རྡོ་རྗེ་རྣལ་འབྱོར་མ་གཅིག་ཁྲོས་མ་ནག་མོའི་བསྙེན་པའི་ཉམས་ལེན་གསལ་བྱེད་དངོས་གྲུབ་ཀྱི་ཟ་མ་ཏོག།

From Dudjom Wiki
DJYD-KABUM-12-NA-020
Wylie title rdo rje rnal 'byor ma gcig khros ma nag mo'i bsnyen pa'i nyams len gsal byed dngos grub kyi za ma tog DJYD-KABUM-12-NA-020.pdf
Location bdud 'joms rin po che bka' 'bum
Volume 12, Text 20, Pages 475-509 (Folios 1a1 to 18a4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rdo rje rnal 'byor ma gcig khros ma nag mo'i bsnyen pa'i nyams len gsal byed dngos grub kyi za ma tog. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 12: 475-509. Kalimpong: Dupjung Lama, 1979-1985.
Side notes Recto: bsnyen yig   Verso: bdud 'joms khros ma
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Recitation Manual - bsnyen yig
Cycle བདུད་འཇོམས་ཁྲོས་མ་ (bdud 'joms khros ma)
Parent Cycle ཆོས་ཉིད་ནམ་མཁའི་ཀློང་མཛོད་ (chos nyid nam mkha'i klong mdzod)
Deity khros ma nag mo
Colophon

།དེ་ལྟར་རྡོ་རྗེ་རྣལ་འབྱོར་མ་གཅིག་ཁྲོས་མ་ནག་མོའི་བསྙེན་པའི་ཉམས་ལེན་གསལ་བྱེད་དངོས་གྲུབ་ཀྱི་ཟ་མ་ཏོག་ཅེས་བྱ་བ་འདི་ནི། རིང་མོ་ཉིད་ནས་ལམ་འདིར་ལས་འཕྲོ་སད་པའི་སྐལ་པ་བཟང་པོར་སྨིན་པ་མི་རྗེ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་ཞལ་སྔ་ནས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་ངེས་པས་ཅིས་ཀྱང་གྲུབ་པར་གྱིས་ཤིག་ཅེས་དང་བའི་གསུང་གིས་རྗེས་སུ་བསྐུལ་བར་མཛད་པ་ལས། ལུང་ཟིན་གྱི་ཆོས་བདག་སྤྲུལ་པའི་སྐུ་པདྨ་ལུང་རྟོགས་རྒྱ་མཚོས་མཛད་པའི་བསྙེན་ཡིག་ཉིད་གཞིར་བཞག་ཅིང༌། སྐབས་སུ་བབས་པའི་གསལ་བྱེད་ཇི་ལྟར་འོས་པས་ཀྱང་བརྒྱན་ཏེ་འཇུག་བདེ་སྙིང་པོར་དྲིལ་བའི་ཚུལ་དུ། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་ཕྲག་བཞིའི་མཐར་ཐུག་པ་ཆུ་མོ་ལུག་གི་ལོ་དབྱུག་ཟླའི་ཡར་ངོའི་ཚེས་བརྒྱད་ལ་བསམ་གྲུབ་ཕོ་བྲང་བདེ་བ་ཆེན་པོའི་དགའ་ཚལ་དུ་སྦྱར་བ་སྟེ། འདིས་ཀྱང་ཟབ་མོའི་ལམ་གྱི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། འགྲོ་བ་ཐམས་ཅད་རྗེ་བཙུན་རྡོ་རྗེ་ཁྲོས་མ་ནག་མོའི་གོ་འཕང་མཆོག་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།།

/de ltar rdo rje rnal 'byor ma gcig khros ma nag mo'i bsnyen pa'i nyams len gsal byed dngos grub kyi za ma tog ces bya ba 'di ni/___ring mo nyid nas lam 'dir las 'phro sad pa'i skal pa bzang por smin pa mi rje tshe dbang rig 'dzin rnam par rgyal ba'i sde'i zhal snga nas gdul bya'i skye bo rnams la phan pa chen po'i sgor 'gyur bar nges pas cis kyang grub par gyis shig ces dang ba'i gsung gis rjes su bskul bar mdzad pa las/___lung zin gyi chos bdag sprul pa'i sku pad+ma lung rtogs rgya mtshos mdzad pa'i bsnyen yig nyid gzhir bzhag cing /___skabs su babs pa'i gsal byed ji ltar 'os pas kyang brgyan te 'jug bde snying por dril ba'i tshul du/___rig 'dzin gyi myu gu 'jigs bral ye shes rdo rjes rang lo bcu phrag bzhi'i mthar thug pa chu mo lug gi lo dbyug zla'i yar ngo'i tshes brgyad la bsam grub pho brang bde ba chen po'i dga' tshal du sbyar ba ste/___'dis kyang zab mo'i lam gyi phrin las phyogs dus kun tu dar zhing rgyas la yun ring du gnas pa dang /___'gro ba thams cad rje btsun rdo rje khros ma nag mo'i go 'phang mchog la myur du reg pa'i rgyur gyur cig/___//sarba dA mang+ga laM//

[edit]
༄༅། །རྡོ་རྗེ་རྣལ་འབྱོར་མ་གཅིག་ཁྲོས་མ་ནག་མོའི་བསྙེན་པའི་ཉམས་ལེན་གསལ་བྱེད་དངོས་གྲུབ་ཀྱི་ཟ་མ་ཏོག་ཅེས་བྱ་བ་བཞུགས་སོ། །


༄༅། །ན་མོ་གུ་རུ་ཛྙཱ་ན་ཌཱ་ཀི་ནཱི་ཀྲོ་དྷི་ཀ་ལི་ཡེ། སྨྲ་བསམ་བརྗོད་བྲལ་སྟོང་ཉིད་དབྱིངས་ཀྱི་ཡུམ། །རྣམ་བཅས་བདེ་ཆེན་ལང་ཚོས་རྗེས་ཆགས་པར། །རྣལ་འབྱོར་མ་དཔལ་རྡོ་རྗེ་ཁྲོས་མའི་ཞབས། །ལྷན་སྐྱེས་ངོ་བོར་རྟོགས་པའི་ཕྱག་གིས་བསྙེན། །འཁོར་ལོའི་གཙོ་མོ་གང་གི་རྣལ་འབྱོར་ལ། །བསྟེན་ནས་མཆོག་ཐུན་དངོས་གྲུབ་སྒྲུབ་པའི་ཐབས། །རྣམ་གསལ་འཇུག་བདེའི་ངག་གིས་འདིར་འདོམས་ན། །སྐལ་བར་ལྡན་རྣམས་སྤྲོ་བས་དང་ལེན་བྱོས། །དེ་ལ་འདིར་དགོངས་གཏེར་ནམ་མཁའ་མཛོད་ཀྱི་ཆོས་སྡེའི་ཡ་གྱལ་མ་གཅིག་ཁྲོས་མ་ནག་མོའི་སྒྲུབ་ཐབས་མཁའ་འགྲོའི་ [2a] སྲོག་ཐིག་ཤིན་ཏུ་ཟབ་ཅིང་ཁྱད་པར་འཕགས་པ་འདི་ཉིད་ཀྱི་བསྙེན་སྒྲུབ་ལས་གསུམ་སྟན་ཐོག་གཅིག་ཏུ་ཉམས་སུ་ལེན་པའི་ཚུལ་འདུས་གསལ་སྙིང་པོར་དྲིལ་ཏེ་འཆད་པ་ལ་གཉིས། །བསྙེན་ཐབས་ཀྱི་ལག་ལེན་དངོས་བཤད་པ་དང༌། གལ་ཆེ་བའི་སྤྱི་དོན་འཕྲོས་སུ་གདམས་པའོ། །དང་པོ་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། དང་པོ་ནི། རྟེན་གྱི་གང་ཟག་ཐུན་མོང་དང་ཁྱད་པར་གྱི་སྔོན་འགྲོས་རྒྱུད་ལེགས་པར་སྦྱངས་ཤིང༌། འདི་ཉིད་ཀྱི་དཀྱིལ་འཁོར་དུ་དབང་བསྐུར་བ་ཚུལ་བཞིན་ཐོབ་ནས་དམ་ཚིག་དང་སྡོམ་པ་རྣམ་པར་དག་པ་ལ་གནས་པའི་སྒྲུབ་པ་པོས། གནས་ཀྱི་ཁྱད་པར་དུར་ [2b] ཁྲོད་དང་མཚོ་གླིང་ལ་སོགས་དེབན་ཅིང་འཇིགས་སུ་རུང་བའིགནས་སུ་གསུངས་པ་བག་ཚ་ཆུང་བའི་རྣལ་འབྱོར་པ་ལ་འབྲེལ་ཆེ་མོད། ལས་དང་པོ་པ་དག་ཆོས་མཐུན་གྱི་སྐྱེ་བོ་གནས་ཤིང་དགྲ་རྐུན་དང་གཅན་གཟན་སོགས་ཀྱིས་འཚེ་བ་མེད་པ། ནད་ལ་སོགས་པ་མི་བསྐྱེད་པའི་ཡིད་མཐུན་གྱི་གནས་རབ་དམ་པ་གོང་མའི་ཞབས་ཀྱིས་བཅག་ཅིང་བྱིན་གྱིས་བརླབས་པ་དང༌། མིན་ནའང་རང་གི་བླ་མ་དང་ཆོས་བརྒྱུད་ལ་སེལ་ཞུགས་པ་དག་གིས་སྔར་བསྟེན་པའམ་ད་ལྟ་བསྟེན་བཞིན་པ་མ་ཡིན་པའི་བཀྲ་ཤིས་ཤིང་ཉམས་དགའ་རང་དབང་དུ་གྱུར་པའི་སར། སྒྲུབ་གྲོགས་དམ་ཚིག་དང་སྡོམ་པ་མ་ཉམས་ཤིང་རྒྱུད་འཇམ་བློ་གཙང་བཀོལ་དུ་བཏུབ་པ་ཆོས་དང་མཐུན་པར་སྤྱོད་པ་དང་བཅས་པའམ། ཡང་ན་གཞུང་ལས། སྒྲུབ་གནས་ཤིན་ཏུ་དབེན་པའི་ཚལ༔ གྲོགས་མེད་རྣལ་འབྱོར་གཅིག་པུར་གནས༔ ཞེས་པའི་ཚུལ་གྱིས། མཐུན་རྐྱེན་མཆོད་རྫས། འཚོ་ཆས། སྨན་པ་སོགས་ཉེ་བར་མཁོ་བའི་ཡོ་བྱད་མཚམས་ཁོངས་སུ་ཆུད་དགོངས་པ་ཐམས་ཅད་སྤྱི་དང་མཐུན་པར་འདུ་བྱས་ལ། དུས་ཉི་མ་བྱང་ [3a] བགྲོད་སོགས་དགེ་ཞིང་ཤིས་པའི་ཉིན་མོ་ནས་དབུ་བཟུང་སྟེ། ཐོག་མར་བསྙེན་པ་དངོས་གཞི་མ་ཚུགས་པའི་ཞག་བདུན་ཕྲག་གཉིས་གསུམ་ཙམ་གྱི་གོང་ནས་ཕྱི་མཚམས་བཅད་ལ། དགོངས་ཐུན་དེར་རང་ཉིད་སྐད་ཅིག་གིས་ཡེ་ཤེས་མཁའ་འགྲོར་གསལ་བའི་ང་རྒྱལ་གྱིས་ཞིང་སྐྱོང་གཞི་བདག་ལ་སྤྱི་འགྲེ་བཞིན་གཏོར་མ་བྱིན་གྱིས་བརླབས་པ་ཕུལ་ནས་ཕྲིན་ལས་བཅོལ། བགེགས་རིགས་ལན་ཆགས་ཀྱི་མགྲོན་ལ་གཏོར་མ་བསྔོས་པས་མགུ་ཞིང་ཚིམ་ནས་རང་གནས་སུ་སོང་བར་བསམ། གཞུང་འདི་ཨ་ཏིའི་རྣལ་འབྱོར་བརྟུལ་ཞུགས་ལམ་སློང་གཅོད་ཡུལ་དང་འབྲེལ་བའི་གནད་ཀྱིས་བགེགས་བསྐྲད་མཚམས་གཅོད་ཀྱི་ཚིག་སྒྲོས་ཡེ་མ་གསུངས་པས་ལུགས་གཞན་གྱི་སྤར་བཀབ་གཏན་ནས་མི་བྱ། དེ་ནུབ་བམ་སང་ཐོ་རངས་ནས་བཟུང་དལ་འབྱོར་རྙེད་དཀའ་བསམ་ཞིང་འཆི་བ་མི་རྟག་པས་ཡིད་བསྐུལ་ནས་འཁོར་བ་ལ་ངེས་པར་འབྱུང་བའི་བློ་རྩེ་གཅིག་པས། སྐྱབས་འགྲོ། སེམས་བསྐྱེད། མཎྜལ། སྐུ་གསུམ་བསྒོམ་བཟླས། [3b] བླ་མའི་རྣལ་འབྱོར་རྣམས་གཅོད་ཁྲིད་ལས་འབྱུང་བ་བཞིན་ཐུན་བཞིར་བཅད་ནས་སེམས་རྒྱུད་དང་ཅི་འདྲེས་སུ་བྱེད། གྲོགས་བློ་དང་མཐུན་པ་གཞན་ཡོད་ན། གསུང་སྒྲོགས། བསང་མཆོད། ཆུ་གཏོར། ཉེའུ་འདོན། སྲོག་བསླུ། སཱ་ཙྪ་འདེབས་པ་སོགས་རྒྱབ་དཔུང་གི་དགེ་བ་ཅི་ནུས་བསྒྲུབ་པར་བསྐུལ་བས་རྒྱུད་འབྱོངས་ཤིང་བར་ཆད་མི་འབྱུང་བ་དང་དངོས་གྲུབ་ཀྱི་མཚན་མ་མྱུར་དུ་ཐོབ་པ་སོགས་ཀྱི་དགོས་པ་ཡོད་ཅིང༌། ལོང་ཆུང་ནས་མ་འགྲུབ་ནའང་ཆད་པའི་སྐྱོན་དུ་མི་འགྱུར། དེ་ནས་མར་ངོའི་ཚེས་བཅུ་སོགས་མཁའ་འགྲོ་འདུ་བའི་དུས་ཚེས་བཟང་པོར་འགྲིག་ན་རབ། གང་ལྟར་ཡང་བསྙེན་པ་དངོས་ལ་འཇུག་རྒྱུའི་ཉིན་སྒྲུབ་ཁང་ཕྱག་བདར་གྱིས་གཙང་བར་བྱས། མདུན་དུ་དམིགས་རྟེན་གྱི་བྲིས་སྐུ་མཚན་ཉིད་དང་ལྡན་པ་བཀྲམ་ཞིང་རྒྱན་དང་མཆོད་པའི་རྣམ་པ་ཅི་འབྱོར་མཛེས་ཤིང་ཡིད་དུ་འོང་བར་འགོད། ཕྱི་དྲོའི་ཆ་ལ་བབས་པ་ན་རང་ཉིད་ལྷའི་ང་རྒྱལ་ལ་གནས་པས། ལས་བུམ་མམ་དྲིའི་དུང་ཞལ་རཾ་ཡཾ་ཁཾ་གིས་བསང་སྦྱང༌། སྟོང་པའི་ངང་ལས་བསང་ཆུའི་སྟེང་དུ་པདྨ་དང་ཉི་མ་ལ་གནས་པའི་ས་ཡིག་ལྗང་གུ་ཡོངས་སུ་གྱུར་པ་ལས་ལས་ཀྱི་མཁའ་འགྲོ་ཁྲོས་མ་ལྗང་ནག་གཡས་གྲི་གུག་དང་གཡོན་ [4a] ཐོད་ཁྲག་ཐོགས་པ། མཆན་ཁུང་གཡོན་དུ་ཡབ་ཧེ་རུ་ཀའི་ངོ་བོ་ཁ་ཊྭཱཾ་རྩེ་གསུམ་བརྟེན་པ། སྤྱན་གསུམ་དང་ལྡན་ཅིང་ཞལ་ཞི་མ་ཁྲོ་འཛུམ་གྱི་ཉམས་ཅན། དབུ་སྐྲ་ཐོར་ཚུགས་དང་ལྷག་མ་རྒྱབ་ཏུ་གྲོལ་བའི་རྣ་ལྟག་གཡས་སུ་ཕག་ཞལ་དུར་བ། སྐུ་གཅེར་མོ་རུས་པའི་རྒྱན་དྲུག་གིས་སྤྲས་པ། ཞབས་གཉིས་གར་སྟབས་ཀྱིས་ཡེ་ཤེས་མེ་འོད་འཁྲིགས་པའི་ཀློང་དུ་བཞུགས་པའི་སྐུར་གསལ་ལ། ས་ཀརྨ་ཌཱ་ཁི་ནཱི་ཧཱུཾ་ཕཊ༔ ཅེས་བརྒྱ་རྩ་བཟླས་མཐར། ལས་ཀྱི་མཁའ་འགྲོ་མའི་རང་བཞིན་གྱི་ཆུའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ། ཕྱིན་ཆད་བསང་གཏོར་གྱི་བྱ་བ་ཐམས་ཅད་འདིས་བྱའོ། །འདི་ནས་སྔར་བཞིན་གཞི་བགེགས་ཀྱི་གཏོར་མ་བསྔོས་ལ་ཕྲིན་ལས་བཅོལ། སྒོ་དྲུང་དུ་ཐོ་བརྩིགས་པར་ལས་མཛད་མཁའ་འགྲོ་སྡེ་བཞིའི་སྐུ་དང་སྔགས་བྱང་བྲིས་པའམ། བསྡུ་ན་ཤིང་བྱང་ལ། ཨོཾ་བཛྲ་ཀྲོ་དྷི་བཛྲ་ཨཾ་ཀུ་ཤ་ཛཿརཀྵ༔ ཨོཾ་བཛྲ་ཀྲོ་དྷི་རཏྣ་པཱ་ཤ་ཧཱུྃ་རཀྵ༔ ཨོཾ་བཛྲ་ཀྲོ་དྷི་པདྨ་སྥོ་ཊ་བཾ་རཀྵ༔ ཨོཾ་བཛྲ་ཀྲོ་དྷི་ཀརྨ་གཎྜེ་ཧོཿ རཀྵ༔ ཞེས་བྲིས་པ་བཙུག །མདུན་དུ་དམར་གཏོར་བཞི་དང་ཉེར་སྤྱོད་ལྔ་བཤམས་པ་རཾ་ཡཾ་ཁཾ་གིས་བསང་སྦྱང༌། ཨོཾ་ཨཱཿཧཱུཾ་ལན་གསུམ་གྱིས་བྱིན་བརླབ། ཐོ་ལས་སྔགས་ཀྱིས་ [4b] བསང༌། སྭ་བྷཱ་ཝས་སྦྱང༌། སྟོང་པའི་ངང་ལས་མདུན་གྱི་ཐོ་བྱང་ཛཿལས་ལས་མཛད་དཀར་མོ་ལྕགས་ཀྱུ་དང་ཐོད་ཁྲག་ཐོགས་པ། ཧཱུཾ་ལས་ལས་མཛད་སེར་མོ་ཞགས་པ་དང་ཐོད་ཁྲག་ཐོགས་པ། བཾ་ལས་ལས་མཛད་དམར་མོ་ལྕགས་སྒྲོག་དང་ཐོད་ཁྲག་ཐོགས་པ། ཧོཿ ལས་ལས་མཛད་ལྗང་མོ་དྲིལ་བུ་དང་ཐོད་ཁྲག་ཐོགས་པ། བཞི་ཀའང་ཞི་མ་ཁྲོ་འཛུམ་གྱི་ཉམས་ཅན། དབུ་སྐྲ་ཐོར་ཚུགས་དང་ལྷག་མ་རྒྱབ་ཏུ་གྲོལ་བ། སྐུ་གཅེར་མོ་རུས་པའི་རྒྱན་དྲུག་གིས་སྤྲས་པ། ཞབས་གཉིས་གར་སྟབས་ཀྱིས་ཡེ་ཤེས་མེ་འོད་འཁྲིགས་པའི་ཀློང་དུ་བཞུགས་པ། ཡང་སྤྲུལ་མཁའ་འགྲོ་བྱེ་བ་འབུམ་སྡེའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་ལས་འོད་ཟེར་དཀར་དམར་མཐིང་གསུམ་འཕྲོས་པས་དབྱིངས་ནས་ཡེ་ཤེས་པ་དཔག་ཏུ་མེད་པ་སྤྱན་དྲངས། བཛྲ་ས་མཱ་ཛཿཛཿཧཱུཾ་བཾ་ཧོཿ གཉིས་སུ་མེད་པར་བསྟིམ། ཨོཾ་བཛྲ་པུཥྤེ་སོགས་ནས། ཤཔྡ་ཏཱི་ཙྪ་སྭཱ་ཧཱའི་བར་གྱིས་ཉེར་སྤྱོད་དང༌། ཨོཾ་བཛྲ་ཀྲོ་དྷི་ཛཿཧཱུཾ་བཾ་ཧོཿ རཀྵ་སིདྡྷི་ཕ་ལ་ཧོཿ ས་པ་རི་ཝཱ་ར་ཨི་དཾ་ལིཾ་ཏ་ཁ་ཁ་ཁཱ་ཧི༔ ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ལ། ཀྱཻ༔ མ་མི་ཡེ་ཤེས་མཁའ་འགྲོ་མ༔ ཕྱོགས་རྣམ་བཞིའི་ལས་མཛད་མཁའ་འགྲོ་མ༔ མ་འབུམ་ཕྲག་ [5a] མཁའ་འགྲོའི་ཚོགས་དང་བཅས༔ གནས་འདིར་གཤེགས་རྟེན་འདིར་རྟེན་ཆོས་ལ༔ ངའི་བསམ་པ་ཡོངས་སུ་མ་རྫོགས་པར༔ ཁྱེད་འདིར་བཞུགས་གང་འདུལ་ཐབས་མང་གིས༔ བདུད་རྣམ་བཞི་དབྱིངས་སུ་གཅོད་པ་དང་༔ ཡུལ་ལྷ་འདྲེའི་འགྲོ་དོན་མཐར་ཕྱིན་ནས༔ དཔལ་ཧེ་རུ་ཀ་ལྟར་བྱིན་གྱིས་རློབས༔ ཞེས་ཕྲིན་ལས་བཅོལ། མེ་ཏོག་འཐོར་ལ། ཏིཥྛ་བཛྲ། ཞེས་བརྟན་བཞུགས་བྱས་པས་སྒྲུབ་ཁང་གི་ཕྱོགས་ཐམས་ཅད་ནས་མཁའ་འགྲོ་གྲངས་མེད་པའི་དཔུང་དང་བཅས་པས་བསྲུང་བར་བསམ། དོན་དམ་པར་བསྲུང་བྱ་སྲུང་བྱེད་སྲུང་བའི་ཐབས་རྣམས་རང་བཞིན་གྱིས་རྣམ་པར་དག་པ་རིག་སྟོང་འོད་གསལ་བདེ་བ་ཆེན་པོའི་ངོ་བོ་བར་ཆད་ཀྱི་མཚན་མ་ནམ་ཡང་མ་གྲུབ་པས་ན། སྲིད་ཞི་མཉམ་ཉིད་དུ་རིག་པ་མི་ཤིགས་རྡོ་རྗེའི་མཚམས་གཅོད་ལྟ་བའི་གདིང་ཆེན་པོ་བསྐྱེད་དེ་དགག་སྒྲུབ་དང་བྲལ་བའི་ཀློང་དུ་ལ་བཟླའོ། །འདི་ནས་བཟུང་མཚམས་ནང་དུ་དགོས་ངེས་སྔར་དམིགས་འོག་ཏུ་གང་ཆུག་ལས་ངོ་གསར་དང་མི་འཕྲད་ཅིང་ཆས་ཀའི་གཏོང་ལེན་ཀྱང་མི་བྱ་བ་སོགས་འོག་ཏུ་སྨོས་པ་ལྟར་མཚམས་ཀྱི་སྤང་བླང་ཐམས་ཅད་ཚུལ་ [5a] བཞིན་དུ་བྱ། སྐྱིད་སྡུག་ལེགས་ཉེས་གང་ལ་ཡང་རེ་དོགས་ཀྱི་རྩིས་གདབ་སྤངས་ཏེ། ད་རེས་བཟླས་པ་འདི་མ་གྲོལ་གྱི་བར་ལ་རྐྱེན་གང་གི་ཡང་དབང་དུ་མི་གཏོང༌། ན་ན་ཡང་ན་གོ་ཆོད། ཤི་ན་ཡང་ཤི་གོ་ཆོད། སྔར་སྐྱེ་བ་གྲངས་མེད་པ་ཞིག་བླངས་ཀྱང་དོན་མེད་དུ་སོང་བ་ལ། ད་ལྟ་ལྷག་པའི་ལྷ་འདི་ལྟ་བུ་སྒྲུབ་ཏུ་ཡོད་པ་སྐལ་པ་བཟང་བས་འབད་རྩོལ་དྲག་པོ་བྱ་སྙམ་དུ་ཞེ་དམ་འཆའ། དེ་ལྟར་ངེས་པར་བྱས་ནས། ཐོག་མར་བཅས་བཤམ་བྱ་བ་ནི། དམ་ཚིག་གི་བྲིས་སྐུའི་མདུན་དུ་སྟེགས་བུ་ཟླ་གམ་གྱི་དབྱིབས་ཅན་བདུད་རྩི་ལྔས་ཆག་ཆག་བཏབ་པའི་དབུས་སུ་འཛོམ་ན་ཚུལ་བཞིན་འདུ་བྱས་པའི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་པ་བྱུང་ན་ལེགས་པའི་ཡན་ལག་ཏུ་འགྱུར་མོད། འདིར་ནི་དབང་རྣོན་སྤྲོས་པ་མེད་པའི་དབང་དུ་མཛད་དེ། དཀྱིལ་འཁོར་བཀོད་ལེགས་ཟླ་གམ་སྟེང་༔ མེ་ཏོག་ཚོམ་བུ་མ་འདྲེས་བཀོད༔ ཡང་ན་རྐང་ཁྲིར་གཏོར་མ་འགོད༔ ཅེས་ཚོམ་བུ་དང་གཏོར་མ་འདམ་ཀ་ཅན་དུ་གསུངས་པ་ལས། ཕྱག་བཞེས་སུ་མཎྜལ་འབྲུ་དཀར་དྲི་བཟང་ཚོན་མཐིང་གིས་སྦགས་པས་ལྷ་གྲངས་ཀྱི་ཚོམ་བུ་གཙོ་འཁོར་ཕྱེད་པར་འགོད། དེ་སྟེང་མཉྫིའི་ཁར་ཐོད་པའམ་རིན་པོ་ཆེ་ལ་སོགས་ [6a] པའི་སྣོད་དུ་གཏོར་ཟན་སྤོད་སྨན་ཤ་ལྔ་བདུད་རྩི་ལྔ་བཅས་སྦྱར་བ་ལས་གཏོར་མ་མཐོང་བརྒྱུད་བཞིན་བཞེངས་པར་ཕག་ཞལ་མེ་རི་སོགས་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་མཐིང་ནག་གིས་སྤྲས་པ་བརྟན་པར་འགོད། མདུན་རྒྱབ་གང་བདེས་བཟོ་དབྱིབས་དེ་མཚུངས་ཀྱི་མཆོད་གཏོར་དང༌། གཡས་གཡོན་དུ་ཆོས་སྐྱོང་སྤྱི་དང་བྱེ་བྲག་གི་གཏོར་མ་དང་སྨན་རཀ །མདུན་དུ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར་རམ་བསྐོར་བཤམ་གང་བདེས་བཀོད་མཛེས་སུ་བསྟར། རང་གི་སྡོད་མལ་སྟན་ནང་ཚང་ཅན་གྱི་འོག་ཏུ་འབྲས་སམ་ནས་དཀར་མོས་གཡུང་དྲུང་གཡས་སྐོར་དུ་བྲི་བའམ། ཡང་ན་ས་དམར་སོགས་གང་ཡང་རུང་བས་བམ་རོའི་རྣམ་པ་བྲི། མདུན་དུ་རྡོ་དྲིལ། ཌཱ་མ་རུ། མེ་ཏོག་གི་སྣོད་རྣམས་བཞག །གཞན་ཡང་ཚོགས་རྫས་སོགས་འདིར་དགོས་པའི་ཡོ་བྱད་ཐམས་ཅད་མ་ཚང་བ་མེད་པར་འདུ་བྱས་ནས། དེ་ནུབ་དཀོན་མཆོག་ལ་མཆོད་པ་རྒྱ་ཆེར་ཕུལ་ཏེ་ཚོགས་བསགས། ཉམས་ཆག་ལ་འགྱོད་སྡོམ་གྱི་བསམ་པ་དྲག་པོས་བཤགས་པ་བྱ། བླ་མ་དང་ཡེ་ཤེས་མཁའ་འགྲོ་ལ་མོས་གུས་ཆེན་པོས་བསྙེན་སྒྲུབ་ལ་བར་ཆད་མི་འབྱུང་བ་དང་དངོས་གྲུབ་ [6b] མྱུར་དུ་ཐོབ་པའི་གསོལ་བ་བཏབ་ནས་ཉལ་བའི་རྣལ་འབྱོར་ལ་འཇུག་གོ །གཉིས་པ་དངོས་གཞི་ནི། འདིར་སྔ་ཐུན་ནས་འགོ་འཛིན་ཏེ། སང་ཞོག་ལྡང་བའི་རྣལ་འབྱོར་གྱིས་ལངས་ནས་ནམ་ལངས་པ་དང་བདེ་བའི་སྟན་ལ་བསམ་གཏན་གྱི་འདུག་སྟངས་ཀྱིས་འཁོད། ཀུན་སློང་ཚེ་འདིའི་རྙེད་བཀུར་སྙན་གྲགས་སོགས་ལ་ཞེན་པའི་བློ་ངན་ཕྱི་མར་མངོན་མཐོའི་བདེ་འབྲས་ཙམ་དོན་དུ་གཉེར་བའི་བསམ་པས་མ་ཡིན་པར། མཐའ་ཡས་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྙིགས་མའི་དུས་ཀྱི་ཚེ་ལུས་གཅིག་པོ་འདིར་རྒྱལ་བ་ཀུན་གྱི་ཡུམ་གཅིག་རྡོ་རྗེ་ཁྲོས་མ་ནག་མོའི་གོ་འཕང་མངོན་དུ་བྱའོ་སྙམ་པའི་སྒོ་ནས། དབང་སྡུད་ཟིལ་གནོན་སྔོན་དུ་འགྲོ་བས་གསོལ་འདེབས་རིགས་དང༌། བླ་མའི་རྣལ་འབྱོར་སྐྱབས་སེམས་ཚོགས་བསགས་བྱིན་འབེབས་མཆོད་རྫས་བྱིན་རླབས་བར་བྱ། སྐབས་འདིར་ལས་བྱང་རྒྱས་འབྲིང་གཉིས་གང་ལ་བརྟེན་ཀྱང་འདྲ་མོད། འབྲིང་པོ་ཉིད་སྤྲོས་པ་འཚམས་ཤིང་འཇུག་པ་བདེ་བས་ལེགས་ལ། གང་གི་ཚེ་ནའང་དམིགས་པ་ལ་ཁྱད་པར་མེད་པས། དངོས་གཞི་ལྷ་བསྐྱེད་སྐབས། འདིར་སྤྲོས་མེད་ཨ་ཏིའི་བསྐྱེད་རིམ་ཏིང་འཛིན་རྣམ་གསུམ་སོགས་ཀྱི་ཐ་སྙད། [7a] ལས་འདས་པ་སྣང་སྲིད་གཞིར་བཞེངས་རང་བྱུང་ལྷུན་གྲུབ་ཀྱི་དཀྱིལ་འཁོར་ཉིད་ཆུ་ལས་ཉ་ལྡང་བའི་ཚུལ་དུ་སྐད་ཅིག་དྲན་རྫོགས་ཆེན་པོར་རང་གསལ་གདབ་པ་སྟེ། དེའང་སྣོད་བཅུད་འོག་མིན་གསང་ཆེན་རོལ་པའི་དུར་ཁྲོད་བདེ་ཆེན་ཆོས་ཀྱི་འབྱུང་གནས། ཀུན་བཟང་ཡུམ་གྱི་ཕོ་བྲང་ཆེན་པོར་རྫོགས་པའི་དབུས་སུ། ཆེ་བའི་ཡོན་ཏན་མ་བཙལ་ལྷུན་གྱིས་གྲུབ་པའི་སྣ་ཚོགས་པདྨའི་ཟེའུ་འབྲུའི་ལྟེ་བ་ལ། རང་རིག་མ་བཅོས་པའི་ཡེ་ཤེས་ཐུགས་རྗེ་ཁྲོས་མ་ནག་མོའི་སྐུར་ཤར་བར་གསལ་བའི་ཕྱི་སྐོར་པད་འདབ་བརྒྱད་ཀྱི་ཕྱོགས་བཞིའི་འདབ་མར་གཙོ་མོའི་ཐུགས་མེ་ལོང་ལྟ་བུ་སོགས་ཡེ་ཤེས་བཞིའི་རང་མདངས་རིགས་བཞིའི་མཁའ་འགྲོ། མཚམས་བཞིར་སྙིང་རྗེ་ཆེན་པོ་སོགས་ཚད་མེད་བཞིའི་རང་གཟུགས་ལས་བྱེད་མ་བཞི། དེ་རྒྱབ་ཆོས་ཉིད་ཞི་བའི་དབྱིངས་ལས་རྣམ་འགྱུར་དྲག་པོའི་ཕྲིན་ལས་ཀྱིས་འཁོར་བ་རྒྱུན་གཅོད་པའི་བརྡར་འཁོར་ལོ་རྩིབས་བཞིའི་གདན་ལ་ཁྲག་འཐུང་མ་བཞི། ཕྱིའི་ཁོར་ཡུག་ལ་རོལ་རྩལ་མི་འགག་པའི་སྣང་ཆ་སྣང་སྲིད་ཁམས་ཀྱི་དྲེགས་ཚོགས་ཕོ་མོ་དང༌། ཚུལ་མིན་ཡིད་བྱེད་ལོག་རྟོག་གི་སྒོ་སྲུང་བའི་མཐུ་ཆེན་བཀའ་སྲུང་སྡེ་བཞིར་བཅས་པ་མ་ [7b] འདྲེས་ཡོངས་རྫོགས་སུ་གསལ་གདབ་ཅིང༌། མདོར་ན་སྣོད་བཅུད་དག་མཉམ་ཡེ་ཤེས་ཀྱི་འཁོར་ལོར་མ་བསྐྱེད་ཡེ་ནས་ལྷུན་གྲུབ་ཏུ་རྫོགས་པའི་ཚུལ་ལ་ངེས་ཤེས་བསྐྱེད། ཡེ་ཤེས་པ་སྤྱན་དྲངས་ཤིང་བཞུགས་སུ་གསོལ་བ་ཕྱག་མཆོད་བསྟོད་པ་རྣམས་དཀྱུས་བཞིན་རྫོགས་པར་བྱས་ནས། དམིགས་པའི་གཙོ་བོ་ལྷའིསྣང་ཞེན་ལ་བསླབ་སྟེ། རྣམ་པ་སྤྱི། བྱེ་བྲག །ང་རྒྱལ། དག་དྲན་རྣམས་རེ་རེ་ནས་སེམས་འཛིན་ཅིང༌། གཙོ་བོར་ལྷའི་གསལ་སྣང་དང་ང་རྒྱལ་སྦྲེལ་བ་ལ་སྒྱུ་མ་ལྟ་བུའི་རྩིས་བཏབ་སྟེ་རྩེ་གཅིག་ཏུ་མཉམ་པར་བཞག །དེས་སྐྱོ་བའམ་བཟླས་པ་ལ་འཇུག་པ་ན། འོག་ཏུ་སྨོས་པ་ལྟར་ཕྲེང་བ་བྱིན་གྱིས་བརླབ་ནས། རང་ཉིད་སྤྲུལ་སྐུ་ཁྲོས་མ་ནག་མོའི་ཐུགས་ཙིཏྟ་རིན་པོ་ཆེ་ཟུར་བརྒྱད་པ་མཆོང་གུར་ཕུབ་པ་ལྟ་བུའི་ནང་དུ་པདྨ་དང་ཉི་མའི་གདན་ལ། ལོངས་སྐུ་རྡོ་རྗེ་ཕག་མོ་དམར་གསལ་གྲི་ཐོད་ཅན་ཁ་ཊྭཱཾ་ཀ་འཆང་བ་སྤྱི་བོར་ཕག་ཞལ་ངུར་ཞིང་སྐུ་གཅེར་མོར་མོ་རུས་པའི་རྒྱན་དྲུག་གིས་སྤྲས་པ་ཞབས་གར་སྟབས་ཀྱིས་ཡེ་ཤེས་མེ་འོད་འཁྲིགས་པའི་ཀློང་དུ་རོལ་པའི་ཐུགས་ཀར་ཟླ་བའི་གདན་ལ། ཆོས་སྐུ་ཀུན་ཏུ་བཟང་མོ་དཀར་གསལ་གཅེར་མོ་མཉམ་གཞག་རྡོ་རྗེའི་སྐྱིལ་ཀྲུང་གིས་བཞུགས་པ། དེའི་ [8a] ཐུགས་ཀར་ཉིད་གདན་སྲན་མ་བཀས་པ་ཙམ་གྱི་ལྟེ་བར་ཐུགས་སྲོག་ཧཱུཾ་ཡིག་མཐིང་ག་མར་མེ་ལྟར་འབར་བའི་མཐར་སྔགས་ཀྱི་ཕྲེང་བ་བཻཌཱུརྱ་ཞུན་མའི་མདངས་ཅན་སྤུས་བྲིས་པ་ལྟ་བུ་གཡོན་བསྐོར་དུ་འཁོད་པ། དེ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་དུས་རྒྱལ་བ་སྲས་དང་བཅས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཀྱི་དབང་མཐུ་ནུས་ཐམས་ཅད་འོད་ཕུང་གི་རྣམ་པར་བསྡུས་ཏེ་རང་ལ་ཐིམ། སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་སྡུག་བསྔལ་བག་ཆགས་དང་བཅས་པ་སྦྱངས། མ་དག་པའི་སྣང་བ་བཙན་ཐབས་སུ་བཤིགས་ཏེ་སྐུ་གསུམ་མཁའ་འགྲོའི་དགོངས་ཀློང་དང་དབྱེར་མེད་པར་འདྲེས། འཁོར་འདས་དག་མཉམ་བདེ་བ་ཆེན་པོའི་ངང་དུ་འབྱམས་ཀླས་པར་བསམ་ལ། བཟླས་པའི་སྐྱོན་ཐམས་ཅད་སྤངས་ཏེ་ཆུ་བོའི་རྒྱུན་བཞིན་དུ་བཟླ་ཞིང༌། རེས་འགའ་ལྕེ་མཆུའི་སྦྱོར་བ་ལ་མ་ལྟོས་པའི་འགོག་བཟླས་དང་རྡོ་རྗེའི་བཟླས་པ་ཡང་བྱ། ཐུན་བསྡུ་བ་ན་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་སྔགས་ཀྱི་ལྷག་ཆད་ཁ་སྐོང་ཞིང་ནུས་པ་བརྟན་པར་བྱས་ལ་མཆོད་བསྟོད་མདོར་བསྡུས་མཐར། ལྷ་སྔགས་ལ་སོགས་པ་ [8b] མཚན་མའི་སྣང་བ་ཐམས་ཅད་མེ་ལོང་ལ་ཧས་བཏབ་པ་བཞིན་མི་དམིགས་སྤྲོས་པ་ཐམས་ཅད་དང་བྲལ་བའི་ཀ་དག་དེ་བཞིན་ཉིད་ཀྱི་དབྱིངས་སུ་ཅི་གནས་སུ་མཉམ་པར་བཞག །དེ་ལས་ལྡང་བ་ན་ཆུ་ལས་ཉ་ལྡང་བའི་ཚུལ་དུ་ཐུན་མཚམས་ཀྱི་ལྷར་ལངས་ནས་བསྔོ་སྨོན་བྱ། དེ་ནས་དགོངས་ཐུན་དང་སྲོད་ཐུན་ལ་མཆོད་པ་བྱིན་རླབས་ཙམ་བྱས་རྗེས་དངོས་གཞི་ལྷ་བསྐྱེད་ལ་འཇུག་པས་ཆོག་ཅིང༌། ཕྲེང་བའི་བྱིན་རླབས་ཀྱང་དོར། སྲོད་ཐུན་གྱི་མཐར་ཆོས་སྐྱོང་སྤྱི་དང་བྱེ་བྲག་སྲོག་བདག་རྣམ་བཞིའི་གསོལ་མཆོད་རྒྱས་བསྡུས་གང་འགྲུབ་བྱ། ཚོགས་མཆོད་ལྕོགས་ན་ཉིན་རེ་བཞིན་སྲོད་ཐུན་ལ་མ་ཆག་པར་བྱ་དགོས་ཀྱང་མི་འགྲུབ་ན་བསྙེན་པ་ཚུགས་པའི་ཉིན་དང་པོ་དང༌། གྲོལ་བའི་ཉིན་ཕྱི་མ། ཡར་མར་གྱི་ཚེས་བཅུ་དང་ཉ་སྟོང་བརྒྱད་གསུམ་རྣམས་ལ་ངེས་པར་ཆག་ཏུ་མི་རུང་བས་འདིར་ཚོགས་མཆོད་ཕུལ་ལ་ལྷག་མ་གཏར་བཟུང༌། ཆད་བརྟག་རྒྱུན་དུ་མ་འགྲུབ་ཀྱང་རུང་བས་གཏང་རག་བཟོད་གསོལ་སོགས་མཐའ་དབྱུང༌། མཐར་ཉལ་བ་ན་མཚན་མེད་འོད་གསལ་གྱི་ངང་ལ་འཇོག་པའམ། སྙིང་གའི་ཧཱུཾ་ཡིག་ལ་སེམས་རྩེ་གཅིག་པས་ཉལ་བ་གང་བདེའི་རྣལ་འབྱོར་གྱིས་ཉལ། ཐོ་རངས་ལ་བབས [9a] པ་ན་ནམ་མཁའི་དཔའ་བོ་དང་དཔའ་མོ་རྣམས་ཀྱིས་སྔགས་སྒྲ་དང་ཌཱ་དྲིལ་གྱི་སྒྲས་གཉིས་སད་པར་བསམ་ལ་སྐད་ཅིག་གིས་ཐུན་མཚམས་ཀྱི་ལྷར་ལངས་ཏེ། ཐུན་མོང་གི་སྔོན་འགྲོས་རྒྱུད་སྦྱོངས་ཤིང༌། སྐྱབས་སེམས་ཡན་ལག་བདུན་པ་ནས་ཐུན་མཚམས་ཀྱི་བར་སྔ་མ་བཞིན་གྱིས་ཁྱོན་དྲིལ་ཐུན་བཞིའམ། ཡང་ན་ཐོ་རངས་ནས་ཉིན་གུང་ཡན་ལ་ཐུན་གཅིག་དང༌། དེ་ནས་སྲོད་ཐུན་གྱི་བར་ལ་ཐུན་གཅིག་སྟེ་ཐུན་གཉིས་སུ་བྱས་ན་ཡང་མི་འགལ་ཞིང༌། འོན་ཀྱང་ཁྲོས་འབྲིང་འདི་ལ་ངག་འདོན་སོགས་ཀྱི་སྤྲོས་པ་ཉུང་བས་ཐུན་བཞི་མར་བྱས་པ་ཉིད་བློ་འཇུར་བ་ཕན་པའི་ཕྱིར་དེ་ལྟར་བྱས་བ་ཉིད་ལེགས། གང་ལྟར་ན་ཡང་རིམ་པ་དེ་ལྟ་བུས་གྲངས་ནི་འབུམ་ཕྲག་ཉེར་གཅིག་ནས་འབྲུ་འབུམ་གྱི་བར་དང༌། དུས་ནི་ཟླ་བ་དྲུག་ནས་གཅིག་གི་བར་དང༌། མཚན་མ་ནི་རྩ་སྒྲུབ་ལས། ཡེ་ཤེས་མཁའ་འགྲོའི་ཞལ་མཐོང་ཞིང་༔ རྟགས་མཚན་ཞིང་རྨོ་ལོ་ཏོག་སྤྱོད༔ མཁའ་ལ་འཕུར་དང་རི་རྩེར་འཛེག༔ ཉི་ཟླ་ཤར་དང་བྲག་ཤིང་བཅོམ༔ དཔོན་བསྐོས་འཁོར་འདུ་ཁྲོམ་དབང་བསྐུར༔ མེ་ཏོག་འཐུ་སོགས་ཕྱི་ཡི་རྟགས༔ དངོས་ཉམས་རྨི་ལམ་གང་ལའང་འབྱུང་༔ ཆོས་ [9b] ཀུན་ཀློང་བརྡོལ་འབྱུང་བ་དང་༔ ཉམས་རྟོགས་རྒྱུད་ལ་འཆར་བ་སོགས༔ ནང་རྟགས་ཡོན་ཏན་དུ་མ་འབྱུང་༔ ཞེས་གསུངས་པ་ལྟར་འགྲུབ་པའི་རྟགས་མཐོང་གི་བར་རོ། །གཉིས་པ་སྒྲུབ་པ་ནི། དེ་ལྟར་བསྙེན་པ་རྫོགས་ནས་སྒྲུབ་པ་ལ་འཇུག་པ་ན། མཆོད་གཏོར་སོགས་རྒྱས་པར་བཤམ་ལ། རྟེན་དང་བརྟེན་པའི་དཀྱིལ་འཁོར་མདུན་གྱི་སྒྲུབ་དཀྱིལ་དམིགས་རྟེན་གྱི་མཚན་གཞི་ལྟ་བུར་བཟུང་ནས་བདག་མདུན་དབྱེར་མེད་དུ་བསྒོམ་སྟེ། བསྙེན་པའི་བཟླས་པ་ཁྱུག་ཙམ་སོང་རྗེས། འཁོར་རྣམས་ཀྱི་སྲོག་གི་སྙིང་པོ་ཐམས་ཅད་སྔགས་ཀྱི་རྣམ་པར་བསྡུས་ནས་ཧཱུཾ་ལ་འདུས་པ་དེ་དག་གི་ནུས་མཐུ་ཡོན་ཏན་ཐམས་ཅད་སྲོག་ཡིག་ལ་གཅིག་ཏུ་དྲིལ། དེ་ལས་འོད་ཟེར་ཡར་འཕྲོས་སངས་རྒྱས་སྲས་དང་བཅས་པ་རྣམས་ལ་མཉེས་པའི་མཆོད་པ་ཕུལ། དབང་བྱིན་དངོས་གྲུབ་ཐམས་ཅད་འོད་ཕུང་ཁ་དོག་ལྔ་ལྡན་གྱི་རྣམ་པར་ཐུགས་སྲོག་ལ་ཐིམ་པས་ཆེ་བའི་ཡོན་ཏན་མཆོག་ཏུ་བསྐྱེད། ཡང་འོད་ཟེར་མར་འཕྲོས་ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་སྡིག་སྒྲིབ་ལས་ཉོན་བག་ཆགས་མ་ལུས་པ་ཐམས་ཅད་བ་མོ་ལ་ཉི་ཟེར་ཕོག་པ་ལྟར་སངས་ཀྱིས་སྦྱངས། སྣང་བ་ཐམས་ཅད་འོག་མིན་མཁའ་སྤྱོད་ཀྱི་ཞིང་ཁམས་ [10a] གཞལ་ཡས་ཁང་དང༌། སྲིད་པ་ཐམས་ཅད་རྡོ་རྗེ་རྣལ་འབྱོར་ཁྲོས་མ་ནག་མོའི་རང་བཞིན་དུ་གྱུར་ཏེ། ཀུན་ཀྱང་དགོངས་པ་གཅིག་དང་དབྱངས་གཅིག་གིས་སྔགས་ཀྱི་སྒྲ་བུང་བ་ཚང་ཞིག་པ་ལྟར་འུར་དིར་དིར་སྒྲོགས་པས་སྣང་སྲིད་ཐམས་ཅད་གཡོ་ཞིང་འཕར་ལྡེག་འགུལ་བར་བསམ་ཞིང༌། སྔགས་རྣམས་གདན་ལས་ཅུང་ཟད་འཕགས་ཏེ་གཡོན་དུ་གྱི་ལི་ལི་འཁོར་བ་ལ་དམིགས་པ་གཏད་དེ་སྒྲུབ་སྔགས་བཟླས་པ་ལ་ཆིག་དྲིལ་དུ་བརྩོན། ཚོགས་གཏོར་རྒྱས་པར་བྱ་ཞིང་ཐུན་གཅོད་ཚུལ་ནི་བསྙེན་པ་དང་འདྲ། རིམ་པ་དེ་ལྟ་བུས་གྲངས་མཚན་ནི་སྔར་བཞིན་དང༌། དུས་ནི་མ་མཐའ་ཡང་བདུན་ཕྲག་གསུམ་གྱི་ངེས་པ་དང་ལྡན་པར་བྱའོ། །གསུམ་པ་ལས་སྦྱོར་ནི། དེ་ལྟར་གྲངས་དུས་མཚན་མའི་སྒྲུབ་པ་གང་རུང་ཐེམས་པའི་རྗེས་ལ་ཕྲིན་ལས་བཞི་སྒྲུབ་ཀྱི་དམིགས་བཟླས་སྦྱོར་ཏེ། དེའང་ཞག་བཅུ་ལ་མཚོན་ན་ལས་བཞི་ཆ་དགོས་པ་ལས་རེ་རེ་ལ་ཞག་གཉིས་དང་ཐུན་གཉིས་རེ་འབྱུང་ཞིང༌། ཡང་ན་ཐོ་རངས་ཞི་བ། སྔ་དྲོ་རྒྱས་པ། དགོངས་མོ་དབང༌། སྲོད་ལ་དྲག་པོ་སྟེ་དུས་སོ་སོ་དང་སྦྱར་ཡང་ལེགས། གང་ལྟར་ཐུན་གྱི་གཅོད་ཚུལ་སོགས་སྔར་བཞིན་ལ། བསྙེན་སྒྲུབ་ཀྱི་དམིགས་ [10b] བཟླས་ཁྱུག་ཙམ་སོང་རྗེས། རང་གི་ཐུགས་ནས་འོད་ཟེར་དཀར་པོ་ཟླ་བ་ཤར་བ་ལྟ་བུ་འཕྲོས། སྣོད་བཅུད་ཐམས་ཅད་ལ་ཁྱབ་པས་སྣོད་ཀྱི་འབྱུང་བའི་དུག་བཅིལ། བཅུད་ཀྱི་སྐྱེ་འགྲོའི་ལས་ཉོན་སྡིག་སྒྲིབ་སྦྱངས། ཚུར་འདུས་རང་ལ་ཐིམ་པས་ནད་གདོན་སྡིག་སྒྲིབ་ཐམས་ཅད་ཞི་བར་བསམ་ལ་རྩ་སྔགས་ཤམ་བུར། ནད་གདོན་སྡིག་སྒྲིབ་ཤཱིནྟཾ་ཀུ་རུ་སྭཱ་ཧཱ༔ ཞེས་སྦྱར་བ་བཟླ། དེ་བཞིན་དུ་འོད་ཟེར་སེར་པོ་འཕྲོས་པས་བདག་གཞན་གྱི་ཚེ་དཔལ་བསོད་ནམས་མཐའ་དག་རྒྱས་པར་བསམ་ཞིང་སྔགས་ཤམ། ཚེ་བསོད་དཔལ་འབྱོར་པུཥྚིཾ་ཀུ་རུ་ཨོཾ༔ ཞེས་དང༌། འོད་ཟེར་དམར་པོ་ལྕགས་ཀྱུ་ལྟ་བུ་སྤྲོས་པས་ལྷ་འདྲེ་མི་གསུམ་ཐམས་ཅད་ཀྱི་ཕོའི་སྙིང་ག་དང་མོའི་གསང་གནས་ནས་རང་དབང་མེད་པར་བཀུག་སྟེ་མོས་ཤིང་ཆགས་པས་བདག་གི་ཞབས་དྲུང་དུ་འཁོད་པ་འོད་དམར་པོར་ཞུ་ནས་རང་ལ་ཐིམ་པས་དབང་དུ་འདུས་པར་བསམ་ཞིང་སྔགས་ཤམ། ཁམས་གསུམ་སྣོད་བཅུད་ཝ་ཤཾ་ཀུ་རུ་ཧོཿ ཞེས་དང༌། འོད་ཟེར་མཐིང་ནག་མཚོན་ཆ་ལྟ་བུ་ཚ་ཞིང་རྩུབ་པ་ཐོག་ལྟར་འཕྲོས་པས་དགྲ་བགེགས་བར་ཆད་ཐམས་ཅད་ཐལ་བར་བརླག་ཅིང་ཚུར་འདུས་རང་ལ་ཐིམ་པས་ལུས་ཀྱི་ནད་གདོན་བར་ཆད་དམིགས་ [11a] མེད་དུ་སྦྱངས་པར་བསམ་ཞིང་གཞུང་གསལ་དྲག་པོའི་སྔགས་མདེའུ་ཅན་བཟླ་བ་སྟེ། འདི་རྣམས་ཀྱི་གྲངས་ཚད་སྤྱིར་ཆ་སྙོམས་པ་དང༌། དམིགས་བསལ་གྱི་ལས་སྒྲུབ་པར་འདོད་ན་དེ་ཉིད་མང་དུ་བཟླ། མཚན་མའི་རྟགས་སྤྱི་དང་མཚུངས་པའོ། །འདིར་དངོས་བསྟན་དྲག་པོའི་བཟླས་དམིགས་ཁོ་ན་ཡིན་ཀྱང་ལས་གཞན་གསུམ་པོ་གང་འདོད་དུ་ཁ་བསྒྱུར་རུང་བ་གཏེར་ཆེན་ཉིད་ཀྱི་ཞལ་རྒྱུན་ལྟར་བཀོད་པའོ། །གསུམ་པ་རྗེས་ཀྱི་རིམ་པ་ནི། དེ་ལྟར་བསྙེན་སྒྲུབ་ལས་སྦྱོར་བཅས་ཐེམས་པའི་ཐོར་ཐུན་ནམ་སྔ་དྲོའི་ཐུན་ལ་མཆོད་གཏོར་རྣམས་ཁ་གསོ། རིན་པོ་ཆེའི་སྣོད་དུ་དཀར་མངར་སྤོད་དང་ཆོས་སྨན་སོགས་བསྲེས་པའི་རྒྱུ་ལས་འབྲང་རྒྱས་ནོར་བུ་འབར་བའི་དབྱིབས་ཅན་གྱི་མཐའ་སྐོར་དུ་ཚེ་རིལ་གྱིས་གཏམས་པ་དཀྱིལ་འཁོར་མདུན་དུབཤམ། གཞན་ཡང་ཚོགས་རྫས་བཟའ་བཅའ་བཏུང་བའི་རིགས་གང་འབྱོར་གྱིས་བསྐོར། ལྷ་བསྐྱེད་སྐབས་རང་དང་མཐུན་གྱི་གཏོར་མ་བཅས་པ་ངོ་བོ་རིག་པའི་མདངས་རྩལ་གཅིག་ལ་རྣམ་པ་བཞིན་དང་མེ་ལོང་ལྟར་ཐ་དད་ཞལ་སྤྲོད་ཀྱི་ཚུལ་དུ་བསྒོམ་པར་ཡེ་ཤེས་ལྷན་ཅིག་ཏུ་བསྟིམ། བཟླས་པ་ཅུང་ཟད་མཐར་སྲུང་ [11b] མའི་གཏོར་བསྔོ་ཚོགས་མཆོད་ལྷག་མ་ཡན་གྲུབ་པ་དང༌། ཡི་གེ་བརྒྱ་པ་བརྒྱ་རྩ་བཟླས་པས་འཁོན་གཅུགས་སྦྱངས་ནས། ཧོཿ དགོངས་ཤིག་ཡེ་ཤེས་མཁའ་འགྲོ་དགོངས༔ འདིར་འདུས་རྣལ་འབྱོར་བདག་ཅག་གིས༔ དཀྱིལ་འཁོར་གསུམ་དུ་བསྙེན་ཅིང་བསྒྲུབ༔ བསྙེན་སྒྲུབ་ལས་སྦྱོར་མཐའ་རུ་ཕྱིན༔ དེང་སང་སྐྱ་རེངས་དང་པོ་ཤར༔ རྡོ་རྗེ་སྲིན་པོའི་ནམ་ལངས་ཉེ༔ དངོས་གྲུབ་འབྱུང་བའི་དུས་ལ་བབ༔ རྒྱལ་བ་ཐུགས་རྗེའི་རང་བཞིན་ལ༔ གནད་ནས་བསྐུལ་བར་མི་འཚལ་ཏེ༔ ད་ལྟ་ཐུགས་དམ་གནད་ནས་བསྐུལ༔ གསང་བ་ཐུགས་ཀྱི་དཔལ་བེའུ་ནས༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཞེས་དངོས་གྲུབ་ཁྱད་པར་དུ་བསྐུལ་ལ། མདུན་གྱི་མཁའ་འགྲོའི་གནས་གསུམ་ནས་སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཐམས་ཅད་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་འོད་ཟེར་ཐིག་ལེ་དཀར་དམར་མཐིང་གསུམ་གྱི་རྣམ་པ་བར་མ་ཆད་པར་བྱོན་ཏེ་རང་གི་གནས་གསུམ་དུ་ཐིམ་པས་དབང་བྱིན་དངོས་གྲུབ་ཐམས་ཅད་དུས་གཅིག་ཏུ་ཐོབ། འཁོར་འདས་བརྟན་གཡོའི་མཐུ་དཔལ་གཟི་བརྗིད་ཚེ་བཅུད་ཐམས་ཅད་ཀྱང་འོད་ཟེར་སྣ་ཚོགས་པའི་རྣམ་པར་བསྡུས་ཏེ་ [12a] དངོས་གྲུབ་ཀྱི་རྫས་ལ་ཐིམ་པས་ཟག་མེད་བདུད་རྩིའི་རྒྱ་མཚོར་འཁྱིལ་བར་བསམ་ཞིང༌། རྩ་སྔགས་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུཾ༔ ཞེས་བཏགས་པ་བརྒྱ་སྟོང་སོགས་ཅི་འགྲུབ་བཟླས་མཐར། ཕཊ༔ ཆོས་སྐུ་ཡུམ་ཆེན་སོགས་རྩ་སྒྲུབ་ལས་འབྱུང་བ་ལྟར་གྱི་བསྐུལ་ཚིག་གིས་འདོད་པའི་དོན་ལ་གསོལ་བ་བཏབ་སྟེ་སྒྲུབ་སྔགས་བཟླ་བཞིན་དུ་གཏོར་མ་གནས་གསུམ་དུ་གཏུག་ལ་དབང་བླངས། མཁའ་འགྲོ་རང་ལ་ཐིམ་པས་མཆོག་ཐུན་མོང་གི་དངོས་གྲུབ་ཐམས་ཅད་དུས་དེ་ཉིད་དུ་ཐོབ་པར་མོས་ལ། གཏོར་མའི་ཆ་ཤས་དངོས་གྲུབ་ཏུ་མྱང༌། འབྲང་རྒྱས་སོགས་རྫས་ཐམས་ཅད་ལ་ལོངས་སྤྱོད་ཅིང་ནང་མི་དམ་གཙང་ལའང་སྦྱིན། དེ་ནས་ཁ་སྐོང་སྦྱིན་སྲེག་དང་གཏང་རག་གི་ཚོགས་སྐོང་རྒྱས་པར་བྱེད་ན་མཆོད་བསྟོད་ནོངས་བཤགས་སོགས་རྗེས་ཆོག་སྔར་རྒྱུན་ལྟར་བྱ། དེ་ཙམ་གྱིས་གྲུབ་པར་བྱེད་ན་གོང་གི་ལྷག་ཆོག་སྐབས་གཏར་བཟུང་བའི་ལྷག་གཏོར་རྣམས་ལྷན་དུ་གཏོང་ཞིང་ཆད་མདོ་བསྐྱང་བ་མན་ཆད་འོག་ཏུ་སྨོས་པ་ལྟར་བྱས་པས་གྲུབ། བཟླས་པ་གཙོར་བཏོན་གྱི་བསྙེན་སྒྲུབ་ལ་ཁ་སྐོང་ཤིན་ཏུ་གལ་ཆེ་བས། སྤྲོས་པ་ཆུང་བར་འདོད་ན་བཟླས་པས་ [12b] ཁ་བསྐང་བ་སྟེ། དེའང་གཞུང་བཟླས་འབུམ་ལ་ཁྲི། ཁྲི་ལ་སྟོང༌། སྟོང་ལ་བརྒྱ། བརྒྱ་ལ་བཅུ་སྟེ། བཟླས་པའི་གྲངས་ཀྱི་བཅུ་ཆ་འགྲོ་བར་བྱ། སྤྲོས་འབྱོར་ཆེ་ན་ཁ་སྐོང་སྦྱིན་སྲེག་བྱ་སྟེ། སྒྲུབ་པ་གྲུབ་པའི་ཕྱི་དྲོའམ་ཕྱིར་ནངས་ནས་དབུ་བརྩམས་ཏེ་ཉམས་ཆག་སྦྱོང་བའི་སླད་དུ་ཞི་བ་ཁོ་ན་དང་གྲངས་ཚད་བཤད་མ་ཐག་པ་ལྟར་ལ། སྒྲུབ་པ་པོ་གཅིག་པུས་གྲངས་གསོག་པར་དཀའ་བས་ཆོག་གྲོགས་དམ་གཙང་མང་དུ་འཚོགས་པ་ལ་གྲངས་བཟུང་ན་ལེགས་ཤིང༌། དེ་ལྟར་གྲུབ་ན་ལས་གང་བརྩམ་མྱུར་དུ་འགྲུབ་པ་སོགས་ཀྱི་དགོས་པ་མང་དུ་མཆིས་པས་དེའི་ཚུལ་ནི་ལོགས་སུ་ཤེས་པར་བྱ། དེ་ལྟར་བསྙེན་སྒྲུབ་ཁ་སྐོང་བཅས་གྲུབ་ནས་མཚམས་གྲོལ་ཉིན་ཡར་ངོའི་གཟའ་ཚེས་འཕྲོད་སྦྱོར་ལེགས་པ་དང་བསྟུན་དགའ་སྟོན་ཚོགས་མཆོད་ཅི་འབྱོར་རྒྱས་པར་བཤམས་ལ་ཚོགས་སྐོར་རྒྱས་པར་བཏབ། ལྷག་ཆོག་སྐབས་སྔར་བཙོན་འཛིན་བྱས་པའི་ལྷག་མ་རྣམས་དང་ལྷན་ཅིག་སྒྲུབ་ཁང་ལྷོ་ནུབ་གོམ་པ་བདུན་ཅུའི་སར་སྐྱེལ། སྒྲུབ་ཁང་གི་ཐལ་རྡུལ་རྣམས་ཀྱང་ཕྱིར་དོར། ཆད་མདོ་དང་བརྟན་མའི་གཏོར་མ་གསར་པའང་བཤམས་ཏེ་ཆོས་སྐྱོང་གཞི་བདག་ [13a] གི་གཏོར་མ་དང་སྔར་གྱི་གཏའ་གཏོར་བཅས་སྒྲུབ་ཁང་གི་ཡང་ཐོག་ཏུ་འབུལ། གཏོར་གཞོང་ཁ་སྦུབ་པ་རི་རབ་ཏུ་གསལ་བའི་འོག་ཏུ་བར་ཆད་དམ་སྲི་སྒབ་འདྲེ་འབྱུང་པོ་ཐམས་ཅད་མནན་པར་བསམ་ལ་བྲོ་བརྡུང༌། མཆོད་པ་ཁ་གསོས་ཏེ་གཏང་རག་གི་མཆོད་བསྟོད་དང་ནོངས་བཤགས་བྱས་རྗེས། རས་བྲིས་ཀྱི་དཀྱིལ་འཁོར་དང་བྲིས་སྐུ་ལ་དམིགས་ཏེ། འདིར་ནི་གཟུགས་དང་སོགས་སུ་པྲ་ཏིཥྛས་མེ་ཏོག་འཐོར་ཞིང་ཡེ་ཤེས་པ་བརྟན་བཞུགས་བྱ། དམ་ཚིག་གི་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་སླར་ཡང་གཉུག་མའི་སྐུར་ལྡངས་པའི་གནས་གསུམ་འབྲུ་གསུམ་གྱིས་བསྲུང་བར་མོས། དགེ་བའི་རྩ་བ་བྱང་ཆུབ་ཆེན་པོར་བསྔོས་ཏེ་སྨོན་ལམ་ནན་ཏན་དུ་གདབ། ཤིས་བརྗོད་སྤྱི་དང་བྱེ་བྲག་རྒྱས་པར་སྤེལ་ལ་མེ་ཏོག་གི་ཆར་དབབ། དེ་ནས་སྒོ་དྲུང་དུ་མཆོད་གཏོར་བཤམས་ལ་སྔར་བཞིན་བྱིན་བརླབ་ཅིང་སྔགས་ཀྱིས་ཕུལ་ནས། ཕཊ་ཕཊ་ཕཊ༔ ཤར་རྡོ་རྗེ་རིགས་ཀྱི་མཁའ་འགྲོ་མ༔ གསལ་སྟོང་ཟུར་འཇུག་དབྱིངས་སུ་གཤེགས༔ མེ་ལོང་ཡེ་ཤེས་ངང་དུ་བཞུགས༔ མི་འཇིགས་གདིང་ཐོབ་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ ལྷོརིན་ཆེན་རིགས་ཀྱི་མཁའ་འགྲོ་ [13b] མ༔ དག་མཉམ་ཆེན་པོའི་དབྱིངས༴ མཉམ་ཉིད་ཡེ་ཤེས་ངང་༴ གཉིས་སྣང་བྲལ་བའི་ས༴ ཕཊ་ཕཊ་ཕཊ༔ ནུབ་པདྨ་རིགས་ཀྱི་མཁའ་འགྲོ་མ༔ རང་བྱུང་ཡེ་ཤེས་དབྱིངས་སུ༴ སོར་རྟོག་ཡེ་ཤེས་ངང་དུ༴ ཟག་མེད་བདེ་ཆེན་ས་ལ༴ ཕཊ་ཕཊ་ཕཊ༔ བྱང་ལས་ཀྱི་རིགས་ཀྱི་མཁའ་འགྲོ་མ༔ ཕྲིན་ལས་ཡོངས་གྲུབ་དབྱིངས་སུ༴ བྱ་གྲུབ་ཡེ་ཤེས་ངང་དུ༴ དག་གྲོལ་གཉིས་ལྡན་ས་ལ་སྐྱོལ༔ ཕཊ་ཕཊ་ཕཊ༔ ཅེས་གཤེགས་གསོལ་བྱས་ལ་ཐོ་བྱང་བསྡུ། དེ་ནས་བགས་ཀྱིས་མཚམས་གསེང་སྟེ་ཞག་ཤས་གཞན་དུ་མི་འགྲོ་བར་སྒྲུབ་ཁང་དེར་སྡོད། བྲིས་སྐུ་སོགས་མི་འབྲལ་བར་དམ་ཚིག་གི་རྟེན་དུ་འཆང༌། རྒྱུན་བཟླས་ཀྱི་དམ་བཅའ་བཟུང་ནས་དེའི་དབུ་འཛུག །ཐོག་མར་དམ་ཚིག་གཙང་བའི་མི་དང་གདོང་འཕྲད་ཅིང༌། མིག་ཉི་ཟླ་ལ་བལྟ་བ་དང༌། གོམ་པ་གྱེན་དུ་འདོར་བ་སོགས་མཚམས་སྒྲོལ་བའི་རྟེན་འབྲེལ་གྱི་སྒོ་བཟང་དུ་བསྒྲིགས་པར་བྱའོ། །གཉིས་པ་གལ་ཆེ་བའི་སྤྱི་དོན་འཕྲོས་སུ་གདམས་པ་ནི། སྤྱིར་རྡོ་རྗེ་ཐེག་པའི་ལམ་གྱི་དངོས་གྲུབ་ནི་བླ་མའི་བྱིན་རླབས་ལ་རག་ལས་ཤིང་དེ་ཡང་མོས་གུས་ཀྱི་རྟེན་འབྲེལ་ལ་རག་ལས་པའི་ཕྱིར་བླ་མ་ཉིད་བསྒྲུབ་ [14a] བྱའི་ལྷ་དང་དབྱེར་མེད་དུ་བལྟ་བ་ནི་རྩ་བ་དང༌། དམ་ཚིག་མི་ལྡན་ན་གསང་སྔགས་མི་འགྲུབ་པས་རྩ་བ་དང་ཡན་ལག་གི་ཉེས་ལྟུང་ཕྲ་མོས་ཀྱང་མ་གོས་པར་བྱ་ཞིང་ཐུན་མཚམས་སུ་བཤགས་སྦྱང་ལ་འབད། མཚམས་ཡུན་རིང་ཐུང་དང་ཐུན་བཞིའམ་གཉིས་སོགས་ཀྱི་བཅད་ཁྲིམས་དམ་བཅའ་དང་པོར་གང་བྱས་པ་དེ་ཉིད་མཐར་ཐོན་ངེས་པར་བྱ། འཚོ་ཆས་སོགས་ཆགས་སུ་མ་ཚུད་པས་ཅིས་ཀྱང་གཏོང་ལེན་མི་བྱ་ཀ་མེད་ཡོད་པ་དང༌། སྒྲུབ་གཡོག་ཁྲོལ་ཅན་ལྷ་རྗེ་སོགས་སྒྲུབ་པའི་གྲོགས་སུ་འགྲོ་ངེས་པ་རྣམས་ཐོག་མ་ནས་དམིགས་འོག་ཏུ་འཇུག་ཅིང༌། ལར་ནས་དམ་བཅའ་སྐབས་འདིར་དངོས་སུ་མི་དྲན་པའི་གལ་ཆེ་བའི་གློ་བུར་དུ་བྱུང་ན་དམིགས་འོག་ཏུ་ཆུག་པར་བྱེད་པ་སོགས་ཧ་ཅང་སྡོམ་དྲག་པ་མ་ཡིན་པ་དང༌། རྗེས་ནས་དམིགས་ཁོངས་སུ་ཆུད་ཡོད་སྙམ་པའི་བག་ཡངས་མི་བྱ་བར་སྒྲུབ་གཡོག་ཁྲོལ་ཅན་དང་ཕྱི་ནང་འགྲུལ་པས་མཚོན་བསྲུང་ཅི་ཐུབ་བྱས་པས་མཚམས་མི་རལ་ཞིང་གཡེང་བས་མི་ཁྱེར་བ་ཡིན། མངོན་མཚན་ཅན་གྱི་སྒྲུབ་པ་ལ་དངོས་གྲུབ་གཡེལ་ཞིང་བར་ཆད་འཇུག་པས་བསྙེན་པ་མ་ཐོན་གྱི་བར་ཡི་དམ་གང་ཡིན་གཞན་གྱིས་མ་ཤེས་པ་བྱེད། ཐོག་མར་ཕྱི་ནང་ [14b] གི་མཚམས་བཅད་པ་ནས་བཟུང་སྒྲུབ་པ་མ་གྲོལ་གྱི་བར་དུ་ཆོས། འཆད་ཉན་དང་གཞན་ལ་བསྲུང་བ་བྱིན་རླབས་རིམ་གྲོ་རྟེན་འབྲེལ་སོགས་མི་བྱ། ཚོགས་གཏོར་མཆོད་ལྷག་སོགས་བྱིན་གྱིས་བརླབས་རྫས་ཕྱིར་མི་གཏོང༌། གཞན་དང་ཕར་ཚུར་གདོང་མི་འཕྲད་ཅིང་ངག་མི་སྨྲ། ཕྱི་ནང་མི་འགྲུལ། ཡོ་བྱད་གཏོང་ལེན་མི་བྱེད། ཁྱད་པར་རང་གི་ཟས་གོས་སྣོད་དཔྱད་སྤྱོད་འཕྲོ་གཞན་སྤྱོད་དུ་མི་འཇུག །རྟགས་མཚན་དང་ཉམས་རྟོགས་ཅི་བྱུང་ཡང་གཞན་ལ་མི་བཤད། བྱིན་གྱིས་མ་བརླབ་པའི་ཆུས་ལུས་གོས་སྐྲ་དང་གདོང་མི་བཀྲུ། སྐྲ་སེན་མི་འདྲེག །མལ་ས་མི་སྤོ། སྟན་མི་སྤྲུགས། སྒྲུབ་ཁང་གི་གད་རོ་ཕྱིར་མི་དོར། ལྟར་སྣང་ཉི་ཚེ་གཞན་དོན་གྱི་རྣམ་པའི་གཡེང་བ་དང༌། རང་ཉིད་ཞི་བདེ་དོན་གཉེར་གྱི་བློ་འཁྲིས་མ་ཞུགས་པས་སྟན་གྱི་དྲོད་མ་ཡལ་བར་བྱས་ཏེ་བསྒྲུབ། རྒྱུན་གྱི་ཁ་ཏོན་དགེ་སྦྱོར་རིགས་ཀྱང་སྒྲུབ་པ་ཆགས་པའི་རྒྱུ་ཡིན་པས་མང་དུ་བྱ་བ་རྣམས་སྤངས་ཏེ། འབྲས་བུ་སངས་རྒྱས་སྒྲུབ་པ་ལ་ཟབ་ལམ་འདི་ལས་གཞན་དུ་མེད་པའི་ཡིད་ཆེས་ཀྱིས་ཆོག་ཤེས་པར་བྱེད། རྒྱུན་དུ་ཆབ་ལྡན་གྱི་ཁྲུས་བུམ་དུ་སྨེ་བརྩེགས་སོགས་བསྐྱེད་བཟླས་སྤྱི་དང༌། ཁྱད་ [15a] པར་ཡེ་ཤེས་མཁའ་འགྲོ་མ་ལ་འཁོར་འབྱུང་བཞིའི་ལྷ་མོས་བསྐོར་བ་ལས་བདུད་རྩིའི་རྒྱུན་བབས་པར་མོས་ལ། སྔགས་ཤམ་དུ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་སྭཱ་ཧཱ། ཞེས་བཏགས་པ་ཅི་འགྲུབ་བཟླས་པས་ཁྲུས་བྱ་ཞིང༌། མི་བྱེད་ཀ་མེད་ཀྱི་ཡོ་བྱད་ལེན་པ་དང་སྒྲུབ་གཡོག་འགྲུལ་དགོས་ན་ཁྲུས་ཆུས་བསང་གཏོར་དང་གུ་གུལ་གྱིས་བདུག་པ་སོགས་བྱ། མི་དང་ཡོ་བྱད་གསར་པའི་གདོང་དུ་ཤེས་པ་བྱིང་འཐིབ་ཚིག་པ་གཉིད་ཡེར་བ་སོགས་བྱུང་ན་འགྲུལ་སྣ་ཡིན་པས་སྲུང་འཁོར་བསྒོམ། རྫས་དེ་བྱུང་ཚར་བའི་རྗེས་སུ་བྱུང་ན་གྲིབ་ལྷོངས་ཡིན་པས་ཡིག་བརྒྱ་བཟླ། འགྲུབ་ཏུ་རུང་ན་རྫས་དེ་དག་འཕྲལ་དུ་ལོངས་མི་སྤྱོད། མཚམས་རལ་བ་ལྟ་བུའི་རྐྱེན་གྱིས་བགེགས་འཚུབས་ཀྱི་རྟགས་བྱུང་ན་རེ་དོགས་ཀྱི་ཞེན་འཁྲིས་རྩད་ནས་བཅད་དེ་ལྟ་བའི་གདིང་བསྐྱེད། ཀ་ཅ་ཆེ་ཕྲ་ཕྲིན་ཡིག་ཙམ་གྱི་བཏང་ལེན་ཀྱང་མི་བྱ་བར་གཅིག་པུར་རྣམ་གཡེང་སྤངས་ནས་བསྒྲུབ་ནུས་ན་རྟགས་མཚན་མྱུར་ཞིང་སྒྲུབ་པའི་འབྲས་བུ་འབྱིན་པ་ཡིན་ལ། བསྙེན་སྒྲུབ་ཀྱི་དམ་ཚིག་རལ་ཞིང་ཁ་ཡེངས་མིག་ཡེངས་ཀྱི་བཟླས་པ་ལོ་ཟླར་འབད་ [15b] ཀྱང་གྲུབ་པའི་རྟགས་དང་འབྲས་བུ་མི་འབྱུང་བས་འབད་པ་དོན་མེད་དུ་འགྲོ་བ་ཡིན། སྐབས་རེར་ཚིག་པ་ཟ་བ་དང་སྙིང་མི་དགའ་བ་སོགས་བྱུང་ན་བླ་མའི་མོས་གུས་དང་ངོ་བོ་ལ་བལྟས་ནས་རང་ཐོག་ཏུ་བཞག །ཤེས་པ་འཕྱོ་ཞིང་ཡོད་པ་སོགས་རླུང་རྟགས་བྱུང་ན་རུས་ཐང་སོགས་དང༌། བྱིང་འཐིབ་ཉོབ་ན་ཇ་དཀར་བཏུང་བ་སོགས་ཁམས་དང་བསྟུན་པའི་ཟས་སྤྱོད་དང་སྨན་བསྟེན་པ་སོགས་སྤྱོད་ལམ་གཟབ་པར་བྱ། བཟླས་ཕྲེང་སྤྱི་ལ་བྷོ་དྷི་ཙེ་ཉིད་འགྱུར་སྟོབས་དང་བསྔགས་པ་ཆེ་བར་བཤད་ཅིང༌། འདིར་ཐོད་པའི་ཕྲེང་བ་ཉིད་མཆོག་ཏུ་ཤིས། གང་ཡང་བཟླས་པའི་ཐོག་མར་ཕྲེང་བ་ལག་མཐིལ་གཡོན་དུ་བསྐྱིལ་བ་སྭ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་ཕྲེང་བའི་མདོ་འཛིན་གཙོ་མོ་ཁྲོས་མ་ནག་མོ་ལ། ཕྲེང་རྡོག་རྣམས་འཁོར་གྱི་མཁའ་འགྲོ་བྱེ་བ་འབུམ་ཕྲག་གི་ཚུལ་གྱིས་ཡོངས་སུ་བསྐོར་བ་ལས་འོད་འཕྲོས། རང་བཞིན་གྱི་གནས་ནས་ཡེ་ཤེས་པ་སྤྱན་དྲངས་ཏེ་དབྱེར་མེད་དུ་ཐིམ་པར་མོས་ལ། སྙིང་པོ་དང༌། ཨོཾ་རུ་ཙིར་མ་ཎི་པྲ་བརྡྷ་ཡེ་སྭཱ་ཧཱ། ཞེས་ཉེར་གཅིག་ཙམ་བཟླས་མཐར། ལྷ་རྣམས་འོད་དུ་ཞུ་བ་ཕྲེང་བའི་རྣམ་པར་ [16a] གྱུར་པ་བསམ་ཞིང༌། རྟེན་སྙིང་བཟླས་པའི་མེ་ཏོག་འཐོར། དེ་ལྟར་བྱིན་གྱིས་བརླབས་པའི་ཕྲེང་བ་ཉིད་འགོམ་ཡུག་དང་ཕལ་གྱིས་མཐོང་རེག་མེད་པར་བཅང༌། སྔགས་ཀྱི་སྒྲ་ཆེ་ཆུང་མྱུར་བུལ་ལྷག་ཆད་ཡིག་འབྲུ་སྒྲ་ཟུར་ཉམས་པ། གློ་ལུ་བ་དང་གླལ་བ་སྦྲིད་པ་སོགས་ཀྱིས་བར་ཆོད་པ་མ་ཡིན་པའི་ངག་བཟླས་སྐྱོན་བྲལ་བྱེད་ཅིང༌། སྔགས་ཕྲེང་སྐོར་རེའི་མཚམས་སུ་བཟླས་དམིགས་གསལ་སྐྱོར་དང་སྟོང་རྗེས་ལ་བརྒྱ་སོགས་བཅུ་ཆའི་ཁ་སྐོང་ཡང་ཞོར་ལ་འགྲོ་བ་ཐོན་ན་རྗེས་སུ་སྦྱིན་སྲེག་མ་གྲུབ་ཀྱང་སྐྱོན་མེད་པ་དང༌། སྒྲུབ་པ་ཞག་གྲངས་སུ་བཅད་པ་སོགས་ལ་སྟབས་བདེ་བ་ཡིན། ཐུན་གྱི་སྒང་ལ་འགྲོ་འདུག་འགུལ་བསྐྱོད་གཞན་ལ་ངག་དང་ཕྲིན་ཡིག་གཏོང་བ། ལྷ་སྔགས་མི་གཅིག་པ་འདོན་བསྒོམ་སོགས་བཟླས་དམིགས་ཀྱི་བར་ཆད་དུ་འགྲོ་བའི་རྣམ་གཡེང་ཐམས་ཅད་སྤངས། ཐུན་མཚམས་རྣམས་སུ་ཡང་ལྷའི་གསལ་སྣང་མ་བྲལ་བས་བཟླས་པ་གང་འགྲུབ་བྱེད་ཅིང་གྲངས་སུ་མི་རྩི། བཟའ་བཏུང་གང་ཡང་འབྲུ་གསུམ་གྱིས་བྱིན་བརླབ་ལ་ཚོགས་འཁོར་གྱི་ཚུལ་དུ་ [16b] ལོངས་སྤྱད། བྱ་བ་གང་ལ་འཇུག་ཀྱང་དྲན་པའི་རྩིས་ཟིན་པས་ཐ་མལ་གྱི་བློ་ལང་དུ་མ་ཤོར་བ་ཞིག་ཅིས་ཀྱང་དགོས། དུས་གསུམ་གྱི་རྣམ་རྟོག་ཆུ་གཉེར་ལྟ་བུ་ཐོལ་སྐྱེས་དེ་ཀ་དྲན་པས་ཆེར་བཟུང་དུ་བྱས་ནས་ལུས་མི་གཡོ། ངག་མི་སྨྲ། སེམས་མི་ཡེངས་པར་རྩེ་གཅིག་པས་ལྷ་སྐུ་རེག་མཐོང་ཡོད་པ་ལྟ་བུར་གསལ་ཐུབ་ཀྱང་སྣང་སྟོང་རིག་རྩལ་ཙམ་དུ་བལྟ་ཞིང༌། གང་ལྟར་བསྒོམས་ཀྱང་མི་གསལ་བ་བྱུང་ཡང་སེམས་ལས་ལྷ་སྐུ་ལོགས་སུ་མེད་པར་ཐག་བཅད་དེ་ཡིད་མི་གཡེང་བར་བསྒོམ། ལར་བསྐྱེད་རིམ་ཙམ་དུ་མ་ཟད་འཁོར་འདས་ཀྱི་སྣང་ཆ་ཐམས་ཅད་རྟོག་པས་བཏགས་པ་ཁོ་ན་ཡིན། དེའང་ཉི་མ་དང་འོད་ཆུ་དང་རླན་བཞིན་རིག་པའི་རང་རྩལ་ལས་གཞན་དུ་གྲུབ་པ་རྡུལ་ཙམ་ཡང་མེད། རང་རིག་ཐིག་ལེ་ཉག་གཅིག་གི་ཀློང་དུ་ཆོས་ཐམས་ཅད་ཡེ་རྫོགས་ཆེན་པོར་གྲུབ་པ་ལ་སླར་བཅོས་མས་རྒྱས་འདེབས་མི་དགོས། རིག་པའི་ངོ་བོ་སྐྱེ་འགག་གནས་གསུམ་གྱི་མཐའ་དང་བྲལ་བས་ཅིར་ཡང་མ་ཡིན་ལ་ཅིར་ཡང་འཆར་བ། ཤར་བ་ཙམ་ནས་དངོས་པོ་མཚན་མར་མ་གྲུབ་ཀྱང་ཀུན་རྫོབ་ཏུ་སྣང་ལ་ [17a] དོན་བྱེད་ནུས་པས་མ་བསྐྱེད་ལྷུན་རྫོགས་ཀྱི་དཀྱིལ་འཁོར། ཟང་ཐལ་གྱི་ཡེ་ཤེས་རང་གནས་ལ་ནམ་ཡང་འཕོ་འགྱུར་མེད་པས་འཛིན་མེད་ཅོག་བཞག་གི་ཆོས་སྐུ། འདི་ལྟར་སྣང་བའི་ཆོས་ཐམས་ཅད་བསྐྱེད་རྫོགས་ཟུང་འཇུག་འབའ་ཞིག་ལས་མི་འདའ་བ་གཤིས་ལུགས་ཀྱི་སྣང་སྟོང་ཟུང་འཇུག་ལ་རིག་ཐོག་ཏུ་མྱོང་བ་ཐོན་ནས་གནད་གཅིག་ཤེས་པས་འཁོར་འདས་ཀུན་གྱི་སྟོང་སྲོག་ཐོབ་པ་ཉིད་བསྐྱེད་རྫོགས་གང་གི་ཡང་སྙིང་པོ་སྟེ། ཇི་སྐད་དུ། བརྒྱ་བཤད་སྟོང་དུ་ལབ་ཀྱང་གོ་བ་གཅིག །གཅིག་ཤེས་ཀུན་གྲོལ་རང་རིག་རང་མདངས་སྐྱོང༌། །ཞེས་གསུངས་པ་ལྟར། ལྟ་བའི་སྤྱི་རྒྱ་རླབས་ཀྱིས་གཅོད་པའི་སྒོ་ནས་བསྐྱེད་རྫོགས་ཟུང་དུ་འཇུག་པའི་ཉམས་ལེན་གྱི་རིམ་པ་ལ་གནད་དུ་བསྣུན་པས། ཐུན་མོང་གི་དངོས་གྲུབ་ལས་ཕྲན་ཚེགས་ཞི་རྒྱས་དབང་དྲག་དང༌། ལས་ཆེན་པོ་གྲུབ་པ་བརྒྱད་ལ་སོགས་ལ་དབང་འབྱོར་ནས་ཚེ་འདིར་ཡང་གཞན་གྱི་དོན་བསམ་གྱིས་མི་ཁྱབ་པ་འབྱུང་ཞིང་ནམ་འཆི་བའི་ཚེ་ན་དཔའ་བོ་མཁའ་འགྲོའི་ཚོགས་གྲལ་དུ་འཁྲིད་པ་དང༌། ཐུན་མོང་མ་ཡིན་པ་མཆོག་གི་དངོས་གྲུབ་རྒྱལ་བ་ཀུན་གྱི་ཡུམ་གཅིག་ [17b] ཡེ་ཤེས་མཁའ་འགྲོ་ཁྲོས་མ་རྣལ་འབྱོར་མའི་གོ་འཕང་རིན་པོ་ཆེ་མངོན་དུ་བྱེད་པར་འགྱུར་རོ། །རྒྱལ་ཀུན་བསྐྱེད་ཡུམ་ཁྲོས་མ་རྣལ་འབྱོར་མའི། །སྲོག་ཐིག་ཟབ་མོ་ཇི་ལྟར་བསྙེན་པའི་ཚུལ། །སྐལ་ལྡན་གྲུབ་གཉིས་གནས་ལ་དབུགས་དབྱུང་ཕྱིར། །དག་གསལ་ཉུང་ངུའི་ངག་གིས་མཚོན་པར་བྱས། །བསོད་ནམས་དེས་ཀྱང་མཐའ་ཡས་སྐྱེ་འགྲོ་ཀུན། །ཟབ་ལམ་འདི་ཡི་གདུལ་བྱ་ཉིད་གྱུར་ནས། །དཀའ་བ་མེད་པར་མཁའ་སྤྱོད་གནས་བགྲོད་དེ། །ལྷན་སྐྱེས་རྡོ་རྗེ་བཙུན་མོར་བྱང་ཆུབ་ཤོག །དེ་ལྟར་རྡོ་རྗེ་རྣལ་འབྱོར་མ་གཅིག་ཁྲོས་མ་ནག་མོའི་བསྙེན་པའི་ཉམས་ལེན་གསལ་བྱེད་དངོས་གྲུབ་ཀྱི་ཟ་མ་ཏོག་ཅེས་བྱ་བ་འདི་ནི། རིང་མོ་ཉིད་ནས་ལམ་འདིར་ལས་འཕྲོ་སད་པའི་སྐལ་པ་བཟང་པོར་སྨིན་པ་མི་རྗེ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་ཞལ་སྔ་ནས་གདུལ་བྱའི་སྐྱེ་བོ་རྣམས་ལ་ཕན་པ་ཆེན་པོའི་སྒོར་འགྱུར་བར་ངེས་པས་ཅིས་ཀྱང་གྲུབ་པར་གྱིས་ཤིག་ཅེས་དང་བའི་གསུང་གིས་རྗེས་སུ་བསྐུལ་བར་མཛད་པ་ལས། ལུང་ཟིན་གྱི་ཆོས་བདག་སྤྲུལ་པའི་སྐུ་པདྨ་ལུང་རྟོགས་རྒྱ་མཚོས་མཛད་པའི་བསྙེན་ཡིག་ཉིད་གཞིར་བཞག་ཅིང༌། [18a] སྐབས་སུ་བབས་པའི་གསལ་བྱེད་ཇི་ལྟར་འོས་པས་ཀྱང་བརྒྱན་ཏེ་འཇུག་བདེ་སྙིང་པོར་དྲིལ་བའི་ཚུལ་དུ། རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་ཕྲག་བཞིའི་མཐར་ཐུག་པ་ཆུ་མོ་ལུག་གི་ལོ་དབྱུག་ཟླའི་ཡར་ངོའི་ཚེས་བརྒྱད་ལ་བསམ་གྲུབ་ཕོ་བྲང་བདེ་བ་ཆེན་པོའི་དགའ་ཚལ་དུ་སྦྱར་བ་སྟེ། འདིས་ཀྱང་ཟབ་མོའི་ལམ་གྱི་ཕྲིན་ལས་ཕྱོགས་དུས་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པ་དང༌། འགྲོ་བ་ཐམས་ཅད་རྗེ་བཙུན་རྡོ་རྗེ་ཁྲོས་མ་ནག་མོའི་གོ་འཕང་མཆོག་ལ་མྱུར་དུ་རེག་པའི་རྒྱུར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།།