རྟ་མགྲིན་ཡང་ཁྲོས་ནག་པོའི་བསྙེན་ཡིག་མདོར་བསྡུས་གྲུབ་པའི་བཅུད་ལེན།

From Dudjom Wiki
DJYD-KABUM-12-NA-009
Wylie title rta mgrin yang khros nag po'i bsnyen yig mdor bsdus grub pa'i bcud len DJYD-KABUM-12-NA-009.pdf
Location bdud 'joms rin po che bka' 'bum
Volume 12, Text 9, Pages 223-233 (Folios 1a1 to 6a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rta mgrin yang khros nag po'i bsnyen yig mdor bsdus grub pa'i bcud len. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 12: 223-233. Kalimpong: Dupjung Lama, 1979-1985.
Side notes Recto: bsnyen yig   Verso: bdud 'joms yang khros
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Recitation Manual - bsnyen yig
Cycle ཁྲོ་རྒྱལ་ཁམས་གསུམ་རོལ་པ་རྟ་མགྲིན་ཡང་ཁྲོས་ནག་པོ་ (khro rgyal khams gsum rol pa rta mgrin yang khros nag po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rta mgrin
Colophon

།ཞེས་པའང་སྔགས་སྟོན་ཚེ་དབང་ལྷ་རྒྱལ་སོགས་དོན་གཉེར་ཅན་མང་པོས་སྔ་ཕྱིར་ཡང་དང་ཡང་དུ་བསྐུལ་བ་ལ་བརྟེན་ནས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་ལེན་ཕྱོགས་མཚོན་ཙམ་དུ་བརྗོད་པ་ལས། ཐོག་མའི་ཡི་གེ་པ་ནི་མོན་གྱི་སྔགས་སྟོན་ཀུན་བཟང་དབང་འདུས་སོ། །འདིས་ཀྱང་སྐལ་པ་ཅན་ལ་མཆོག་ཏུ་སྨན་པའི་རྒྱུར་གྱུར་ཅིག །། །མངྒ་ལ་ཛ་ཡནྟུ།།

zhes pa'ang sngags ston tshe dbang lha rgyal sogs don gnyer can mang pos snga phyir yang dang yang du bskul ba la brten nas/___'jigs bral ye shes rdo rjes lag len phyogs mtshon tsam du brjod pa las/___thog ma'i yi ge pa ni mon gyi sngags ston kun bzang dbang 'dus so/___/'dis kyang skal pa can la mchog tu sman pa'i rgyur gyur cig___//___/mang+ga la dza yan+tu//

[edit]
༄༅། །རྟ་མགྲིན་ཡང་ཁྲོས་ནག་པོའི་བསྙེན་ཡིག་མདོར་བསྡུས་གྲུབ་པའི་བཅུད་ལེན་ཞེས་བྱ་བ་བཞུགས་སོ། །


༄༅། །ན་མོ་པདྨ་མ་ཧཱ་ཀྲོ་དྷ་ཡ། རྟ་མགྲིན་ཡང་ཁྲོས་ནག་པོའི་བསྙེན་སྒྲུབ་ཉམས་སུ་ལེན་པ་ལ་སྦྱོར་དངོས་རྗེས་གསུམ་ལས། དང་པོ་སྦྱོར་བ་ཡོ་བྱད་ཀྱི་ཤོམ་ནི། དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་གྱི་སྟེགས་བུའམ་གཏོར་སྒྲོམ་ནང་དུ་འཛོམ་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜལ་ལ་མེ་ཏོག་སྔོན་པོའི་ཚོམ་བུ་དབུས་སུ་གཙོ་བོ་གཅིག །ཕྱོགས་བཞིར་ཁྲོ་བོ་བཞི། དེ་རྒྱབ་སྒོ་མ་བཞི་བཅས་གཙོ་འཁོར་ཕྱེད་པར་བཀོད་པའི་ཁར་འཕྲུལ་སྟེགས་སྟེང་ཨེ་ཁྲོམ་ལ་བསྙེན་པའི་རྟ་ཕུར་ཡུངས་ཀར་གྱི་ཐུམ་བུ་བཏགས་པ་ལ་ [2a] བྱུག་བདུག་བྲབ་གསུམ་གྱིས་གཟི་བྱིན་བསྐྱེད་པ་བཀོད། མདུན་དུ་མཆོད་གཏོར་དཔལ་བཤོས་མཐེབ་ཀྱུ་ལྷ་གྲངས་ཀྱིས་བསྐོར་བའི་གཡས་སུ་དམ་ཅན་སྤྱིའི་གཏོར་སྤུངས་དང༌། གཡོན་དུ་སྒོས་ཀྱི་བཀའ་སྲུང་གཟའ་བདུད་གཙོ་འཁོར་གྱི་གཏོར་མ། གསུམ་ཀའང་དར་གདུགས་མཐིང་ག་བཅས། དེའི་གཡས་གཡོན་དུ་སྨན་རཀ །མདུན་དུ་ཞི་དྲག་གི་ཆུ་གཉིས་ཉེར་སྤྱོད་ལྔ་ཕྲེང་ཚར་རམ་བསྐོར་བཤམ་བྱ། སྔོན་འགྲོ་དཀར་བགེགས། རྒྱུན་གྱི་གཏོར་འབྱུལ། ཚོགས་བྱེད་དུས་དེའི་ཡོ་བྱད་དང་ཆད་བརྟན། གཞན་ཡང་འདིར་མཁོ་བའི་ཡོ་བྱད་རྣམས་ [2b] ཚོགས་པར་བྱ། སྔོན་འགྲོ་སྣ་སེལ་དུ། སཱཙྪ། བསང་གསུར་ཆུ་གཏོར་སོགས་མགྲོན་བཞི་ལ་མཆོད་སྤྲིན། གསུང་རབ་ཀློག་པ། བཤགས་སྦྱོང་ཚོགས་སྐོང་སོགས་སྤྱི་འགྲེ་ལྟར་གང་འགྲུབ་བྱའོ། །གཉིས་པ་དངོས་གཞི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་ལས། དང་པོ་ནི། ཡར་མར་གྱི་ཚེས་བཅུ་སོགས་དུས་ཚེས་དགེ་བའི་ཕྱི་དྲོའི་ཆར་དབུ་བརྩམས་ཏེ། སྨེ་བརྩེགས་སོགས་ཀྱིས་བསྒྲུབས་པའི་ཁྲུས་ཆབ་ཀྱིས་གནས་ཁང་ཡོ་བྱད་ཐམས་ཅད་ལ་བསང་གཏོར་བྱ། བརྒྱུད་འདེབས་ནས་བརྩམས་ཚོགས་གསོག་གི་བར་སོང་ནས། རང་ཉིད་ལས་ཀྱི་ལྷར་བསྐྱེད་ལ་དཀར་གཏོར་སྤྱི་འགྲེ་དང༌། བགེགས་གཏོར་གཞུང་བཞིན་བཏང་ནས་གུལ་ཡུངས་དྲག་སྔགས་ཀྱིས་བགེགས་བསྐྲད། སྒོ་དྲུང་དུ་ཐོ་རྒྱལ་ཆེན་བཞིའི་སྐུའམ་རང་སྔགས་བྲིས་པ་བཙུགས་པ་ལ་སྤྱི་ལྟར་བསྐྱེད་བསྟིམ་གཏོར་འབུལ་ཕྲིན་བཅོལ་བརྟན་བཞུགས་བྱས་ལ། དེ་ནས་བཟུང་འགྲུལ་མཚམས་བཅད། ནང་དུ་ཞུགས་ནས་སྲུང་འཁོར་གྱི་དམིགས་པ་ནན་ཏན་བྱ། དེ་ནས་བྱིན་འབེབས་སོགས་ནས་བརྩམས་ལས་བྱང་དཀྱུས་ལྟར་ལ། ལྷ་བསྐྱེད་སྐབས་བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་གསལ་བཏབ། སྤྱན་ [3a] འདྲེན་ནས་བསྟོད་པའི་བར་གཞུང་བཞིན་སོང་ནས། བཟླས་པའི་འགོར་ཕྲེང་བ་བྱིན་རླབས་སྤྱི་ལྟར་བྱས་ལ། ཛཔྲ་བསྐུལ་སྔོན་དུ་འགྲོ་བས་བསྙེན་པའི་དམིགས་གནད་བཅས་རྩ་སྔགས་འབྲུ་བཅུ་པ་ཉིད་གཙོ་བོར་བཟླ་ཞིང༌། ཐུན་གྱི་མཇུག་ཏུ་ཉེ་བསྙེན་སྡེ་བརྒྱད་སྲོག་འདྲེན་གྱི་དམིགས་གནད་བཅས་བཟླས་པ་སྔ་མའི་བཅུ་ཆ་ཙམ་བཟླ། མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་རེ་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ་སྟོང་ཚིགས་ཀྱི་མཆོད་བསྟོད་ཕུལ། དགུང་ཐུན་འདིའི་མཇུག་ཏུ་བཀའ་སྲུང་སྤྱི་དང་བྱེ་བྲག་གཟའ་བདུད་ཀྱི་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བྱ། ཉིན་དང་པོ་འདིར་ཚོགས་མཆོད་ངེས་པར་དགོས་པས་གཞུང་བཞིན་ཚོགས་མཆོད་རྒྱས་པར་བྱས་ལ། ལྷག་མ་སྒྲུབ་པ་མ་གྲོལ་བར་དངོས་གྲུབ་ཀྱི་གཏའ་མར་བཙོན་དུ་འཛིན་དགོས་པ་ཡིན་ཀྱང་ཡུལ་དུས་ཀྱི་དབང་གིས་སྟབས་མི་འགྲིགས་ན་ཕྱི་རོལ་དུ་འབུལ་བ་ལས་འོས་མེད་ཅིང༌། འོན་ཀྱང་དམིགས་པས་དངོས་གྲུབ་བསྲུང་བ་ལ་ཕྲིན་བཅོལ་ནན་ཏན་བྱ། སྲུང་མའི་གཏོར་སྐྱོང་སྤྱི་ལྟར་དང༌། འདིར་བསྐུལ་དང་ཆད་བརྟན་སོགས་རྒྱུན་དུ་མ་འགྲུབ་ཀྱང་ཆད་པའི་སྐྱོན་དུ་མི་འགྱུར། ཚོགས་ [3b] མགྲོན་ལ་གཏང་རག་གི་མཆོད་བསྟོད་དང་ནོངས་པ་བཤགས་ལ་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བར་གཞུང་བཞིན་ནོ། །དེ་ནས་སྲོད་ཐུན་ལ། ཚིག་བདུན་གསོལ་འདེབས་མཐར། པདྨ་ཧེ་རུ་ཀ་ཡི་དགོངས་པ་ཡིས༔ སོགས་ཚིག་རྐང་ལྔ་དང༌། དམར་ནག་གྲུ་གསུམ་དབང་གི་གཞལ་ཡས་ན༔ སོགས་ཚིག་རྐང་ལྔའི་མཐར། སྐྱབས་སེམས་ཚོགས་བསགས་སྲུང་འཁོར་གསལ་འདེབས་བྱིན་འབེབས་མཆོད་བརླབ་བར་དང༌། འདིའི་སྨན་རཀ་གཏོར་གསུམ་རྣམས་སྔགས་ཙམ་བརྗོད་པས་འཐུས། ལྷ་བསྐྱེད་ནས་ཕྱག་འཚལ་བར་དང༌། དེ་ནས་མཆོད་པ། སྣོད་བཅུད་འཛིན་པ་སེམས་ཀྱི་ཆོས༔ སོགས་ནས་བསྟོད་པ་བཟླས་པ་བཅས་སྔར་བཞིན། སྟོང་ཚིགས་ཀྱི་རྗེས་སུ་བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་བྱས་ལ་ཉལ་བའི་རྣལ་འབྱོར་ལ་འཇུག །ཕྱིར་ཉིན་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་པ། ཐུན་གྱི་གཅོད་ཚུལ་སྲོད་ཐུན་དང་འདྲ། དེ་ནས་སྔ་ཐུན་ཕྱི་ཐུན་གཉིས་ཀྱང་སྔར་ལྟར་ལས། མཆོད་ཕྲེང་རྒྱས་པ་མི་དགོས། ཡར་མར་གྱི་ཚེས་བཅུ་དང་ཉ་སྟོང་སོགས་ལ་ཚོགས་མཆོད་པ། ཚུལ་དེ་ལྟ་བུས་བསྙེན་པ་དང་ཉེ་བ་བསྙེན་གྱི་རིམ་པ་གྲུབ་ནས། གཉིས་པ་ [4a] སྒྲུབ་པ་ལ། དེའང་འདོན་བྱ་དང་ཐུན་གྱི་གཅོད་ཚུལ་སོགས་སྔར་ལྟར་ལས། བསྙེན་པའི་བཟླས་པ་གཉིས་པོ་ཁྱུག་ཙམ་རེ་སྔོན་དུ་འགྲོ་བས། ཡང་ཁྲོས་གསང་བའི་དཀྱིལ་འཁོར་ནས༔ སོགས་ཀྱི་དམིགས་གནད་དང་སྦྱར་ཏེ་སྲོག་སྔགས་སརྦ་ཛྙཱ་ན་ཀྲོ་དྷ་ཅན་གཙོ་བོར་བཟླ་ཞིང༌། གཞན་གསུམ་པོའང་ཆ་བགོས་ཏེ་བཟླས་མཐར་སྟོང་ཚིགས་ཀྱི་མཆོད་བསྟོད་ནས་བསྡུ་ལྡང་སོགས་སྔར་དང་འདྲ། ཚུལ་དེ་ལྟ་བུས་སྒྲུབ་པ་ཐེམས་ནས། གསུམ་པ་ལས་སྦྱོར་ནི། གཞུང་སྲོང་ལུགས་སྔ་མ་བཞིན་ལ། བསྙེན་སྒྲུབ་ཀྱི་བཟླས་པ་གཉིས་པོ་ཁྱུག་ཙམ་རེའི་མཐར། རང་ཉིད་དྲག་པོའི་སྐུར་བསྒོམ་པའི༔ སོགས་ལས་སྦྱོར་གྱི་དམིགས་པ་དང་བཅས་རྩ་སྔགས་ཤམ་ཅན་ཉིད་གཙོ་བོར་བཟླ། སྤྱིར་བཏང་དུ་ལས་སྔགས་འདི་ཁོ་ནས་དོན་འགྲུབ་ལ། རྒྱས་པར་སྤྲོ་ན་རྩ་སྒྲུབ་ལྟར་ལས་སྔགས་གཞན་རིང་ཐུང་གཉིས་པོ་གཞུང་གསལ་ལྟར་བཟླ། མཐར་སྟོང་ཚིགས་སོགས་སྔར་ལྟར་རོ། །སྤྱིར་བསྙེན་སྒྲུབ་ཀྱི་སྐབས་འདིར་མཚན་མའི་བསྙེན་པ་ནི་རྟགས་ཀྱི་རིམ་པ་ཁོ་ན་དང་སྦྱར་བ་ལས་གྲངས་མི་གཙོ་ལ། གྲངས་ཀྱི་བསྙེན་པ་ནི་འབུམ་ཕྲག་བཅུ་ནས་དེའི་བཞི་འགྱུར་སོགས་སྔགས་ཀྱི་ [4b] ནུས་པ་ཐོབ་ཀྱི་བར་དང༌། དུས་ཀྱི་བསྙེན་པ་ནི་ཟླ་བ་དྲུག་གམ་གསུམ་མམ་གཅིག་གིས་མཐའ་བརྟེན་པ་སྟེ། ལས་རུང་གི་བསྙེན་འབྲེལ་ཟླ་བ་གཅིག་ལ་མཚོན་ན། བདུན་དང་པོ་ལ་བསྙེན་པའི་དམིགས་པ་དང་པོ་གཉིས་དང་སྦྱར་ཏེ་རྩ་སྔགས་ཁོ་ན་བཟླ། བདུན་གཉིས་པ་ལ་བསྙེན་བཟླས་གཉིས་ཀྱིས་འགོ་ཅུང་ཟད་དྲངས་པའི་སྒྲུབ་པའི་དམིགས་པ་བཞི་པོ་ཆ་སྙོམས་པར་བཟླ། བདུན་གསུམ་པ་ལ་བསྙེན་སྒྲུབ་ཅུང་ཟད་ཀྱིས་འགོ་དྲངས་པའི་གཞུང་གསལ་ལས་སྦྱོར་གྱི་དམིགས་གནད་དང་བཅས་ལས་སྔགས་ཤམ་བུ་ཅན་བཟླ། བདུན་བཞི་པར་བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ཅུང་ཟད་ཀྱིས་འགོ་དྲངས་པའི་རྩ་སྒྲུབ་རྒྱུན་གྱི་ཉམས་ལེན་ལྟར་ལས་སྦྱོར་གྱི་དམིགས་གནད་ཁྱད་པར་བཅས་ཐུན་རེ་ལ་ཆ་གསུམ་དུ་བགོས་ཏེ་སྔགས་ཚན་གསུམ་པོ་རིམ་བཞིན་བཟླའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་བསྙེན་སྒྲུབ་ལས་གསུམ་ཟིན་ནས་གྲུབ་འབྲས་དངོས་གྲུབ་བླང་བ་སྟེ། མཆོད་པ་དང་གཏོར་མ་སོགས་ཁ་གསོ་ཞིང༌། དཀྱིལ་འཁོར་མདུན་དུ་དཀར་མངར་ཛ་གད་ཀྱིས་སྦྲུས་པའི་འབྲང་རྒྱས་རིལ་བུས་བསྐོར་བ་དང༌། ཐོད་ཆང་བཅས་འགོད། གཞན་ཡང་ཚོགས་མཆོད་སོགས་བཟང་དུ་བཤམ། བསྙེན་སྒྲུབ་ལས་ [5a] གསུམ་གྲུབ་པའི་ཐོར་ཐུན་ནམ་སྔ་དྲོ་ནས་དབུ་བཙུགས་ལ། ཆོ་གའི་གཞུང་སྲོང་ཚུལ་སྔ་མ་ལྟར་ལས། མདུན་གྱི་སྒྲུབ་ཕུར་སྐུ་རྟེན་གཏོར་མ་བཅས་རང་དང་ཞལ་སྤྲོད་ཚུལ་གྱིས་ལྷར་བསྒོམ། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ཁྱུག་ཙམ་རེའི་མཐར་དངོས་གྲུབ་བསྡུ་བའི་དམིགས་པ་བདག་མདུན་གྱི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་སྤྲོ་བསྡུའི་སྦྱོར་བས་དབང་བྱིན་དངོས་གྲུབ་འོད་ཟེར་རྣམ་པར་རང་ལ་ཐིམ་པས་གྲུབ་པ་གཉིས་ལ་མངའ་དབང་འབྱོར། རྫས་ལ་ཐིམ་པས་བཅུད་ལེན་བདུད་རྩིའི་མཆོག་ཏུ་གྱུར་པར་བསམ་ཞིང༌། རྩ་སྔགས་ཤམ་དུ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧཱུྃཿ སརྦ་སིདྷི་ཧྲཱིཿ ཞེས་བཏགས་པ་ལ་བཟླས་པའི་དངོས་གཞི་བྱ། སང་སྔ་ཐུན་ཚོགས་གཏོར་གསར་པ་རྒྱ་ཆེར་བཤམ། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་སྔར་བཞིན་དངོས་གྲུབ་བསྡུ་བའི་བཟླས་པ་ཅི་ནུས་མཐར། སྲུང་མའི་གཏོར་ཆོག་དང་ཚོགས་ཐ་མའི་བར་བཏང་རྗེས་མདུན་རྟེན་ལྷར་གསལ་བ་ལ་མཆོད་ཅིང་བསྟོད། ཡིག་བརྒྱ་མང་དུ་བཟླས་པས་འཁོན་གཅུགས་བཤགས་ནས་བྱིན་འབེབས་བྱ། མདུན་བསྐྱེད་ཀྱི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་ [5b] དངོས་གྲུབ་ཐམས་ཅད་འོད་ཟེར་དང་འབྲུ་གསུམ་དཀར་དམར་མཐིང་གའི་རྣམ་པ་ཆར་བབ་པ་ལྟར་འཕྲོས་ནས་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ཞིང༌། ཧཱུྃ༔ ཡང་ཁྲོས་གསང་བའི་དཀྱིལ་འཁོར་ནས༔ སོགས་ཀྱིས་དངོས་གྲུབ་བསྐུལ་ལ། སྒྲུབ་ཕུར་དང་གཏོར་མ་སོགས་གནས་གསུམ་དུ་འཇོག་ཅིང༌། ལྷ་འོད་དུ་ཞུ་བའི་དམ་རྫས་ལ་ལོངས་སྤྱད། ཚོགས་ལ་རོལ་ཞིང་ལྷག་ཆོག་ནས་ཤིས་བརྗོད་ཀྱི་བར་གཞུང་བཞིན་མཐར་དབྱུང༌། ཁ་སྐོང་དུ་མཚམས་ཀྱི་ཁོངས་དེར་ཞི་བའི་སྦྱིན་སྲེག་བསྙེན་པའི་བཅུ་ཆའི་གྲངས་ལོངས་གྲུབ་ན་མཆོག་ཡིན་ཅིང༌། དེ་མིན་སྔགས་ཀྱིས་ཁ་བསྐང་བས་ཀྱང་འཐུས། དེ་ནས་ཐོ་གྲོལ་ཞིང་གནས་བསྲུང་བ་སོགས་ཀྱིས་གྲུབ་བོ། །དེ་ལྟར་སྨོས་པ་ནི་བསྙེན་སྒྲུབ་སྤྱིའི་ལག་ལེན་ལ་གོམས་ཤིང་འདྲིས་པ་ཞིག་གི་དབང་དུ་བྱས་ཏེ། འདིར་ཁྱད་པར་གྱི་སྒོས་ཆོས་བྱེ་བྲག་པ་རྣམས་མདོ་ཙམ་བརྗོད་པ་ཡིན་ནོ། །ཞེས་པའང་སྔགས་སྟོན་ཚེ་དབང་ལྷ་རྒྱལ་སོགས་དོན་གཉེར་ཅན་མང་པོས་སྔ་ཕྱིར་ཡང་དང་ཡང་དུ་བསྐུལ་བ་ལ་བརྟེན་ནས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལག་ལེན་ཕྱོགས་མཚོན་ཙམ་དུ་བརྗོད་ [6a] པ་ལས། ཐོག་མའི་ཡི་གེ་པ་ནི་མོན་གྱི་སྔགས་སྟོན་ཀུན་བཟང་དབང་འདུས་སོ། །འདིས་ཀྱང་སྐལ་པ་ཅན་ལ་མཆོག་ཏུ་སྨན་པའི་རྒྱུར་གྱུར་ཅིག །། །མངྒ་ལ་ཛ་ཡནྟུ།། །།