ནང་སྒྲུབ་ཌཱ་ཀི་བདུད་འདུལ་སེང་གདོང་མ་བསྙེན་ཐབས་ཀྱི་ཡི་གེ་ཟབ་དོན་བཅུད་འདུས།

From Dudjom Wiki
DJYD-KABUM-12-NA-018
Wylie title nang sgrub DA ki bdud 'dul seng gdong ma bsnyen thabs kyi yi ge zab don bcud 'dus DJYD-KABUM-12-NA-018.pdf
Location bdud 'joms rin po che bka' 'bum
Volume 12, Text 18, Pages 411-437 (Folios 1a1 to 9a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Nang sgrub DA ki bdud 'dul seng gdong ma bsnyen thabs kyi yi ge zab don bcud 'dus. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 12: 411-437. Kalimpong: Dupjung Lama, 1979-1985.
Side notes Recto: bsnyen yig   Verso: bdud 'joms seng gdong
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Recitation Manual - bsnyen yig
Cycle ཐུགས་སྒྲུབ་ཡེ་ཤེས་ཉི་མ་ (thugs sgrub ye shes nyi ma)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity seng gdong ma
Colophon

།ཅེས་པའང་ལམ་འདིར་མོས་པའི་བློ་ཅན་དུ་མས་རིང་མོ་ཉིད་ནས་ཡང་ཡང་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། རྩ་བའི་མན་ངག་འཇུག་བདེའི་ལག་ལེན་དུ་དྲིལ་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་མོན་གྱི་སྔགས་སྟོན་ཀུན་བཟང་དབང་འདུས་ཀྱིས་བགྱིས་པའོ། །འདིས་ཀྱང་སྐལ་པ་ཅན་ལ་འདོད་པའི་དངོས་གྲུབ་འགྲུབ་པའི་ཆ་རྐྱེན་དུ་གྱུར་ཅིག །མངྒ་ལ་ཛ་ཡནྟུ།།

ces pa'ang lam 'dir mos pa'i blo can du mas ring mo nyid nas yang yang bskul ba don yod par bya ba'i phyir/___rtsa ba'i man ngag 'jug bde'i lag len du dril te 'jigs bral ye shes rdo rjes sbyar ba las/___thog ma'i yi ge pa ni mon gyi sngags ston kun bzang dbang 'dus kyis bgyis pa'o/___/'dis kyang skal pa can la 'dod pa'i dngos grub 'grub pa'i cha rkyen du gyur cig___/mang+ga la dza yan+tu//

[edit]
༄༅། །ནང་སྒྲུབ་ཌཱ་ཀི་བདུད་འདུལ་སེང་གདོང་མ་བསྙེན་ཐབས་ཀྱི་ཡི་གེ་ཟབ་དོན་བཅུད་འདུས་ཞེས་བྱ་བ་བཞུགས་སོ། །


༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་སིངྷ་མུ་ཁ་ཡེ། མ་ལུས་རིགས་བརྒྱའི་ཁྱབ་བདག་ཐོད་ཕྲེང་རྩལ། །བླ་མ་བདུད་འདུལ་མཁའ་འགྲོ་དབྱེར་མེད་ལ། །གུས་པས་བཏུད་ནས་གང་དེ་བསྙེན་པའི་ཚུལ། །མན་ངག་དགོངས་དོན་མདོ་ཙམ་འདིར་གསལ་བྱ། །དེའང་ཟབ་གསང་མཁའ་འགྲོའི་སྙིང་ཐིག་གི་ཆོས་སྡེ་རྩ་བ་གསུམ་གྱི་ནང་ཚན་མཁའ་འགྲོའི་སྒྲུབ་སྐོར་ལའང་ཕྱི་ནང་གསང་བ་ཡང་གསང་བཞིར་བཞུགས་པ་ལས། འདིར་ནང་སྒྲུབ་བདུད་འདུལ་དྲག་མོ་སེང་གདོང་མའི་སྒྲུབ་ཐབས་ཉིད་ཉམས་སུ་ལེན་ཚུལ་སྙིང་པོར་དྲིལ་ཏེ་བརྗོད་པ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། རྡོ་རྗེ་སློབ་དཔོན་མཚན་ [2a] ཉིད་དང་ལྡན་པ་ལས་དབང་བསྐུར་ཟབ་མོ་ཐོབ་ཅིང་སྤྱི་དང་ཁྱད་པར་གྱི་དམ་ཚིག་ལ་གནས་པའི་སྒྲུབ་པ་པོས་འདི་ཉིད་སྒྲུབ་པ་ལ་འཇུག་པར་འདོད་པས། དབེན་ཅིང་ཡིད་དང་མཐུན་པའི་གནས་སུ། དཀྱིལ་འཁོར་དང་སྒྲུབ་རྫས། ཚོགས་གཏོར་གྱི་ཡོ་བྱད། འཚོ་བའི་ཆ་རྐྱེན། སྒྲུབ་གཡོག་སྨན་པ་སོགས་འདིར་མཁོ་བའི་རིགས་རྣམས་སྔ་ཚགས་སུ་ཚུད་པར་བྱས་ལ། སྒྲུབ་པ་དངོས་གཞིར་འཇུག་ལ་ཉེ་བའི་སྔ་གོང་དུ། སྔོན་འགྲོ་སྣ་སེལ་ཕྱིར་སཙྪ་གདབ་པ། མགྲོན་ལ་མཆོད་སྦྱིན། གསུང་རབ་ཀློག་པ། བཤགས་སྦྱོང་ཚོགས་སྐོང་སོགས་སྤྱི་འགྲེ་ལྟར་གང་འགྲུབ་བྱ། དེ་ནས་དུས་ཀྱི་ཁྱད་པར་སྐབས་དང་སྦྱར་ཏེ་ཐོག་མར་ཕྱི་མཚམས་བཅད་ [2b] ལ། སྔོན་འགྲོ་སྐྱབས་སེམས་བཟུང་བླ་མའི་རྣལ་འབྱོར་བར་ཁ་གསོ་གང་འགྲུབ་བྱ། སྒྲུབ་པ་དངོས་གཞི་ཟླ་བ་གང་ཡང་རུང་བའི་མར་ངོའི་ཚེས་བཅུ་ལ་འགྲིགས་ན་མཆོག་དང༌། དེ་མིན་དུས་ཚེས་བཟང་པོའི་ཉིན་མོའི་ཕྱི་དྲོའི་ཆར་སྨེ་བརྩེགས་སོགས་ཀྱིས་བསྒྲུབ་པའི་ཁྲུས་ཆུས་སྒྲུབ་ཁང་ཡོ་བྱད་ཐམས་ཅད་བསང་གཏོར་བྱ། བརྒྱུད་འདེབས་ནས་བརྩམས་ཚོགས་གསོག་གི་བར་སོང་ནས། རང་ཉིད་ལས་ཀྱི་ཁྲོ་མོར་བསྐྱེད་ལ་དཀར་གཏོར་སྤྱི་འགྲེ་བཏང༌། བགེགས་གཏོར་གཞུང་བཞིན་བཏང་ལ་གུལ་ཡུངས་དྲག་སྔགས་ཀྱིས་བགེགས་བསྐྲད། སྒོ་དྲུང་དུ་ཤིང་བྱང་ལ་སྒོ་མ་བཞིའི་སྐུའམ་མ་བྷྱོ་ཛཿཧྲཱིཾཿབྲིས་པ་བཙུགས། མདུན་དུ་མཆོད་གཏོར་བཤམ་པ་རཾ་ཡཾ་ཁཾ་གིས་བསང་སྦྱང༌། ཨོཾ་ཨཱཿཧཱུྃ་ལན་གསུམ་གྱིས་བྱིན་བརླབ། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་ཡེ་ཤེས་སྒོ་མ་རྣམ་བཞི་འཁོར་མཁའ་འགྲོ་འབུམ་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས་རྟེན་ལ་བསྟིམ། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་དང༌། མ་བྷྱོ་ཛཿཧྲཱིཾཿས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་བདུན་ནམ་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ ལས་བཞི་སྒྲུབ་མཛད་སྒོ་མ་བཞི༔ མཁའ་འགྲོ་མ་ཚོགས་འབུམ་སྡེར་བཅས༔ འདིར་གཤེགས་བརྟན་ [3a] བཞུགས་ཕྲིན་ལས་མཛོད༔ གནོད་བྱེད་དགྲ་བགེགས་མཚམས་ཆོད་ལ༔ ཕྱི་ནང་གསང་བའི་བར་ཆད་སྲུངས༔ དངོས་གྲུབ་སྒྲུབ་པའི་སྲུང་མ་མཛོད༔ མི་འདའ་རྡོ་རྗེའི་དམ་ཚིག་དགོངས༔ དམ་ལས་མ་འདའ་ས་མ་ཡ༔ ཞེས་ཕྲིན་ལས་བཅོལ་ཞིང་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། འདི་ནས་བཟུང་འགྲུལ་མཚམས་བཅད་ཅིང༌། ཆས་ཀའི་གཏོང་ལེན་ཀྱང་སྤང༌། མི་ལེན་ཀ་མེད་ཀྱི་ཡོ་བྱད་ལ་བགེགས་བསྐྲད་བསང་གཏོར་ནན་ཏན་བྱ། ནང་དུ་ཞུགས་ནས་སྲུང་འཁོར་གྱི་དམིགས་པ་ནན་ཏན་བྱས་རྗེས། ཐོག་མར་སྒྲུབ་རྟེན་བཅའ་བ་ལ། དམ་ཚིགགི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་གྱི་སྟེགས་བུའམ་གཏོར་སྒྲོམ་གྱི་ནང་དུ་འཛོམ་ན་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ། མ་འཛོམ་ན་མཎྜ་ལ་མེ་ཏོག་སྔོ་ལྗང་གི་ཚོམ་བུ་དབུས་སུ་གཙོ་བོར་གཅིག །ཕྱོགས་བཞིར་སེང་གདོང་རིག་བཞི། དེ་རྒྱབ་ལས་བྱེད་ཌཱ་ཀི་བརྒྱད། དེ་རྒྱབ་སྒོ་མ་བཞི་བཅས་གཙོ་འཁོར་ཕྱེད་པར་བཀོད་པའི་ཁར་འཕྲུལ་སྟེགས་ལ་ཐོད་པ་དུམ་གཅིག་མཚན་ཉིད་དང་ལྡན་པའི་ནང་དུ་མཚལ་གྱིས་ཆོས་འབྱུང་བསྣོལ་མ། དེའི་ལྟེ་བར་པད་འདབ་བཞི། དེ་རྒྱབ་པད་འདབ་བརྒྱད། དེའི་ཕྱིར་ཐོད་སྐམ་རྟ་སོ་རིས་ཀྱིས་ཟླུམ་སྐོར་དུ་བྱས་པའི་དབུས་ཀྱི་ལྟེ་བར་ཧཱུྃ། [3b] འདབ་མ་བཞི་ལ་ཧ་རི་ནི་ས། དེ་རྒྱབ་འདབ་མ་བརྒྱད་ཀྱི་ཕྱོགས་བཞིར་མ་བྷྱོ་ཛཿཧྲཱིཿ མཚམས་བཞིར་མ་བཞི། ཆོས་འབྱུང་གི་ཕྱི་དང་ཐོད་རའི་ནང་གི་ཕྱོགས་བཞིར་ཛཿཧཱུྃ་བཾ་ཧོཿ ཞེས་བྲི། འདིའི་རས་བྲིས་ཀྱི་དཀྱིལ་འཁོར་འབྲི་བར་འདོད་ནའང་འདི་དང་འདྲ་བ་ལས། ཐོད་ར་ཟླུམ་སྐོར་གྱི་ཕྱི་རོལ་དུ་ཆོས་འབྱུང་བསྣོལ་མ། དེའི་ཕྱི་རོལ་པདྨའི་ཕྲེང་བ་སོ་གཉིས། དེའི་ཕྱིར་རྡོ་ར། དེའི་ཕྱིར་མི་རི་གཡོན་སྐོར་དུ་འབར་བ་ཙམ་འབྲི་བ་ཁྱད་པར་རོ། །ཐོད་པའི་ནང་དུ་ལྔ་ཚན་ལྔ། ཤིང་ཏོག་ཟས་སྣ་བྱིན་རྟེན་གྱི་རིགས། ཁྱད་པར་རྩ་བའི་བླ་མའི་དབུ་ལོ་ཕྱག་སེན་ན་བཟའ་སོགས་དངོས་གྲུབ་ཀྱི་རྟེན་དང་བཅས་པས་བཀང་ལ་ཁ་དར་དམར་གྱིས་བཀབ། དེ་སྟེང་མཁའ་འགྲོའི་བྲིས་སྐུ་ཚོན་གང་བའམ་སོར་བཞི་པ་མཚན་ཉིད་ཚང་བའི་རྒྱབ་ཏུ་སྔགས་བྱང་ཅན་དང་དེའི་རྒྱབ་ངོས་སུ་རྨ་བྱའི་མདོངས་བཙུགས་པ་བཅས་བཤམ། མཁའ་འགྲོའི་སྲོག་རྟེན་སྒྲུབ་ཕུར་ཆེན་མོ་ཡོད་ན་དེའི་རྒྱབ་ངོས་ནས་ཞལ་མདུན་བསྟན་དུ་བཙུགས། དེའི་མདུན་རྒྱབ་གང་བདེར་གཏོར་སྣོད་གཙང་མ་ལ་གཏོར་རྫས་སྤོད་སྨན་སྣ་ཚོགས་སྦྱར་བའི་མཁའ་འགྲོའི་རྟེན་གཏོར་ཆོས་འབྱུང་བསྣོལ་མའི་ལྟེ་བར་རྟེན་གཏོར་དམར་པོ་གྲུ་གསུམ་ཕུར་རྩེ་གྱེན་ལངས་ལྟ་བུ་ལོགས་གསུམ་ལ་མཐེབ་ཀྱུ་ [4a] གྲུ་གསུམ་པ་རེ། ཆོས་འབྱུང་སྟེང་དུ་དམར་གཏོར་རང་འདྲབཞི། ཆོས་འབྱུང་རྩ་བར་ཕྱོགས་མཚམས་སུ་དམར་གཏོར་བརྒྱད། དེའི་ཕྱི་རོལ་དུ་བཞི་བཅས་བཀོད་པ་ལ་སྨུག་རྩིས་བྱུགས་ཤིང་རྒྱན་སྤྲོས་དར་གདུགས་ཀྱིས་སྤྲས་པ་བཀོད། དེའི་གཡས་གཡོན་དུ་ཆོས་སྐྱོང་སྤྱི་དང་བཀའ་སྲུང་གཏེར་སྲུང་གི་གཏོར་མ་དང་སྨན་རཀ །མདུན་དུ་ཞི་དྲག་གི་ཉེར་སྤྱོད་བཅས་བཀོད་མཛེས་སུ་བལྟར་རོ། །གཉིས་པ་དངོས་གཞི་ལ་བསྙེན་སྒྲུབ་ལས་སྦྱོར་གསུམ་གྱི། དང་པོ་བསྙེན་པ་ནི། རང་ཉིད་དཀྱིལ་འཁོར་ལ་ཕྱོགས་པས་གདན་ནང་ཚངས་ཅན་གྱི་འོག་ཏུ་འབྲུ་དཀར་གྱིས་གཡུང་དྲུང་བྲིས་པའི་ཁར་འཁོད། མདུན་དུ་རྡོར་དྲིལ་ཌཱ་མ་རུ་མེ་ཏོག་གི་སྣོད་སོགས་བཀོད། འདིར་ཐུན་གྱི་ཐོག་མ་དགུང་ཐུན་འདི་ནས་རྩོམ་པ་སྟེ། གཞུང་གི་བརྡ་སྒོ་དབྱེ་ཕྱག་ནས་བརྩམས་ལས་བྱང་དཀྱུས་ལྟར་ལ། ལྷ་བསྐྱེད་སྐབས་བདག་མདུན་དབྱེར་མེད་སྣང་སྲིད་གཞིར་བཞེངས་ཀྱི་དཀྱིལ་འཁོར་དུ་གསལ་གདབ། སྤྱན་འདྲེན་ནས་བསྟོད་བཤགས་ཀྱི་བར་གཞུང་བཞིན་སོང་ནས། བཟླས་པའི་འགོར་ཐོད་པའམ་རཀྴ་བོ་དྷི་ཙེ་གང་རུང་གི་ཕྲེང་བ་གཞན་གྱིས་ལོངས་མ་སྤྱད་པ་ཉིད་བསང་སྦྱང་བྱས་ལ་སྤྱི་ལྟར་བྱིན་གྱིས་བརླབ། བསྙེན་པའི་ [4b] བཟླས་དམིགས་གཞུང་བཞིན་གསལ་བཏབ་ནས་ཌཱ་ཀི་སེདྷ་མུ་ཁ་དང་འབྲུ་བཅུ་བཞི་པ་སྦྲེལ་ནས་བཟླ། བསྙེན་པའི་སྐབས་སུ་འདི་ཁོ་ནར་བརྩོན་པ་ལས་སྒྲུབ་པ་དང་ལས་སྦྱོར་གྱི་དམིགས་བཟླས་མི་དགོས། ཐུན་གྱི་མཇུག་ཏུ་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ལན་གསུམ་རེ་བཟླས་པས་སྔགས་ཀྱི་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ། བདུད་འདུལ་དྲག་མོའི་ལྷ་ཚོགས་གཤེགས། །ཕྱི་ནང་གསང་བའི་མཆོད་པ་འབུལ། །སྐུ་གསུང་ཐུགས་ཡོན་ཕྲིན་ལས་བསྟོད། །བག་མེད་འགལ་འཁྲུལ་ཉམས་ཆག་བཤགས། །ཐུགས་རྗེས་བརྩེར་དགོངས་དངོས་གྲུབ་རྩོལ། །ཞེས་སྟོང་ཚིགས་ཀྱི་མཆོད་བསྟོད་བྱ། དགུང་ཐུན་འདིའི་མཇུག་ཏུ་བཀའ་སྲུང་སྤྱི་དང་བྱེ་བྲག་སྔགས་སྲུང་མ་དང་གནོད་སྦྱིན་ཤན་དམར་གྱི་གཏོར་འབུལ་རྒྱས་བསྡུས་གང་འགྲུབ་བྱ། ཉིན་དང་པོ་འདིར་ཚོགས་མཆོད་ངེས་པར་དགོས་པས་གཞུང་བཞིན་ཚོགས་མཆོད་རྒྱས་པར་བཏང་ལ། ལྷག་མ་སྒྲུབ་པ་མ་གྲོལ་བར་དངོས་གྲུབ་ཀྱི་གཏར་འཛིན་དགོས་པ་ཡིན་ཀྱང་ཡུལ་དུས་དབང་གིས་སྟབས་མི་འགྲིགས་ན་ཕྱི་རོལ་དུ་འབུལ་བ་ལས་འོས་མེད་ཅིང༌། འོན་ཀྱང་དམིགས་པས་དངོས་གྲུབ་བསྲུང་བ་ལ་ཕྲིན་བཅོལ་ནན་ཏན་བྱ། སྲུང་མའི་གཏོར་སྐྱོང་ [5a] སྤྱི་ལྟར་དང༌། འདིར་བསྐུལ་ཆད་བརྟན་བྲོ་བརྡུང་དངོས་གྲུབ་བསྐུལ་བ་རྣམས་རྒྱུན་དུ་མི་དགོས་པས་ཚོགས་མགྲོན་ལ་གཏང་རག་མཆོད་བསྟོད་ནོངས་བཤགས་ངང་བརྟན་བཞུགས་སྤྱི་ལྟར་བྱས་ལ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་ཀྱི་བར་གཞུང་བཞིན་མཐར་དབྱུང༌། དེ་ནས་སྲོད་ཐུན་ལ། ཚིག་བདུན་གསོལ་འདེབས་མཐར། རྡོ་རྗེ་ཕག་མོའི་ཐུགས་ཀྱི་དགོངས་པ་ཡིས༔ སོགས་ཚིགས་རྐང་ལྔ་དང༌། དུར་ཁྲོད་རྔམས་བརྗིད་རོལ་པའི་གཞལ་ཡས་ན༔ ཏི་ར་གན་རྐྱལ་བརྫིས་པའི་གདན་སྟེང་དུ༔ ཡུམ་ཆེན་ཁྲོ་མོ་བདུད་འདུལ་སེང་གདོང་མ༔ མ་མོ་མཁའ་འགྲོ་ལྷ་ཚོགས་འཁོར་གྱིས་བསྐོར༔ བདུད་འདུལ་དྲག་མོའི་ལྷ་ཚོགས་ལ་གསོལ་བ་འདེབས༔ ཞེས་ཚིགས་རྐང་ལྔའི་མཐར། སྐྱབས་སེམས་ཚོགས་བསགས་སྲུང་འཁོར་གསལ་འདེབས་ནས་མཆོད་བརླབ་བར་དཀྱུས་ལྟར་ལ། སྨན་རཀ་གཏོར་གསུམ་སྔགས་ཙམ་གྱིས་འཐུས། ལྷ་བསྐྱེད་ནས་བཟླས་པའི་སྔར་བཞིན་དང༌། སྟོང་ཚིགས་ཀྱི་རྗེས་སུ་སྲུང་འཁོར་མི་བསྡུ་བར་སྦྲ་ཕུབ་པ་ལྟར་བཞག་ནས། བདག་བསྐྱེད་བསྡུ་ལྡང་བསྔོ་སྔོན་ཤིས་བརྗོད་བཅས་བྱས་ལ་ཉལ་བའི་རྣལ་འབྱོར་ལ་འཇུག ། [5b] ཕྱི་ཉིན་ཐོ་རངས་ལྡང་བའི་རྣལ་འབྱོར་གྱིས་ལངས་ལ། ཐུན་གྱི་གཅོད་ཚུལ་སྔར་སྲོད་ཐུན་དང་འདྲ། དེ་ནས་སྔ་ཐུན་དང་ཕྱི་ཐུན་གཉིས་ཀྱང་སྔར་དང་འདྲ་བ་ལས། ཡར་མར་གྱི་ཚེས་བཅུ་དང་ཉ་སྟོང་སོགས་ལ་ཚོགས་མཆོད་བྱ། སྤྱིར་ཐུན་གྱི་ཚང་དང་ངོས་འཛིན་ཚུལ་ཡང༌། ཐོ་རངས་ནས་ནམ་ལངས་ཡན་ལ་ཐོར་ཐུན། ཉི་ཤར་ནས་ཉིན་གུང་བར་ལ་སྔ་ཐུན། གུང་ཡོལ་ནས་ཉི་མ་ནུབ་ཁའི་བར་དགོང་ཐུན། ཉི་ནུབ་ནས་སྲོད་པོ་ཆེ་ཡན་སྲོད་ཐུན་དུ་འཇོག་པ་ཡིན། ཉི་མ་འཆར་ནུབ་གཉིས་ཀྱི་སྒང་དང༌། ཉིན་མཚན་གུང་གཉིས་ཀྱི་ལྟེ་བར་བསམ་གཏན་འཇིག་པའི་དུས་བཞི་ཞེས་ཐུན་མཚམས་སུ་ཁེལ་བར་བྱ་དགོས་པ་བཅས་ངེས་པར་བྱས་ནས། བསྙེན་སྒྲུབ་ཀྱི་གཞུང་སྲོང་ཚུལ་ཡང་མཚན་མའི་བསྙེན་པ་ནི་རྟགས་ཀྱི་རིམ་པ་ཁོ་ན་དང་སྦྱར་བ་ལས་གྲངས་མི་གཙོ་ལ། གྲངས་ཀྱི་བསྙེན་པ་ནི་འབྲུ་འབུམ་ནས་དེའི་བཞི་འགྱུར་སོགས་སྔགས་ཀྱི་ནུས་པ་ཐོབ་ཀྱི་བར་དུ་དང༌། དུས་ཀྱི་བསྙེན་པ་ནི་ལོ་གཅིག་གམ་ཟླ་བ་དྲུག་གམ་གསུམ་གྱིས་མཐའ་བརྟེན་པ་སྟེ། ལས་རུང་གི་བསྙེན་འབྲེལ་ཙམ་ལ་ཟླ་བ་གཅིག་ཏུའང་རུང་ངོ༌། །གཉིས་པ་སྒྲུབ་པ་ནི། །དེའང་འདོན་བྱ་དང་ཐུན་གྱི་གཅོད་ཚུལ་སོགས་སྔ་མ་ལྟར་ལས། [6a] བསྙེན་པའི་བཟླས་པ་ཁྱུག་ཙམ་སྔོན་དུ་འགྲོ་བས། སྒྲུབ་པའི་དམིགས་གནད་དང་སྦྱར་ཏེ་སྒྲུབ་སྔགས་གཙོ་བོར་བཟླ་ཞིང༌། མཐར་སྟོང་ཚིགས་ཀྱི་མཆོད་མཆོད་བསྟོད་བསྡུ་ལྡང་སོགས་སྔར་དང་འདྲ། ཚུལ་དེ་ལྟ་བུས་སྒྲུབ་སྔགས་འབུམ་ཕྲག་བཞིས་མཐའ་བརྟེན་པ་གྲུབ་ནས། གསུམ་པ་ལས་སྦྱོར་ནི། གཞུང་སྲོང་ལུགས་སྔར་བཞིན་ལ་བསྙེན་སྒྲུབ་ཀྱི་བཟླས་པ་གཉིས་པོ་ཁྱུག་ཙམ་རེ་སོང་ནས། ཐུན་རེ་ཆ་གཉིས་སུ་ཕྱེ་བའི་ཆ་དང་པོ་ལ་སྲུང་བའི་དམིགས་གནད་དང་དབྱར་ཏེ་སྲུང་སྔགས་ཤམ་བུ་ཅན་བཟླ། ཆ་གཉིས་པ་ལ་བཟློག་པའི་དམིགས་གནད་དང་བཅས་པ་ལས་སྔགས་བྷྱོ་ཟློག་ཤམ་ཅན་ཉིད་ཅི་འགྲུབ་བཟླས་མཐར་ཐལ་རྡེབ་དམིགས་གནད་བཅས་བདེན་བརྗོད་མོད་མོ་ཐལ་རྡེབ་ལན་གསུམ་རེ་བྱས་ལ་མི་དམིགས་པར་བཞག །སྤྲོ་ན། ནམ་མཁའ་མེད་པར་གྱུར་ན་ཡང༌། སོགས་ནས། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས། །ཕ་རོལ་བྱད་མའི་གཡུལ་ངོ་ལས། །དེང་ནས་རྟག་ཏུ་རྒྱལ་གྱུར་ཅིག །ཛ་ཡ་ཛ་ཡ་སུ་ཛཡ། ཞེས་བདེན་པའི་སྟོབས་བརྗོད། ལས་སྦྱོར་འདི་ཉིད་བསྙེན་པའི་བཅུ་ཆ་ཙམ་དུ་བཟླ་བ་སྤྱིར་བཏང་ཡིན་ལ་དམིགས་བསལ་གང་དགོས་སྐབས་དང་བསྟུན་ནོ། །འདི་ [6b] ཉིད་ལས་རུང་གི་བསྙེན་འབྲེལ་ཟླ་བ་གཅིག་ལ་མཚོན་ན། བདུན་དང་པོ་གཉིས་ལ་བསྙེན་པའི་དམིགས་པ་དང་སྦྱར་ཏེ་རྩ་སྔགས་ཁོ་ན་བཟླ། ཆ་ཕྱི་མར་བཟློག་པའི་དམིགས་གནད་དང་བཅས་ཟློས་སྔགས་གཙོ་བོར་བཟླས་མཐར་ཐལ་རྡེབ་བྱ་བ་བཅས་ཁྱད་པར་རོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་བསྙེན་སྒྲུབ་ལས་གསུམ་ཟིན་ནས་སྒྲུབ་འབྲས་དངོས་གྲུབ་བླང་བར་བྱ་བ་སྟེ། སྒྲུབ་པ་སང་ཐེམས་པའི་དེ་རིང་ནས་མཆོད་པ་དང་གཏོར་མ་སོགས་ཁ་གསོ་ཞིང༌། དཀྱིལ་འཁོར་གྱི་མདུན་དུ་ཕྱེ་གཙང་དཀར་མངར་ཛ་གད་ཀྱིས་སྦྲུས་པའི་འབྲང་རྒྱས་རིན་ཆེན་འབར་བ་རིལ་བུས་བསྐོར་བ་དང༌། མངར་གསུམ་སྦྱར་བའི་ཐོད་ཚང༌། གཞན་ཡང་ཟས་སྣ་བཟའ་བཅའ་བཏུང་བའི་རིགས་དང་ཚོགས་ཀྱི་མཆོད་པ་སོགས་ཅི་འབྱོར་པ་བཟང་དུ་བཤམ། བསྙེན་སྒྲུབ་ལས་གསུམ་གྲུབ་པའི་ [7a] ཐོར་ཐུན་ནམ་སྔ་དྲོ་ནས་དབུ་བཙུགས་ལ། ཆོ་གའི་གཞུང་བསྲང་ཚུལ་སྔ་མ་ལྟར་ལས། མདུན་གྱི་སྒྲུབ་ཐོད་སྐུ་རྟེན་གཏོར་མ་བཅས་རང་དང་ཞལ་སྤྲོད་ཚུལ་གྱིས་ལྷར་བསྒོམ། བསྙེན་སྒྲུབ་ལས་གསུམ་གྱི་བཟླས་པ་ཁྱུག་ཙམ་རེའི་མཐར། དངོས་གྲུབ་བསྡུ་བའི་དམིགས་པ་ནི། བདག་མདུན་གྱི་གནས་གསུམ་དུ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་སྤྲོ་བསྡུའི་སྦྱོར་བས་དབང་བྱིན་དངོས་གྲུབ་འོད་ཟེར་གྱི་རྣམ་པར་རང་ལ་ཐིམ་པས་གྲུབ་པ་གཉིས་ལ་མངའ་དབང་འབྱོར། རྫས་ལ་ཐིམ་པས་བཅུད་ལེན་བདུད་རྩིའི་མཆོག་ཏུ་གྱུར་པར་བསམ་ཞིང༌། རྩ་སྔགས་ཤམ་དུ། ཀཱ་ཡ་སིདྡྷི་ཨོཾ། ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་ཧྲཱིཿ སརྦ་སིདྡྷི་ཧྲཱིཿ ཞེས་བཏགས་པ་ལས་བཟླས་པའི་དངོས་གཞི་བྱ། སང་སྔ་ཐུན་ལ་ཚོགས་གཏོར་གསར་པ་རྒྱ་ཆེར་བཤམ། ཕྲིན་ལས་ཀྱི་གཞུང་བསྲང་སྟེ་སྔར་བཞིན་དངོས་གྲུབ་བསྡུ་བའི་བཟླས་པ་ཅི་ནུས་མཐར། སྲུང་མའི་གཏོར་ཆོག་དང་ཚོགས་ཐ་མའི་བར་བཏང་རྗེས་མདུན་རྟེན་ལྷར་གསལ་བ་ལ་མཆོད་ཅིང་བསྟོད། ཡིག་བརྒྱ་མང་དུ་བཟླས་པས་འཁོན་གཅུགས་བཤགས་ནས་བྱིན་འབེབས་བྱ། མདུན་བསྐྱེད་ཀྱི་གནས་གསུམ་ནས་སྐུ་ [7b] གསུང་ཐུགས་ཀྱི་དངོས་གྲུབ་ཐམས་ཅད་འོད་ཟེར་དང་འབྲུ་གསུམ་དཀར་དམར་མཐིང་གའི་རྣམ་པ་ཆར་བབས་པ་ལྟར་འཕྲོས་ནས་རང་གི་གནས་གསུམ་དུ་ཐིམ་པས་སྐུ་གསུང་ཐུགས་ཀྱི་དབང་དང་བྱིན་རླབས་དངོས་གྲུབ་མ་ལུས་པ་ཐོབ་པར་བསམ་ཞིང༌། ཧོཿ སྐུ་གསུམ་ཡེ་ཤེས་མཁའ་འགྲོ་མའི༔ སོགས་ཀྱིས་དངོས་གྲུབ་བསྐུལ་ལ་སྒྲུབ་ཐོད་སྐུ་རྟེན་གཏོར་མ་སོགས་གནས་གསུམ་དུ་འཇོག་ཅིང༌། ལྷ་འོད་དུ་ཞུ་བའི་དམ་རྫས་རྣམས་ལ་ལོངས་སྤྱད། ཚོགས་ལ་རོལ་ཞིང་ལྷག་མ་ཕྱི་རོལ་དུ་བཏང༌། སྲུང་མའི་གཏོར་འབུལ་དང་ཆད་བརྟན་བྲོ་བརྡུང་ནས་ཤིས་བརྗོད་ཀྱི་བར་གཞུང་གི་འགྲོས་སྔར་བཞིན་མཐར་དབྱུང༌། མཚམས་ཀྱི་ཁོངས་དེར་ཁ་སྐོང་ཞི་བའི་སྦྱིན་སྲེག་བསྙེན་པའི་བཅུ་ཆའི་གྲངས་ལོངས་གྲུབ་ན་མཆོག་ཡིན་ཅིང༌། དེ་ཉིད་རྒྱས་པ་ལག་ཏུ་མི་ལོན་པས། འདིར་སྤྲོས་མེད་འཇུག་བདེའི་མེ་མཆོང་བྱ་བར་འདོད་ན། མདུན་དུ་ཞི་བའི་ཐབས་སྟེགས་ཟླུམ་པོར་མེ་ཏོག་དཀར་པོའི་ཚོམ་བུ་གཅིག་བཀོད། དེར་བལ་དཀར་སོགས་ཞི་བའི་ཤིང་གིས་ཐབ་ཁུང་ཟླུམ་པོར་བརྩིགས་ལ་མེ་ཚང་བཅའ། འོ་མ་ཅན་གྱི་ཡམ་ཤིང་སོར་བཞི་པ། མར་ཁུ། ཏིལ་དཀར། ཡུངས་དཀར་སོགས་འབྲུ་སྣ་དང་མེ་ཏོག་དཀར་པོའི་རིགས་རྣམས་འདུ་བྱས་ལ། [8a] རཾ་ཡཾ་ཁཾ་གིས་བསང་སྦྱང༌། རྫས་རྣམས་འབྲུ་གསུམ་ཞུ་བ་ལས་བྱུང་བའི་ཟག་མེད་ཀྱི་བདུད་རྩིར་གྱུར་པར་བསམ་ལ། ཨོཾ་ཨཱཿཧཱུཾ་ལན་བདུན་གྱིས་བྱིན་བརླབ། མེ་ཐབ་ཨ་མྲྀ་ཏས་བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་མདུན་དུ་ཧཱུྃ་ལས་ཞི་བའི་ཐབ་ཁུང་ཟླུམ་པོ་དཀར་པོ་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པར་གསལ་གདབ། ཨགྣེ་ཛྭ་ལ་རཾ་གྱིས་མེ་དུ་བ་མེད་པར་འབར་བ་ཐབ་ཏུ་བཞག་ནས། མེའི་དབུས་སུ་མཁའ་འགྲོ་བདུད་འདུལ་དྲག་མོ་རང་རྩལ་སྤྲུལ་པའི་འཁོར་ཚོགས་དང་བཅས་པ་སྐད་ཅིག་གིས་སད་པར་མོས། གཙོ་འཁོར་ཐམས་ཅད་ཀྱི་བ་སྤུའི་ཁུང་བུ་ནས་འོད་ཟེར་དཀར་པོ་ཟླ་བའི་བདུད་རྩི་ལྟ་བུ་མཁའ་ཁྱབ་ཏུ་སྤྲོ་བ་དང་བསྡུ་བའི་སྒོ་ནས་ཞི་བའི་ལས་རབ་འབྱམས་བསྒྲུབ་པར་བསམ་ལ། ཨོཾ་ཀརྨ་ཌཱ་ཀི་ནཱི་སིདྷ་མུ་ཁ་ཧཱུྃ་ཕཊ༔ ཛྭ་ལ་རཾ་སརྦ་ཀརྨ་ཀུ་རུ་ཧོཿ ཞེས་བཏགས་པ་ཁོ་ནས་བརྒྱ་སྟོང་སོགས་འབུལ་ཞིང༌། མཚམས་སུ། རྣལ་འབྱོར་པ་བདག་གི་ནད་གདོན་སྡིག་སྒྲིབ་སྔགས་ཀྱི་ལྷག་ཆད་ལ་སོགས་པ་མི་མཐུན་པའི་ཉེས་པ་ཐམས་ཅད་ཤཱིནྟཾ་ཀུ་རུ་སྭཱ་ཧཱ། ཞེས་སྤེལ། མཐར་རླུང་ནང་དུ་འཇུག་པ་དང་ལྷན་ཅིག་མེ་ལྷ་རང་གི་སྙིང་གར་བསྡུ། ཚུལ་དེ་ལྟ་བུས་བསྙེན་པའི་བཅུ་ཆའི་གྲངས་ལོངས་སུ་བསགས་ [8b] དགོས་པས་ཉིན་གྲངས་ཇི་ཙམ་འགོར་བ་དེ་སྲིད་ཆོ་གའི་གཞུང་སྔར་ལྟར་བསྲང་ནས་གྲངས་རྫོགས་ངེས་པར་བྱ། དེ་ལྟར་ཁ་སྐོང་སྦྱིན་སྲེག་འགྲུབ་ན་སྔགས་ཀྱི་ནུས་པ་སྐྱེ་བ་དང་ལས་གང་བརྩམས་འགྲུབ་པ་སོགས་ཡོན་ཏན་མཐའ་ཡས་ལ། གལ་སྲིད་མ་གྲུབ་ན་སྔགས་ཁོ་ནས་ཁ་བསྐང་ནའང་རུང་སྟེ། འབུམ་ལ་ཁྲི། ཁྲི་ལ་སྟོང༌། སྟོང་ལ་བརྒྱས་མཚོན་ཏེ་འབད་པར་བྱ། མཐར་ཐོ་འགྲོལ་བ་ལ་གཏང་རག་གི་མཆོད་བསྟོད་དང་འབྲེལ་ལྷ་རྟེན་ལ་བསྟིམ་པའམ་གཤེགས་སུ་གསོལ། མཚམས་གྲོལ་ཉིན་ཡར་ངོའི་ཚེས་གྲངས་ལེགས་པ་དང་སྟབས་བསྟུན་ཏེ་གཞན་དང་གདོང་འཕྲད་ཅིང་ཞག་ཤས་ཕྱི་རོལ་དུ་མི་འགྲོ་བར་གནས་བསྲུང་སོགས་ཀྱིས་མཐའ་རྒྱས་པར་བྱའོ། །དེ་ལྟར་འདིར་སྨོས་པ་ནི་ཁྱད་པར་གྱི་སྒོས་ཆོས་གསལ་བར་མཚོན་པ་ཙམ་སྟེ། ཞིབ་པར་ནི་བསྙེན་སྒྲུབ་ཀྱི་མན་ངག་སྤྱི་ལ་གོམས་ཤིང་འདྲིས་པར་བྱ་བ་ཁོ་ནའོ། །དེ་ལྟར་བདུད་འདུལ་དྲག་མོ་བསྙེན་པའི་ཚུལ། །རྩ་བའི་དགོངས་དོན་ཕྱོགས་ཙམ་གསལ་བྱས་པ། །འདིས་ཀྱང་མོས་ལྡན་འགའ་ལ་སྨན་གྱུར་སྟེ། །གདམས་པའི་བཀའ་སྲོལ་མི་ནུབ་བཙས་གྱུར་ཅིག །ཅེས་པའང་ལམ་འདིར་མོས་པའི་བློ་ཅན་དུ་མས་རིང་མོ་ཉིད་ནས་ཡང་ཡང་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར། [9a] རྩ་བའི་མན་ངག་འཇུག་བདེའི་ལག་ལེན་དུ་དྲིལ་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྦྱར་བ་ལས། ཐོག་མའི་ཡི་གེ་པ་ནི་མོན་གྱི་སྔགས་སྟོན་ཀུན་བཟང་དབང་འདུས་ཀྱིས་བགྱིས་པའོ། །འདིས་ཀྱང་སྐལ་པ་ཅན་ལ་འདོད་པའི་དངོས་གྲུབ་འགྲུབ་པའི་ཆ་རྐྱེན་དུ་གྱུར་ཅིག །མངྒ་ལ་ཛ་ཡནྟུ།། །།