ་རྣམས་ལ། །རང་བཞིན་མེད་པར་སུས་རྟོགས་པ། །འདི་ལ་སྣང་སྟོང་གཉིས་སུ་མེད། །ཅེས་གསུངས་པ་ལྟར་རོ། །བཞི་པ་བྱ་བྲལ་ལྷུན་གྲུབ་ཀྱི་འབྲས་བུ་རང་ལས་རྙེད་པའི་ཚུལ་ནི། དེ་ལ་འབྲས་བུའི་ངོ་བོ་ནི་རིག་སྟོང་ཆོས་ཀྱི་སྐུ་སྟེ། ཡེ་གྲོལ་དུ་འདུག་པས་ང་གདོད་བསྐྱར་ནས་གྲོལ་རྒྱུ་མེད་པར་ཡིད་ཆེས། རང་གྲོལ་དུ་འདུག་པས་གཉེན་པོ་གཞན་ལ་རག་མ་ལུས་པར་ཐག་ཆོད། ཡང་གྲོལ་དུ་འདུག་པས་གྲོལ་ཐོག་ཉིད་ལས་སྤང་བླང་མི་དགོས་པར་གདིང་བཅས་ཏེ། སོར་བཞག་རིག་སྟོང་རྗེས་མེད་ཀྱི་ངང་ལ་ཡེ་ཡིན་རྫོགས་པ་ཆེན་པོར་ཐག་བཅད་ནས་བཟོ་མེད་རེ་དོགས་དང་བྲལ་བར་རང་བཞག་པས། བློ་བདེ་ཆོས་ཉིད་དུ་གྲོལ་བ་ཆོས་སྐུ་རང་གནས་ཆེན་པོར་ལ་ཟློ་བ་ནི་གཉུག་མ་ལྷུན་གྲུབ་ཆེན་པོ་གྲུབ་པ་འབྲས་བུའི་རྡོ་རྗེ་གཞོན་ནུ་ཞེས་བྱ་བའོ། །དེ་ལྟར་ཡང་རྩ་རྒྱུད་རྡོ་རྗེ་ཁྲོས་པ་ལས། རིག་པ་ཡེ་ཤེས་ཕུར་པ་དེ། །ལྷད་གིས་རྟོགས་ན་ཐེབས་པ་ཡིན། །འབྲས་བུ་ཆོས་སྐུ་སྐྱེ་མེད་ཐོབ། །མ་ཐེབས་མ་བཏབ་འཁོར་བར་འཁྱམས། །ཞེས་གསུངས་སོ། །མདོར་ན་རང་རིག་མ་བཅོས་པའི་གནས་ལུགས་འདི་ [17b] ཉིད་གདོད་ནས་འཁྲུལ་མ་མྱོང་བའི་སངས་རྒྱས་སུ་ཐག་བཅད་ནས། གཉུག་མ་ཡེ་གྲོལ་གྱི་ཐོག་ཏུ་གཉེན་པོས་བསྐྱར་གྲོལ་མ་དགོས་པའི་གདིང་བཅའ་བའི་སྒོ་ནས་རྩལ་སྦྱོང་སྟེ། དེའང་སྒྲོན་མ་སྣང་བྱེད་ལས། རི་བོ་ཅོག་བཞག་ལྟ་བའི་ཚད། །རྒྱ་མཚོ་ཅོག་བཞག་སྒོམ་པའི་ཚད། །སྣང་བ་ཅོག་བཞག་སྤྱོད་པའི་ཚད། །རིག་པ་ཅོག་བཞག་འབྲས་བུའི་ཚད། །། ཚད་བཞི་ལྡན་པའི་རྣལ་འབྱོར་དེ། །ངེས་པའི་དོན་ལ་བློ་འདྲེས་པའོ། །ཞེས་གསུངས་པ་ལྟར། དགོངས་པ་ཆོས་ཉིད་ཀྱི་ངང་ལ་གནས་པས་རྐྱེན་སྣང་རླུང་ཚོགས་ལྟ་བུས་ནམ་ཡང་མི་གཡོ་བའི་གདིང་རྙེད་པ་རི་བོ་ཅོག་བཞག་གི་ལྟ་བ། རིག་པ་ཟང་ཐལ་ལ་དབང་པོའི་གདངས་མ་འགགས་པ་རྒྱ་མཚོ་རླུང་གིས་མ་བསྐྱོད་པ་ལྟ་བུ་ལ་སྣང་ཡུལ་གཟའ་སྐར་གྱི་གཟུགས་བརྙན་ལྟར་ཤར་ཡང་ཡུལ་དང་ཡུལ་ཅན་དུ་རྣམ་པར་རྟོག་པ་མེད་པས་གཟུགས་བརྙན་གྱིས་ཆུ་ལ་མ་གོས་པ་དང་མཚུངས་པ་རྒྱ་མཚོ་ཅོག་བཞག་གི་སྒོམ་པ། རིག་པའི་དྭངས་ཆ་མེ་ལོང་ལྟ་བུར་ཆོས་ཅན་མཚན་མ་ཅིར་སྣང་ཡང་དགག་སྒྲུབ་བྲལ་བར་སྣང་ཤེས་རོ་མཉམ་ཡན་པར་བཞག་པ་སྣང་བ་ཅོག་བཞག་གི་སྤྱོད་པ། རིག་པ་ཟང་ཐལ་ངོས་བཟུང་མེད་པ་ལ་བློས་བཟོ་བཅོས་དང་འཛིན་ཞེན་གང་ཡང་མི་བྱ་བར་རང་གྲོལ་ཀློང་ཡངས་ཆེན་པོའི་དགོངས་ [18a] པར་རང་གནས་སུ་བཞག་པ་ནི་རིག་པ་ཅོག་བཞག་གི་འབྲས་བུ་སྟེ། དེ་ལྟར་ཅོག་བཞག་གི་གནད་བཞི་དང་ལྡན་པ་ལས། ཀ་དག་ཟང་ཐལ་གདོད་མའི་ཆོས་དབྱིངས་ཀུན་ཏུ་བཟང་པོའི་གྲོལ་གཞི་བྱང་ཆུབ་སྙིང་པོའི་ས་ལ་ཕྱི་དུས་སུ་མི་ལྟོས་པར་ད་ལྟ་ཉིད་ནས་ཕྱིན་པར་འགྱུར་རོ། །དེ་རྣམས་ཀྱིས་ཀ་དག་གི་གནས་ལུགས་སྤྲོས་བྲལ་དུ་སྟོན་པ་ཁྲེགས་ཆོད་ཀྱི་ཁྲིད་རིམ་དངོས་གཞི་བཤད་ཟིན་ཏོ། ། ༈ དོན་གཉིས་པ་བརྩོན་འགྲུས་ཅན་བསྒོམས་པས་འཚང་རྒྱ་བའི་གནད་སྣང་བ་ལ་ལྟོས་ཏེ་འོད་གསལ་ལྷུན་གྲུབ་ཏུ་ངོ་སྤྲད་ནས་མངོན་སུམ་གྱི་གནད་ལ་གཟིར་བས་གདོས་བཅས་འོད་ལུས་སུ་གྲོལ་བའི་ལམ་ཐོད་རྒལ་གྱི་ཁྲིད་སྟོན་པ་ནི། ཙིཏྟའི་དབུས་སུ་གསང་བའི་ལམ༔ ཀ་ཏི་ཤེལ་གྱི་སྦུ་གུ་ཅན༔ སྙིང་མིག་འབྲེལ་བ་ནང་གི་མཁའ༔ ཉི་མ་དང་ནི་འོད་བཞིན་དུ༔ ཕྱི་རུ་གསལ་བའི་ཡེ་ཤེས་ནི༔ འོད་ཐིག་ལུ་གུ་རྒྱུད་དུ་སྣང་༔ འོད་ནི་དབྱིངས་ལ་དྭངས་མ་ཐིག༔ རིག་ཆ་རྡོ་རྗེ་ལུ་གུ་རྒྱུད༔ ནང་གདངས་དབྱིངས་སུ་བསྲེ་ཞིང་ཀློད༔ རྩེ་གཅིག་ཉམས་ལེན་ལ་གོམས་མཐུས༔ འོད་སྣང་བརྟན་པ་མངོན་སུམ་ལ༔ གསལ་བརྟན་ཡར་འཕེལ་ཉམས་གོང་འཕེལ༔ ལྷ་སྐུར་སྨིན་པ་ཚད་དུ་ཕེབས༔ སྒོ་ཡུལ་འཛིན་ཟད་བློ་ [18b] འདས་ཏེ༔ ཡང་དག་རྫོགས་སངས་རྒྱས་ཐོབ་བོ༔ ཞེས་གསུངས་པས། འདི་ལ་གསུམ། སྔོན་འགྲོ་སྒོ་གསུམ་གྱི་བྱ་བ་བཏང་བ། དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟན་པ། རྗེས་སྣང་ཉམས་ཀྱི་འཆར་ཚུལ་བསྟན་པའོ། །དང་པོ་ནི། ཀློང་གསལ་ལས། མངོན་སུམ་གནད་དུ་དབབ་པའི་ཕྱིར། །ཕྱི་ནང་གསང་བའི་བྱ་བ་ནི། །ལུས་ངག་ཡིད་ཀྱིས་དགྲ་ཕྲུགས་བཏང༌། །ཞེས་གསུངས་པ་ལས། དང་པོ་ལུས་ཀྱི་གསུམ་ནི། ཕྱི་འཇིག་རྟེན་འཁྲུལ་པའི་བྱ་བྱེད་ཐམས་ཅད། ནང་ཕྱག་དང་བསྐོར་བ་སོགས་དམན་པའི་དགེ་བ་རྣམས། གསང་བ་རྣམ་གཡེང་བསྒུལ་བསྐྱོད་ཐམས་ཅད་སྤངས་ཏེ་གཅིག་པུར་འདུག་པའོ། །གཉིས་པ་ངག་གི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་གཏམ་སྣ་ཚོགས། ནང་ཁ་དོན་དང་བཟླས་བརྗོད་ལ་སོགས་པ། གསང་བ་སྨྲ་བརྗོད་ཐམས་ཅད་སྤངས་ཏེ་མི་སྨྲ་བར་གནས་པར་བྱའོ། །གསུམ་པ་ཡིད་ཀྱི་གསུམ་ནི། ཕྱི་འཇིག་རྟེན་གྱི་འཁྲུལ་རྟོག་ཐམས་ཅད། ནང་བསྐྱེད་རྫོགས་ཀྱི་སེམས་འཛིན་སྣ་ཚོགས། གསང་བ་རྣམ་རྟོག་གི་འཕྲོ་འདུ་ཐམས་ཅད་སྤངས་ནས་རྟོག་མེད་ཀྱི་ངང་ལ་གནས་པར་བྱ་ཞིང༌། དེས་ནི་སྒོ་གསུམ་གནས་པ་དང༌། བརྟན་པ་དང༌། གྲོལ་བར་འགྱུར་བ་སྟེ། འདས་རྗེས་ལས། གནས་ [19a] བརྟན་གྲོལ་བའི་གདིང་ཐོབ་ནས། །ཕྱི་ནང་བྱ་བ་ཀུན་བཏང་སྟེ། །ཞེས་གསུངས་པ་ལྟར་རོ། །གཉིས་པ་དངོས་གཞི་ཟག་མེད་ཀྱི་ཡེ་ཤེས་རྒྱུད་ལ་བརྟེན་པ་ལ་གསུམ་སྟེ། སྒོ་གསུམ་གྱི་གནད་གཟིར་བ། གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ། དབབ་པའི་དོན་ངོ་སྤྲོད་པའོ། །དང་པོ་ནི། ཀློང་གསལ་ལས། མངོན་སུམ་གནད་ནི་ལུས་ངག་སེམས། །སོ་སོའི་གནད་རྣམས་ཕེབས་པར་བསྟུན། །ཞེས་གསུངས་པ་ལས། དངོ་པོ་ལུས་ཀྱི་གནད་ནི། སྔ་མ་ལས། དེ་ཡང་ལུས་ནི་སྐུ་གསུམ་ལས། །རྒྱུན་དུ་འདའ་བར་མི་བྱའོ། །ཞེས་གསུངས་ཞིང༌། དེའི་ཚུལ་ཡང་མུ་ཏིག་ཕྲེང་བ་ལས། སེང་གེའི་ཚུལ་དང་གླང་ཆེན་དང༌། །དྲང་སྲོང་ལྟ་བུར་གནས་པར་བྱ། །ཞེས་པས། ཆོས་སྐུའི་བཞུགས་སྟངས་སེང་གེ་ལྟ་བུ་ནི། ཙོག་པུར་རྐང་མཐིལ་སྤྲད། པུས་མོ་ཕྱིར་བསྒྲད། ལག་གཉིས་རྡོ་རྗེ་ཁུ་ཚུར་བཅངས་པ་རྟིང་པའི་སར་དྲང་པོར་བཙུགས། རོ་སྟོད་གསེངས་ཏེ་མཇིང་པ་ཡིད་ཙམ་གྱེན་དུ་གཏོད། མིག་སྨིན་ཕྲག་སྟེང་གི་ནམ་མཁའ་ལ་ཧད་པོར་མི་འགུལ་བར་བལྟ་བའོ། །ལོངས་སྐུའི་བཞུགས་སྟངས་གླང་ཆེན་ལྟ་བུ་ནི། ལུས་ཁ་སྦུབ་ཏུ་པུས་བྲང་སྦྱར། གྲུ་མོ་ས་ལ་བཙུགས་ཏེ་ལག་མཐིལ་གྱིས་ཨོལ་ཀོ་བརྟེན་པའི་ [19b] སོར་མོ་འགྲམ་པ་ལ་སྦྱར། རྒལ་ཚིག་དྲང་པོར་བསྲངས་ནས་མགོ་གྱེན་དུ་དགྱེ་ཙམ་བྱས་ཏེ། ཐད་ཀའི་ནམ་མཁའ་ལ་ཟུར་མིག་ཧྲིལ་གྱིས་བལྟ་བའོ། །སྤྲུལ་སྐུའི་བཞུགས་སྟངས་དྲང་སྲོང་ལྟ་བུ་ནི། རྐང་པའི་ལོང་བུ་གཤིབས་ཏེ་ཙོག་པུར་འདུག །ལག་པ་གཉིས་པུས་མོ་ལ་བསྐོར། རྒལ་ཚིག་དྲང་པོར་བསྲངས་ཏེ། མིག་ཅུང་ཟད་ཕབ་ལ་ཟིམ་བུར་བར་སྣང་ལ་གཏད་དོ། །དེ་ལྟར་བྱས་པས་གནས་སྐབས་སུ་བཞུགས་སྟངས་དང་པོས་འབྱུང་བ་རང་སར་དག །གཉིས་པས་གཡོ་བྱེད་ཀྱི་རླུང་ཟིན། གསུམ་པས་དྲོད་བསྐྱེད་ཅིང་འབྱུང་བ་སྙོམས་པར་བྱེད། མཐར་ཐུག་སྐུ་གསུམ་དུ་གྲོལ་ནས་མྱ་ངན་ལས་འདའ་བར་འགྱུར་ཏེ། ཐལ་འགྱུར་ལས། ཆོས་སྐུའི་བཞུགས་སྟངས་སེང་གེ་ཡིས། །འཁྲུལ་པའི་འཇིགས་པ་ཀུན་བྲལ་ནས། །རྡོ་རྗེའི་མིག་གིས་མཐོང་བར་འགྱུར། །ལོངས་སྤྱོད་རྫོགས་སྐུའི་བཞུགས་སྟངས་ནི། །གླང་ཆེན་ཉལ་བ་ལ་བརྟེན་ནས། །ཆོས་ཉིད་དོན་ལ་ལོངས་སྤྱོད་དེ། །པདྨའི་སྤྱན་གྱིས་མཐོང་བར་འགྱུར། །སྤྲུལ་པ་སྐུ་ཡི་བཞུགས་སྟངས་ནི། །དྲང་སྲོང་ཙོག་པུ་ལ་བརྟེན་ནས། །ཆོས་ཉིད་སྣང་བར་རང་སྤྲུལ་ཏེ། །ཆོས་ཀྱི་མིག་གིས་མཐོང་བར་གྱུར། །ཞེས་གསུངས་པས། རིག་པའི་ཡེ་ཤེས་ལུས་ལ་གནས་ཀྱང༌། ཐབས་ [20a] ལུས་གནད་ཀྱིས་མ་གཟིར་ན་དབང་པོའི་མངོན་སུམ་དུ་སྣང་མི་ནུས་ཏེ། སྦྲུལ་ལ་ཡན་ལག་ཡོད་ཀྱང་མ་གཅུས་ན་མི་གསལ་བ་བཞིན་ནོ། །གཉིས་པ་ངག་གི་གནད་ནི། །འདས་རྗེས་ལས། ངག་ནི་བསླབ་བྱའི་རིམ་པ་དང༌། །གནས་པ་བརྟེན་ཅིང་ལ་ཡང་ཟླ། །ཞེས་གསུངས་པས། དང་པོ་འཁྲུལ་པའི་གཏམ་བཀག་ནས་སྨྲ་བཅད་ཡུན་ཐུང་བ་ལ་བསླབ། བར་དུ་ཁ་ཏོན་བཟླས་བརྗོད་ཅུང་ཟད་ཙམ་ལས་གཞན་མི་སྨྲ་བར་གནས། མཐར་ལག་གི་བརྡ་ཙམ་ལས་ཅུང་ཟད་ཀྱང་མི་སྨྲ་བར་ལ་ཟླའོ། །དེ་ལྟར་བྱས་པས་གནས་སྐབས་སུ་འཁྲུལ་པའི་གཏམ་འགགས་པས་ཉོན་མོངས་མི་འཕེལ། མཐར་ཐུག་བརྗོད་མེད་ཀྱི་དོན་ལ་རེག་ཅིང་སངས་རྒྱས་ཀྱི་གསུང་རྡོ་རྗེའི་ཀློང་དུ་མྱ་ངན་ལས་འདའ་བར་འགྱུར་རོ། །གསུམ་པ་སེམས་ཀྱི་གནད་ནི། །ཐལ་འགྱུར་ལས། སེམས་ནི་དབྱིངས་ལ་གཏད་པས་འགྲུབ། །ཅེས་དང༌། འདས་རྗེས་ལས། སེམས་ནི་སྨིན་ཕྲག་མཁའ་ལ་གཏད། །ཅེས་གསུངས་པས། རྐྱེན་དང་བྲལ་བའི་ཕྱིའི་ནམ་མཁའ་སྟོང་སང་ངེ་བ་དེ་ལ། དབང་པོ་མི་འགྱུར་བ་མདུད་ཚུགས་སུ་གཏད་ནས་ནམ་མཁའི་དབུས་སུ་སེམས་ཐིམ་འགྲོ་བ་ལྟ་བུའི་ཤེས་པ་དྲག་ཏུ་གཅུན་པས། ནང་གི་དབྱིངས་རྣམ་དག་སྒྲོན་མ་རིག་པ་སྟོང་གསལ་དུ་ལྷག་ [20b] གེར་འཆར་བར་འགྱུར་རོ། །དེ་ལྟར་ཡང་ཀློང་གསལ་ལས། དེ་ལྟར་སེམས་ཀྱི་གནད་གཟིར་བས། །སྐུ་གསུམ་རིག་པ་སྟོང་པར་འཆར། །ཞེས་གསུངས། དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་མཐོང་ཞིང༌། མཐར་ཐུག་ལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། །གཉིས་པ་གནད་བཞིས་མངོན་སུམ་རང་ཐོག་ཏུ་དབབ་པ་ནི། ཐལ་འགྱུར་ལས། གནད་གསུམ་མན་ངག་འབྲལ་མི་བྱ། །དེ་ཡང་སྒོ་དང་ཡུལ་ཉིད་དང༌། །རླུང་དང་རིག་པའི་གནད་ཉིད་བསྟུན། །ཞེས་གསུངས་པ་ལས། དང་པོ་འཆར་བྱེད་སྒོའི་གནད་ནི། །སྔ་མ་ལས། སྒོ་ནི་སྐུ་གསུམ་མིག་གིས་བལྟ། །ཞེས་དང༌། ཇི་ལྟར་ན། སྒོ་གནད་ལྡོག་ཕབ་ཟུར་གྱིས་བལྟ། །ཞེས་གསུངས་པས། དེའང་རིག་པའི་ཡེ་ཤེས་སྙིང་དབུས་ན་བུམ་ནང་གི་མར་མེ་ལྟར་གནས་པའི་ཟེར་གདངས་སྙིང་ནས་མིག་ཏུ་འབྲེལ་བའི་རྩ་དར་དཀར་གྱི་སྐུད་པ་ལྟ་བུའི་ནང་ནས་མིག་གི་སྒོར་འོད་རྩའི་ལམ་ནས་འཆར་བས། ཆོས་སྐུའི་གཟིགས་སྟངས་གྱེན་དུ་གཙུག་ཏོར་གྱི་རྣམ་པར་བལྟ་བ། ལོངས་སྐུའི་གཟིགས་སྟངས་གཡས་གཡོན་དུ་ཟུར་འཁྲིད་སྨྱུག་མ་བསྲང་བ་ལྟ་བུ། སྤྲུལ་སྐུའི་གཟིགས་སྟངས་ཕྱེད་བཙུམ་ཅུང་ཟད་ཐུར་ལ་ཕབ་པ་དྲང་སྲོང་བསམ་གཏན་བསྒོམ་པ་ལྟ་བུར་བྱ་སྟེ། དེ་ལྟར་ཡང༌། ཙཀྵུ་ [21a] ཟིམ་བུས་སཱུརྱར་བལྟ། །ཤར་གྱི་རྒྱ་དཀར་བཞིན་དུ་གསལ། །ཞེས་པས། ཕྱིའི་ནམ་མཁའ་ལ་དབང་པོ་མདུང་ཚུགས་སུ་བལྟས་པས་ཕྱིའི་དབྱིངས་མཐོང་། གཡས་གཡོན་གྱི་ཟུར་རམ་ཟིམ་བུས་ཉི་མ་ལ་བལྟས་ན་ནང་གི་དབྱིངས་རིག་མཐོང་། དེས་དབང་པོ་བར་སྣང་ལ་འཁྲིད་ཅིང་འཁྲུལ་སྣང་ཞིང་ཁམས་སུ་འཆར་རོ། །དེ་ཡང་བལྟ་སྟངས་གསུམ་པོ་གང་རུང་གིས་བལྟ་བ་ལ་བསླབ་པས་མིག་ཡུལ་ལ་ཇི་ཙམ་གཏད་ཀྱང་ཚུགས་ནུས་པར་འགྱུར་རོ། །གཉིས་པ་འཆར་གཞི་ཡུལ་གྱི་གནད་ནི། ཡུལ་སྤྲིན་དང་བསིར་བུའི་རྐྱེན་དང་བྲལ་བའི་ནམ་མཁའ་དྭངས་ཤིང་གསལ་བ་ཉིད་ལ། སྔ་དྲོ་ནུབ་དང་ཕྱི་དྲོ་ཤར་དུ་བལྟ་བའམ། འོད་གསལ་འཆར་སླ་བའི་ཆེད་དུ་ཟེར་གཉིས་དང་སྦྱར་ནས་སྔ་དྲོ་ཤར་དང་ཕྱི་དྲོ་ནུབ་ཏུ་བལྟ་ཞིང༌། གཞན་ཡང་ཉིན་མོ་ཆོས་སྐུའི་རྟེན་ཉི་མ་ལས་འོག་ཏུ་ཁྲུ་གང་ཙམ་གྱི་ནམ་མཁའ་ལ་བལྟ་བ་དང༌། མཚན་མོ་ལོངས་སྐུའི་རྟེན་ཟླ་བའི་དཀྱིལ་དུ་གཏད་ཅིང༌། ནང་ནུབ་སྤྲུལ་སྐུའི་རྟེན་མར་མེའི་དཀྱིལ་ནས་གཞན་དུ་ཁྲིད་དེ་བལྟ་བ་གནད་དོ། །དེ་ལྟར་ཡང་ཐལ་འགྱུར་ལས། ཡུལ་ནི་སྒྲིབ་བྱེད་བྲལ་བ་ལ། །ཞེས་དང༌། ཀློང་གསལ་ལས། རྐྱེན་བྲལ་གསུམ་ལ་གསལ་བར་འགྱུར། །ཞེས་གསུངས་པས། ཡུལ་རྐྱེན་བྲལ་ནམ་མཁའ་ [21b] སྟོང་པ། དབང་པོ་རྐྱེན་བྲལ་ཆུའི་སྒྲོན་མ། གནས་རྐྱེན་བྲལ་དྭངས་ཤིང་མཐོ་ལ་དབེན་པའོ། །གསུམ་པ་རླུང་གི་གནད་ནི། འདས་རྗེས་ལས། རླུང་གནད་ཤིན་ཏུ་དལ་ལ་བསླབ། ཅེས་གསུངས་པས། རླུང་དལ་བ་མ་བརྟེན་ན་རླུང་གིས་རིག་པ་སྤུར་ནས་མི་ཟིན་པས། རླུང་སྣ་ནས་མི་གཏོང་བར་མཆུ་སོ་གཉིས་མ་རེག་ཙམ་དུ་ཁ་ནས་དལ་བུས་ཕྱི་ནང་རྒྱུ་བ་སྙོམས་པ་ལས་ཕྱིར་འཛིན་ཅུང་ཟད་ཙམ་བྱ་སྟེ། ཕྱི་ནང་རླུང་ནི་དལ་ཞིང་མཉམ། །ཡིད་ཙམ་ཕྱི་རུ་འདུར་བ་ཡིས། །རླུང་གི་འགྲོ་འོང་ཆད་པར་འགྱུར། །ཞེས་གསུངས་པས། རླུང་གི་འགྲོ་འོང་ཟད་པས་རྟོག་པའི་འཕྲོ་འདུ་ཟད་དེ་དབྱིངས་རིག་གཡོ་འགུལ་མེད་པར་སྡོད་པའོ། །བཞི་པ་རིག་པའི་གནད་ནི། ཀློང་གསལ་ལས། རིག་གནད་ལུག་རྒྱུད་བཙོན་དུ་བཟུང༌། །དངོས་སྣང་དལ་བ་ཉིད་ཀྱིས་བརྟན། །ཞེས་གསུངས་པས། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་དང་འདྲ་བས་སྣང་བའི་གོ་ཕྱེ་ནས། ནང་གི་དབྱིངས་རྣམ་དག་སྒྲོན་མ་བདག་པོའི་བྱད་དང་འདྲ་བ་དེ་ཉིད། ཐོག་མར་སྨིན་མཚམས་ནས་མཐིང་ག་ཁྱབ་པ་ཆེན་པོའི་འོད་ལས་རིམ་གྱིས་མཆེད་ནས་ནམ་མཁའི་འཇའ་ཚོན་ལྟ་བུ་འོད་ལྔའི་མུ་ཁྱུད་ཐིག་ཕྲན་དང་བཅས་པའི་ནང་དུ། ཐིག་ལེ་སྟོང་པའི་སྒྲོན་མ་རྫིང་བུར་རྡོ་བོར་བའི་རི་མོ་ [22a] ལྟར་འལ་འོལ་ལས་མཐར་ཐིག་ལེ་དམར་ཟླུམ་གསལ་དྭངས་ཅན་དུ་འཆར་ཏེ། སྒྲོན་མ་འབར་བ་ལས། མཐིང་ག་མི་འགྱུར་སྣང་བ་ལས། །ཁ་དོག་གསལ་བའི་འོད་ལྔར་ཡང༌། །འདི་ཉིད་རབ་ཏུ་གསལ་འགྱུར་ཞིང༌། །ཞེས་གསུངས་པ་ལྟར་དང༌། དེའི་ནང་དུ་རིག་པ་རྡོ་རྗེ་ལུ་གུ་རྒྱུད་བདག་པོའི་སེམས་དང་འདྲ་བ་དེ་ལྷག་གིས་འཆར་ཞིང༌། དེའང་ཐོག་མར་རྟ་རྔ་ལ་མདུད་པ་བཏབ་པ་ལྟ་བུའམ། གསེར་སྐུད་དང༌། མུ་ཏིག་གི་ཕྲེང་བ་དང༌། མེ་ཏོག་གི་ཆུན་པོ་ལྟ་བུ་སྟེ། ཐོག་མར་སྨིག་སྒྱུ་ལྟར་འལ་འོལ་མི་གསལ་བ་འགུལ་འཁྲིག་ཅན་དུ་འཆར་བས། དེ་ཉིད་ལྟ་སྟངས་ཀྱིས་ཁྲིད་ནས་དབྱིངས་ཀྱི་ར་བར་བཅུག་པ་ལ་ཆེ་རེ་གཏད་ནས་ཡིན་མིན་གྱི་དཔྱད་པ་སོགས་རྣམ་རྟོག་གིས་མ་བསླད་པར། བལྟ་མཁན་གྱི་རིག་པ་དེས་རིག་པ་རང་གི་ངོ་བོ་བལྟ་ཤེས་ཙམ་ལས་མི་གཡོ་བར་བྱ་ཞིང༌། ཅི་སྟེ་འོད་གསལ་གྱི་སྣང་བ་མི་གསལ་བའམ་གཡས་གཡོན་སྟེང་འོག་སོགས་སུ་ཡལ་ཡོལ་བྱེད་ན། དེའི་རྗེས་སུ་མིག་དང་སེམས་བཅར་ཕོག་ཏུ་མི་འབྲང་བར་ལྟ་སྟངས་ཀྱིས་མིག་ཟུར་ནས་དལ་བུར་ཁྲིད་པས་སྔར་བཞིན་ཤར་བ་ལ་སེམས་གཡོ་མེད་དུ་གཏད། བློས་བྱས་ཀྱི་བཅོས་བསྒྱུར་མི་བྱ་བར་དབྱིངས་རིག་གི་རང་ངོ་བལྟས་པས། ཕྱི་ [22b] སྣང་བ་མ་འགགས་ཤིང༌། ནང་འཛིན་པས་མ་བསླད་པ། བརྗོད་མེད་སྤྲོས་པ་དང་བྲལ་བའི་རང་སོ་བཟུང་བས་ཡུལ་དང་ཡུལ་ཅན་དབྱེར་མེད་དུ་འདྲེས། འོད་གསལ་གྱི་སྣང་བ་སྨིན་མཚམས་ནས་བྲལ་སྟེ་གསལ་འགྲིབ་མེད་པར་འཆར་བ་སོགས་སྣང་བཞིའི་ཉམས་སྣང་རྣམས་རིམ་གྱིས་སྐྱེ་བར་འགྱུར་རོ། །དེས་ནི་གནས་སྐབས་སུ་རིག་པའི་ཡེ་ཤེས་མངོན་སུམ་དུ་གསལ་བ་མ་རིག་པ་དང་བྲལ། ཚེའི་དུས་བྱས་ཀྱང་སྦྲུལ་པའི་སྐུར་གྲོལ། མཐར་ཐུག་སྣང་བཞི་མཐར་ཕྱིན་ནས་ལྷག་མེད་དུ་གྲུབ་པའོ། །གསུམ་པ་དེ་ཉིད་ངོ་སྤྲད་པ་ལ་གསུམ། ངོ་སྤྲོད་དངོས་དང༌། སྤྲོ་བ་བསྐྱེད་པ། རྣལ་འབྱོར་བཞིས་ཉམས་ལེན་གནད་དུ་བསྣུན་པའོ། །དང་པོ་ནི། ངོ་སྤྲོད་ཀྱི་གནས་ཕྱོགས་ཕྱེད་པར་སྔ་དྲོ་ཉི་མའི་ཟེར་དང་ལྡན་པའི་དུས་སུ། ཚོགས་གཏོར་བཤམས་པས་མཆོད་ཅིང་གསོལ་བ་གདབ་པ་དང་བྱིན་འབེབས་རྣམས་སྔར་ལྟར་བྱས་ནས། སློབ་མ་རྣམས་སྒོ་གསུམ་གྱི་གནད་འཆིང་དུ་བཅུག །སྔར་བཞིན་འོད་གསལ་གྱི་སྣང་བ་རྣམས་མཚོན་པར་བྱ་བའི་ཕྱིར་རྡོ་རྗེ་སེམས་དཔའི་མེ་ལོང་བསྟན་ལ། ཀྱཻ། སྐལ་ལྡན་རྣམས་འདི་ལྟར་ཤེས་པར་གྱིས་ཤིག །དེ་ཡང་སྔར་ཆོས་ཐམས་ཅད་ཀྱི་གནས་ལུགས་ཀ་ནས་དག་ཅིང་སྤྲོས་པ་དང་བྲལ་བའི་ཡེ་ཤེས་ཁྲེགས་ [23a] ཆོད་ཀྱི་ལམ་གྱིས་མཚོན་པར་བྱས་པ་དེ་ཡིན། འདིར་ནི་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་གྱི་ལམ་གྱིས་མཚོན་པར་བྱེད་པ་ཡིན་ལ། དེའང་ངོ་སྤྲད་བྱ་ནི། ཆོས་གཞན་ནས་བདེ་གཤེགས་སྙིང་པོ་དང་རྒྱུའི་རྒྱུད་སོགས་བཤད་པ་དེ་འདིར་ནི་སངས་རྒྱས་ཐམས་ཅད་དང་དབྱེར་མེད་པའི་རིག་པའི་ཡེ་ཤེས་འདུས་མ་བྱས་ཤིང་ལྷུན་གྱིས་གྲུབ་པ། གཞོན་ནུ་བུམ་པ་སྐུའི་བདག་ཉིད་ཅན་དུ་ཡེ་ནས་གསལ་འགྲིབ་མེད་པར་བཞུགས་པ་དེ་ཉིད། སྒོ་གསུམ་གྱི་གནད་ཀྱིས་གཞི་བཟུང༌། གནད་རྣམ་པ་བཞིས་མཚོན་པར་བྱས་པས། སྙིང་ནང་གི་དབྱིངས་རྣམ་པར་དག་པའི་སྒྲོན་མ་འོད་ལྔ་ལྷུན་གྲུབ་ཏུ་ཡོད་པ་དེ་ཉིད། མིག་རྒྱང་ཞག་ས་ཆུའི་སྒྲོན་མའི་ལམ་ནས་གསལ་བའི་སྣང་བ། ཕྱིའི་དབྱིངས་ནམ་མཁའ་སྟོང་པ་མེ་ལོང་ལྟ་བུ་ལ། ནང་གི་ནམ་མཁའ་རྣམ་དག་སྒྲོན་མའི་མདངས་བྱད་བཞིན་དུ་ཤར་བ་ནི་ནམ་མཁའི་འཇའ་ཚོན་ལྟ་བུའི་འོད་ཁྱིམ་དུ་སྣང་བ་འདིའོ། །དེའི་ནང་དུ་ཐིག་ལེ་སྟོང་པའི་སྒྲོན་མའི་རྟགས་འོད་ཀྱི་འཁོར་ལོར་གསལ་ཞིང་དྭངས་པར་སྣང་བ་འདིའོ། །དེའི་ནང་དུ་རིག་པའི་སྐུ་ཡོད་པའི་རྟགས་སུ་རྡོ་རྗེ་ལུ་གུ་རྒྱུད་དུ་སྣང་བ་འདིའོ། །དེའང་དབྱིངས་རིག་འདུ་འབྲལ་མེད་པ་ནི་ཉི་མ་དང་འོད་ཟེར་གྱི་ཚུལ་དུ་གནས་པའོ། ། [23b] ཐུགས་རྗེ་རང་བྱུང་གི་ཡེ་ཤེས་རང་གསལ་ཆེན་པོ་ཤེས་རབ་རང་བྱུང་གི་སྒྲོན་མའི་རྟགས་སུ་འོད་གསལ་གྱི་སྣང་བ་འདི་དག་ལྟོས་ལ་མཉམ་པར་ཞོག་ཅིག །དེ་ནི་ཤེས་པར་རང་གསལ་སྣང་སྟོང་འཛིན་མེད་དུ་སྣང་བ་འདི་རང་ཡིན་ནོ། །དེའང་ངོ་བོའི་རྟགས་སུ་སྐྱེ་མེད་སྤྲོས་པ་དང་བྲལ་བ། རང་བཞིན་གྱི་རྟགས་སུ་འོད་སྣ་ཚོགས་སུ་གསལ་བ། ཐུགས་རྗེའི་རྟགས་སུ་ཤེས་པ་གསལ་སྟོང་དུ་འཆར་བ། འདི་ཁོ་ན་གདོད་མའི་མགོན་པོ་ཀུན་བཟང་འོང་མི་འགྱུར་བ་ཉིད་སྙིང་དབུས་ན་སྐུ་གསུམ་འདུ་འབྲལ་མེད་པའི་དགོངས་པ་ལ་བཞུགས་པ་ཤེས་པར་གྱིས་ཤིག །དེ་ཡང་ཀློང་གསལ་ལས། རིག་པ་རྡོ་རྗེ་ལུ་གུ་རྒྱུད། །མཐོང་བ་ཙམ་གྱིས་ཤེས་པ་དང༌། །ཤེས་པ་ཙམ་གྱིས་རྟོགས་པ་དང༌། །རྟོགས་པ་ཙམ་གྱིས་གྲོལ་བར་འགྱུར། །ཞེས་དང༌། ཐལ་འགྱུར་ལས། རིག་པའི་ངོ་བོ་ལུ་གུ་རྒྱུད། །འདས་དང་མ་འོངས་ད་ལྟར་ལ། །སུས་ཀྱང་བྱས་པ་མ་ཡིན་པས། །དེས་ན་འདུས་མ་བྱས་པ་ཉིད། །ལུ་གུ་རྒྱུད་ཀྱི་རང་བཞིན་ནི། །རྣམ་པར་རྟོག་པ་ཀུན་དག་པས། །མ་འཁྲུལ་གཞི་ཡི་སངས་རྒྱས་སོ། །མངོན་སུམ་བརྟེན་པའི་སྐལ་ལྡན་ལ། །ཁམས་གསུམ་འཁོར་བའི་མིང་མེད་པས། །སྲིད་གསུམ་གདར་ཤ་ཆོད་པའོ། །ཞེས་གསུངས་པས། ཡེ་ནས་འདུས་མ་བྱས་ཤིང་རང་བྱུང་རང་ཤར་སྐུ་གསུམ་འདུ་འབྲལ་མེད་པ་འོད་གསལ་ [27a] དབྱིངས་ཀྱི་རྟགས་སུ་འོད་ཁྱིམ། ཡེ་ཤེས་ཀྱི་རྟགས་སུ་ཐིག་ལེ། སྐུའི་རྟགས་སུ་ལུ་གུ་རྒྱུད། ཐུགས་རྗེའི་རྟགས་རང་གསལ། ངོ་བོའི་རྟགས་མི་རྟོག་པའི་ཡེ་ཤེས་དུས་གསུམ་འཕོ་འགྱུར་མེད་པའི་དགོངས་པ་མཉམ་ཉིད་གཞི་རྫོགས་སུ་གྱུར་པ་སྟེ། འདས་རྗེས་ལས། མངོན་སུམ་གནད་འདི་སུས་མཐོང་བ། ཁམས་གསུམ་ལྡོག་པ་མ་ཡིན་ནོ། །ཞེས་སོ། །དེ་ལྟར་མཐོང་བས་གནས་སྐབས་ཆོས་ཉིད་ཡིད་དཔྱོད་དང་བྲལ། མཐར་ཐུག་གདོད་མའི་ཟད་སར་འཁྱོལ་བར་འགྱུར་རོ། །གཉིས་པ་ཉམས་གོང་འཕེལ་གྱི་སྣང་བ་ནི། དེའང་གོང་བཞིན་ཉམས་སུ་བླངས་པས་དབྱིངས་རིག་རེས་གསལ་རེས་མི་གསལ་བ་ལས། རིམ་གྱི་གོམས་པས་དབྱིངས་རིག་སྨིན་མཚམས་དང་བྲལ་ཏེ་དབང་པོའི་མངོན་སུམ་དུ་གསལ་ཞིང༌། དབྱིངས་སྣང་འོད་ཀྱི་རང་བཞིན་དེའང༌། གྱེན་སྒྲེང༌། རྩིབས་ཤར། དྲྭ་བ། དྲྭ་ཕྱེད། པདྨ། མིག་མང་རིས། ཉི་ཟླ། མཁར་ཐབས་ལྟ་བུ་སོགས་ཞིང་ཁམས་ཐམས་ཅད་གང་བའི་བར་དུ་འཆར་ལ། ཐིག་ལེ་ཡང༌། སྲན་མ་ཙམ་དང༌། མེ་ལོང་དང༌། ཁམ་ཕོར་དང༌། བསེ་ཕུབ་ཙམ་གྱི་བར་ཇེ་ཆེ་ཇེ་ཆེ་དང༌། རིག་པ་ལུ་གུ་རྒྱུད་ཀྱང༌། སྐར་མདའ་འཕྲོ་བ་ཙམ་དང༌། འདབ་ཆགས་འཕུར་རྐྱེན་པ་དང༌། རི་དྭགས་རྩིབས་ལ་རྒྱུག་པ་དང༌། ཤ་ར་ཎ་དལ་གྱིས་རྒྱུག་པ་དང༌། [27b] ་བུང་བ་བཅུད་ལ་འཁོར་བ་ལྟ་བུའི་བར་ཇེ་འཕེལ་ཇེ་གསལ་ཇེ་བརྟན་དུ་གྱུར་པ་ལས། ཐིག་ལེའི་ནང་དུ་རྡོ་རྗེ་སེམས་དཔའ་ལ་སོགས་པའི་ཕྱེད་སྐུའམ་སྐུ་རྐྱང་པ་རེ་ཙམ་ཤར་ནས་འགུལ་འཕྲིག་མེད་པར་གནས་པ་ནི་ཉམས་གོང་འཕེལ་གྱི་སྣང་བ་སྟེ། ཀློང་གསལ་ལས། སྐུ་ཤར་ཉམས་ཀྱི་འཕེལ་རྫོགས་ན། །བར་དོའི་སྣང་བ་འདིར་ཆོད་པས། །ལོངས་སྤྱོད་ངོས་ཟིན་བར་དོ་སྟོང༌། །ཞེས་གསུངས། དེ་ལ་སློབ་དཔོན་བི་མ་ལ་མི་ཏྲས་ནི། དབྱིངས་སྣང་ཟླུམ་འཁྲིགས་ཀྱི་ནང་དུ་པད་འདབ་བཞི་བཞིས་བསྐོར་བ་ལྟ་བུའི་ཚོམ་བུ་འཆར་བ་ཚུན་ཆད་ཉམས་གོང་འཕེལ་གྱི་མཐོང་སྣང་དུ་མཛད་ནས། ལྷ་སྐུ་ཤར་བ་ཕན་ཆད་རིག་པ་ཚད་ཕེབས་སུ་བཞེད་ནའང༌། འདིར་ནི་སློབ་དཔོན་ཆེན་པོ་པདྨའི་དགོངས་པ་སྟེ། བཏགས་གྲོལ་དོན་ཁྲིད་ལས། དབྱིངས་རྣམ་པར་དག་པའི་སྒྲོན་མ་རང་གི་སྨིན་མཚམས་ལས་བྲལ་བའི་དུས་ནས་ཐིག་ལེའི་ནང་དུ་སེམས་དཔའི་སྐུ་རྐྱང་པ་རེ་སྨིན་པ་ཚུན་ཆད་ཉམས་གོང་འཕེལ་གྱི་སྣང་བའོ། །ཞེས་གསུངས་སོ། །དེའང་འདིར་འོད་སྣང་གྱེན་སྒྲེང་གི་ཚེ་ཐུར་དང༌། གྲུ་བཞི་ལ་གཡས། ཟླུམ་པོ་ལ་གཡོན། ཟླ་གམ་ལ་སྟེང་དང༌། གྲུ་གསུམ་ལ་ཐུར་དུ་གཅུན་པར་ཡང་བཤད་དོ། །དེ་ལྟར་གོང་འཕེལ་གྱི་སྣང་བ་མཐོང་བས་གནས་སྐབས་ཉམས་ [28a] སྣང་གི་ཡོན་ཏན་རྣམས་ཐོབ། མཐར་ཐུག་བར་དོའི་སྣང་བ་རང་སར་གྲོལ་བར་འགྱུར་རོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་སྣང་བ་ནི། དབྱིངས་ཀྱི་སྣང་བས་ཐམས་ཅད་ལ་རྒྱས་ཐེབས་པས་ས་ཆུ་མེ་རླུང་གི་སྣང་བ་རང་དག་སྟེ་འོད་གསལ་ཆེན་པོའི་སྣང་བ་འབྱམས་ཀླས་པའི་དབྱིངས། ཐིག་ལེ་རེ་རེའི་ནང་དུ་ཡང་རྣམ་སྣང་ལ་སོགས་པ་རིགས་ཀྱི་ཡབ་ལྔ་དང་དབྱིངས་ཕྱུག་མ་སོགས་རིགས་ཀྱི་ཡུམ་ལྔ་སྟེ་རིགས་ལྔའི་ཚོམ་བུ་ལྔ་ཚན་གྱི་དཀྱིལ་འཁོར་ཚད་མེད་པ་ནམ་མཁའ་གང་བར་འཆར་ཞིང༌། དེ་དག་ལས་འོད་ཟེར་གྱི་སྣང་བ་རང་ལུས་དང་འབྲེལ་བར་སྣང་བས། དེ་ནས་མ་བསྒོམས་ཀྱང་ཚད་ལ་ཕེབས་པས་འགྱུར་བ་མེད་ཅིང༌། ཕྱིའི་སྣང་བ་འོད་གསལ་དུ་གྲོལ་བས་གདོས་བཅས་ཀྱི་སྣང་བ་ནུབ། ནང་སྒྱུ་ལུས་འོད་གསལ་དུ་གྲོལ་བས་ཟག་བཅས་ཀྱི་འཛིན་པ་དག །གསང་བ་སེམས་ཉིད་འོད་གསལ་དུ་ཐིམ་པས་འཁྲུལ་པའི་སྣང་བ་ནུབ་ནས་ལས་དང་བག་ཆགས་ཀྱི་འབྲེལ་ཆད་པ་སྟེ། ཀློང་གསལ་ལས། རིག་པ་ཚད་ཕེབས་སྣང་བ་ཡིས། །ཕྱི་ནང་གཟུང་འཛིན་གདོས་བཅས་གྲོལ། །ཞེས་གསུངས་སོ། །དེ་ལྟར་ཚད་ལ་ཕེབས་པས་གནས་སྐབས་སུ་མ་བསྒོམས་ཀྱང་ཆོག་ལ། མཐར་ཐུག་ལོངས་སྤྱོད་རྫོགས་པའི་སྐུ་ངོས་ཟིན་པས་ལོངས་སྐུའི་ [28b] ཞིང་ན་སྤྱོད་པར་འགྱུར་རོ། །བཞི་པ་ཆོས་ཉིད་ཟད་པའི་སྣང་བ་ནི། ཕྱི་ཉམས་སྣང་གི་འཕེལ་ཟད། ནང་སྒྱུ་ལུས་ཀྱི་ཆོས་ཟད། གསང་བ་རྟོག་ཚོགས་ཀྱི་སེམས་ཟད་པས་འཁྲུལ་པའི་སྣང་བ་ཐམས་ཅད་རང་དག་ཅིང༌། སྣང་དང་མི་སྣང་དུ་འཛིན་པའི་བློ་ཟད་ནས་འོད་ཀྱི་ནང་ན་སོར་མོ་ཙམ་སྣང་བ་ལས་འཁོར་འདས་ཀྱི་འདུ་ཤེས་བྲལ། སྣང་བ་ཅིའི་ངོ་བོར་ཡང་མ་གྲུབ་པས་འབྱུང་བའི་དགྲས་མི་ཚུགས། འགྲོ་འདུག་གི་སྣང་བ་དག །མངོན་ཤེས་ལ་ཐོགས་པ་མེད། ཐུགས་རྗེའི་ཆ་ལས་ཡེ་ཤེས་ཀྱི་སྣང་བ་མ་འགགས་པར་གསལ་ཞིང་ཕུང་པོའི་ཟག་པ་ཕྱིར་མི་ལྡང་བར་སངས་རྒྱས་ནས་འཕོ་བ་ཆེན་པོའི་སྐུ་ཆུ་ཟླ་ལྟ་བུས་འགྲོ་བའི་དོན་བྱེད་པ་སྟེ། ཐལ་འགྱུར་ལས། དེ་ལྟར་ལུས་འབྱུང་རྒྱུན་ཆད་ནས། །ཟག་བཅས་ཕུང་པོ་མི་སྣང་བར། །འདི་ལ་མངོན་པར་འཚང་རྒྱའོ། །ཞེས་གསུངས་སོ། །དེས་གནས་སྐབས་སུ་སྣང་བཞིའི་ཚད་ཟིན་པས་ས་མཚམས་ཕྱེད། མཐར་ཐུག་ཆོས་ཟད་ཀྱི་སྣང་བ་མཐོང་ནས་ལྷག་མེད་དུ་འཚང་རྒྱ་བར་འགྱུར་རོ། །གཉིས་པ་མཐའ་རྟེན་བཞིའི་གོམས་ཚུལ་ནི། ཀློང་གསལ་ལས། མཐའ་རྟེན་མན་ངག་རྣམ་པ་བཞི། །གོང་མའི་རྒྱབ་ཏུ་མེད་ཐབས་མེད། །ཅེས་གསུངས་པས། མི་འགུལ་བ་གསུམ་ལ་གཞི་བཅའ་བ། སྡོད་པ་གསུམ་གྱིས་ཚད་ [29a] བཟུང་བ། ཐོབ་པ་གསུམ་གྱིས་གཟེར་གདབ་པ། གདེང་བཞིས་གྲོལ་ཚད་བསྟན་པའོ། །དང་པོ་ནི། ཐལ་འགྱུར་ལས། མི་འགུལ་གསུམ་ལ་གཞི་བཅས་པས། །རླུང་སེམས་གནད་ལ་ཕེབས་པའོ། །ཞེས་པས། ལུས་བཞུགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེའང་ལུས་མི་འགུལ་བས་རྩ་མི་འགུལ། རྩ་མ་འགུལ་བས་མིག་མི་འགུལ། མིག་མ་འགུལ་བས་རླུང་མི་འགུལ། རླུང་མ་འགུལ་བས་སེམས་མི་འགུལ། དེས་འགྱུ་བྱེད་ཀྱི་རྟོག་པ་རྒྱུན་ཆད་ནས་རིག་པ་གཡོ་མེད་དུ་གནས་པའོ། །མིག་གཟིགས་སྟངས་གསུམ་ལས་མི་འགུལ་བར་བྱ་སྟེ། དེའང་རིག་པའི་གནད་རྩ། རྩའི་གནད་སྒོ། སྒོའི་གནད་སྒྲོན་མའོ། །རྩ་མ་འགུལ་བས་མིག །མིག་མ་འགུལ་བས་སྒྲོན་མ། སྒྲོན་མ་མ་འགུལ་བས་སེམས། སེམས་མ་འགུལ་བས་རྣམ་རྟོག་མི་འབྱུང་ཞིང་དབྱིངས་རིག་འདུ་འབྲལ་མེད་པའི་དགོས་པ་ཡོད་དོ། །རིག་པ་ནི་འོད་གསལ་གྱི་སྣང་བ་མངོན་སུམ་དུ་མཐོང་བ་ལས་མི་འགུལ་བར་བྱའོ། །དེའང་ཐུགས་རྗེའི་རིག་པ་ཕྱིར་གསལ་མེ་ལོང་ལྟ་བུ་ལ་འོད་གསལ་གྱི་སྣང་བ་འགགས་མེད་དུ་ཤར་བ་གཟུང་འཛིན་གྱིས་མ་བསླད་པར་རང་ཤར་རང་གྲོལ་དུ་བསྐྱངས་པས་སྣང་བཞིའི་འཆར་སྒོ་ཇེ་གསལ་ཇེ་བརྟན་དུ་འགྱུར་རོ། །གཉིས་པ་སྡོད་པ་གསུམ་གྱིས་ཚད་ [29b] བཟུང་བ་ནི། སྔ་མ་ལས། སྡོད་པ་གསུམ་གྱིས་ཚད་བ་ཟུང་བ། །རྨི་ལམ་ལྡོག་དང་ལུས་ངག་ཡིད། །རྟགས་དང་ཚད་ནི་ངོས་བཟུང་བའོ། །ཞེས་པས། དབྱིངས་རིག་བརྟན་པའི་ཚད་དུ་འབྱུང་སྟེ། ཕྱི་སྣང་བ་བསྐྱོད་བྱེད་ཀྱི་རླུང་ཟད་པས་དབྱིངས་རིག་འགྲོ་འོང་མེད་པར་སྡོད། ནང་ཕུང་པོ་བསྐྱོད་བྱེད་ཀྱི་རླུང་ཟད་པས་ལུས་གཡོ་འགུལ་མེད་པར་སྡོད། གསང་བ་རྟོག་པ་བསྐྱོད་བྱེད་ཀྱི་རླུང་ཟད་པས་རྣམ་རྟོག་འགྱུ་མི་སྲིད་པར་སྡོད་པའོ། །སྐབས་འདིར་ཚད་རྨི་ལམ་གྱིས་བཟུང་བ་དང། རྟགས་སྒོ་གསུམ་ལ་འཆར་བ་གཉིས་འབྱུང་སྟེ། བརྩོན་འགྲུས་རབ་ལ་རྨི་ལམ་དབྱིངས་སུ་ཐིམ་ནས་རྒྱུན་ཆད། འབྲིང་ལ་རྨི་ལམ་འོད་གསལ་དུ་འཆར། ཐ་མ་ལ་རྨི་ལམ་རྨི་ལམ་དུ་ཤེས་པའོ། །རྟགས་སྒོ་གསུམ་ལ་འཆར་བ་ནི། སྣང་བ་བཞི་རེ་རེ་ལའང་གསུམ་གསུམ་སྟེ་བཅུ་གཉིས་ལས། དང་པོ་ཆོས་ཉིད་མངོན་སུམ་གྱི་རྟགས་གསུམ་ནི། ལུས་རུས་སྦལ་མཁར་གཞོང་དུ་བཅུག་པ་ལྟར་བྱ་བྱེད་གཡོ་འགུལ་མེད། ངག་ལྐུགས་པ་ལྟར་སྨྲ་སྙིང་མི་འདོད། སེམས་མཁའ་འགྲོ་སྙིས་ཟིན་པ་བཞིན་འཕྲོ་བ་ལྟར་སྣང་ཡང་གར་གཏད་དུ་ཟིན་པའོ། །གཉིས་པ་ཉམས་གོང་འཕེལ་གྱི་རྟགས་གསུམ་ནི། ལུས་སྐྱེས་བུ་ནད་ཀྱིས་གདུང་བ་ལྟར་བྱི་དོར་དང་རྒྱན་གྱི་སྒེག་ཆོས་བྲལ། ངག་སྨྱོན་ [30a] པ་ལྟར་ཟུང་མེད་ཅལ་ཅོལ་དུ་སྨྲ། སེམས་སྐྱེས་བུ་རྩི་དུག་གིས་ཐེབས་པ་ལྟར་འཁོར་བར་མི་ལྡོག་པར་ཐག་ཆོད་པའོ། །གསུམ་པ་རིག་པ་ཚད་ཕེབས་ཀྱི་རྟགས་གསུམ་ནི། ལུས་གླང་པོ་ཆེ་འདམ་དུ་ཚུད་པ་སྐད་ཅིག་ལ་ཐོན་པ་ལྟར་འབྱུང་བ་ལྔ་ལ་ཐོགས་པ་མེད་པར་འགྲོ། ངག་གྲུལ་བུམ་གྱི་ཕྲུ་གུ་ལྟར་ཅི་སྨྲས་གཞན་ལ་ཕན་ཅིང་དད་པར་བྱེད། སེམས་སྐྱེས་བུ་འབྲུམ་ནད་བྱང་བ་ལྟར་ཁམས་གསུམ་དུ་མི་ལྡོག་པར་གདིང་ཐོབ་པའོ། །བཞི་པ་ཆོས་ཉིད་ཟད་པའི་རྟགས་གསུམ་ནི། ལུས་དུར་ཁྲོད་ཀྱི་རོ་ལྟར་གཤེད་མ་བརྒྱས་བསྐོར་ཀྱང་བག་ཚ་བ་མེད། ངག་བྲག་ཆ་ལྟར་གཏམ་གྱི་ཟུང་ཟད་དེ་གཞན་གྱི་རྗེས་སུ་ཟློ། སེམས་བར་སྣང་གི་ན་བུན་སྐད་ཅིག་ལ་ཡལ་འགྲོ་བ་ལྟར་བག་ཆགས་ཀྱི་ཕུང་པོ་མི་སྣང་བར་འཚང་རྒྱ་བའོ། །གསུམ་པ་ཐོབ་པ་གསུམ་གྱིས་གཟེར་གདབ་པ་ནི། ཀློང་གསལ་ལས། ཐོབ་པ་གསུམ་གྱིས་གཟེར་བཏབ་པས། །ཟག་བཅས་ཕུང་པོ་མི་སྣང་བའོ། །ཞེས་པས། དང་པོ་སྐྱེ་བ་ལ་རང་དབང་ཐོབ་པ་ནི། ཕུང་པོའི་སྣང་བ་འགགས་ནས་གདོས་བཅས་སུ་མི་སྣང་བས། སེམས་ཅན་གྱི་དོན་བྱེད་ན་རང་གི་ལག་སོར་ལ་རིག་པ་གཏད་པས་སྣང་བདེ་ཀུན་རང་ལོག་སྟེ། སྣང་བྱེད་ཆུ་ཟླ་ལྟ་བུས་སེམས་ཅན་གྱི་དོན་བྱེད་པས་མི་སོགས་སེམས་ཅན་རིག་པ་བཅུག་ན་མཚམས་མེད་པ་ [30b] ལྔ་བྱས་པ་ཡང་འདི་ཉིད་ལ་འབྱུང་བ་རང་སར་དག་ནས་འཚང་རྒྱ་སྟེ། དེའང་རིག་པ་རང་བྱུང་གི་ཡེ་ཤེས་གཞི་ལ་གནས་པའི་གནད་ཀྱིས་སོ། །དེའི་ཚེ་བོམ་པོ་ལ་རིག་པ་བཅུག་ཀྱང་འགུལ་ཞིང་སྐད་འབྱིན་ནུས་པ་འོང་ངོ༌། །གཉིས་པ་འཇུག་པ་ལ་རང་དབང་ཐོབ་པ་ནི། སོར་མོ་ལ་རིག་པ་གཏད་ནས་དང་ལུགས་སུ་བཞག་པས་དེ་ཉིད་ལ་མི་སྣང་བར་འཚང་རྒྱའོ། །གསུམ་པ་རླུང་སེམས་ལ་རང་དབང་ཐོབ་པ་ནི། རླུང་སེམས་ལས་སུ་རུང་བས་རླུང་གི་ཡོན་ཏན་ཐམས་ཅད་འབྱུང༌། སེམས་ཅན་གཞན་ཚེ་འཕོ་བའི་ཚེ་དེ་ལ་རིག་པ་བཅུག་པས་མཚམས་མེད་ལྔ་བྱས་པ་ཡང་རང་དང་མཉམ་དུ་འཚང་རྒྱ་སྟེ། ལས་ལ་བཟང་ངན་མེད་པའི་གནད་ཀྱིས་སོ། །བཞི་པ་གདིང་བཞིས་གྲོལ་ཚད་བསྟན་པ་ནི། རིན་ཆེན་སྤུངས་པ་ལས། མི་འགྱུར་ལྟ་བའི་གདིང་ཆེན་བཞིས། །མི་ལྡོག་ཡེ་ཤེས་ཚད་ཀྱང་བཟུང༌། །ཞེས་པས། ཡར་གྱི་གདིང་གཉིས་ནི། མྱང་འདས་ཀྱི་ཡོན་ཏན་ཐོས་ཀྱང་ཐོབ་ཏུ་རེ་བ་དང༌། མ་ཐོབ་ཀྱི་དོགས་པ་མེད་དེ། རང་རིག་ལས་གཞན་པའི་སངས་རྒྱས་མེད་པར་རྟོགས་པའི་ཕྱིར་རོ། །མར་གྱི་གདིང་གཉིས་ནི། འཁོར་བའི་སྡུག་བསྔལ་ཐོས་ཀྱང་མི་ལྟུང་དུ་རེ་བ་དང༌། ལྟུང་གིས་དོགས་པ་མེད་དེ། རང་རིག་ཡེ་ནས་འཁྲུལ་པ་མེད་པར་ཤེས་ [31a] པས་འཁོར་བར་འཁྱམས་མཁན་མ་གྲུབ་པར་ཐག་ཆོད་པའི་ཕྱིར་རོ། །དེ་དག་གིས་གནས་སྐབས་སུ་ཐད་སོའི་དོན་རྣམས་འགྲུབ་ཅིང༌། མཐར་ཐུག་གོང་མའི་རྟོགས་པ་མཐར་ཕྱིན་པར་འགྱུར་བ་སྟེ། ཀློང་གསལ་ལས། མཐའ་རྟེན་དག་གི་མན་ངག་གིས། །གོང་གི་ཡོན་ཏན་མཐའ་རུ་ཕྱིན། །ཞེས་གསུངས་པ་ལྟར་རོ། །གསུམ་པ་འབྲས་བུའི་གྲོལ་ཚུལ་བསྟན་པ་ལ་གཉིས། ཐུན་མོང་དང༌། ཁྱད་པར་གྱི་གྲོལ་ཚུལ་ལོ། །དང་པོ་ནི། ཀློང་གསལ་ལས། བདེན་པ་མཐོང་བའི་གང་ཟག་གིས། །དང་པོའི་ས་ནས་བཅུ་དྲུག་བར། །རིམ་པར་ཉམས་སུ་བླངས་པས་འབྱུང༌། །གཞན་དང་སྒོ་བསྟུན་གནས་སྐབས་ཀྱི། །ཡོན་ཏན་འབྲས་བུའི་ཐོབ་ཚུལ་ལོ། །ཞེས་གསུངས་པ་ལྟར། ས་རྣམས་རིམ་གྱིས་བགྲོད་ནས་གདོས་བཅས་ཀྱི་ཕུང་པོ་ལྷག་མ་དང་བཅས་པ་བོར་ནས་འཚང་རྒྱ་བར་འགྱུར་ཏེ། སྙིང་གི་མེ་ལོང་ལས། མངོན་པར་རྫོགས་པ་སངས་རྒྱས་པ་ནི་འོད་དང་སྒྲ་དང་སྐུ་དང་གདུང་དང་ས་གཡོ་བ་ལ་སོགས་པ་འབྱུང་ངོ༌། །ཞེས་གསུངས་པ་ལྟར་རོ། །གཉིས་པ་ཁྱད་པར་གྱི་གྲོལ་ཚུལ་ནི། དེ་ཉིད་ལས། ཡང་དག་པར་རྫོགས་པ་སངས་རྒྱས་པ་ནི་ཕུང་པོ་ལྷག་མ་མེད་པར་སངས་རྒྱས་པའོ། །ཞེས་པས། [31b] ཉོན་མོངས་པ་ཕྲ་རགས་དང་འབྱུང་ལུས་ཀྱི་གདོས་པ་ཐམས་ཅད་དག་ནས་ངོ་བོ་སྐུ་རུ་རྒྱས་པས་སྐུ་གསུམ་འདུ་འབྲལ་མེད། རང་བཞིན་མཁྱེན་པའི་ཡེ་ཤེས་སུ་རྒྱས་པས་ཡེ་ཤེས་འདུ་འབྲལ་མེད། ཐུགས་རྗེ་མཛད་པའི་ཕྲིན་ལས་སུ་རྒྱས་པས་ཐུགས་རྗེ་ལ་རྒྱུན་ཆད་མེད་པ་སྟེ། ཀློང་གསལ་ལས། ངོ་བོ་སྟོང་གསལ་ཡེ་ཤེས་སྐུ། །རང་བཞིན་ཐུགས་རྗེ་ཕྱོགས་རིས་མེད། །དབྱེར་མེད་ཆེན་པོར་ཡེ་སངས་རྒྱས། །ཞེས་དང༌། མཚན་མར་འཛིན་པའི་འཁོར་བ་སངས། །ཡེ་ཤེས་སྐུ་ཉིད་དོན་ལ་རྒྱས། །སངས་རྒྱས་ཞེས་ནི་དེ་ལ་བྱ། །ཞེས་གསུངས་པ་ལྟར་རོ། །དེ་རྣམས་ཀྱིས་ལྷུན་གྲུབ་ཀྱི་ཡེ་ཤེས་མངོན་སུམ་དུ་སྟོན་པ་ཐོད་རྒལ་གྱི་ཁྲིད་རིམ་དངོས་གཞི་བཤད་ཟིན་ཏོ། ། ༈ སྤྱི་དོན་གཉིས་པ་བརྩོན་འགྲུས་འབྲིང་བར་དོར་འཚང་རྒྱ་བའི་མན་ངག་ལ་གསུམ་སྟེ། ངོ་བོ། དབྱེ་བ། སོ་སོའི་ལམ་ཁྱེར་རོ། །དང་པོ་ངོ་བོ་ནི། གཞི་དབྱིངས་ཀ་དག་ལས་གཞན་དུ་སྣང་བ་ཐམས་ཅད་བར་དོའི་གནས་སྐབས་ཡིན་ཏེ། གཞི་སྣང་ཡེ་ཤེས་སུ་ཤར་བའི་སྣང་ཆ་ནི་དག་པ་ཆོས་ཉིད་ཀྱི་བར་དོ་དང༌། འཁྲུལ་སྣང་འགྲོ་དྲུག་གིས་བསྡུས་པའི་ཆོས་སོ་ཅོག་ནི་མ་དག་འཁྲུལ་པའི་བར་དོ་ཡིན་ལ། དེ་ཡང་དབྱིངས་ཀ་དག་ལས་ཤར་ཞིང༌། འཆར་གཞིའི་དབྱིངས་སུ་མ་རྫོགས་བར་གྱི་སེམས་པ་ས་བོན་དང་བཅས་པ་ནི་བར་དོའོ། ། [32a] གཉིས་པ་དབྱེ་བ་ལ་བཞི། སྐྱེ་གནས་སམ་རང་བཞིན་གྱི་བར་དོ། འཆི་ཁའི་བར་དོ། ཆོས་ཉིད་བར་དོ། སྲིད་པའི་བར་དོའོ། དང་པོ་རང་བཞིན་གྱི་བར་དོ་ནི། མའི་མངལ་དུ་སྐྱེ་བ་གྲུབ་པ་ནས་འཆི་ནད་ཀྱིས་བཏབ་པ་ཚུན་ཆད་དོ། །གཉིས་པ་འཆི་ཁའི་བར་དོ་ནི། འཆི་བ་ལ་ཕྱོགས་པ་ནས་དབུགས་ཆད་པ་ཚུན་ཆད་དོ། །གསུམ་པ་ཆོས་ཉིད་བར་དོ་ནི། ནང་དབུགས་ཆད་ནས་འོད་གསལ་གྱི་སྣང་བ་ཤར་ཏེ་ལྷུན་གྲུབ་ཀྱི་སྣང་བ་ཐིམ་པ་ཚུན་ཆད་དོ། །བཞི་པ་སྲིད་པའི་བར་དོ་ནི། ལྷུན་གྲུབ་ཀྱི་སྣང་བ་ཐིམ་ནས་ཕྱི་མའི་སྐྱེ་སྲིང་གྲུབ་པ་ཚུན་ཆད་དོ། །གསུམ་པ་སོ་སོའི་ལམ་ཁྱེར་ནི། བར་དོ་རེ་ལ་དཔེ་དོན་གཉིས་གཉིས་ཀྱིས་སྟོན་ཏེ། དང་པོ་སྐྱེ་གནས་ཀྱི་བར་དོ་ལ་སྒྲོ་འདོགས་ཆོད་པ་ཐི་བྱ་ཚང་དུ་འཇུག་པ་ལྟ་བུ་ནི། བླ་མ་དམ་པ་ལ་བརྟེན་ནས་དེས་བསྟན་པའི་གདམས་ངག་ལ་ཐོས་བསམ་གྱིས་སྒྲོ་འདོགས་བཅད་དེ་བསྒོམས་པས་གནས་ལུགས་ཀྱི་དོན་ཕྱིན་ཅི་མ་ལོག་པར་ཉམས་མྱོང་རིག་ཐོག་ཏུ་སྤྲོས་པའི་སྒྲོ་འདོགས་ཆོད་ནས་འབྲས་བུ་མངོན་དུ་བྱེད་པའོ། །གཉིས་པ་འཆི་ཁའི་བར་དོ་ལ་གསལ་འདེབས་པ་སྒེག་མོ་མེ་ལོང་ལ་བལྟ་བ་ལྟ་བུ་ནི། སྔར་བསྒོམས་པའི་གདམས་པ་སྐབས་འདིར་བློ་ལ་གསལ་གདབ་པ་སྟེ། འཆི་བ་འོད་གསལ་དང་རྗེས་མཐུན་གྱི་ཐིམ་རིམ་རྣམས་ལ་གདམས་པའི་གནད་བློ་དོར་ [32b] གསལ་བཞིན་དུ་མིག་འོད་སྣང་ལ་བལྟ་ཞིང་རིག་པ་སྟོང་གསལ་གྱི་ངང་དུ་བཞག་པས། ད་ལྟའི་འོད་གསལ་སྐྱེལ་མ་ལྟ་བུ་དང་། བར་དོའི་འོད་གསལ་སུན་མ་ལྟ་བུ་གཉིས། ཚེས་བཅོ་ལྔའི་ཉི་མ་ནུབ་པ་དང་ཟླ་བ་ཤར་བ་དུས་མཉམ་པར་ལྟར། སྔ་ཕྱིའི་འོད་གསལ་མ་བུ་འཕྲོད་ནས་གདོད་མའི་དབྱིངས་སུ་གྲོལ་བའོ། །གསུམ་པ་ཆོས་ཉིད་ཀྱི་བར་དོར་རང་སྣང་ལ་ཡིད་ཆེས་པ་མ་པང་དུ་བུ་འཇུག་པ་ལྟ་བུ་ནི། གདམས་ངག་གི་དོན་ཉམས་འོག་ཏུ་ཆུད་པས་ཆོས་ཉིད་ཀྱི་སྣང་ཆ་ཇི་ལྟར་ཤར་ཡང་འཇིགས་པ་མེད་པར་རང་སྣང་ཡེ་ཤེས་ཀྱི་རོལ་པར་འཆར་བ་རྣམས་ཐིམ་ཚུལ་ལྔའི་སྒོ་ནས་ངོས་ཟིན་པར་བྱ་བ་སྟེ། ཐོག་མར་རྣམ་ཤེས་ནམ་མཁའ་ལ་ཐིམ་པའི་ཚེ་རིག་པའི་འོད་རྩལ་ཞུགས་ནས་སྐད་ཅིག་དང་པོ་ལ་ཀ་དག་གི་སྣང་བ་སྟོན་ཀའི་ནམ་མཁའ་སྤྲིན་དང་བྲལ་བ་ལྟ་བུའི་འོད་གསལ་མཐའ་དབུས་མེད་པར་འཆར། དེ་ནས་ནམ་མཁའ་འོད་གསལ་ལ་ཐིམ་པའི་ཚེ་དེའི་སྣང་བ་འགྱུར་ནས་འོད་ལྔའི་སྣང་བ་དང་སྒྲ་འོད་ཟེར་གསུམ་གྱི་སྣང་བ་ནམ་མཁའ་ཁྱབ་པར་འཆར། དེ་ནས་འོད་གསལ་ཟུང་འཇུག་ལ་ཐིམ་པས་རིགས་ལྔའི་ཚོམ་བུ་རྣམས་བསམ་གཏན་གྱི་ཞག་ལྔར་རིམ་གྱིས་འཆར། དེ་ནས་ཟུང་འཇུག་ཡེ་ཤེས་ལ་ཐིམ་པས་ཡེ་ཤེས་བཞི་སྦྱོར་གྱི་སྣམ་བུ་དང་ཐིག་ལེ་ [33a] རྣམས་འཆར། དེ་ནས་ཡེ་ཤེས་ལྷུན་གྲུབ་ལ་ཐིམ་པའི་དུས་སུ་ཡར་ཀ་དག་ཆོས་སྐུ་དང་། ཐད་ཀར་ལོངས་སྐུ་རིགས་ལྔ། མར་འགྲོ་འདུལ་སྤྲུལ་སྐུ་ལ་སོགས་པའི་ཞིང་ཁམས་འཆར་རོ། །དེའི་ཚེ་སྔར་འདྲིས་ཀྱི་མི་དང་འཕྲད་པ་ལྟར་རང་སྣང་ཡེ་ཤེས་ཀྱི་རོལ་པར་ངོ་ཤེས་པས་གྲོལ་བའོ། །དེའང་ཐིམ་ལུགས་ལྔ་པོ་མཐར་ཆགས་སུ་བགྲོད་པའི་ངེས་པ་མེད་དེ། གང་ཟག་གི་དབང་པོའི་རིམ་པས་རབ་ཉི་ཟླ་ཁ་སྦྱོར་ལྟར་ལུས་བོར་བ་དང་འོད་གསལ་འཆར་བ་དུས་མཉམ་དུ་གྲོལ། འབྲིང་ཟུང་འཇུག་དང་ཡེ་ཤེས་ཀྱི་སྣང་བ་གང་རུང་དུ་གྲོལ། ཐ་མ་ལྷུན་གྲུབ་ཀྱི་སྣང་བར་གྲོལ་ཞིང་། སྣང་བའི་འཆར་ཚུལ་ཀྱང་གང་དུ་གྲོལ་བ་ཡན་ཆད་འཆར་ལ། དེ་མན་ཆད་དབྱིངས་སུ་ཐིམ་པས་མི་འཆར་ཏེ། དེ་དག་གང་དུ་གྲོལ་ཀྱང་སྐད་ཅིག་དང་པོར་རང་སྣང་དུ་ངོ་ཤེས། གཉིས་པར་ཤེས་ཐོག་ཏུ་གནས། གསུམ་པར་གནས་ཐོག་ཏུ་གྲོལ། བཞི་པར་གྲོལ་ཐོག་ནས་སེམས་ཅན་གྱི་ཁམས་རྣམས་སུ་སྤྲུལ་པ་བཀྱེ། ལྔ་པར་ནང་གསལ་བུམ་སྐུར་བཞུགས་སོ། །སྐད་ཅིག་དེ་དག་ཕལ་ཆེར་བྱ་རྫོགས་ཀྱི་སྐད་ཅིག་ཡིན་ཀྱང་མཐའ་གཅིག་ཏུ་མི་ངེས་ཏེ། བསམ་གཏན་གྱི་ཞག་ནི་སྔོན་ཏིང་ངེ་འཛིན་ལ་མཉམ་པར་བཞག་ནས་ཕྱི་མའི་ཀུན་རྟོག་མ་སྐྱེས་པའི་བར་གྱི་གོམས་ཆ་རིང་ཐུང་ཡིན་པའི་ [33b] ཕྱིར་རོ། །བཞི་པ་སྲིད་པ་བར་དོ་ལ་ལས་ཀྱི་འཕྲོ་མཐུད་ལ་ཡུར་བ་རྐང་ཆད་ལ་ཝ་འཛུག་པ་ལྟ་བུ་ནི། འཁྲུལ་སྣང་འཇིགས་སྐྲག་ཇི་ལྟར་ཤར་ཡང་སྔར་གོམས་གདམས་པའི་གནད་ཀྱིས་དག་པའི་སྐྱེ་སྲིད་ཀྱི་ལམ་དུ་འཇུག་པ་སྟེ། དེ་ཡང་ངོ་སྤྲོད་ཀྱི་གནད་ཐོབ་ཀྱང་བསྒོམ་པ་འཕྲོ་ཅན་དུ་ལུས་པ་དང༌། གོམས་ཀྱང་ལྷུན་གྲུབ་ཀྱི་སྣང་བ་ཤར་ཚེ་ཏིང་ངེ་འཛིན་གྱི་རྩལ་ཞན་སྟོབས་ཀྱིས་སྔ་ཕྱིའི་འོད་གསལ་གཉིས་ཤར་ནུབ་དུས་མཉམ་པས། རང་སྣང་ངོས་མ་ཟིན་པར་སྣང་བ་རང་ཡལ་ལ་སོང་སྟེ་རྣམ་སྨིན་ལུས་རྒྱ་དང་བྲལ་སྟོབས་ཀྱིས་འབྱུང་བཞི་ཕྲ་བའི་ལས་རླུང་ལུགས་ལྡོག་ཏུ་ལངས་ནས་བར་དོའི་ཡིད་ལུས་གྲུབ་སྟེ། སྣང་བ་ཐམས་ཅད་བན་བུན། ཟ་ཟི་ཕྱད་ཕྱོད། བྱ་སྤུ་རླུང་གིས་བསྐྱོད་པ་ལྟར་སྣ་ཚོགས་འཆར་ཞིང༌། འབྱུང་བཞིའི་དངོས་པོ་གང་ལའང་ཐོགས་མེད་དུ་འཇུག་ནུས་པའི་ལས་ཀྱི་རྫུ་འཕྲུལ་གྱི་མཐུ་དང་ལྡན་པ། སྔར་མེད་ཀྱི་མངོན་ཤེས་ཕྲ་མོ་འཆར་ཞིང་དབང་པོ་རྣོ་ལ་དྲན་པ་གསལ་བ། རིགས་མཐུན་གྱི་འགྲོ་བ་གཞན་ལྷ་མིག་དག་པས་མཐོང་བ། སྔར་གོམས་བག་ཆགས་ཀྱིས་ཉེ་དུ་འབྲེལ་ཡོད་སོགས་ཀྱི་ཕྱོགས་སུ་ཕྱིན་ཏེ་གཏམ་སྨྲས་ཀྱང་དེ་རྣམས་ཀྱིས་མ་མཐོང་ཞིང་མ་ཐོས་པས་ལན་མེད་པ་ན་རང་ཉིད་ཤི་བར་ཤེས་པའི་ཚེ། སྔར་གྱི་གདམས་པ་རྣམས་དྲན་པས་བར་དོའི་འཁྲུལ་སྣང་དང་འཇིགས་སྐྲག་ [34a] ཐམས་ཅད་རང་ངོ་ཤེས་ནས། དེའང་དབང་པོའི་རིམ་པས་བློ་རབ་རྣམས་བླ་མའི་མོས་གུས་ཀྱི་ལམ་ཁྱེར་དང་གཟུང་འཛིན་གཉིས་བསྡུས་ཀྱི་སྣང་བ་ཐམས་ཅད་བདེན་མེད་སྒྱུ་མ་ལྟར་རྟོགས་པས་གྲོལ་བ་དང༌། བློ་འབྲིང་རྣམས་ཡི་དམ་གྱི་བསྐྱེད་རྫོགས་ཟུང་འཇུག་གི་ཉམས་ལེན་ལ་བརྟེན་ནས་གྲོལ་བ་དང༌། བློ་ཐ་མས་དག་པའི་ཞིང་ཡིད་ལ་བསམས་ནས་མདུན་མཁར་ཆོས་འབྱུང་དམར་པོ་གདེངས་ཀ་གྱེན་བསྟན་གྱི་དབུས་སུ་རང་སེམས་ཨ་ཡིག་དཀར་པོའི་རྣམ་པར་གསལ་བཏབ་ཅིང་སྨོན་ལམ་གྱིས་མཚམས་སྦྱར་ཏེ་ཆོས་འབྱུང་ནམ་མཁར་སྐར་མདའ་འཕངས་པ་ལྟར་དག་ཞིང་དུ་སོང་བར་བསམས་ཏེ་སེམས་སྤྲོས་བྲལ་གྱི་ངང་དུ་བཞག་པས་གྲོལ་བའོ། །དེར་མ་གྲོལ་ན་ཕྱི་མའི་མངལ་སྒོ་ངན་པ་སྤངས་ཏེ་བཟང་པོའི་འཕྲོ་མཐུད་པ་ནི། གང་དུ་སྐྱེ་འགྱུར་གྱི་ཕ་མ་དེ་ཉིད་བླ་མ་ཡི་དམ་དབྱེར་མེད་ཡབ་ཡུམ་གྱི་རྣམ་པར་བསྒོམས་པའི་མའི་མངལ་དུ་པད་ཉི་ཟླ་སྟེང་ཧཱུཾ་ཡིག་དཀར་པོ་ཞིག་བསམ་ལ། དེར་རྣམ་ཤེས་འཇུག་དུས་སྐྱེ་བ་བླང་བའི་རྟེན་འདི་ལ་བསྟན་པ་དང་སེམས་ཅན་གྱི་དོན་རླབས་པོ་ཆེ་བྱེད་ནུས་པར་ཤོག་ཅིག་སྙམ་པའི་འདུན་པ་རྩེ་གཅིག་པས་རང་ཉིད་རྡོ་རྗེ་སེམས་དཔར་བསྒོམས་པ་དེ་ཉིད་མངལ་གྱི་ཧཱུཾ་ལ་ཐིམ་པར་བསམ་ཞིང་སྤྲོས་བྲལ་གྱི་ངང་དུ་བཞག་ [34b] པས། ཕ་མ་དད་པ་ཅན་གྱི་བུར་སྐྱེས་ཏེ་ཆུང་ངུ་ནས་ཆོས་དང་འཕྲད་ཅིང་ཤེས་རབ་དང་བརྩོན་འགྲུས་ལྡན་པ་སྦྱངས་པའི་ལས་འཕྲོ་སད་པས་སྙིང་པོའི་བསྟན་པ་དང་མཇལ་ནས་ལམ་གྱི་འཕྲོ་མཐུད་པས་ཚེ་དེ་ཉིད་དམ་བར་དོར་ངེས་པར་འཚང་རྒྱ་བ་ཡིན་ནོ། ། ༈ སྤྱི་དོན་གསུམ་པ་བརྩོན་འགྲུས་ཐ་མ་རང་བཞིན་སྤྲུལ་སྐུའི་ཞིང་དུ་དབུགས་དབྱུང་སྟེ་འཚང་རྒྱ་བའི་མན་ངག་ལ་གསུམ། རང་བཞིན་གནས་པའི་དུས་སུ་སྦྱོང་བ། བར་དོའི་དུས་སུ་འཕོ་བ། སྤྲུལ་སྐུའི་ཞིང་དུ་གྲོལ་ཚུལ་ལོ། །དང་པོ་ནི། མངོན་སུམ་གྱི་སྣང་བ་ལ་ཉིན་མཚན་གོམས་པར་བྱས་པས་རྨི་ལམ་ངན་པ་ནུབ་ནས་བཟང་པོ་ཤ་སྟག་རྨི་ཞིང་སེམས་བདེ་གསལ་མི་རྟོག་པའི་ཏི་ངེ་འཛིན་ལ་ཡུན་རིང་དུ་གནས་པ་དེས། སྐབས་སྐབས་སུ་ཉིན་དུས་རང་བཞིན་སྤྲུལ་སྐུའི་ཞིང་ཁམས་བསམ་ལ་རིག་པ་འོད་ཀྱི་གོང་བུ་མིག་ནས་འཐོན་ཏེ་གཙོ་བོའི་ཐུགས་ཀར་འཕངས་པར་བྱ་ཞིང༌། མཚན་དུས་ཉལ་ཚེ་ཐོ་སྐོར་ཐམས་ཅད་རང་བཞིན་སྤྲུལ་པའི་ཞིང་དང༌། ལུས་གཞལ་ཡས་ཁང་དང༌། སྙིང་པདྨ་ཉི་ཟླའི་དབུས་ན་རིགས་ལྔའི་སངས་རྒྱས་བཞུགས་པ་ལ་སེམས་གཏད་ནས་མ་ཡེངས་པར་གཉིད་དུ་ཉལ་བས། དག་པའི་ཞིང་ཁམས་རྨི་ལམ་དུ་འབྱོངས་པར་ངེས་སོ། །གཉིས་པ་བར་དོའི་དུས་སུ་འཕོ་བ་ནི། རང་སྣང་བར་དོའི་འོད་གསལ་ནུབ་ [35a] དུས་རང་ཉིད་ཀྱིས་བར་དོ་ངོ་ཤེས་པ་འབྱུང་བས། དེའི་ཚེ་སྔར་གྱི་དམིགས་པ་དེས་འཕོས་པས་སྐྱེ་བའོ། །དེའང་ཆོས་ཉིད་བདེན་པའི་བྱིན་རླབས་དང༌། རིག་འཛིན་བླ་མ་རྣམས་ཀྱི་ཐུགས་རྗེ་ལས་དེ་ལྟར་འབྱུང་བ་ཡིན་ལ། བར་དོའི་ཡིད་ལུས་གང་དུ་བསམ་པར་ཕྱིན་ནུས་པའི་རྫུ་འཕྲུལ་ཡོད་པའི་གནད་ཀྱིས་སོ། །འདིར་ཁ་ཅིག་བེམ་རིག་བྲལ་མ་ཐག་སྐྱེ་བ་དང༌། ཁ་ཅིག་འོད་གསལ་ནུབ་པ་དང་དུས་མཉམ་དུ་སྐྱེ་བ་དང༌། ཁ་ཅིག་སྲིད་པའི་བར་དོ་ལ་འཐོན་ནས་རྨི་ལམ་ལྟར་ཡད་ཡུད་ཞག་བདུན་ལ་སོགས་པར་གནས་པ་ལས། རྨི་ལམ་སད་པའི་ཚུལ་གྱིས་མངོན་དགའ་སོགས་གང་དུ་མོས་པའི་དག་ཞིང་ཁམས་སུ་བརྫུས་ཏེ་སྐྱེ་བར་གསུངས། དེ་དག་ནི་གོམས་ཤུགས་རབ་འབྲིང་ཐ་མའི་དབང་གིས་བྱས་པའོ། །གསུམ་པ་སྤྲུལ་སྐུའི་ཞིང་དུ་གྲོལ་ཚུལ་ནི། དེ་ལྟར་དག་པའི་ཞིང་དུ་སྐྱེ་བ་བླངས་ནས་ཀྱང༌། དེ་བཞིན་གཤེགས་པ་རྣམས་ཀྱི་ཞལ་མཐོང༌། གསུང་ཐོས། དབང་བསྐུར། ལུང་ནོད། དབུགས་དབྱུང༌། ལུང་བསྟན། གཟེངས་བསྟོད་རྣམས་ཐོབ་ནས། ཉོན་མོངས་པའི་འཆིང་བ་ལས་གྲོལ་ཏེ་གདོད་མའི་གཞི་ལ་སྐད་ཅིག་གིས་གྲོལ་བ་ཐོབ། ནང་གསལ་སྐུ་དང་ཡེ་ཤེས་འདུ་འབྲལ་མེད་པའི་དགོངས་པ་དུས་གསུམ་འཕོ་འགྱུར་མེད་པའི་དབྱིངས་ལས་མ་གཡོས་ [35b] བཞིན་དུ། ཕྱོགས་བཅུའི་ཞིང་ཁམས་རྒྱ་མཚོར་ལོངས་སྤྱོད་རྫོགས་པ་དང་སྤྲུལ་པའི་སྐུའི་རྣམ་པར་རོལ་པ་ནི་མཁའ་དབྱིངས་ཀྱི་ཟླ་བ་དྭངས་པའི་ཆུ་སྣོད་ཇི་སྙེད་པར་འཆར་བ་ལྟ་བུ་དང༌། འགྲོ་བའི་དོན་འཁོར་བ་ཇི་སྲིད་པ་དེ་སྲིད་དུ་མཛད་པ་ནི་ཡིད་བཞིན་གྱི་ནོར་བུ་དང་དཔག་བསམ་གྱི་ཤིང་ལྟར་འབད་མེད་ལྷུན་གྲུབ་ཏུ་འབྱུང་ཞིང་རྒྱུན་མི་འཆད་པ་ཉིད་དོ། །ཞར་བྱུང་གདམས་ངག་ལག་ལེན་གྱི་གནང་བསྟན་པ་ལ་གཉིས། སྤྱིའི་རྣམ་པར་བཞག་པ་དང༌། དངོས་ཀྱི་དབྱེ་བསྡུ་བཤད་པའོ། །དང་པོ་ནི། སྤྱིར་རྫོགས་པ་ཆེན་པོའི་ལུགས་འདིའི་གདམས་ངག་གི་འདེབས་ལུགས་གསུམ་དུ་བཞེད་དེ། ཁྲིད་ཀྱི་ལུགས་སུ་གདབ་པ། ངོ་སྤྲོད་ཀྱི་ལུགས་སུ་གདབ་པ། མགྲོན་པོ་ལ་བརྒལ་བ་ཚང་སྤྲུགས་སུ་གདབ་པའོ། །དང་པོ་ནི། ཐུན་མོང་དང་ཐུན་མོང་མ་ཡིན་པའི་སྔོན་འགྲོའི་རིམ་པ་མྱོང་བ་ཐོན་པར་སྔོན་དུ་སོང་ནས། དངོས་གཞི་ངོ་སྤྲོད་དེ། རྗེས་རྒྱབ་ཆོས་ཀྱིས་ཡིད་ཆེས་པར་བྱེད་པའོ། །གཉིས་པ་ནི། ལས་འཕྲོ་སད་པ་ཁ་ཅིག་ལ་སྙེ་མ་མགུལ་པ་ནས་འཆང་བ་ལྟར་དབང་གི་རྗེས་ལ་ངོ་སྤྲད་ནས་ཉམས་སུ་ལེན་པ་སྟེ། དེའང་ཁྲེགས་ཆོད་དང་ཐོད་རྒལ་གྱི་དོན་ཁོ་ན་སྟོན་པར་བྱེད་པའོ། །གསུམ་པ་ནི། དུས་མཐའི་ཚེ་འཆི་ཁའི་མི་དེ་མགྲོན་པོ་ལམ་ཞུགས་ལྟ་བུ། འཆི་བའི་སྡུག་བསྔལ་ལ་ཆེན་པོ་ལྟ་བུ། ལས་སྣང་འཁྲུལ་པའི་ [36a] འཆར་ཚུལ་ངོ་མ་ཤེས་ན་དགྲར་ལྡང་བའི་ཚད་ཡོད་ཅིང༌། ངོ་ཤེས་ན་གྲོགས་སུ་འཆར་བའི་ཚད་ཡོད་པས། དུས་དེར་ངོ་སྤྲོད་ཚད་ལུགས་སུ་འདེབས་པར་གསུངས་སོ། །དེའང་ཕྱི་མ་གཉིས་པོ་ས་བཅད་དང་པོའི་ལོངས་སུ་འདུ་བ་ཡིན་ནོ། །གཉིས་པ་ལག་ལེན་དངོས་ཀྱི་དབྱེ་བསྡུ་བཤད་པ་ནི། རྫོགས་རིམ་ཡོངས་རྫོགས་སྨིན་སློབ་ཏུ་ཁྲིད་པར་འདོད་ན། ཐོག་མར་ཐུན་གྱི་སྔོན་འགྲོ་ནས་བརྩམས་ཐུན་མོང་གི་སྔོན་འགྲོ་སེམས་སྦྱོང་ཚོགས་བསགས་རྣམས་དང་། ཐུན་མོན་སྔོན་འགྲོ་འཁོར་འདས་རུ་ཤན་དབྱེ་བ་ནས་བཟུང་དངོས་གཞི་ཁྲེགས་ཆོད་དང་ཐོད་རྒལ་གྱི་མན་ངག་འདིར་ཇི་སྐད་བསྟན་པའི་རིམ་པ་རྣམས་ཁྲིད་རྐང་རེ་རེ་ནས་རྒྱུད་ལ་མྱོང་བ་མ་སྐྱེས་ཀྱི་བར་དུ་བསྒོམ་རིམ་བཞིན་སྟོན་ཅིང༌། མན་ངག་གི་རྒྱབ་ཆོས་གཞན་ཇི་ལྟར་རིགས་པས་ཀྱང་ཁོག་བཀྲོལ་ཏེ་ཟབ་དོན་སྨར་ཁྲིད་གནད་ཐོག་ཏུ་དྲིལ་ནས་བཅད་པར་བྱའོ། །ཡང་རྫོགས་རིམ་གཞན་གྱིས་རྒྱུད་སྦྱངས་ཟིན་པའི་གང་ཟག་ལམ་འདིའི་དངོས་གཞི་ལ་འཇུག་པར་སྤྲོ་ན། ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོ་ཇི་ལྟར་འོས་པ་ནས་སྒོ་གསུམ་གྱི་སྔོན་འགྲོ་ནས་བརྩམས་ཁྲེགས་ཆོད་དངོས་ལ་འཇུག་པས་ཆོག་ཅིང༌། ཁྲེགས་ཆོད་ལེགས་པར་སྔོན་དུ་མ་སོང་བ་ལ་ཐོད་རྒལ་རྐྱང་པ་ནམ་ཡང་སྟོན་དུ་མི་རུང་ལ། དབང་པོའི་སྒོ་མི་ [36b] གསལ་བ་ལྟ་བུ་ཐོད་རྒལ་གྱི་སྣོད་དུ་མི་རུང་བ་ལའང་ཁྲེགས་ཆོད་ཁོ་ན་ཤིན་ཏུ་སྟོན་པར་རུང་བ་ཡིན་ནོ། །མདོར་ན་གང་ཡང་རིག་འཛིན་བརྒྱུད་པའི་ཕྱག་བཞེས་ཀྱི་དབྱེ་བསྡུའི་གནས་རྣམས་ལ་འདྲིས་པར་བྱའོ། །ཐེག་དགུའི་རྩེ་རྒྱལ་ཟབ་གསང་ཨ་ཏི་ཞེས། །རྒྱལ་ཀུན་བགྲོད་པ་གཅིག་པའི་ལམ་བཟང་མཆོག །གང་དེའི་མན་ངག་རྒྱ་མཚོའི་ཡང་སྙིང་བཅུད། །ཐར་འདོད་ཡིད་ཀྱི་གདུང་སེལ་ཉིད་དུ་མཚོན། །བསོད་ནམས་དྲི་མ་མེད་ལས་འགྲོ་ཀུན་གྱི། །འགྱུར་བཅས་གློ་བུར་འཁྲུལ་པའི་སྒྲིབ་པ་ཀུན། །འོད་གསལ་སྣང་བའི་སྦུབས་སུ་རབ་སངས་ཏེ། གདོད་མའི་གཞི་ལ་འཁོར་བ་དོང་སྤྲུགས་ཤོག །དེ་ལྟར་དཔལ་རྡོ་རྗེ་ཕུར་བུ་བདུད་འཇོམས་གནམ་ལྕགས་སྤུ་གྲིའི་ཁྱད་པར་གྱི་རྫོགས་རིམ་ཡང་གསང་ཨ་ཏིའི་མན་ངག་སྙིང་པོར་དྲིལ་བ་འོད་གསལ་སྣང་བའི་དགའ་སྟོན་ཅེས་བྱ་བ་འདི་ནི། གསང་ཆེན་རྫོགས་པ་ཆེན་པོའི་ལམ་ལས་རྟོགས་པ་ཀློང་དུ་གྱུར་པའི་རྣལ་འབྱོར་པ་འཇིགས་མེད་ཆོས་དབྱིངས་ནོར་བུ་དོན་ཐམས་ཅད་གྲུབ་པའི་སྡེའི་གསུང་གིས་ཡང་དང་ཡང་དུ་བསྐུལ་བ་ལས། རྗེས་སུ་འཇུག་པའི་སྐྱེ་བོ་རྣམས་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་མཐོང་ནས། བག་ཡངས་རང་གྲོལ་སྒྱུ་མའི་རྣལ་འབྱོར་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་སུམ་ཅུ་ [37a] རྩ་གཉིས་པའི་ཐོག་ཏུ་སོན་པ་ན་ཚོད་ལྡན་གྱི་ལོ་དབོ་ཉ་བའི་ཤེས་རབ་ཀྱི་ཆའི་ཌཱ་ཀི་འདུ་བའི་དུས་བཟང་པོ་ལ། སྦས་ཡུལ་མཁན་པ་ལྗོངས་ཀྱི་བསྟི་གནས་རང་བྱུང་ཀུན་ཏུ་བཟང་པོའི་ནགས་ཀླུང་ཉམས་དགའ་བའི་ཚལ་དུ་གྲུབ་པར་བགྱིས་པ་སྟེ། འདིས་ཀྱང་འགྲོ་བ་ཐམས་ཅད་ཟབ་ལམ་གྱི་སྣོད་དུ་གྱུར་ཏེ་ཀུན་བཟང་རྡོ་རྗེ་གཞོན་ནུའི་རྒྱལ་ཐབས་མཆོག་ལ་མྱུར་དུ་དབུགས་ཆེན་འབྱིན་པའི་རྒྱུར་གྱུར་ཅིག །སརྦ་མངྒ་ལཾ།། །།