ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ།

From Dudjom Wiki
DJYD-KABUM-14-PHA-019
Wylie title tshe sgrub 'chi med srog thig gi sgrub pa chen po'i khog dbub 'chi med bdud rtsi'i rol mtsho DJYD-KABUM-14-PHA-019.pdf
Location bdud 'joms rin po che bka' 'bum
Volume 14, Text 19, Pages 233-296 (Folios 1a1 to 32b2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Tshe sgrub 'chi med srog thig gi sgrub pa chen po'i khog dbub 'chi med bdud rtsi'i rol mtsho. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 14: 233-296. Kalimpong: Dupjung Lama, 1979-1985.
Side notes Recto: sgrub khog   Verso: 'chi med srog thig
More details More details
Tertön ཟིལ་གནོན་ནམ་མཁའི་རྡོ་རྗེ་ (zil gnon nam mkha'i rdo rje)
Genre Structural Arrangement for Ritual Practice - sgrub khog
Cycle ཚེ་སྒྲུབ་འཆི་མེད་སྲོག་ཐིག་ (tshe sgrub 'chi med srog thig)
Parent Cycle དཔལ་རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་ (dpal rdo rje phur pa yang gsang 'phrin las bcud dril)
Deity tshe dpag med
Colophon

།དེ་ལྟར་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་འདི་ནི། རང་གཞན་རྣམས་མི་ཤིགས་བདེ་བ་ཆེན་པོ་རྡོ་རྗེའི་སྲོག་བསྒྲུབ་པའི་ཆ་རྐྱེན་དམ་པར་མེད་དུ་མི་རུང་བར་མཐོང་ནས། གཏེར་གཞུང་རྩ་བའི་དགོངས་པ་ལས་མ་གཡོས་པར་རིགས་མཐུན་གྱི་གཏེར་ཁ་གོང་མ་དག་ལས་ངག་འདོན་ཁ་སྐོང་དུ་བསྡེབས་ཤིང་གསང་བ་སྤྱིའི་མན་ངག་གི་ཟབ་གནད་ལག་ལེན་རྣམ་གསལ་འཇུག་པ་བདེ་བའི་ལུགས་སུ་བཀྲལ་ཏེ། ལམ་འདིའི་བཀའ་བབས་ལུང་ཐོབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་བདུན་དུ་སོན་པ་རིན་ཆེན་བཞི་པའི་ཁམས་འཛིན་ནོར་སྐྱོང་གི་ལོ། ནམ་མཁའི་ནོར་བུ་གཡང་དཀར་གྱི་ཁྱིམ་དུ་རྩེ་བའི་ཟླ་བ་ཡར་ངོའི་རྒྱལ་བ་དང་པོ་ལ་རང་གནས་རི་བོ་རིན་ཆེན་སྤུངས་ཀྱི་མགུལ་ཁུག་བཀྲ་ཤིས་སྐྱེད་ཙལ་དུ་གྲུབ་པར་སྦྱར་བ་ལས། ཐོག་མའི་ཡི་གེར་འབེབས་པ་པོ་ནི་ལྷོ་མོན་ཙནྡན་ནགས་མའི་ལྗོངས་ཀྱི་རིགས་བྱེད་པ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པའོ། །འདིས་ཀྱང་ཟབ་ཆོས་ཀྱི་འཕྲིན་ལས་ཕྱོགས་མཐར་ཁྱབ་ཅིང་རྟག་པ་དང་སྐལ་བཟང་རྣམས་རིང་པོར་འཚོ་བའི་དགའ་སྟོན་ལ་སྤྱོད་བཞིན་པདྨ་ཚེ་མཐའ་ཡས་པའི་གོ་སར་བདེ་མྱུར་ཏུ་བཀྲི་བའི་གཞིར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།།

de ltar tshe sgrub 'chi med srog thig gi sgrub pa chen po'i khog dbub 'chi med bdud rtsi'i rol mtsho zhes bya ba 'di ni/__rang gzhan rnams mi shigs bde ba chen po rdo rje'i srog bsgrub pa'i cha rkyen dam par med du mi rung bar mthong nas/___gter gzhung rtsa ba'i dgongs pa las ma g.yos par rigs mthun gyi gter kha gong ma dag las ngag 'don kha skong du bsdebs shing gsang ba spyi'i man ngag gi zab gnad lag len rnam gsal 'jug pa bde ba'i lugs su bkral te/___lam 'di'i bka' babs lung thob kyi skal bzang nyams su myong ba 'jigs bral ye shes rdo rjes rang lo drug cu rtsa bdun du son pa rin chen bzhi pa'i khams 'dzin nor skyong gi lo/___nam mkha'i nor bu g.yang dkar gyi khyim du rtse ba'i zla ba yar ngo'i rgyal ba dang po la rang gnas ri bo rin chen spungs kyi mgul khug bkra shis skyed tsal du grub par sbyar ba las/__thog ma'i yi ger 'bebs pa po ni lho mon tsan+dan nags ma'i ljongs kyi rigs byed pa bsod nams rgyal mtshan gyis bgyis pa'o/___/'dis kyang zab chos kyi 'phrin las phyogs mthar khyab cing rtag pa dang skal bzang rnams ring por 'tsho ba'i dga' ston la spyod bzhin pad+ma tshe mtha' yas pa'i go sar bde myur tu bkri ba'i gzhir gyur cig/___//sarba dA mang+ga laM//

[edit]
༄༅། །ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི་སིདྡྷཾ། ཚེ་དང་ཡེ་ཤེས་གཟི་བརྗིད་མཐའ་ཡས་པས། །འགྲོ་ལ་འཆི་མེད་མཆོག་སྩོལ་ཐོད་ཕྲེང་རྩལ། །མགོན་ཁྱོད་སྐལ་བཟང་བདག་བློར་བླ་མའི་སྐུར། །ཡོངས་སྣང་གཏེར་ཆེན་ཆོས་ཀྱི་རྒྱལ་པོས་སྐྱོངས། །གང་གི་ཟབ་གཏེར་ནོར་བུའི་སྒྲོམ་ཆེན་ལས། །ཡོངས་ཕྱུངས་འཆི་མེད་སྲོག་ཐིག་དཀྱིལ་འཁོར་ཆེ། །ཚོམ་བུ་ཚོགས་སུ་སྒྲུབ་པའི་ལས་ཀྱི་ཁྲིགས། །རྣམ་གསལ་ལེགས་བཤད་ཤིང་རྟ་འདྲེན་ལ་སྤྲོ། །དེའང་རྡོ་རྗེའི་ཚེ་སྒྲུབ་པ་ཀུན་གྱི་ཡ་གྱལ་ཟབ་ལམ་འཆི་མེད་སྲོག་གི་ཐིག་ལེའི་དཀྱིལ་འཁོར་གྱི་འཁོར་ལོ་ཚོམ་བུ་ཚོགས་སུ་སྒྲུབ་པའི་ཚུལ་གསལ་བར་བྱེད་པ་ལ་སྤྱི་ [2a] དོན་རྣམ་པ་གསུམ་སྟེ། གང་ཞིག་བསྒྲུབ་པར་བྱ་བའི་གཞི། །གང་གིས་སྒྲུབ་པར་བྱེད་པའི་ཐབས། །དེ་ཉིད་མངོན་པར་སྒྲུབ་པའི་འབྲས་བུའོ། །དང་པོ་ནི། གདོད་ནས་རང་བཞིན་གྱིས་རྣམ་པར་དག་པ་སྐྱེ་ཤི་འཕོ་འགྱུར་མཚན་མའི་ཆོས་ལས་འདས་པའི་ཡེ་ཤེས་འཆི་མེད་རྡོ་རྗེ་བདེ་བ་ཆེན་པོ་ཚེ་མཐའ་ཡས་པ་ཐོད་ཕྲེང་རྩལ་ཅེས་བརྟན་གཡོ་འཁོར་འདས་ཀུན་གྱི་སྲོག་གམ་སྙིང་པོའི་ཚུལ་དུ་གློ་བུར་དྲི་མའི་ཚོགས་ཀྱི་ལྡན་ལ་མ་གོས་པར་བཞུགས་པ་ཉིད་དོ། །གཉིས་པ་གང་གིས་སྒྲུབ་པར་བྱེད་པའི་ཐབས་ལ་གསུམ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ། རྗེས་ཀྱི་ལས་རིམ་རྣམས་ཀྱིས་སྒྲུབ་པ་མཐའ་རྒྱས་སུ་བྱ་བའོ། །དང་པོ་ནི། ཇི་སྐད་དུ་རྒྱུད་ [2b] ལས། གནས་དང་བདག་ཉིད་འཁོར་རྫས་དུས། །ཕུན་སུམ་ཚོགས་པ་ལྔར་ལྡན་ན། །ལས་རྣམས་གང་འདོད་འགྲུབ་པར་འགྱུར། །ཞེས་གསུངས་པ་ལྟར་ཕུན་སུམ་ཚོགས་པ་ལྔར་ངེས་པ་ལས། དང་པོ་གནས་ནི། གཏེར་གཞུང་རྩ་བར། གོང་མས་བྱིན་བརླབས་སྒྲུབ་པའི་གནས༔ ཉམས་ཆག་སྐྱོན་བྲལ་འཚེ་བ་མེད༔ བག་དྲོ་ཡིད་འོང་ཉམས་དགའ་བའི༔ ས་ཕྱོགས་སྣུམ་ཞིང་གཟི་བརྗིད་ལྡན༔ རྩི་ཤིང་ནགས་ཚལ་ཆུ་ཀླུང་རྒྱས༔ ཚེ་དང་ཡེ་ཤེས་འཕེལ་བའི་ཞིང་༔ བཀྲ་ཤིས་དགེ་བ་གནས་མཆོག་ཏུ༔ ཞེས་གསུངས་པ་ལྟར་ལྷག་པར་དམ་ཉམས་སྡེ་འཁྲུགས་སོགས་ཀྱི་གྲིབ་ཀྱིས་མ་གོས་པའི་ས་ཕྱོགས་གནས་ཁང་གཙང་མའི་གནས་སུའོ། །གཉིས་པ་སློབ་དཔོན་བདག་ཉིད་ནི། །ཐུགས་སྒྲུབ་དགོངས་པ་ཡོངས་འདུས་ལས། །བདེ་གཤེགས་བཀའ་བབས་ལུང་དང་རྟོགས་པས་ཟིན༔ དབང་བཞི་ཡོངས་རྫོགས་དཀྱིལ་འཁོར་དམ་ལ་གནས༔ ལྟ་བས་ཐག་ཆོད་ཏིང་འཛིན་དྲོད་ཚད་ཕེབས༔ དགག་སྒྲུབ་སྤངས་བླངས་འཛིན་བྲལ་མན་ངག་ལྡན༔ གསང་སྔགས་ཟབ་མོའི་བསྐྱེད་རྫོགས་དོན་ལ་གོམས༔ ཐོས་པས་རྒྱུད་གྲོལ་སྙིང་རྗེ་ཆེན་པོ་ཡིས༔ འགྲོ་ཀུན་ཐུགས་རྗེས་བུ་བཞིན་སྐྱོང་མཁས་པ༔ ཞེས་སོ། །གསུམ་པ་ཚོམ་བུར་འབྲེལ་བའི་འཁོར་ནི། སྔ་མ་ལས། རྡོ་རྗེ་རྒྱལ་ཚབས་ལས་ཀྱི་རྒྱལ་ཐེབས་དང་༔ ཤེས་རབ་གཟུངས་མ་མཛེས་སྡུག་མཚན་ལྡན་དང་༔ ཀརྨ་ལས་གིང་བརྡ་སྦྱོར་རྡུལ་ཕྱག་སོགས༔ མདོར་ན་བསླབ་ཤེས་ལྡན་ཞིང་བརྩོན་འགྲུས་ལྡན༔ བརྩོན་འགྲུས་ [3a] སྡུག་སྲན་ཆེ་ཞིང་གཏོང་ཕོད་ཆེ༔ འཁོར་བར་སུན་ཕྱུངས་མོས་གུས་སྐྱོ་ཤས་ལྡན༔ ཚེ་འདི་བློས་བཏང་བྱང་ཆུབ་སྒྲུབ་ལ་བརྩོན༔ བླ་མས་ཅི་གསུངས་བཀའ་བཞིན་བསྒྲུབ་ལ་བརྩོན༔ ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཅན༔ ཞེས་གསུངས་པ་ལྟར་ཁྱད་པར་དུ་སྒྲུབ་པ་པོ་ནང་ཕན་ཚུན་དམ་སེལ་གཏན་ནས་མེད་པ་ཞིག་གལ་ཆེའོ། །བཞི་པ་རྫས་སམ་ཡོ་བྱད་ནི། ལམ་རིམ་ལས། གོས་རྒྱན་བཟའ་བཏུང་གསང་བ་དང་། །སྒྲུབ་པའི་ཡོ་བྱད་ལྔ་རྣམས་དང་། །དཀྱིལ་འཁོར་ཡོ་བྱད་མཆོད་པའི་རྫས། །དངོས་གྲུབ་བསྙེན་དང་བར་ཆད་ཟློག །ཡོ་བྱད་དམ་པ་བསྡུ་བྱ་སྟེ། །ཞེས་གསུངས་པ་ལྟར། སྒྲུབ་རྫས། རྒྱན་རྫས། མཆོད་རྫས་ལ་སོགས་པ་དམ་ཚིག་གི་ཡོ་བྱད་ཐམས་ཅད་སྔ་ཚགས་སུ་ཚུད་པར་བྱའོ། །ལྔ་པ་དུས་ནི། རྒྱུད་ལས། ཚེས་གྲངས་ཡར་གྱི་བརྒྱད་ལ་བརྩམ། །ཤིན་ཏུ་སྐར་མ་རྒྱལ་རྣམས་ལ། །ཞེས་པ་ལྟར་ལ། ལྷག་པར་ཉི་མ་བྱང་བགྲོད་ཀྱིས་སྐབས་དང་འགྲིགས་ན་མཆོག་ཏུ་བསྔགས་ཤིང་གང་ལྟར་ཟླ་བའི་ཡར་ངོ་བདུད་རྩིའི་སྦྱོར་བ་དང་ལྡན་པའི་ཚེས་གྲངས་བཟང་པོའི་ཉིན་དབུ་འཛུག་ཅིང་ཡར་ཚེས་རང་ལ་མཐའ་རྒྱས་པར་བྱ་བ་དམིགས་བསལ་དུ་ཤེས་པ་ཉིད་དོ། །གཉིས་པ་སྒྲུབ་པའི་གཞུང་བསྲང་བ་དངོས་ལ་གཉིས། སྔོན་དུ་འགྲོ་བ་དང་། དངོས་གཞིའི་ལས་རིམ་མོ། །དང་པོ་ལ་གཉིས། བསོད་ནམས་ཀྱི་དཔུང་བསྐྱེད་པ་དང་། སའི་ཆོ་ག་བྱ་བའོ། །དང་པོ་ལ་སྒྲུབ་གཞུང་ཆེན་པོ་རྣམས་སུ་རྣམ་གྲངས་མང་ [3b] ཡང་གནད་དུ་དྲིལ་ན་བཞི། རང་རྒྱུད་སྦྱོང་བ། ཆོས་འཁོར་བསྐོར་བ། གཏོར་མ་བཏང་བ། སྦྱིན་གཏོང་བྱ་བའོ། །དེ་རེ་རེ་ལ་བཞི་བཞིར་འབྱུང་སྟེ་དང་པོ་ནི། ལུས་ཀྱི་སྒྲིབ་པ་སྦྱང་ཕྱིར་སཱ་ཙྪ་གདབ། ཉེའུ་འདོན་སོགས་སྲོག་བསླུ། རྣམ་འཇོམས་སྨེ་བརྩེགས་ཀྱི་ཁྲུས་བྱ། ངག་སྒྲིབ་སྦྱང་ཕྱིར་ན་རག་དོང་སྤྲུགས་དང་ཡིག་བརྒྱ་བཟླ། ཡིད་སྒྲིབ་སྦྱང་ཕྱིར་སེམས་བསྐྱེད་བླང་། བླ་མའི་རྣལ་འབྱོར་བསྒོམ། ཞི་བའི་སྦྱིན་སྲེག་བླུགས། གསུམ་ཀའི་ཕྱིར་དུ་ཕྱག་བསྐོར་དང་མཁའ་འགྲོ་ཆོས་སྐྱོང་ལ་ཚོགས་སྐོང་རྒྱ་ཆར་བྱ། གཉིས་པ་ནི། ཆོས་ཉིད་ཀྱི་དོན་རྟོགས་ཕྱིར་སྒྲུབ་ཁང་གི་ཤར་དུ་ཤེར་ཕྱིན། བདུད་འཇོམས་ཕྱིར་ལྷོར་སྟོབས་པོ་ཆེ། རྒྱུ་འབྲས་གོ་ཕྱིར་ནུབ་ཏུ་ལངས་ཀར་གཤེགས་པ། བར་ཆད་ཞི་ཕྱིར་བྱང་དུ་ཏོག་གཟུངས་དང་གྲྭ་ལྔ་བཀླག །གསུམ་པ་ནི། བྱིན་རླབས་འབྱུང་ཕྱིར་སྲི་ཞུ། འཕྲིན་ལས་བཅོལ་ཕྱིར་ཡོན་ཏན། འབྱོར་བ་ཐོབ་ཕྱིར་སྙིང་རྗེ། བུ་ལོན་འཁོར་ཕྱིར་ལན་ཆགས་ཀྱི་མགྲོན་རྣམས་ལ་ཕྱི་ཆུ་གཏོར་དང་མདོས་གླུད། ནང་གཏོར་མ། གསང་བ་ལུས་ཀྱི་མཆོད་སྦྱིན་བྱའོ། །བཞི་པ་ནི། དངོས་སུ་སྣང་བའི་མགྲོན་བཞི་ལ་དངོས་འབྱོར་ཅི་རིགས་པས་མཉེས་ཤིང་ཚིམས་པར་བྱེད་པ་སྟེ། བླ་མ་དགེ་འདུན། རྗེ་དཔོན་དང་ཡོན་ཏན་ཅན། ནད་པ་དབུལ་ཕོངས་བྱ་རིགས་ཆུ་གནས། བུ་ལོན་ཆགས་པ་དང་མི་འཛའ་བ་རྣམས་ཡོན་དང་བཟའ་བཏུང་ཅི་འབྱོར་བསྟབས་ལ་སྒྲུབ་པ་མཐར་ཕྱིན་ཅིང་བར་ཆད་མེད་པའི་སྨོན་ལམ་ [4a] གདབ་བོ། །གཉིས་པ་སའི་ཆོ་ག་ལྔ། བརྟག་པ། བསླང་བ། དབང་དུ་བྱ་བ། སྦྱང་བ། གཟུང་ཞིང་བསྲུང་བའོ། །དང་པོ་ནི། མཚན་ཉིད། རྟེན་འབྲེལ། ལྟོ་འཕྱེ་བརྟགས་བ་རྣམས་ཏེ་སྒྲུབ་གནས་རྙིང་པ་ལ་མི་དགོས་པས་འདིར་མ་སྨོས་ཤིང་ཤེས་པར་འདོད་ན་གཞན་དུ་བལྟའོ། །གཉིས་པ་ས་བསླང་བ་ནི། སྣང་བ་མི་ལས་རང་དབང་དུ་གྱུར་པ་གཞིར་བྱས་ཏེ། མི་སྣང་བ་ལས་བསླང་བ་ལ། སྒྲུབ་པའི་ཁང་པ་བྱི་དོར་བྱས་ལ་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བརྒྱན། ཕུན་ལོགས་སུ་སྟེགས་བུ་གཙང་མར་བདག་བསྐྱེད་ཀྱི་མཆོད་གཏོར་སྨན་རག་ཉེར་སྤྱོད་བཅས་བཤམ། དེའི་མདུན་ཕྱོགས་སོགས་གང་དུ་བྱ་བའི་དཀྱིལ་འཁོར་གྱི་གཞི་སྟེགས་བྱི་དོར་བྱས་པའི་དབུས་སུ་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་ས་ལྷའི་གཏོར་མ་དཀར་ཟླུམ་ཐེབ་རིལ་གྱིས་མཚན་པ་དང་། ཞིང་སྐྱོང་སྤྱིའི་དཀར་གཏོར་དང་གསེར་སྐྱེམས། མཐར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔ་གཡས་བསྐོར་དུ་བཤམ། གཞན་ཡང་ས་བཟུང་གི་ཕུར་བུ་སོགས་འོག་གི་སྐབས་སོ་སོར་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས། མཆོད་གཏོར་རྣམས་རྟ་སྔགས་ཀྱིས་བསང་། སྭབྷཱ་ཝས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུྃ་ལས་རིན་ [4b] ཆེན་སྣོད་ནང་དུ༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻདྱ་ཤཔྡ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃཿ ཞེས་ལན་གསུམ་གྱིས་བྱིན་བརླབ། ཚོམ་བུ་ཉིད་པཾ་ལས་སའི་ལྷ་མོ་བརྟན་མ་སྐུ་མདོག་གསེར་བཙོ་མ་ལྟ་བུ་ཞལ་གཅིག་ཕྱག་གཉིས་པ། རིན་པོ་ཆེའི་བུམ་པ་བསྣམས་པ། ཞི་ཞིང་འཛུམ་པའི་ཉམས་ཅན། དར་གྱི་སྟོད་གཡོགས་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་བརྒྱན་པ། ལྟེ་བ་ཡན་ཆད་ས་སྟེང་དུ་འཐོན་པར་གྱུར། རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་ས་འོག་ནས་ཡེ་ཤེས་ཀྱི་ལྷ་མོ་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ གཉིས་སུ་མེད་པར་གྱུར། ཨོཾ་བཛྲཱ་བྷ་ཝ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་རིན་ཆེན་འབྱུང་གནས་ཀྱིས་དབུ་བརྒྱན་པར་གྱུར། ཨོཾ་པྲི་ཐི་ཝི་དེ་ཝི་ས་པ་རི་ཝཱ་ར་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ། སོགས་ནས་ ཤཔྡའི་བར་གྱིས་མཆོད། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷ་རྨཱ་ཎཾ་ཨཱཏྱ་ནུཏྤནྟ་ཏོཏྟེ་ཨོཾ་ཨཱཿཧཱུྃ་ཕཊ་ [5a] སྭཱཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ་ས་གནོན་གྱི་རྒྱས། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དབང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །ཞེས་གསོལ་བ་བཏབ་པས་རིག་པ་འཛིན་པ་ཁྱོད་ཅི་དགའ་བར་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་ད་དེ་ཉིད་དུ་ཐིམ་པར་བསམ། དེ་ནས་བྱེ་བྲག་གི་སའི་བདག་པོ་རྣམས། བྷྰུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛ༔ ས་སྤྱན་དྲངས། སྠཱ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མ༔ སརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང་༔ གངས་རི་གཡའ་རྩ་ལུ་མ་སྐྱེད་མོས་འཚལ༔ མཚོ་རྫིང་སྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱི༔ འཛམ་གླིང་ལྷ་བཞིར་སྒྲུབ་པའི་ས་བསླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་བརླབས་བསྔོས་པའི་གཏོར་ [5b] མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་བསྩལ་ཏུ་གསོལ༔ བྷྰུ་མི་པ་ཏི་ས་པ་རི་ཝཱ་ར་གཙྪ༔ གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ཞིང་། གཏོར་མ་དང་གསེར་སྐྱེམས་ཕྱི་རོལ་དུ་འབུལ། ཚོམ་བུ་དང་མཆོད་པ་རྣམས་བསྡུའོ། །གསུམ་པ་དབང་དུ་བྱ་བ་ནི། སློབ་དཔོན་གྱིས་སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་དར་དམར་གྱི་ཅོད་པན་ཅན་བཟུང་ནས་སྟེགས་བུའི་མདུན་དུ་འཁོད་ལ། རང་ཉིད་རྟ་མགྲིན་དུ་གསལ་བའི་ཐུགས་ཀ་ནས་ཧྲཱིཿཡིག་མར་མེ་ལྟར་འབར་བ་འཕྲོས། ཕུ་བུ་ལ་ཐིམ་པས་དེ་ཉིད་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་དབྱུག་ཏོ་དང་ཐོད་ཁྲག་འཛིན་པ་སྐུ་སྨད་ཕུར་བུའི་དཔལ་ཅན་དུ་གྱུར་པར་བསམ་ཞིང་། ཨོཾ་ཧྲཱིཿཔདྨནྟ་ཀྲྀ་ཏ་མཧཱ་ཀྲོ་དྷ་ཧྱ་གྲྀ་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་ལན་བདུན་བཟླས་ནས་ས་གཞི་ལ་བཏབ་པས། ཕུར་བུ་ལས་བྱུང་བའི་འོད་ཟེར་དམར་པོས་ས་གཞི་ཐམས་ཅད་ལ་ཁྱབ་པས་བདག་གི་དབང་དུ་གྱུར་པར་བསམ་མོ། །བཞི་པས་སྦྱོང་བ་ནི། རང་གི་ཐུགས་ཀ་ནས་རཾ་ཡཾ་ཁཾ་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། སློབ་དཔོན་གྱི་ལག་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་མོས་པས་བསྐོར་ཞིང་རེག་ལ། ཨོཾ་སྭབྷཱ་ཝ་ [6a] ཤུདྡྷ་སརྦ་དྷརྨཱཿསྭབྷཱ་ཝ་ཤུདྡྷོ྅ཧཾ༔ ལན་གསུམ། སྟོང་པའི་ངང་ལས་སྣོད་བཅུད་སྣང་སྲིད་ཐམས་ཅད་འོག་མིན་པདྨ་དྲྭ་བའི་ཞིང་ཁམས་ཆེན་པོར་ཡོངས་སུ་རྫོགས་པར་བསམ་མོ། །ལྔ་པས་བཟུང་ཞིང་སྲུང་བ་ནི། བགེགས་ལ་གཏོར་མ་སྦྱིན་ཞིང་བཀའ་བསྒོས་ཏེ་དྲག་སྔགས་ཡུངས་ཐུན་ཚམ་རྔམས་དང་བཅས་པས་རྒྱང་རིང་དུ་བསྐྲད་མཐར། བདག་གི་ཐུགས་ཀ་ནས་ཁྲོ་བོའི་སྤྲིན་སྤྲོས་པའི་ཚོགས་ཀྱིས་ས་གཞི་གང་བར་གྱུར། ཕུར་བུ་པདྨ་ཀཱི་ལ་ཡ་སྟོད་ཁྲོ་བོ་ཕྱག་གཉིས་ཕུར་བུ་འདྲིལ་བ་སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར་པར་མོས་ཏེ། ལས་ཕུར་བསྒྲིལ་ཞིང་། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཱ་ན་བྫྲ་དྷ་རོད་ཨཱ་ཛྙཱ་བ་ཡ་ཏི་སརྦ་བིགྷྣ་ན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ། ལན་གསུམ། ཕུར་བ་ལས་འཕྲོས་པའི་ཁྲོ་ཆུང་དང་མེའི་འོད་ཀྱིས་ས་གཞི་ཐམས་ཅད་ཁེངས་པར་བསམ་མོ། །དེ་དག་ནི་སའི་ཆོ་གའོ། །རྩ་བའི་གཉིས་པ་དངོས་གཞི་ལ་གསུམ། ཡེ་ཤེས་ཀྱི་ལྷ་བསྙེན་པ་དང་ཉེ་བར་བསྙེན་པའི་རིམ་པ། ལྷ་དང་དབྱེར་མེད་དུ་བྱེད་པ་སྒྲུབ་པའི་རིམ་པ། གྲུབ་ནས་དངོས་གྲུབ་ལེན་པ་སྒྲུབ་པ་ཆེན་པོའི་རིན་པའོ། །དང་པོ་ལ་དགུ་སྟེ། མཚམས་བཅད་རྟེན་བཅའ་སྟ་གོན་བྱ། །རྒྱན་འགོད་མངའ་གསོལ་བརྡ་སྦྱར་ཅིང་། །བསྲེལ་བསྣན་སྐོས་འདབ་བྱིན་འབེབས་སོ། །ཞེས་པའི་དང་པོ་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱི་རོལ་གྱི་ཕྱོགས་ [6b] བཞིར་ཐོ་བཞི་ལ་རྒྱལ་ཆེན་སྡེ་བཞིའི་སྐུ་གཟུགས་སྔགས་བྱང་རྒྱལ་མཚན་དང་བཅས་པ་བཙུགས་པ་སོ་སོའི་མདུན་དུ་སྟེགས་གཙང་མར་གཏོར་མ་དཀར་ཟླུམ་ཆུ་གཉིས་ཉེར་སྤྱོད་ལྔ་བཅས་བཤམ། སྒྲུབ་པ་པོ་རྣམས་སྒྲུབ་ཁང་ནས་འདོན་ཏེ། ཐོག་མར་ཤར་གྱི་ཐོ་མདུན་དུ་འཁོད་ལ། སྔར་ས་ལྷའི་སྐབས་བཞིན་མཆོད་གཏོར་བྱིན་གྱིས་བརླབ། ཐོ་སྐུ་རྟེན་དང་བཅས་པ་རྟ་སྔགས་ཀྱིས་བསང་། སྭཱ་བྷཱ་ཝས་སྦྱངས། སྟོང་པའི་ངང་ལས་དྷྲི་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་ཡུལ་འཁོར་སྲུང་དཀར་པོ་པི་ཝཾ་འཛིན་ཅིང་དྲི་ཟའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ཤར་ཕྱོགས་ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ས་བསྟིམ། ཨོཾ་དྷྲཥྚི་རཱཥྚཱ་ཡ་སྭཱཧཱ། ལན་བདུན། ཨོཾ་མཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས་ ཤཔྡ་པྲ་ཏཱིཙྪ་སྭཱཧཱའི་བར་གྱིས་མཆོད། རྩ་སྔགས་མཐར། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱཧི་ཞེས་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུཾ། དྲི་ཟའི་མངའ་བདག་ཡུལ་འཁོར་སྲུང་། །ཞི་བའི་ལས་མཛད་སྐུ་མདོག་དཀར། །ལྷ་ཡི་ཐུགས་དམ་ [7a] པི་ཝཾ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་བསྟོད་ཅིང་འཕྲིན་ལས་བཅོལ། ཨོཾ་དྷྲཥྚི་རཱཥྚཱ་ཡ་སྭཱཧཱ། ཏིཥྛ་བཛྲ་ཞེས་བརྟན་བཞུགས་བྱ། དེ་བཞིན་དུ་ལྷོར་ཕྱིན་ལ་མཆོད་གཏོར་བྱིན་བརླབ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་བཻ་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་འཕགས་སྐྱེས་པོ་སྔོན་པོ་རལ་གྲི་འཛིན་པ་གཤིན་རྗེའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ལྷོ་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ ཧོཿ ས་བསྟིམ། ཨོཾ་བེ་རཱུ་དྷ་ཀཱ་ཡ་སྭཱཧཱ། ལན་བདུན། ཨོཾ་མཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ཀྱིས་མཆོད། རང་སྔགས་ལ་གཏོར་སྔགས་སྦྱར་བ་ལན་གསུམ་གྱིས་གཏོར་མ་ཕུལ། ཧཱུྃ། གཤིན་རྗེའི་མངའ་བདག་འཕགས་སྐྱེས་པོ། ། [7b] མངོན་སྤྱོད་ལས་མཛད་སྐུ་མདོག་སྔོ། །ཚར་གཅོད་བེ་ཅོན་རལ་གྲི་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་དང་། རང་སྔགས་ཏིཥྛ་བཛྲས་བརྟན་བཞུགས་བྱ། ནུབ་ཏུ་ཕྱིན་ལ་མཆོད་གཏོར་བྱིན་བརླབ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་བི་ཡིག་ཡོངས་སུ་གྱུར་པ་ལས་རྒྱལ་ཆེན་སྤྱན་མི་བཟང་དམར་པོ་མཆོད་རྟེན་དང་སྦྲུལ་ཞགས་བསྣམས་པ་ཀླུའི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་བོ་ཆེན་པོ་སྤྱན་མི་བཟང་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་བསྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་སྤྱན་མི་བཟང་། །འདིར་གཤེགས་རྟེན་ལ་བརྟན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ས་བསྟིམ། ཨོཾ་བི་རཱུ་པཀྵ་ཡ་སྭཱཧཱ། ལན་བདུན། ཨོཾ་མཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་དང་། རང་སྔགས་གཏོར་སྔགས་སྦྱར་བ་ལན་གསུམ་མཐར། ཧཱུྃ། ཀླུ་ཡི་མངའ་བདག་སྤྱན་ [8a] མི་བཟང་། དབང་གི་ལས་མཛད་སྐུ་མདོག་དམར། །ཚོགས་རྫོགས་མཆོད་རྟེན་སྦྲུལ་ཞགས་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་དང་། སྔར་ལྟར་བརྟན་ཞུགས་བྱ། བྱང་དུ་ཕྱིན་ལ། མཆོད་གཏོར་བྱིན་བརླབ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཀུ་ཡིག་ཡོངས་སུ་གྱུར་བ་ལས་རྒྱལ་ཆེན་རྣམ་ཐོས་སྲས་ལྗང་ནག་རྒྱལ་མཚན་དང་ནེའུ་ལེ་འཛིན་པ་གནོད་སྦྱིན་གྱི་ཚོགས་ཀྱིས་བསྐོར་བའི་གནས་གསུམ་འབྲུ་གསུམ་དང་། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་དང་བཅས་པ་སྤྱན་དྲངས་པར་བསམ་ཞིང་། ཧཱུྃ། གསང་བདག་སྤྱན་སྔར་དམ་མནོས་ཤིང་། །བསྟན་པ་སྲུང་བར་ཞལ་བཞེས་པ། །རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས། །འདིར་གཤེགས་རྟེན་ལ་བརྟེན་པར་བཞུགས། །བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ས་བསྟིམ། ཨོཾ་བཻ་ཤྲ་མ་ཎ་ཡ་སྭཱཧཱ། ལན་བདུན། ཨོཾ་མཧཱ་རཱ་ཛ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ [8b] དང་། རང་སྔགས་གཏོར་སྔགས་སྦྱར་བ་ལན་གསུམ་མཐར། ཧཱུྃ། གནོད་སྦྱིན་མངའ་བདག་རྣམ་ཐོས་སྲས། །རྒྱས་པའི་ལས་མཛད་ལྗང་སེར་སྐུ། །གཏེར་འཆང་བེ་ཅོན་ནེའུ་ལེ་བསྣམས། །དེ་ལ་བསྟོད་དེ་ཕྱག་ཀྱང་འཚལ། །རྒྱལ་པོ་ཆེན་པོ་འཁོར་བཅས་ཀྱིས། །སྔོན་གྱི་ཐ་ཚིག་ཇི་བཞིན་དུ། །མཆོད་སྦྱིན་གཏོར་མ་འདི་བཞེས་ལ། །སྒྲུབ་པའི་བར་ཆད་ཀུན་སྲུངས་ཤིག །ཅེས་དང་། སྔར་ལྟར་བརྟན་བཞུགས་བྱའོ། །གཉིས་པ་བར་མཚམས་བཅད་པ་ལ་གསུམ་གྱི། དང་པོ་དམ་སྲི་མནན་པ་ནི། དུག་ཤོག་ལ་དམ་སྲིའི་ལིངྒ་བྱ་མཆུ་ཅན་ཡན་ལག་ལྕགས་སྒྲོག་གིས་བསྡམས་པའི་སྙིང་གར་ཛ་ཁ་སྤྲོད་ཀྱི་བར་དུ་ཏྲི་ཡིག་དང་། དེ་མཐར་མགྲིན་པའི་ཐད་ནས་བརྩམས་ཏེ་ཡིག་མགོ་ཕྱིར་བསྟན་དུ་ཡ་མ་དམ་སྲི་གམ་པ་རི་མཱ་ར་ཡ་ཛཿནན༔ ཏྲིའུ་ཏྲིའུ་མཱ་ར་ཡ་ན་མ་ཤོ་ཛཿཁུག་ཁུག་ནན༔ ཞེས་དང་། གཟུགས་ཀྱི་མཐར་ཡིག་མགོ་ནང་དུ་བསྟན་ལ། དུས་དྲུག་དང་བཅུར་རྒྱུ་བའི་ཉུ་ལེ་དམ་སྲི་རྒྱལ་འགོང་འབྱུང་པོའི་ཚོགས་དང་བཅས་པའི་ལུས་ངག་ཡིད་གསུམ་མཐུ་སྟོབས་ཐམས་ཅད་ནོན་ཅིག༔ བསྐལ་པ་མ་སྟོང་གི་བར་དུ་མ་ལྡངས་ཤིག༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭམྦྷ་ཡ་ནན༔ ཞེས་པ་རྣམས་ཀྱི་མཐར་ཛ་ཁྲམ་གྱིས་བསྐོར་བ་བྲིས་ལ་ལིང་ཁྲུས་བྱ། འགྲུབ་ན་སྒྲུབ་པའི་སྔ་ཉིན་ལྟ་བུར་རྡོ་རྗེ་མཚམས་པ་སོགས་ཀྱིས་ཕུར་པ་སོགས་དྲག་པོའི་འཕྲིན་ལས་ [9a] བཏང་བའི་ཚོགས་ཐ་མའི་གདབ་ཁ་དང་འབྲེལ་བར་བཀུག་བསྟིམ་གྲངས་མང་ཡིད་ཆེས་པར་བྱས་ལ་ཐུན་གདབ། འདྲི་ལྟེབ་ཏུ་བཅག་ཅིང་ཚོན་སྐུད་ཀྱིས་བཅིངས། ཐོད་ངན་ནམ་ཁྱི་ཐོད་ལྟ་བུར་བཅུག །ཕུང་རས་དྲིལ་ལ་རྩང་གིས་གཟིར་བའི་མནན་ཆས་སྤྱི་ལྟར་བྱ། གང་ལྟར་ཡང་སྒྲུབ་ཁང་གི་སྒོའི་ཕྱི་རོལ་དུ་དོང་གྲུ་གསུམ་བྲུས་པར་མནན་ལིང་བཀོད། འོག་ཏུ་དགོས་པའི་ཡོ་བྱད་རྣམས་འདུ་བྱས་ནས་ཐོག་མར་སྡོང་གྲོགས་འཆོལ་བའི་ཕྱིར་གསེར་སྐྱེམས་ཐོགས་ལ། རཾ་ཡཾ་ཁཾ། འདོད་ཡོན་ཟག་པ་མེད་པའི་བདུད་རྩི་རྒྱ་མཚོར་གྱུར། ཨོཾ་ཨཱཿཧཱུྃ་ཧ་ ཧོཿ ཧྲཱིཿལན་གསུམ་གྱིས་བརླབས་ཏེ། ཧཱུྃ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་རྟ་མཆོག་འབར་བའི་ལྷ་ཚོགས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་སྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་གཏེར་སྲུང་དམ་ཚིག་ཅན། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས༴ །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ་དང་། །ས་ཕྱོགས་འདི་སོགས་ཡུལ་གཞིས་གནས་ཀྱི་བདག །ལོ་ཟླ་ཞག་དུས་ཚེས་ལ་ [9b] དབང་བའི་ལྷས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །ཅེས་གསེར་སྐྱེམས་ཕུལ། ཨོཾ་ཧྲཱིཿཔདྨ་ནྟ་ཀྲིཏ་མཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་པས། རང་ཉིད་དབང་ཆེན་རྟ་མགྲིན་གཟི་བརྗིད་དུས་མཐའི་མེ་ལྟར་འབར་བའི་སྐུར་གྱུར་པའི་ང་རྒྱལ་བསྐྱེད་དེ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་འབྱུང་པོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གསལ་ལ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་། སངས་རྒྱས་ཀྱི་བཀའ༴ དགེ་འདུན་གྱི༴ གསང་སྔགས་དང་རིག་སྔགས་དང་གཟུངས་སྔགས་དང་སྙིང་པོ་དང་ཕྱག་རྒྱ་དང་ཏིང་ངེ་འཛིན་གྱི་བདེན་པ་དང་། ཆོས་ཉིད་གདོད་ནས་སྟོངས་ཀྱང་ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའ་བདེན་པ་དང་། ཁྱད་པར་དབང་ཆེན་རྟ་མཆོག་འབར་བ་སྤྲུལ་འཁོར་བཀའ་སྡོད་དམ་ཅན་རྒྱ་མཚོའི་ཚོགས་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་། བདེན་བ་ཆེན་པོའི་མཐུ་ལ་བརྟེན་ནས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་ [10a] བཛྲ་ཨངྐུ་ཤཛ༔ ཛཿཧཱུྃ་བྃ་ཧོཿ ཞེས་ལན་གསུམ་གྱིས་དགུག་བསྟིམ་བྱས་ལ། འོག་གི་འདོན་ཚིག་དང་བསྟུན་ཏེ་སྐྱེར་ཕུར་སོར་བཞི་པ་གདབ། ཐུན་རྫས་བྲབ། གུ་གུལ་བདུག །དུར་རྡོ་ལ་རི་གླིང་དང་རྒྱ་གྲམ་བྲིས་པས་མནན་ཏེ། ཧཱུྃཿ དམ་སྲི་བྱ་བའི་ལས་ངན་འདིས༔ རྡོ་རྗེ་སློབ་དཔོན་སྐུ་ལ་བསྡོས༔ མཆེད་ལྕམ་རྣམས་ལ་གནོད་ཅིང་འཚེ༔ རྒྱལ་ཁམས་ཀུན་ཏུ་མི་དགེ་བཏང་༔ གསང་སྔགས་ལམ་གྱི་སྒོ་ཡང་བཀག༔ བཀའ་འདས་ནམ་ཡང་མི་བཏང་བས༔ ད་ནི་ཁྲོ་བོའི་ཕུར་ཚོགས་གདབ༔ ཐུན་ཚོགས་གདབ་སྟེ་དུང་ཚོགས་གཏིབ༔ གཏུབ་ཅིང་སྲིན་པོའི་ཞལ་དུ་བསྟབ༔ རི་རབ་བརྗིད་པའི་འོག་ཏུ་མནན༔ ཞེས་པའི་མཐར་ས་ཆུ་མེ་རླུང་རིམ་པ་བཅུ་གསུམ་རེས་གཡོགས་ཤིང་སཱཙྪ་ནག་པོས་མནན་ལ། ཧཱུྃ༔ གཅིག་ནི་བརྗོད་མེད་ཉག་ཅིག་རྒྱ༔ གཉིས་པ་ཐབས་དང་ཤེས་རབ་རྒྱ༔ གསུམ་པ་སྐུ་གསུང་ཐུགས་ཀྱི་རྒྱ༔ ལྔ་པ་ཡེ་ཤེས་ལྔ་ཡི་རྒྱ༔ དྲུག་པ་ཕ་རོལ་ཕྱིན་དྲུག་རྒྱ༔ བདུན་པ་ཡན་ལག་བདུན་གྱི་རྒྱ༔ བརྒྱད་པ་རྣམ་ཐར་བརྒྱད་ཀྱི་རྒྱ༔ དགུ་པ་ཐེག་པ་རིམ་དགུའི་རྒྱ༔ བཅུ་པ་ཁྲོ་རྒྱལ་བཅུ་ཡི་རྒྱ༔ ཁྱོད་ལ་རྒྱ་བཅུ་བརྩེགས་ཏེ་བཏབ༔ རི་རབ་བརྗིད་པས་སྟེང་ནས་མནན༔ དཔའ་བོའི་བྲོ་ར་བྱས་ [10b] ཏེ་བརྡུངས༔ བསྐལ་པ་བྱེ་སྙེད་མཐའ་རུ་མནན༔ ཨོཾ་ལཾ་ཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ ཞེས་འབྱུང་བཞི་རི་རབ་དང་བཅས་པའི་སྟེང་དུ་དབང་གི་ཕོ་བྲང་བཏབ་པར་བསམ་ཞིང་། མཆེད་རྣམས་སྲིན་ལག་ལུ་གུ་རྒུད་དུ་སྦྲེལ་ཏེ་ཧཱུྃ་བཞིའི་སྔགས་ཀྱིས་བྲོ་ར་བསྐོར་ལ་ལས་བྱང་བཞིན་རྟ་བྲོ་བརྡུང་ངོ་། །གཉིས་པ་སྒོ་བྱང་གདགས་པ་ནི། བསེ་བྱང་གཉིས་ཀྱི་མདུན་ངོས་ལ་གཤིན་རྗེ་གཤེད་དང་བདུད་རྩི་འཁྱིལ་བའི་སྐུ་མངོན་རྟོགས་བཞིན་བྲི་ཞིང་རྒྱབ་ཏུ་སོ་སོའི་སྙིང་པོ་འདོད་ཡོན་གྱི་སྤེལ་ཚིག་ཅན་ཕུར་བུ་རེ་དང་བཅས་པའི་གཤིན་རྗེ་སྒོའི་ཕྱི་ངོས་དང་འཁྱིལ་བ་སྒོའི་ནང་ལོགས་ཀྱི་སྟེང་དུ་བཀོད། མདུན་དུ་མཆོད་གཏོར་དམར་གྱི་བཤོས་བུ་རེ་དང་ཉེར་སྤྱོད་ལྔ་སོ་སོར་བཤམས་ལ། ཐོག་མར་ཕྱི་སྒོའི་མཆོད་གཏོར་ རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་ཨ་ལས་བྷཉྫའི་སྣོད་དུ་མཆོད་པའི་དངོས་པོ་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པར་འཆར་བས་ནམ་མཁའ་གང་བ། གཏོར་སྣོད་བྷཉྫ་འབར་བར་གཏོར་རྫས་ཨོཾ་ཨཱཿཧཱུཾ་ཞུ་བ་ལས་འདོད་ཡོན་གྱི་ཕུང་པོ་ཟད་མི་ཤེས་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ། ཨོཾ་ཨཱཿཧཱུཾ་གིས་བྱིན་བརླབ། རྟེན་བསང་སྦྱང་། སྟོང་པའི་ངང་ལས་པད་ཉི་དྲེགས་པའི་སྟེང་དུ་ཡ་ལས་གཤིན་རྗེ་ཆོས་ཀྱི་རྒྱལ་པོ་མཐིང་ནག་བེ་ཅོན་དང་ཐོ་བ་འཛིན་པ། སྲིན་པོ་ཁྲོས་པའི་ཉམས་ཅན་འབར་བའི་ཆས་ཀྱིས་བརྒྱན་ཏེ་མེའི་ཕུང་པོའི་དབུས་ན་གནས་ [11a] པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ས་བསྟིམ། ཨོཾ་བཛྲ་ཀརྨ་ཡ་མ་རཱ་ཛ་ཧཱུྃ་ཕཊ༔ ཅེས་ལན་བདུན། ཨོཾ་བཛྲ་ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་དང་། རྩ་སྔགས་ལ། ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱཧི༔ ཞེས་བཏགས་པ་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ བཅོམ་ལྡན་གཤིན་རྗེའི་གཤེད་པོ་ནི༔ ལས་ཀྱི་ཕོ་ཉ་ཀུན་གྱི་བདག༔ རྡོ་རྗེ་འཛིན་གྱི་བཀའ་བཞིན་དུ༔ སྒྲུབ་ལ་མི་དབང་གདོན་དང་བགེགས༔ སྡེ་བརྒྱད་ཁྱོད་ཀྱི་འཁོར་ལགས་པས༔ རྣམ་སྨིན་བྱང་ཆུབ་ཆོས་ཤོད་ལ༔ ས་འདི་ཡན་ཆད་མ་བཏང་ཞིག༔ ཅེས་འཕྲིན་ལས་བཅོལ། རྩ་སྔགས་དང་། ཏིཥྛ་བཛྲས་བརྟན་བཞུགས་བྱ། དེ་ནས་ནང་སྒོའི་མཆོད་གཏོར་སྔ་མ་བཞིན་བྱིན་བརླབ་རྟེན་བསང་སྦྱང་། སྟོང་པའི་ངང་ལས་པད་ཉིའི་སྟེང་དུ་ཧཱུྃ་ལས་ཁྲོ་བོ་བདུད་རྩི་འཁྱིལ་བ་ལྗང་ནག་རྒྱ་གྲམ་དང་ཞགས་པ་འཛིན་པ། སྲིན་པོ་ཁྲོས་པའི་ཉམས་ཅན་འབར་བའི་ཆས་ཀྱིས་བརྒྱན་ཏེ་མེའི་ཕུང་བོའི་དབུས་ན་གནས་པའོ། །དེའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུྃ། ཧཱུྃ་ལས་འོད་ཟེར་འཕྲོས་པས་རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ས་བསྟིམ། [11b] ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་བདུན་ནམ་ཉེར་གཅིག་བཟླ། ཨོཾ་བཛྲ་ཨ་རྒྷཾ་སོགས་ཀྱིས་ཉེར་སྤྱོད་དང་། སྙིང་པོའི་ཤམ་དུ་གཏོར་སྔགས་སྦྱར་བ་ལན་གསུམ་གྱི་གཏོར་མ་ཕུལ་ལ། ཧཱུྃ༔ ཁྲོ་རྒྱལ་བདུད་རྩི་འཁྱིལ་བ་ཁྱོད༔ འདིར་བཞུགས་གདོན་བགེགས་མཚམས་ཆོད་ཅིག༔ དངོས་གྲུབ་འབྱུང་བའི་གནས་འདི་རུ༔ འཆི་མེད་བདུད་རྩིའི་སྲུང་མ་མཛོད༔ དམ་སྲི་ཐལ་བ་རྡུལ་དུ་རློག༔ ཅེས་འཕྲིན་ལས་བཅོལ་ཞིང་གོང་བཞིན་བརྟན་བཞུགས་བྱའོ། །གསུམ་པ་གསང་མཚམས་བཅད་པ་ནི། སེང་ལྡེང་ལ་སོགས་པའི་ཕུར་བུ་སོར་བཅུ་གཉིས་པ་ཙནྡན་དམར་པོས་བྱུགས་ཤིང་དར་གྱི་ཅོད་པན་ཅན་བཅུ་འདུ་བྱ། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དང་ཤར་ནུབ་ཀྱི་ཕྱི་རྣམས་སུ་ཕུར་གདན་ཨེ་བཅུ་བཀོད། ཀཱི་ལ་ཡའི་ཛཔྲ་ལན་གསུམ་བརྗོད་བཞིན་ཕུར་བུ་རྣམས་གུ་གུལ་གྱིས་བདུག །ཡུངས་ཀར་གྱིས་བྲབ། རཀྟས་བྱུགས་པ་རྣམས་བྱས་ལ། བསང་སྦྱང་། ཕུར་བུ་མི་དམིགས་པ་སྟོང་པའི་ངང་ལས་ཧཱུྃ་ཡིག་བཅུ་ཡོངས་སུ་གྱུར་པ་ལས་ཕུར་བུ་རྣམས་ཁྲོ་བོ་བཅུ་སྟོད་ཁྲོ་བོའི་གཟུགས་ལ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་དུ་གྱུར་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འཕྲོས་པའི་འོད་ཀྱིས་ཡེ་ཤེས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ས་བསྟིམ། ཨོཾ་བཛྲ་ཀཱ་ཡ་ཝཱ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་དབང་བསྐུར་ཏེ་བྱིན་བརླབ། རང་གི་ཐུགས་ [12a] ཀ་ནས་ཁྲོ་བོ་ཊཱ་ཀི་རཱ་ཛ་སྤྲོས་ཏེ་ཕྱོགས་སྐྱོང་བཅུ་བཀུག་ནས་སྟེང་འོག་ཕྱོགས་མཚམས་སོ་སོར་ཨེ་བཅུ་བཀོད་པ་ལ་གཟིར་བར་བསམ་ཞིང་། སློབ་དཔོན་གྱིས་ལག་གཡས་ཐོ་བ་དང་། གཡོན་པས་ཕུར་བུ་རྣམས་རིམ་པར་ཐོགས་ལ། ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་མཧཱ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ༔ ཅེས་སྟེང་གི་ཕུར་བུ་ཤར་གྱི་ཤར་དུ་གདབ། དེ་བཞིན་དུ་གོང་འོག་གི་སྔགས་ཚིག་འགྲེས་སྦྱར་ཏེ། ཕྱོགས་བཞིར་ཤར་ནས་གཡས་བསྐོར་གྱིས། བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ ༔ ཧྱ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ མཚམས་བཞི་བྱང་ཤར་ནས་གཡོན་བསྐོར་གྱིས། ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃ༔ བྷནྡྷི་བྷནྡྷི་ཧཱུྃ་ཕཊ༔ ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨཱརྻ་ཨ་རྩ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་ཅིང་། མཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་འབར་བའི་སྟངས་སྟབས་དང་བཅས་གདབ་པས། བགེགས་རྣམས་ཀྱི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་གྱུར་པར་བསམ་ཞིང་། ཕུར་བུ་ལས་བྱུང་བའི་འོད་ཟེར་སྲུང་བའི་འཁོར་ལོར་འཁྲིགས་པས་ཕྱོགས་ [12b] མཚམས་ཐམས་ཅད་ཁྱབ་པར་མོས་ལ། ལས་བྱང་བཞིན་སྲུང་འཁོར་གསལ་བཏབ་ལ་དོན་དམ་པར་བསྲུང་བྱ་སྲུང་བྱེད་ཐམས་ཅད་ལས་འདས་པ་སེམས་ཉིད་ཡེ་ནས་སྟོང་གསལ་བདེ་བ་ཆེན་པོ་ཆོས་ཀྱི་དབྱིངས་སུ་རོ་གཅིག་པའི་ངོ་བོ་ལ་བར་ཆད་ཀྱི་མཚན་མ་ནམ་ཡང་གྲུབ་པ་མེད་པས་ན་སྲིད་ཞི་མཉམ་ཉིད་དུ་རིག་པ་མི་ཤིགས་རྡོ་རྗེའི་རང་བཞིན་དུ་ལ་བཟླ་བར་བྱའོ། །གཉིས་པ་རྟེན་གྱི་དཀྱིལ་འཁོར་བཅའ་པ་ལ་གསུམ་ལས། དང་པོ་ཆག་ཆག་གདབ་པ་ནི། ཀ་པཱ་ལར་དྲི་བཟང་གི་ཆུ་བདུད་རྩི་ཨ་མྲྀ་ཏ་དང་སྦྱར་བ་ཐོགས་ལ། ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་དུ༔ དམ་རྫས་བདུད་རྩི་ཡེ་ཤེས་ལྔ་ལྡན་པས༔ འཆི་མེད་རྒྱལ་བའི་སྐུ་གསུང་ཐུགས་བསྒྲུབ་ཕྱིར༔ བཀའ་གསང་རྨད་དུ་བྱུང་བའི་ཆག་ཆག་འདེབས༔ ཨོཾ་མཧཱ་ཨ་མྲྀ་ཏ་ཀུཎྜ་ལཱི་ཧཱུྃ༔ ཞེས་དཀྱིལ་འཁོར་གྱི་གཞི་ལ་བྱང་ཤར་ནས་གཡས་བསྐོར་དུ་ཁྱེམ་མེད་པར་བྱུག་གོ ། གཉིས་པ་ཐིག་གདབ་པ་ནི། མཚན་ཉིད་དང་ལྡན་པའི་ཐིག་སྐུད་རིང་ཐུང་དཀྱིལ་འཁོར་གྱི་ཉིས་འགྱུར་དང་སྦོམ་ཕྲ་སྒོའི་པཉྩ་རེ་ཁཱ་དང་མཉམ་པ་འདུ་བྱ། སློབ་དཔོན་ནུབ་ནས་ཤར་དང་གཟུངས་མའམ་དེར་མོས་པའི་ལས་རྡོར་ཤར་ནས་ནུབ་ཏུ་ཕྱོགས་པས་འཁོད་དེ། བདག་དང་གཟུངས་མ་པདྨ་ཚེ་དཔག་མེད་ཡབ་ཡུམ་དུ་གསལ་བའི་གནས་ལྔར་རིགས་ལྔ་ཡབ་ཡུམ་གྱིས་མཚན་པར་མོས་ལ། ཐིག་སྣེ་ [13a] ལྟེ་བར་བཟུང་ཞིང་། འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས༔ གསང་བ་ཡེ་ཤེས་ཐིག་གདབ་མཛོད༔ མཚན་ལྡན་རིགས་མ་ཡིད་འོང་མས༔ ཡང་གསང་འགྱུར་མེད་ཐིག་གདོབ་ཅིག༔ ཛྙཱ་ན་མདྷ་ལ་ཧཱུྃ་བྷྲཱུྃ༔ ཞེས་རིགས་ལྔ་ཡབ་ཡུམ་སྙོམས་པར་ཞུགས་པའི་བྱང་ཆུབ་སེམས་སྤྲིན་ཡུམ་གྱི་མཁར་སྐར་མདའ་ལྟར་སྦྲེང་བས་རྒྱལ་བའི་དཀྱིལ་འཁོར་རང་བྱུང་བར་བསམ་ལ། གོང་གི་སྔགས་བརྗོད་བཞིན་དུ་ཐོག་མར་ནམ་མཁའ་ལ་ཡེ་ཤེས་ཀྱི་ཐིག་གདབ་པར་བྱ་སྟེ། གདབ་ཚུལ་རྡོ་རྗེ་དང་བཅས་པའི་མཐེ་བོང་དང་གང་མོས་ཐིག་སྐུད་བཟུང་བ་འོག་ནས་གྱེན་དུ་གཅུས་ཏེ་སེ་གོལ་གྱིས། ཐོག་མར་སློབ་དཔོན་ནུབ་ཏུ་འདུག །གཟུངས་མ་ཤར་དུ་གནས་པ་ཡིས། །ཚངས་ཐིག་དང་པོ་མཁའ་ལ་གདབ། །དེ་བཞིན་སློབ་དཔོན་ལྷོ་དང་ནི། །གཟུངས་མ་བྱང་གནས་གཉིས་པ་གདབ། །སློབ་དཔོན་མེ་ཡི་མཚམས་སུ་དང་། །གཟུངས་མ་དབང་ལྡན་གནས་པ་ཡིས། །ཤར་གྱི་ལོགས་ཐིག་དང་པོ་གདབ། །སློབ་དཔོན་རླུང་དང་གཟུངས་མ་ནི། །སྲིན་པོར་གནས་པས་ནུབ་ཕྱོགས་གདབ། །སློབ་དཔོན་དེ་ཉིད་གཟུངས་མ་ནི། །དབང་ལྡན་གནས་པས་བྱང་ཕྱོགས་གདབ། །སློབ་དཔོན་མེ་དང་ཟུངས་མ་ནི། །སྲིན་པོར་གནས་པས་ལྷོ་ཕྱོགས་གདབ། །སློབ་དཔོན་དེ་ཉིད་གཟུངས་མ་ནི། །རླུང་གནས་ཟུར་ཐིག་དང་པོ་གདབ། །སློབ་དཔོན་སྲིན་པོ་གཟུངས་མ་ནི། །དབང་ལྡན་གནས་པས་གཉིས་པ་སྟེ། །ཀུན་ལ་གཡས་བསྐོར་ཁྱད་པར་དུ། །ཚངས་ལོགས་རྒྱབ་འགྲོས་ [13b] ཚུལ་གྱིས་གདབ། །ཡབ་ཡུམ་སྔར་གྱི་གནས་སུ་འཁོད། །ཐིག་སྐུད་སློབ་དཔོན་ཐུགས་ཀར་བསྡུ། །ཞེས་པ་ལྟར་བཏབ་པས་སྔགས་དང་ཐིག་གི་སྒྲས་སངས་རྒྱས་ཐམས་ཅད་སད་པར་བྱས། ནམ་མཁར་ཡེ་ཤེས་ཀྱི་དཀྱིལ་འཁོར་གསལ་བར་མོས། དེ་ནས་ས་ལ་ལས་ཀྱི་ཐིག་གདབ་པ་ནི། ཐིག་སྐུད་སྙིང་གའི་ཐད་དུ་བཟུང་ལ། འཆི་མེད་མགོན་པོ་ལྷ་ཡི་ལྷ༔ རིག་འཛིན་དྷཱ་ཀི་འཁོར་དང་བཅས༔ བླ་མེད་དངོས་གྲུབ་དུས་འདིར་ཐོབ༔ ཡེ་ཤེས་རྡོ་རྗེའི་ཐིག་གདབ་མཛོད༔ གསང་བ་ཡུམ་གྱི་བྷ་གའི་ས་གཞི་ལ༔ ཡེ་ཤེས་བོ་དྷི་ཙིཏྟའི་ཐིག་སྤྲོས་པས༔ འཆི་མེད་རྡོ་རྗེ་ཚེ་ཡི་དཀྱིལ་འཁོར་གསལ༔ བྷྲཱུྃ་ཛྙཱ་ན་མ་དྷ་ལ་ཧཱུྃ་བྷྲཱུྃ༔ ཞེས་བརྗོད་ཅིང་། ཇི་ལྟར་གདབ་པའི་ཚུལ་ནི། དང་པོ་ཤར་ནུབ་ཚངས་ཐིག་གདབ། །དེ་ཡི་དབུས་སུ་མཚན་མ་བྱ། །དེ་ནི་དཀྱིལ་འཁོར་དབུས་ཡིན་ནོ། །དབུས་ནས་ཤར་ནུབ་ཚད་མཉམ་པའི། །མཚན་མ་བྱས་པའི་བརྐྱངས་པ་ཡིས། །ལྷོ་བྱང་གཉིས་སུ་བྱ་རྗེས་བྱ། །དེ་སྟེང་ཚངས་ཐིག་གཉིས་པ་གདབ། །དེ་བཞིན་ལྷོ་བྱང་ཚངས་ཐིག་ལའང་། །ཤར་ནུབ་ལྟ་བུའི་མཚན་མ་བྱ། །དེ་ཡི་བར་བརྐྱངས་སྲད་བུ་ནི། །ཕྱོགས་བཞི་མཚན་མའི་སྟེང་བཟུང་ནས། །ཟུར་བཞིར་བྱ་རྗེས་མཚན་མ་བྱ། །དེ་སྟེང་ཟུར་ཐིག་གཉིས་པོ་གདབ། །ངོས་དེར་ཇི་ལྟར་འཚམས་པ་ཡི། །ལོགས་ཐིག་བཞི་བཏབ་མདའ་ཡབ་ཐིག །མདའ་ཐིག་ནས་ནི་ལྟེ་བའི་བར། །ཟུར་ཐིག་བཞི་པོ་ཆ་གསུམ་བགོ ། སུམ་ཆ་ཕྱི་མའི་སྟེང་བཟུང་ནས། །ལོགས་ཐིག་བཞི་བཏབ་ [14a] རྩ་བའི་ཐིག །མདའ་ཐིག་དང་ནི་རྩ་ཐིག་བར། །ཕྱེད་བགོས་ཆ་ཆེན་གཉིས་འབྱུང་ངོ་། །ནང་མ་དབུས་དེར་མཐའ་གཉིས་གདབ། །རྩིག་པ་འདོད་སྣམ་ཕ་གུ་འབྱུང་། །ཆ་ཚན་ཕྱི་མ་ཕྱེད་བགོས་ལ། །ཕྱི་མ་དེ་ཡང་ཕྱེད་དུ་བཅད། །དྲྭ་ཕྱེད་ཤར་བུ་མདའ་ཡབ་འབྱུང་། །མདའ་ཐིག་ཕྱི་རུ་ཆ་ཆེན་གཉིས། །ནང་མ་ཆ་བཞིར་བགོ་བར་བྱ། །རྟ་བབ་སྣམ་བུ་བཞི་ཡིན་ནོ། །ཕྱི་མ་དབུས་དོར་མཐའ་གཉིས་གདབ། །པད་འཁོར་གདུགས་ཀྱི་གནས་སུ་འགྱུར། །དེ་རྗེས་ནང་གི་རྩ་ཐིག་ནས། །རྟ་བབ་ཕྱི་ཐིག་བར་དུ་ནི། །ཚངས་པའི་ཐིག་གི་གཡས་གཡོན་དུ། །ཆ་ཆེན་གཉིས་གཉིས་གདབ་པར་བྱ། །ནང་མ་ཕྱེད་གདབ་ཕྱི་མ་ཕྱེད། །ཕྱི་མ་ཆ་བཞིར་བགོ་བར་བྱ། །སྒོ་ཁྱུང་སྒོ་འགྲམ་སྒོ་ལོགས་དང་། །རྩིག་མུན་ཀ་བ་ཀ་རྒྱན་འབྱུང་། །རྟ་བབ་ཕྱི་མཐའི་རིམ་པ་ཡང་། །དང་པོ་ཀ་རྒྱན་མཐའ་དང་མཉམ། །དེ་རྗེས་གསུམ་པོ་རེ་རེ་ཐུང་། །མིག་གསུམ་བསྐོར་ཚུལ་རྟ་བབ་ཀྱི། །སྣམ་བུ་གཉིས་པའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པ་ནས་བཟུང་སྟེ། །ཆ་ཕྲན་གཉིས་ཀྱིས་དབུས་མ་བསྐོར། །སྣམ་བུ་དང་པོའི་ཕྱི་ཐིག་དང་། །ཚངས་ཐིག་འཛོམ་པའི་གཡས་གཡོན་དུ། །ཆ་ཕྲན་གཉིས་རེ་ཕྱིན་བ་ནས། །ཆ་ཕྲན་གཅིག་རེ་གཡས་གཡོན་བསྐོར། །དེ་མཉམ་ནང་དུ་ཕྱེད་རེ་བསྐོར། །སྣ་ཚོགས་རྡོ་རྗེའི་ར་བསྐོར་ཚུལ། །ཚངས་ཕྱིར་གསུམ་ཕྱིན་མདའ་ཕྱིར་གཅིག །ཕྱིན་ཏེ་ཀ་རྒྱན་རྩེ་ནས་བསྐོར། །དེ་ནས་ཕྲད་གཉིས་ཕྱི་རུ་གཅིག །ཕྱིན་ཏེ་སྔ་མའི་ཚད་དེས་ [14b] བསྐོར། །མདའ་ཐིག་རྩེ་ནས་ཕྱི་རོལ་དུ། །ཆ་ཆེན་ཕྱེད་དང་ཆ་ཕྲན་གཅིག །ཆ་ཆེན་གཅིག་བསྐོར་པདྨ་དང་། །རྡོ་ར་མེ་རི་རྣམས་སུ་འགྱུར། །ལྷ་གནས་བསྐོར་ཚུལ་ལྟེ་བ་ནས། །རྩ་ཐིག་ལ་རེག་ཟླུམ་པོར་བསྐོར། །དེ་ནང་ཆ་ཕྲན་ཕྱིའི་མུ་ཁྱུད། །མུ་ཁྱུད་དེ་ནས་ལྟེ་བའི་བར། །ཆ་མཉམ་བཞི་བགོ་བསྐོར་བའི་ནང་། །ཆ་ཕྲན་གཅིག་གི་མུ་ཁྱུད་བསྐོར། །ནང་ནས་རིམ་བཞིན་ལྟེ་བ་དང་། །མུ་ཁྱུད་འདབ་བཞི་འདབ་མ་དྲུག །འདབ་བརྒྱད་མུ་ཁྱུད་རྣམས་སུ་འགྱུར། །ཞེས་པ་ལྟར་མ་འཁྲུལ་བར་གདབ་བོ། །གསུམ་པ་ཚོན་དགྱེ་བ་ནི། ཚོན་སྣོད་དབུས་དམར་ཤར་དཀར་ལྷོ་སེར་ནུབ་སྔོ་བྱང་ལྗང་ཀུ་བཞག་པར་ཨཱཾ་ཧཱུྃ་སྭཱ་ཨོཾ་ཧཱ་ལྔ་བྲིས་ལ་རྡོ་རྗེ་དང་བཅས་པའི་སྲིན་ལག་གིས་རེག་སྟེ། རིགས་ལྔ་ཡབ་ཡུམ་སྦྱོར་པའི་བྱང་སེམས་ཁ་དོག་ལྔ་ལྡན་ལ་རྣམ་པ་རིན་པོ་ཆེའི་རྡུལ་ཚོན་འོད་འབར་བར་གྱུར་པར་བསམ་ལ་འབྲུ་ལྔ་བརྒྱ་རྩ་བརྗོད། ཨེ་ཡཾ་པཾ་ལཾ་རཾ་སུཾ་བྷྲཱུྃ༔ ཞེས་བརྗོད་ཅིང་དབུས་ཀྱི་ཕུར་ཁུང་རིམ་པས་མཐིང་ལྗང་དཀར་སེར་དམར་པོ་རྣམས་བླུགས་ལ་བཀང་སྟེ་འབྱུང་བ་རིམ་བརྩེགས་སུ་ཕོ་བྲང་བཞེངས་པར་བསམ། སློབ་དཔོན་ཞལ་ཤར་དུ་ཕྱོགས་པས་རེ་ཁཱ་གཅིག་དྲངས་ཏེ། ཧཱུྃ༔ སྐུ་ལྔ་ཡེ་ཤེས་ལྔ་ཡི་བདག༔ འཆི་མེད་རྡོ་རྗེའི་ལས་ཐོབ་ཕྱིར༔ ཡེ་ཤེས་ལྔ་ཡི་ཚོན་བཀྱེའོ༔ ཞེས་བརྗོད་ལ། ཚོན་ཇི་ལྟར་དགྱེ་བའི་ཚུལ་ནི། ལྟེ་བ་དམར་ལ་མུ་ཁྱུད་ལྗང་། །འདབ་བཞི་ཕྱོགས་མདོག་འདབ་དྲུག་དང་། །འདབ་བརྒྱད་མཛེས་ཚོན་མུ་ཁྱུད་མཐིང་། ། [15a] གྲུ་ཆད་སྒོ་ཁྱམ་ཕྱོགས་ཀྱི་མདོག །རྩི་གབ་ནང་ནས་རིམ་པ་བཞིན། །དམར་དཀར་སེར་མཐིང་ལྗང་ཀུའོ། །འདོད་སྣམ་དམར་ལ་ཕ་གུ་སེར། །དྲྭ་བའི་གཞི་ནག་དྲྭ་བ་དཀར། །ཤར་བུའི་གཞི་སྔོ་ཤར་བུ་དཀར། །མདའ་ཡབ་དཀར་པོ་པད་འདབ་རིས། །མུན་བ་པ་ཏི་གླང་རྒྱབ་ནག །ཀ་བ་ཕྱོགས་མདོག་རྒྱན་མཛེས་མཚོན། །རྟ་བབ་སྣམ་བུ་བཞི་པོ་ལ། །ནང་ནས་དམར་སྔོ་ལྗང་སེར་རམ། །ཡང་ན་སེར་མཐིང་དམར་ལྗང་བྱ། །པདྨ་དམར་ལ་འཁོར་ལོ་དང་། །རི་དྭགས་སེར་མདོག་གདུགས་དཀར་པོ། །སྣ་ཚོགས་རྡོ་རྗེ་ཕྱོགས་ཀྱི་མདོག །པད་འདབ་སོ་གཉིས་མདངས་མཛེས་ཚོན། །རྡོར་གཞི་ནག་རྡོར་ཕྲེང་སེར། །མེ་རི་སྣ་ཚོགས་ཆོས་འཁོར་རོ། །ལྷ་གནས་རྣམས་སུ་མཚན་མ་ནི། །སྐུ་གཟུགས་ཡིག་འབྲུ་ཕྱག་མཚན་ནམ། །མ་གྲུབ་གཙོ་འཁོར་རང་རང་གི ། སྐུ་མདོག་དང་མཚུངས་ཚོན་སྤུང་བྱ། །ཚོན་རྩི་མི་མཐུག་མི་སྲབ་ཅིང་། །མ་འདྲེས་ཆད་དང་ཡོ་བ་སོགས། །ཉེས་པའི་སྐྱོན་ཀུན་རབ་སྤངས་ཏེ། །སྒྲིན་པོའི་བློ་ཡིས་ལེགས་པར་བྲི། །ཞེས་པ་ལྟར་མཛེས་ཤིང་ཡིད་དུ་འོང་ལ་དང་བ་འདྲེན་པར་དགྱེའོ། །གལ་ཏེ་རྡུལ་ཚོན་གྱི་དཀྱིལ་འཁོར་མི་འགྲུབ་པའི་ཕྱོགས་ལ་གོང་གི་ཆག་ཆག་གྲུབ་པ་དང་སྤྲོ་ན་ཡེ་ཐིག་ཙམ་བཏབ་ལ་རས་བྲིས་ཀྱི་དཀྱིལ་འཁོར་མཚན་ཉིད་དང་ལྡན་པ་བཀྲམ་མོ། །དེ་རྣམས་ཀྱིས་ཉིན་དང་པོའི་བྱ་བ་རྣམས་གྲུབ་བོ། །གསུམ་པ་སྟ་གོན་གྱི་ [15b] རིམ་པ་ནི། སྒྲུབ་ཆེན་དབང་བསྐུར་དང་འབྲེལ་བའི་སློབ་མ་རྗེས་འཛིན་གཙོ་བོར་བྱེད་པའི་སྐབས་ལས། མོས་སློབ་སྒྲུབ་ཆེན་འདྲ་འབག་སྤྱི་ཙམ་ལ་ནི་དེ་དག་ངེས་པར་དགོས་པ་མ་ཡིན་པས་སྒྲུབ་གཞུང་ཆེན་པོ་གཞན་དག་ལས་ཀྱང་མི་འབྱུང་བ་བཞིན་འདིར་ཡང་མ་སྨོས་སོ། །བཞི་པ་རྒྱན་འགོད་པ་ནི། ཐོག་མར་དམ་ཚིག་གི་ཡོ་བྱད་རྣམས་ཉེར་བསྡོག་བྱ་སྟེ། སྐུ་རྟེན་བྲིས་འབུར་གང་ཡང་རུང་བ་ཚད་ལྡན་དུ་བཞེངས་པའི་སྐུ་འབག་བྱིན་ལྡན། གསུང་རྟེན་ཚེའི་རྒྱུད་དམ་སྒྲུབ་ཐབས་ཀྱི་གླེགས་བམ་དར་དམར་གྱི་ན་བཟས་དྲིལ་པ། ཐུགས་རྟེན་རྡོ་རྗེ་རྩེ་ལྔ་པ་དང་རང་བྱུང་གི་ཤེལ་རྡོ་ཟུར་དྲུག་པ། ཡོན་ཏན་གྱི་རྟེན་རྡོ་རྗེ་དྲིལ་བུ་དར་དཀར་དམར་གྱིས་བཅིངས་པ། ཕྲིན་ལས་ཀྱི་རྟེན་དབང་གི་རྟ་ཕུར་དར་དམར་མཐིང་གི་ཅོད་པན་ཅན། སྒྲུབ་གཏོར་རིན་པོ་ཆའི་པད་སྣོད་གས་ཆག་མེད་པར་འབྲུ་དཀར་གྱི་ཕྱེ་གཙང་སྨན་སྤོད་ཀྱིས་བྲན་ཅིང་གར་ཆང་དང་མར་ཁུས་སྦུས་པ་ལས་ཚེ་གཏོར་རིན་ཆེན་གཏེར་སྤུངས་བང་རིམ་གྲུ་བཞི་བཞི་བརྩེགས་ཀྱི་ཁར་སྣ་ཚོགས་རྡོ་རྗེའི་ལྟེ་བར་ཉི་ཟླའི་གའུ་ཁ་སྦྱོར་གྱི་སྟེང་ཞི་གཏོར་དམར་པོ་ཟླུམ་བརྗིད་ཕྱོགས་བཞིར་པད་འདབ་བཞི་དང་མཚམས་བཞིར་པད་ཤུན་བཞི་ལྡན་ལྟོ་བར་མར་རྒྱན་ལྔ་སྒྲོམ་དང་རྩེར་ཟླ་ཉི་རྡོ་རྗེ་ཕྱེད་པའི་ཏོག་གིས་མཚན་པ་ཤིང་ལོ་མེ་ཏོག་སོགས་རྒྱན་སྤྲོས་ཀྱིས་མཛེས་ཤིང་དར་དམར་གྱི་གུར་ཕུབ་པ། རིན་པོ་ཆེའི་བུམ་པ་སྐྱོན་མེད་ལྔའམ་གཅིག་རྒྱུན་ [16a] འབབས་ཀྱི་ཆུ་གཙང་བླ་མེད་བུམ་རྫས་སོ་ལྔ་དྲི་བཟང་སྦྱར་བས་སུམ་གཉིས་བཀང་བར་དར་སྣང་ལྔའམ་དམར་པོའི་མགུལ་ཆིངས་ཁ་རྒྱན་གཟུངས་རྡོར་གྱིས་བརྒྱན་པ། སྙིང་པོ་ལྔ་དང་ཚེ་གལ་མཐུན་སྡེབས་ཀྱི་རྒྱུ་ལས་བསྐྲུན་པའི་ཚེ་འབྲང་བུམ་གཟུགས་ཤིང་ལོ་མེ་ཏོག་གི་རྒྱན་སྤྲོས་ཅན། ཚེ་རིལ་ལ་རྫས་ཀྱི་བྱང་སེམས་ཆུ་གང་དང་སིནྡྷུར། དྭངས་མ་ལྔ། རྩི་བཞི། འབྲས་བུ་གསུམ་པ། བཟང་པོ་དྲུག །རྩ་བ་ལྔ། ལྔ་ཚན་ལྔ་རྣམས་དབང་ལག་བཅུད་དུ་བཀུག་པ་དང་སྦྱར་ཏེ་ཞིབ་པར་བཏགས་ལ། གུ་རུ་ཡབ་ཡུམ་གྱི་བྱང་སེམས་ཚེ་རྫས་གཏའ་ཕབ་འཁྲུལ་མེད། སེལ་མེད་ཁུང་བཙུན་གྱི་བདུད་རྩི་ཆོས་སྨན་སོགས་བྱིན་རྟེན་རྣམས་ཆང་བཟང་པོའི་ཉིང་ཁུར་སྦང་བས་སྦྲུས་ཏེ་རིལ་བུ་སྲན་མ་འཕོས་པ་ཙམ་དུ་བསྒྲིལ་ཞིང་མཚལ་བཟང་པོའི་ན་བཟའ་གསོལ་བ། བདུད་རྩི་ཨ་མྲྀ་ཏ་མངར་གསུམ་དང་སྦྱར་བའི་ཚེ་ཆང་། ཚེ་མདའ་རྒོད་སྒྲོ་མ་མདེའུ་ལྕགས་ཅན་དར་ཚོན་སྣ་ལྔ་མེ་ལོང་བླ་གཡུ་བྱེ་རུ་མུ་ཏིག་སྤོས་ཤེལ་མུ་མེན་རྣམས་བཏགས་ཤིང་སྟོངས་ལ་རྨ་བྱའི་མདོངས་སྒྲོས་བརྒྱན་པ་རྒྱ་གྲམ་མམ་པདྨ་བྲིས་འབུར་གང་རུང་གི་གདན་ལ་བརྟན་པར་བཙུགས་པ། སྲོག་རྟེན་རྡོ་རྗེ་དཀར་པོ་གྱེན་ལང་། བླ་རྟེན་གཡུང་དྲུང་སེར་པོ་གཡས་འཁྱིལ། དབུགས་རྟེན་ཉི་ཟླའི་གའུ་ཁ་སྦྱོར། ཚེ་རྟེན་གཡུ་ཡི་རྒྱལ་མཚན་ [16b] ལྗང་ཁུ་རྣམས་བྲིས་འབུར་གང་ཡང་རུང་བ། གཞན་ཡང་མཆོད་རྫས་གཏོར་མ། རྒྱན་བཀོད་ཀྱི་ཡོ་བྱད་སོགས་འོག་ཏུ་ཉེ་བར་མཁོ་བའི་ཆས་རྣམས་མ་ཚང་བ་མེད་པར་འདུ་བྱས་ནས། རྒྱན་བཀོད་དངོས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་སྒྲུབ་རྫས་རྣམས་གུ་གུལ་གྱིས་བདུག་ཅིང་དྲག་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད། ཛཔྲ་དབྱངས་དང་བཅས་སློབ་དཔོན་གྱིས་དྲིལ་སྤོས་འཛིན་པས་སྣ་དྲངས་ཏེ། རྒྱལ་ཚབ་སོགས་ཀྱིས་རྟེན་སྒྲུབ་མཆོད་པའི་རྫས་རྣམས་རིམ་པར་ཐོགས་ནས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཞིང་མདུན་དུ་འཁོད་ལ། ཧཱུྃ༔ བླ་མེད་གསང་མཆོག་ཚེ་ཡི་དཀྱིལ་འཁོར་དུ༔ ཀུན་ཏུ་བཟང་པོའི་མཆོད་སྤྲིན་བཀོད་པ་ནི༔ ཐུགས་རྗེའི་སྐུ་མཆོག་འགྲོ་ཀུན་ཐར་པར་འདྲེན༔ སྐུ་གསུང་ཐུགས་རྟེན་དངོས་གྲུབ་ཀུན་འབྱུང་གནས༔ ཡོན་ཏན་འཕྲིན་ལས་མ་ལུས་རྫོགས་པའི་དཔལ༔ ཕོ་བྲང་སྣོད་བཅུད་རྟགས་ལྡན་རྒྱན་དུ་བཞུགས༔ ཆོས་དབྱིངས་སྐྱེ་བ་མེད་པའི་ངང་ཉིད་ལས༔ ཐུགས་རྗེ་རྣམ་འཕྲུལ་གཙོ་འཁོར་ལྷ་ཚོགས་བཅས༔ གསང་བའི་དམ་རྫས་སྨན་གཏོར་རཀྟ་དང་༔ སྣོད་བཅུད་ཡོངས་རྫོགས་བུམ་པ་གཞལ་ཡས་གསལ༔ སྐུ་གསུང་ཐུགས་ཡོན་འཕྲིན་ལས་མ་ལུས་རྫོགས༔ མ་རིག་ལོག་རྟོག་དྲྭ་བ་ [17a] གཅོད་པའི་གྲི༔ ཤེས་རབ་ཐབས་ལྡན་ལོག་རྟོག་འབིག་པའི་མདའ༔ དྲི་མེད་རང་གསལ་སྐུ་གསུམ་མེ་ལོང་མཛེས༔ རིགས་ལྔ་རབ་མཚོན་དར་སྣ་ལྔ་ཡིས་བརྒྱན༔ དག་བྱེད་ཁྲུས་བུམ་ཚོན་སྐུད་དྲྭ་བ་དང་༔ དར་དཔྱངས་གཟུངས་ཐག་སྒབ་སྐོར་འཕན་ཕྲན་དང་༔ ཀུན་ཁྱབ་བླ་བྲེ་ཤེས་སྐྱོབ་ཡོལ་བ་དང་༔ རྒྱན་དྲུག་ཅོད་པན་མི་ནུབ་རྒྱལ་མཚན་དང་༔ རྡོ་རྗེ་དྲིལ་བུ་རྔ་དང་ཌཱ་མ་རུ༔ པི་ཝཾ་གླིང་བུ་ཕོ་གླིང་མོ་གླིང་དང་༔ དུང་དང་ཆ་ལང་མཁར་རྔ་ཏིང་ཏིང་ཤག༔ སྐུ་གསུང་ཐུགས་རྟེན་མཆོད་པའི་ཚོགས་དཔག་མེད༔ སྐལ་ལྡན་བདག་ཅག་དངོས་གྲུབ་ཡོངས་འགྲུབ་ཅིང་༔ འགྲོ་ཀུན་སྡུག་བསྔལ་རྒྱ་མཚོ་བསྒྲལ་བྱའི་ཕྱིར༔ དཀྱིལ་འཁོར་གཞལ་ཡས་ཁང་འདིར་དགྱེས་པར་བཞུགས༔ ཨོཾ་ཛྙཱ་ན་ས་མ་ཡེ་མཧཱ་ཛྙཱ་ན་ཤུནྱ་ཏིཀྵ༔ མ་ཧཱ་དྲྀ་ཤ་ཀཱི་ལ་ཡ་དྷརྨ་ཀ་ཡ་བཛྲ་ཏིཥྛ་ཛྙཱ་ན་ས་མ་ཡེ་ཧཱུྃ༔ མུ་ཀུ་ལེ་ན་དྷ་རི་ཀ་ཏ་ཧཱུྃ༔ དྷརྨ་དྷཱ་ཏུ་ས་མ་ཡ་ཏ་ཥྛི་ལྷན༔ ཅེས་རོལ་མོ་དང་བཅས་དཀྱིལ་འཁོར་དབུས་ཀྱི་འཕྲུལ་སྟེགས་སུ་རྣམ་བུམ། མདུན་དུ་ཚེ་འབྲང་། གཡས་སུ་ཚེ་རིལ། གཡོན་དུ་ཚེ་ཆང་། རྒྱབ་ཏུ་ཚེ་མདའ། ཤར་ལྷོར་རྡོ་རྗེ། ལྷོ་ནུབ་ཏུ་གཡུང་དྲུང་། ནུབ་བྱང་དུ་ཉི་ཟླའི་གའུ། [17b] བྱང་ཤར་དུ་རྒྱལ་མཚན་རྣམས་བཀོད། ལྡིང་ཁྲི་གོང་མའི་དབུས་སུ་སྐུ་འབག །མཐའ་སྐོར་དུ་རྟེན་གཞན་རྣམས་འགོད་ཅིང་། རྒྱབ་ངོས་སུ་གཏོར་ཆེན། དཀྱིལ་འཁོར་གྱི་རྡོ་རྭའི་སྟེང་དུ་སྔར་བཏབ་པའི་ཁྲོ་བཅུའི་ཕུར་བུ་རྣམས་མ་འཆོལ་བར་བཀོད། ཕྱོགས་བཞིར་རལ་གྲི་བཞི། མཚམས་བཞིར་མདའ་དར་མེ་ལོང་ཅན་བཞི་བཅས་བཙུགས་ལ་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ། ཟུར་བཞིར་རྒྱལ་མཚན་བཞི། ལོགས་བཞིར་འཕན་བཞི། དར་གྱི་ལྡ་ལྡི། རིན་པོ་ཆེའི་དྲྭ་ཕྱེད། སྟེང་ན་གདུགས་དང་བླ་བྲེ། གཤམ་དུ་སྟག་གཟིག་གི་སྒབ་དཀྲིས་སོགས་ཕྱག་ལེན་མཐོང་བརྒྱུད་བཞིན་བཀོད་པས་མཛེས་བརྗིད་ཆགས་པར་བཀྲམ། དཀྱིལ་འཁོར་གྱི་མདུན་རྒྱབ་གང་བདེར་རྩ་བའི་མཆོད་གཏོར་རྒྱན་སྤྲོས་ཅན་དང་། དེའི་གཡས་ནས་གཡས་སུ་ཆོས་སྐྱོང་ཕོ་རྒྱུད་སྤྱིའི་གཏོར་སྤུངས། གཏེར་བདག་སྒོས་སྲུང་། ཆད་མདོ། སྨན་ཐོད། གཡོན་ནས་གཡོན་དུ་མོ་རྒྱུད་སྤྱིའི་གཏོར་སྤུངས། གཞི་བདག་སྤྱི་གཏོར། བརྟན་མ། རཀྟའི་སྣོད་རྣམས་དང་། མདུན་ཁོ་ནར་བརྗེ་ཞིང་གསོ་རྒྱུའི་ཆུ་གཉིས་ཉེར་སྤྱོད་ལྔ། ལྷོ་ནུབ་ཏུ་ལྕགས་ཧོམ་ནང་ཉུ་ལེའི་ལིང་ག །ལས་ཕུར། ཐུན་རྫས་སོགས་བཀོད། སློབ་དཔོན་གྱི་མདུན་དུ་གཡོན་ནས་བརྩམས་ཏེ་ནང་མཆོད། རྡོ་དྲིལ། ལས་བུམ། ཌཱ་མ་རུ། མེ་ཏོག་གི་སྣོད། གཡབ་དར་རྣམས་དང་། གཞན་ཡང་རྔ་སིལ་སོགས་རོལ་མོའི་བྱེ་བྲག །ཉིན་རེ་བཞིན་འབུལ་རྒྱུའི་ཚོགས་དང་གཏོར་མའི་ཡོ་བྱད་སོགས་འཕྲིན་ལས་ལ་དགོས་པའི་ཡན་ལག་རྣམས་མ་ཚང་བ་མེད་པར་བཤམ་ལ། མཆོད་རྫས་རྣམས་སྤྱི་ཁྱབ་ཏུ་དམིགས་ཏེ་ [18a] བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ཏ་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །ལྔ་པ་མངའ་གསོལ་ཞིང་གནས་སུ་འགོད་པ་ནི། རྒྱལ་ཚབ་བམ་ཐེབས་ཀྱི་གཙོ་བོས་འདུས་པའི་གྲལ་གཤམ་ནས་འབྲེལ་ཆགས་པའི་གཏོང་ཐུན་སྔོན་དུ་འགྲོ་བས་དབྱངས་སྙན་པོར་ལེན་ཚུལ་གྱིས། ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་དང་། རྒྱལ་ཚབ་ལ། ཧཱུྃ༔ བླ་མའི་གདུང་འཚོབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབས་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་འཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པར་མངའ་གསོལ་དགྱེས་པར་བཞུགས༔ ཡུམ་ལ། གཉིས་མེད་བདེ་སྐྱེད་མཚན་ཉིད་རབ་ཏུ་བཟང་༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ [18b] རྡོ་རྗེ་ལས་པར། འཕྲིན་ལས་གཞུང་བསྲང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨར་མངའ་གསོལ་དགྱེས་པར་བཞུགས༔ གིང་ལ། བར་གཅོད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་མཆོག་མངའ་གསོལ་དགྱེས་པར་བཞུགས་༔ མཚམས་པར། ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང་༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ སྤྱན་པར། དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ དུས་མཚམས་པར། འཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁས༔ རྡོ་རྗེ་དུས་མཚམས་མངའ་གསོལ་དགྱེས་པར་བཞུགས༔ ཕྱག་ཚང་པར། ཕུད་གཙང་གཡོས་མཁས་ཕྱི་ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཙང་མངའ་གསོལ་དགྱེས་པར་བཞུགས༔ བྱན་བོར། གཡོ་མཁན་ཆད་ལྷག་མེད་ཅིང་གཙང་སྦྲ་ལྡན༔ རྡོ་རྗེ་བྱན་པོར་མངའ་གསོལ་དགྱེས་པར་བཞུགས༔ མཆེད་ལྕམ་གཞན་རྣམས་ལ། གསལ་དག་ཛཔྲ་མཁས་དད་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་མཆེད་ལྕམ་མངའ་གསོལ་དགྱེས་པར་བཞུགས༔ རྡུལ་འཕྱག་པར། ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུ་ལེ་སྐྲོད༔ [19a] རྡུལ་ཕྱག་སྐྱེས་བུར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་ལས་ཀྱི་རྡོ་རྗེས་བདུད་རྩིའི་སྐྱེམས་སོ་སོར་དྲངས་ལ་མངའ་གསོལ་ཞིང་རང་གྲལ་དུ་འཁོད་པ་ལས་ནམ་ཡང་མ་འཕྱུག་པར་བྱའོ། །དྲུག་པ་བརྡ་སྦྱར་བ་ནི། བརྡ་སྒོ་དབྱེ་ཞིང་བརྡ་ཕྱག་འཚལ་བ་ལས་བྱང་བཞིན་བྱའོ། །བདུན་པ་བསྲེ་བསྣན་བྱ་བ་ནི། དབང་མ་ཐོབ་ཅིང་སྔོན་ཆད་སྒྲུབ་གྲལ་དུ་མ་ཞུགས་པའི་མཆེད་གསར་བུ་ཡོད་ན་དེ་རྣམས་གཞུང་གྲལ་ལས་ལོགས་སུ་ཕྱེས་ཏེ་སློབ་དཔོན་གྱི་གསུང་ཐོས་པའི་ཉེ་ཕྱོགས་སུ་འཁོད། སློབ་དཔོན་གྱིས་ལས་བྱང་ལྟར་བདུད་རྩི་བྱིན་བརླབས་སྔོན་དུ་འགྲོ་བས་སྨན་མཆོད་མཚན་དོན་ཁཱཧི་བཅས་ཀྱིས་རྒྱས་པར་ཕུལ་ལ། སློབ་དཔོན་དཔལ་རྟ་མཆོག་འབར་བར་གསལ་བའི་ཐུགས་ཀ་ནས་ཡ་ལས་ལྕགས་ཀྱི་སྡིག་པ་མགོ་དགུ་རྭ་བཅོ་བརྒྱད་པ་སྤྲོས། དེ་ལས་ཡེ་ཤེས་ཀྱི་མེ་འབར་བས་སློབ་བུའི་རྒྱུད་ཀྱི་སྡིག་སྒྲིབ་ཐམས་ཅད་བསྲེགས་པར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་བཛྲ་ཡཀྵ་ཀྲོ་དྷ་ཧ་ན་ཧ་ན་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཡུངས་ཐུན་གུ་གུལ་དུད་པ་རོལ་མོ་སོགས་ཚམ་རྔམས་ཀྱིས་བགེགས་བསྐྲད། གསར་བུ་རྣམས་ཀྱི་རྒྱུད་སྦྱོང་བའི་ཕྱིར་སྐྱབས་སེམས་ཚོགས་བསགས་རྗེས་ཟློས་ལན་གསུམ་རེ་བྱས་མཐར། སྙིང་གར་ཡེ་ཤེས་སེམས་དཔའ་ཚོན་གང་བ་རེ་ཡོད་པར་བསྒོམས་ལ་བྱིན་གྱིས་བརླབས་པའི་བདུད་རྩི་རྡོ་རྗེ་ལྕེ་ཐོག་ཏུ་ལན་གསུམ་བཞག་ནས། ཧཱུྃ༔ ཇི་སྙེད་སངས་རྒྱས་ཐམས་ཅད་ [19b] དང་༔ བྱང་ཆུབ་སེམས་དང་རྡོ་རྗེ་འཛིན༔ དེ་བཞིན་སྒྲུབ་པའི་རྣལ་འབྱོར་པ༔ དེ་དག་ལ་ནི་སྙིང་རིང་ན༔ རྡོ་རྗེ་ཡཀྵ་གནོད་སྦྱིན་གྱིས༔ ཁྱོད་ཀྱི་སྙིང་ཁྲག་གཞིབ་སྟེ་འཐུང་༔ སྙིང་ལ་ཡང་དག་གནས་པའོ༔ འདི་ནི་སེམས་ཅན་དམྱལ་བའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་བསྲུངས་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཅེས་བྱིན་པས། སློབ་མས་ཀྱང་། ཨི་དནྟེ་ན་ར་ཀན་ས་མ་ཡ་ཡཀྵ་ཧཱུྃ༔ ཞེས་མྱོངས་པ་སྙིང་གའི་ཡེ་ཤེས་སེམས་དཔའ་ལ་ཐིམ་ནས་དབྱེར་མེད་དུ་གྱུར་པར་བསམ་ཞིང་། ཐམས་ཅད་ཀྱི་ལག་ཐལ་སྦྱར་གྱི་བར་དུ་མེ་ཏོག་བཟུང་ལ། ཧྲཱིཿ རྣམ་དག་ལྟ་སྤྱོད་བླ་མའི་བཀའ༔ རྒྱུད་ལས་མི་འགལ་དམ་ཚིག་མཆོག༔ འདི་ནས་ཀུན་མཁྱེན་མ་ཐོབ་པར༔ སྲོག་ཕྱིར་མི་གཏོང་དངོས་གྲུབ་སྩོལ༔ སརྦ་ཏ་ཐཱ་ག་ཏ་ཀཱ་ཡ་ཝཱ་ཀ་ཙིཏྟ་སིདྡྷི་ཧཱུྃ་ཨཱཿ ཞེས་མེ་ཏོག་འཐོར། མཆེད་གསར་རྙིང་གཉིས་ཀར་བདུད་རྩི་གཡས་བསྐོར་གཡོན་བསྐོར་བསྣོལ་མར་དྲང་། མཆེད་གསར་རྙིང་གྲལ་བསྲེས་ཏེ་རང་གྲལ་དུ་འཁོད་དུ་བཅུག་ལ། སློབ་དཔོན་གྱིས། དེང་ཕྱིན་ཆད་གསར་རྙིང་ཐམས་ཅད་སྐལ་པ་མཉམ་ཞིང་དམ་ཚིག་གཅིག་ཏུ་འདུས་པ་ཡིན་པས་དམ་ཚིག་གཞུང་བཞིན་དུ་བསྲུང་བར་གྱིས་ཤིག །ཅེས་བསྒོ་ཞིང་། ཧཱུྃ༔ རྡོ་རྗེ་འདུ་འབྲལ་མེད་པའི་གཟུངས་ཐག་ལ༔ དམ་ཚིག་སྲོག་གིས་བསྡུས་པའི་མཆེད་དང་ལྕམ༔ སྐུ་གསུང་ཐུགས་ [20a] ཀྱི་དངོས་གྲུབ་ཐོབ་བྱའི་ཕྱིར༔ ཐམས་ཅད་དཀྱིལ་འཁོར་གཅིག་ཏུ་འགྲུབ་པར་ཤོག༔ ཅེས་སྨོན་ལམ་གདབ་བོ། །བརྒྱད་པ་སྒོས་གདབ་པ་ནི། ཐམས་ཅད་ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་མཧཱ་བཛྲ་ཧཱུྃ༔ ཞེས་རྡོ་རྗེ་གསོར་ཞིང་སྙིང་གར་བཟུང་། ཨོཾ་བཛྲ་གཎྜེ་ཨཱཿ ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭབྷཱ་ཝ་ཨཏྨ་ཀོ྅ཧཾ༔ ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་རོལ་མོ་སྣ་ཚོགས་ཀྱི་སྒྲ་རྒྱ་ཆེར་བསྒྲག་ཅིང་། ཧཱུྃ༔ སྤྲོས་མེད་རྟོག་བྲལ་མཁའ་དབྱིངས་དག་པ་ནས༔ སྐྱེ་མེད་རྡོ་རྗེའི་སྐུ་གསུང་ཐུགས་མངའ་བ༔ འགྲོ་དོན་རང་བྱུང་བཅོམ་ལྡན་ཚེ་ཡི་ལྷ༔ དཀྱིལ་འཁོར་ལྷ་ཚོགས་ཡབ་ཡུམ་སྲས་འཁོར་བཅས༔ སྟོང་ཉིད་དབྱིངས་ནས་ཐུགས་དམ་རྒྱུད་བསྐུལ་གྱི༔ སྤྲུལ་པ་དབྱིངས་ནས་རོལ་ཞིང་གཤེགས་སུ་གསོལ༔ ཅེས་དང་སྔགས་མཐར། ས་མ་ཡ་ཏིཥྛ་ལྷན༔ ཞེས་བཏགས་པ་བརྗོད་པས་ལྷ་རྣམས་དཀྱིལ་འཁོར་དུ་རང་རང་གི་གནས་སུ་བཞུགས་པར་བསམ་མོ། །དགུ་པ་བྱིན་དབབ་པ་ནི། སྒྲུབ་པ་པོ་རྣམས་ཞྭ་གོས་སོགས་ཀྱིས་གཟི་བྱིན་བསྐྱེད་དེ་དཀྱིལ་འཁོར་ལ་བསྐོར། སྤོས་ཀྱི་དུད་སྤྲིན། དར་སྣའི་གཡབ་མོ། རོལ་མོ་སྣ་ཚོགས་ཀྱི་སྒྲ་དང་གདུང་བའི་དབྱངས་ཀྱིས་བསྐུལ་ཏེ། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་རྩ་གསུམ་འཆི་མེད་ཚེ་ཡི་ལྷ་ཚོགས་རྣམས་ཀྱི་ [20b] ཐུགས་རྒྱུད་བསྐུལ། ཐམས་ཅད་སྤྲིན་གཏིབས་པ་ལྟར་བྱོན་ནས་བྱིན་རླབས་དབང་བསྐུར་དངོས་གྲུབ་སྩོལ་ཞིང་འཕྲིན་ལས་བསྒྲུབ་པར་མོས་ལ། ལས་བྱང་གི་བྱིན་འབེབས་དཀྱུས་ལྟར་རམ། ཅུང་ཟད་སྤྲོ་ན། ཧྲཱིཿ བྱིན་ཆེན་ངོ་མཚར་མཆོག་གི་གནས༔ བདེ་ཆེན་དབང་གི་ཕོ་བྲང་ནས༔ བཅོམ་ལྡན་ཚེ་ཡི་ལྷ་ཚོགས་རྣམས༔ ཐུགས་དམ་ཆེན་པོའི་དུས་ལ་བབ༔ ཡང་གསང་ཨཱཿཡུའི་དཀྱིལ་འཁོར་འདིར༔ ཚེ་དང་ཡེ་ཤེས་བྱིན་ཆེན་ཕོབ༔ ཧྲཱིཿ སྔོན་ཚེ་བསྐལ་པའི་དང་པོ་ལ༔ རྡོ་རྗེའི་ཚེ་འདི་སུ་ཡིས་བསྒྲུབས༔ སྐྱེ་འཆི་མེད་པ་སུ་ཡི་བརྙེས༔ བསྒྲེས་རྒུད་མེད་པ་སུ་ཡིས་ཐོབ༔ མགོན་པོ་ཚེ་དཔག་མེད་པ་དང་༔ ཡུམ་མཆོག་གསང་བའི་གོས་དཀར་མོས༔ བདེ་བ་ཅན་གྱི་ཞིང་ཁམས་སུ༔ སྐྱེ་འཆི་མེད་པའི་ཚེ་དབང་ཐོབ༔ བསྒྲེས་རྒུད་མེད་འི་སྐུ་མཆོག་བརྙེས༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ རིག་འཛིན་དགའ་རབ་རྡོ་རྗེ་དང་༔ མཁའ་འགྲོ་བདེ་ཆེན་རྒྱལ་མོ་གཉིས༔ ཆུ་བོ་ཆེན་པོ་དན་ཏིག་ཏུ༔ སྐྱེ་འཆི་མེད་པའི་ཚེ་དབང་༴ བསྒྲེས་རྒུད་མེད་པའི་སྐུ་མཆོག༴ ཁྱེད་ཀྱི་ཐུགས་དམ་དུས་ལ༴ གནས་མཆོག་འདི་རུ་བྱིན་ཕོབ་༴ [21a] སྒྲུབ་མཆོག་བདག་ལ་དབང་བཞི༴ རིག་འཛིན་ཤྲཱི་སེང་ཧ་དང་༔ མཁའ་འགྲོ་རིག་འཛིན་ཞི་བ་མཚོས༔ སོ་ས་གླིང་གི་དུར་ཁྲོད་དུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ སློབ་དཔོན་པདྨ་འབྱུང་གནས་དང་༔ མཁའ་འགྲོ་ལྷ་ལྕམ་མནྡཱ་རས༔ བྲག་ཕུག་མཱ་ར་ཏི་ཀ་རུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ པཎ་ཆེན་བི་མ་མི་ཏྲ་དང་༔ མཁའ་འགྲོ་དབང་ཕྱུག་རྒྱལ་མོ་ཡིས༔ ལྷུན་གྲུབ་གཏེར་གྱི་དུར་ཁྲོད་དུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ སློབ་དཔོན་ཧཱུྃ་ཆེན་ཀཱ་ར་དང་༔ བྲམ་ཟེའི་བུ་མོ་བདེ་ལྡན་མས༔ སྒྲུབ་གནས་བྲག་དམར་བྱ་ཁྱུང་དུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ གནུབས་བན་ནམ་མཁའི་སྙིང་པོ་དང་༔ མཁའ་འགྲོ་ཤེལ་དཀར་རྡོ་རྗེ་འཚོས༔ ལྷོ་བྲག་མཁར་ཆུའི་སྒྲུབ་གནས་སུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ རིག་འཛིན་པདྨ་འབྱུང་གནས་དང་༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ གཡའ་མ་ལུང་གི་སྒྲུབ་གནས་སུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་ [21b] མཆོག༴ ལོ་ཆེན་བཻ་རོ་ཙ་ན་དང་༔ ལས་ཅན་རྗེ་འབངས་གྲོགས་བཅས་ཀྱིས༔ བསམ་ཡས་དབུ་རྩེ་རིགས་གསུམ་དུ༔ སྐྱེ་འཆི༴ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ སྣ་ནམ་རྡོ་རྗེ་བདུད་འཇོམས་དང་༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་གྱིས༔ སེང་གེ་རྫོང་གི་ཀེའུ་ཚང་དུ༔ མ་འོངས་བུ་འབངས་འགྲོ་བའི་དོན༔ སྐྱེ་འཆི་མེད་པར་སྨོན་ལམ་བཏབ༔ བསྒྲེས་རྒུད༴ ཁྱེད་ཀྱི༴ གནས་མཆོག༴ སྒྲུབ་མཆོག༴ ཟིལ་གནོན་ནམ་མཁའི་རྡོ་རྗེ་དང་༔ ཆོས་བདག་གསང་འཛིན་ཌཱ་ཀི་མས༔ མོན་ཁ་མཚོ་རྒྱལ་གསང་ཕུག་ནས༔ ཟབ་གཏེར་གསང་རྒྱ་བཀྲོལ་བའི་ཚེ༔ སྐྱེ་འཆི་མེད་པའི་གདིང་རྙེད་ཅིང་༔ འཆི་མེད་གྲུབ་པའི་མཚན་མ་ཐོབ༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ གནས་མཆོག་འདི་རུ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་བདག་ལ་དབང་བཞི་སྐུར༔ སྔོན་དུས་ཚེ་ཡི་ཁུངས་རེ་བཟང་༔ ད་ལྟ་ཚེ་ཡི་དཔལ་རེ་འདུ༔ ཚེ་ཡི་ལྷ་ཚོགས་ཐམས་ཅད་དང་༔ གྲུབ་པའི་རིག་འཛིན་ཆེན་པོ་རྣམས༔ ནམ་མཁའི་མཐའ་དང་མཉམ་པ་ཡི༔ སྣོད་བཅུད་ཐམས་ཅད་ཚེ་རུ་བསྡུས༔ བཀྲ་ཤིས་བུམ་པའི་ནང་དུ་སྐྱིལ༔ སྒྲུབ་མཆོག་བདག་ལ་ཚེ་དབང་བསྐུར༔ [22a] སྐུ་ཡི་སྤྲུལ་པ་གློག་སྟོང་འཁྱུག༔ གསུང་གི་སྤྲུལ་པ་འབྲུག་སྟོང་ལྡིར༔ ཐུགས་ཀྱི་སྤྲུལ་པས་ཚེ་བཅུད་བསྡུས༔ སྟེང་འོག་ཕྱོགས་བཅུའི་འཇིག་རྟེན་ནས༔ རང་བྱུང་ཚེ་ཡི་བཅུད་ཁུག་བསྟིམས༔ བླ་ཚེ་ཉམས་པ་སོར་ཆུད་དེ༔ ཚེ་ཡི་དངོས་གྲུབ་བུམ་པར་བསྡུས༔ དཔལ་དང་བསོད་ནམས་བདག་ལ་བསྐྱེད༔ རྟགས་དང་མཚན་མ་བསྟན་པ་དང་༔ ཚེ་ཡི་དངོས་གྲུབ་བསྩལ་ཏུ་གསོལ༔ ཞེས་བྱིན་དབབ་པས་སྣོད་བཅུད་ཐམས་ཅད་ཡེ་ཤེས་ཆེན་པོའི་རོལ་པ་ཉིད་དུ་གྱུར་པར་བསམ་ཞིང་ཛཔྲ་དབྱངས་བྱ། དེ་ནས་བདག་བསྐྱེད་རྒྱུན་སྤྱོད་མཐར་དབྱུང་པས་ཉིན་གཉིས་པའི་བྱ་བ་གྲུབ། དེ་རྣམས་ཀྱི་བསྙེན་པ་དང་ཉེ་བར་བསྙེན་པའི་རིམ་པ་རྫོགས་པ་ཡིན་ནོ། །གཉིས་པ་དངོས་གཞི་ལྷ་དང་དབྱེར་མེད་དུ་བསྒྲུབ་པའི་རིམ་པ་ལ་གསུམ། འཕྲིན་ལས་ཀྱི་གཞུང་བསྲང་བ། སྒྲུབ་པའི་བར་ཆད་བསལ་བ། རྟགས་ཚད་གཏན་ལ་འབེབས་པའོ། །དང་པོ་ནི། སློབ་དཔོན་སྒྲུབ་པའི་གྲོགས་དང་བཅས་པ་ཁྲུས་བྱས་དྲིས་བྱུགས་ཤིང་རྒྱན་གོས་བཟང་པོས་བརྒྱན། དང་བའི་ཡིད་ཀྱིས་དཀྱིལ་འཁོར་ལ་ཕྱོགས་པར་འཁོད་དེ། ཉིན་གསུམ་པ་ནས་བཟུང་འཕྲིན་ལས་ཀྱི་བྱང་བུ་སྦྱོར་དངོས་རྗེས་གསུམ་གྱིས་བསྡུས་པ་ཉིད་རབ་ཉིན་ལན་གསུམ་མཚན་ལན་གསུམ་སྟེ་དུས་དྲུག །འབྲིང་ཉན་གཉིས་མཚན་གཉིས་ཏེ་དུས་བཞི། ཐ་མས་ཀྱང་ཉིན་མཚན་གཉིས་ལ་གཞུང་ཚར་རེ་བསྲང་དགོས་པས་རབ་འབྲིང་གཉིས་པོ་གང་བདེ་ལག་ཏུ་ [22b] བླང་བར་བྱ་བ་ལས། ཐུན་དང་པོ་ལ་བླ་མ་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ཚོགས་བསགས་སྔོན་གཏོར་ནས་བརྩམས་སྔོན་འགྲོའི་ལས་རིམ་རྣམས་རྒྱས་པར་བཏང་། དངོས་གཞི་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་སྟེ། མདུན་གྱི་སྒྲུབ་དཀྱིལ་དམིགས་རྟེན་གྱི་མཚན་གཞི་ལྟ་བུར་བཟུང་ནས་རྟེན་དང་བརྟེན་པའི་དཀྱིལ་འཁོར་བདག་མདུན་དབྱེར་མེད་དུ་བསྒོམ་ལ། ཡེ་ཤེས་པ་སྤྱན་འདྲེན་ཞིང་བཞུགས་གསོལ་ཕྱག་མཆོད་བསྟོད་བཤགས་རྣམས་ཚང་བར་བྱ། ཛཔྲ་བསྐུལ་སྔོན་དུ་འགྲོ་བས་གཟུངས་ཐག་བླངས་ལ་རིགས་བདག་གཉིས་པོ་འོས་འཚམས་དང་རྩ་བསྙེན་ལ་བཟླས་པའི་དངོས་གཞི་བྱ་ཞིང་། མཐར་ལས་སྦྱོར་དང་ཧྲཱིཿ བཟླས་ཉུང་ཙམ་རེ་སྦྱར། འདི་ནས་བཟུང་གྲོལ་ཉིན་གྱི་ཐུན་ཐ་མའི་བར་སྔགས་ཀྱི་གསུང་སྒྲ་སྐད་ཅིག་ཀྱང་རྒྱུན་མ་ཆད་པར་བྱ། ཐུན་མཐར་དབྱངས་གསལ་ཡིག་བརྒྱ་རྟེན་སྙིང་རྣམས་ཀྱིས་ལྷག་ཆད་ཁ་བསྐང་ཞིང་ནུས་པ་བརྟན་པར་བྱས་ལ་སྟོང་ཚིག་གི་མཆོད་བསྟོད་ཕུལ། ཚེ་འགུགས་རྒྱས་གདབ་བཅས་གྲུབ་ནས་འོག་ནས་འབྱུང་བ་ལྟར་ཉུ་ལེ་བསྐྲད་པ་དང་བྱིན་འབེབས་མདོར་བསྡུས་བྱས་པས་ཐུན་དང་པོ་གྲུབ། ཐུན་གཉིས་པ་ལ་ལས་བྱང་གི་མཆོད་བརླབ་ནས་བཟུང་ཉུལ་བསྐྲད་བྱིན་འབེབས་པར་སྔར་དང་འདྲ། ཐུན་གསུམ་པའང་དེ་དང་འདྲ་བ་ལས་ཚེ་འགུགས་རྒྱས་གདབ་བཅས་གྲུབ་པ་དང་། དམ་ཅན་ཆོས་སྐྱོང་སྤྱི་དང་བྱེ་བྲག་གཏེར་སྲུང་སོགས་ཀྱི་གཏོར་ཆོག་བཏང་། ཚོགས་མཆོད་རྒྱས་པར་འབུལ་ཞིང་ལྷག་མ་བཙོན་དུ་འཛིན། གཏོར་སྐྱོང་རྟ་བྲོ་ [23a] གཏང་རག་ནོངས་བཤགས་མདུན་དཀྱིལ་བརྟན་བཞུགས་བདག་བསྐྱེད་བསྡུ་ལྡང་རྒྱུན་སྤྱོད་བསྔོ་སྨོན་ཤིས་བརྗོད་བཅས་གྲུབ་ནས། ས་སྲོད་ཙམ་ལ་ཉུ་ལེ་བསྐྲད་གཟིར་དང་བྱིན་འབེབས་རྒྱས་པར་བྱ། མཚན་ཐུན་དང་པོར་སྐྱབས་སེམས་ཚོགས་བསགས་མཚམས་གཅོད་ནས་བཟུང་གཞན་ཉིན་ཐུན་དང་འདྲ་བ་ལས། མཐུན་མཇུག་སོ་སོར་བར་ཆད་བསལ་ཞིང་བྱིན་དབབ་པ་དང་། ཐོར་ཐུན་གཤམ་དུ་འགྲུབ་ན་ཚོགས་མཆོད་རེའང་བྱས་ལ་རྒྱུན་སྤྱོད་མཐར་དབྱུང་། དེ་ལྟ་བུའི་འགྲོས་ཀྱིས་དངོས་གཞིའི་སྒྲུབ་ཞག་བདུན་ལ་སོགས་པ་ཇི་ཙམ་བྱ་བའི་གཞུང་བསྲང་བར་བྱའོ། །གཉིས་པ་དངོས་གྲུབ་ལ་བར་དུ་གཅོད་པ་བསལ་ཞིང་བྱིན་རླབས་ཀྱི་གཟི་བྱིན་དབབ་པ་ནི། དེ་ལྟར་བསྒྲུབ་པའི་སྐབས་སུ་བར་ཆད་ཀྱི་མཚན་མ་བྱུང་ན། སྤྱིར་རེ་དོགས་ཀྱི་ཞེན་འཁྲིས་བཅད་དེ་ལྟ་བས་ཟིལ་གྱིས་གནོན། བྱེ་བྲག་ཏུ་ཉུ་ལེ་བསྐྲད་པའི་ཆོ་ག་བྱ་སྟེ། སློབ་དཔོན་ནམ་རྒྱལ་ཐེབས་དྲག་པོའི་ཆས་སུ་ཞུགས་པའི་མདུན་དུ་ལིངྒ་བཀོད་ལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་ཞིང་། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་དཔལ་ལྡན་བླ་མ་སོགས་བདེན་སྟོབས་བརྗོད་པ་སྔོན་དུ་འགྲོ་བས། བདེན་པ་ཆེན་པོའི་མཐུ་ལ་བརྟེན་ནས་ [23b] དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཏྲི་ཡཾ་ཛཿཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་ལན་གསུམ་གྱིས་འགུག་གཞུག་བྱ། གིང་པ་ལས་ཀྱི་ཕོ་ཉར་གསལ་བི་ཐུགས་ལས་མཚོན་ཆའི་ཆར་ཕབ་པས་གནོད་བྱེད་རྡུལ་དུ་བརླག་པར་བསམ་ཞིང་ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་སྟོན་པ༔ དབང་ཆེན་ཡོངས་རྫོགས་དྲག་པོའི་འཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་པདྨ་དབང་གི་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ དབང་དྲག་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ཕུར་བུ་འདྲིལ༔ གཡོན་གྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུས་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་ཧྲཱིཿཔདྨནྟ་ཀྲྀ་ཏ་མཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཕུར་བསྐོར་དང་བཅས་པས་གདབ་ཅིང་ཊྭཀྐིས་ཐུན་གྱིས་བྲབ༔ ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བ་ནི། [24a] ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་མའི་ཟེར་ལྟར་འཕྲོ༔ སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ བུ་ཡུགས་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུགས༔ བཞད་པ་ཧེ་དང་དཔལ་གྱིས་སྤུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་འབྲུག་སྟོང་སྒྲོགས༔ ལག་པ་དམར་པོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ལ་མེ་ཆེན་འབར༔ བ་སྤུ་གནམ་ལྕགས་ཞུན་མའི་རྡོ་རྗེ་འཁྲུགས༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང་༔ ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆངས་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་ [24b] བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་གནོན༔ བདུད་ལ་བབས་ན་སྙིང་ཁྲག་དྲོན་མོ་གསོལ༔ སྲིན་ལ་བབས་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབས་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབས་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་རྣམས་ཀྱི༔ ཕུང་པོ་དུམ་བུར་གཏུབས་ལ་དོན་སྙིང་སྲེག༔ དམ་ཉམས་ཉུ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་པོ་ས་མ་ཡ༔ ཧཱུྃ༔ གྲུ་བུ་གྲུ་ཨ་པ་ཙེ༔ རཱུ་པ་ཙེ༔ ན་ར་ཙེ༔ ཙ་མེ་ཐུན་ཐུན༔ ན་ཤ་སྟྭཾ་བྷ་ཡ༔ ཡཀྵ་བྱིན༔ ཡཀྵ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན༔ ཞེས་ཀུན་ཐུབ་མའི་ཕྱག་མཚན་ཁྱད་པར་གྱི་དབྱུག་པས་བསྡིགས་ཤིང་གཟིར། ཊཱཀྐི་དཀར་པོས་གྲི་ཤར་བྱེད་ཅིང་། ཨོཾ་བཛྲ་ཀཱི་ལི་ཀཱི་ལཱི་ལ་ཡ་པྲ་མ་རཱ་ཛ་ཏྲིག་ནན༔ པུ་ན་རཀྴ་བུད་ལིང་༔ ཏྲིའུ་ཏྲིའུ་མ་ཡ་ན་མོ་ཤོ་ཛ་མཱ་ར་ཡ་རྦད་རྦད༔ ཊཱཀྐི་ནག་པོས་གྲི་ལག་ལ་མི་ལྤགས་ཀྱི་ལྕགས་འབྲས་བཏགས་པས་བྲབ་ཅིང་། ཨོཾ་སུམྦྷ་ནི་སོགས་ ཧཱུྃ་བཞི་པའི་སྔགས་བརྗོད་ལ་ཐུན་གྱིས་བྲབ་པ་སོགས་ཚམ་རྔམས་དྲག་པོས་བསྐྲད༔ དེ་མ་ཐག་དངོས་གྲུབ་སྟེར་བའི་ལྷ་འབྱུང་བས་བྱིན་དབབ་དགོས་པར་གསུངས་པས་ཆས་སོགས་ཀྱིས་གཟི་བྱིན་བསྐྱེད་ལ་བྱིན་འབེབས་བྱ་ཞིང་ཛཔྲ་དབྱངས་གྱེར་རོ། །སྔ་ཐུན་སོགས་སུ་ཉུ་ལེ་བསྐྲད་གཟིར་སྤྲོས་པས་བསྡུ་ན། གུ་གུལ་བདུག་ཅིང་ཐུན་རྫས་བྲབ་ལ། [25a] རྟ་སྔགས་དང་། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚཾ་བཛྲ་དྷ་རོད་ཨཱ་ཛྙཱ་བ་ཡ་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལི་ཀཱི་ལི་ལ་ཡ་ཧཱུྃ་ཧཱུྃ༔ ཅེས་སྡེར་མོའི་སྔགས་དྲག་ཏུ་བརྗོད་པས་ཚར་བཅད་པ་ཙམ་གྱིས་ཀྱང་དོན་འགྲུབ་བོ། །གསུམ་པ་རྟགས་ཚད་གཏན་ལ་དབབ་པ་ནི། རྩ་བར། དུས་ནི་ཟླ་དྲུག་ལོ་གསུམ་སོགས༔ རྣལ་འབྱོར་ནུས་པའི་དྲོད་དང་སྦྱར༔ ཞེས་གསུངས་པ་ལྟར་སྨིན་སློབ་ཀྱི་དབང་དུ་ཟླ་བ་དྲུག །མོས་སློབ་ཀྱི་དབང་དུ་མཛད་ནས་ཟླ་བ་གཅིག་གམ། ཞག་བདུན་ནམ། ཉིན་ཞག་གསུམ་གྱིས་མཐའ་བརྟེན་པར་བསྒྲུབས་པས་ཀྱང་དུས་དང་དབང་པོ་དང་མཐུན་པར་དངོས་གྲུབ་ཅི་རིགས་པ་ཐོབ་པར་གསུངས་ལ། གྲངས་ནི་འབུམ་ཕྲག་བརྒྱ་ནས་བཅུ་གཉིས་ཀྱི་བར་དང་། མཚན་མ་ནི་རྩ་བར། རྟགས་ཀྱི་རིམ་པ་མཐའ་ཡས་ཀྱང་༔ དད་བརྩོན་སྙིང་སྟོབས་དང་ལྡན་པའི༔ ལས་འཕྲོ་ཅན་གྱི་གང་ཟག་གིས༔ ཏིང་འཛིན་ཟབ་མོས་རྩེ་གཅིག་ཏུ༔ གཞུང་བཞིན་ཡང་དག་བསྒྲུབ་གྱུར་ན༔ བྲིས་སྐུ་བཞད་དང་གཏོར་རྫས་ཞུ༔ བདུད་རྩི་ཁོལ་ཞིང་ཚེ་མདའ་འཕེལ༔ རྟེན་དང་རྫས་ལ་འོད་དམར་འཕྲོ༔ དྲི་བཟང་ཁྱབ་དང་འཇའ་ཚོན་ཟུག༔ དཀྱིལ་འཁོར་བཀྲ་མདངས་གཟི་བརྗིད་འབར༔ སྒྲུབ་ཁང་བག་དྲོ་བྱིན་འཐིབ་ཅིང་༔ མར་མེ་ཚེ་རིང་མདངས་འཚེར་སོགས༔ མངོན་སུམ་ཉིད་དུ་མཐོང་བར་འགྱུར༔ རྨི་ལམ་ཉི་ཟླ་ཤར་བ་དང་༔ མཆོད་རྟེན་དང་ནི་རི་མཐོར་འཛེག༔ ཆུ་ཆེན་བརྒལ་དང་གོས་བཟང་གྱོན༔ རྩི་ཤིང་ནགས་ཚལ་ཆུ་ཀླུང་རྒྱས༔ མེ་ཏོག་དམར་པོའི་ཚལ་དུ་ཕྱིན༔ རྡོ་རྗེ་ནོར་བུ་གཡུ་བཟང་རྙེད༔ རྟ་གླང་ [25b] སེང་གེ་ཞོན་པ་དང་༔ ས་ཆུ་མེ་རླུང་ཐོགས་པ་དང་༔ མཁའ་ལ་ཐོགས་མེད་འགྲོ་བ་དང་༔ གཞན་གྱིས་ཟས་ནོར་སྟེར་བ་སོགས༔ རྡོ་རྗེའི་ཚེ་མཆོག་གྲུབ་པའི་རྟགས༔ དཔག་ཏུ་མེད་པ་མཐོང་བར་འགྱུར༔ ཞེས་གསུངས་པ་ལྟར་ལྟས་བཟང་གཏན་ལ་ཕེབས་པའམ་གྲངས་དང་དུས་ཀྱི་དམ་བཅའ་ཐེམས་ནས་དུས་ཀྱི་དངོས་གྲུབ་བསྐུལ་ཞིང་། གློ་བུར་དུ་དངོས་གྲུབ་ཀྱི་ལྟས་བཟང་ངེས་པ་ཅན་བྱུང་ན་དེ་མ་ཐག་རྒྱུན་གྱི་དངོས་གྲུབ་བསྐུལ་བ་གནད་དུ་ཆེའོ། །གསུམ་པ་གྲུབ་ནས་དངོས་གྲུབ་བླང་བ་སྒྲུབ་པ་ཆེན་པོའི་ལས་རིམ་ནི། འདི་ཉིད་དངོས་སྦྱོར་སྒྲོལ་ལ་བརྟེན་པ་ཡིན་ཀྱང་ད་ལྟ་མོས་སློབ་ཀྱི་སྐབས་སུ་རྫས་ལ་བརྟེན་ཏེ་བླང་བར་བྱ་བ་ལ་གསུམ། དངོས་གྲུབ་ཀྱི་རྫས་བཤམ་པ། སྐབས་ཀྱི་སྔོན་འགྲོའི་རིམ་པ། དངོས་གྲུབ་ལེན་ཆོག་དངོས་སོ། །དང་པོ་རྫས་བཤམ་པ་ནི། སྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་དགོངས་ཐུན་ནས་དངོས་གྲུབ་བྱུང་བའི་རྫས་བཤམ་སྟེ། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་དཀར་པོས་གཡོགས་པར་འབྲུ་དཀར་གྱིས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་ཁར་རིན་པོ་ཆེའི་སྣོད་དུ་འབྲུ་བཟང་གི་ཕྱེ་མངར་གསུམ་ཞོ་མར་འོ་མ་ཛ་གད་ཀྱིས་སྦྲུས་པའི་འབྲང་རྒྱས་ནོར་བུ་འབར་བའི་དབྱིབས་ཅན་རྒྱན་ལྡན་དང་ཕྱོགས་བཞིར་ལས་བཞིའི་འབྲང་རྒྱས་བཅས་འགོད། དེ་སྟེང་མཉྫིའི་ཁར་ཐོད་པ་མཚན་ལྡན་མངར་གསུམ་ཨ་མྲྀ་ཏ་དང་སྦྱར་བའི་ཆང་བཟང་པོས་བཀང་བ་བཞག་ལ་དར་དམར་མཐིང་གིས་ཁ་བཀབ། མཐའ་སྐོར་དུ་འབྲང་རྒྱས། ལ་དུ། ཟླ་རྒྱས། ཟླ་ཕྲུམ། གལ་ཕྱེ། རྒུན་འབྲུམ། བཅའ་ལྒ་སོགས་སྤོད་དང་ཤིང་ [26a] ཏོག་གི་རིགས། མཱཾ་ས། མ་ད་ན་སོགས་བཟའ་བཅའ་བཏུང་བའི་རིགས་གྱུར་མ་ཚང་བ་མེད་པ་ལེགས་པར་བཤམ་མོ། །གཉིས་པ་སྐབས་ཀྱི་སྔོན་འགྲོའི་རིམ་པ་ནི། ཕྱི་ནང་འཕྲིན་ལས་ཀྱི་གཞུང་བསྲང་སྟེ་བཟླས་པ་གྲུབ་པ་ན་གཟུངས་ཐག་བསྡུས་ལ་བསྙེན་རྒྱུན་སྔ་མ་གྲོལ་ནས་སྙིང་པོ་ལ། ཀཱ་ཡ་ཝཱ་ཀ་ཙིཏྟ་གུ་ཎ་ཀརྨ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཧཱུྃ༔ ཞེས་དངོས་གྲུབ་བླང་བའི་སྔགས་བཏགས་པ་བཟླ། དེ་ནས་དངོས་གྲུབ་ལ་མི་དབང་བའི་ལྟ་ཉན་གྱི་བགེགས་ཚོགས་ཚར་གཅོད་པའི་ཕྱིར་ལས་བྱང་ལྟར་བཀའ་བསྒོས་ལ་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བསྐྲད་དེ་སྲུང་འཁོར་བསྐོམ། ཨོཾ༔ འཆི་མེད་མགོན་པོ་རིག་འཛིན་ཚེ་དཔག་མེད༔ ཞེས་སོགས་དང་ཡི་གེ་བརྒྱ་པ་བཟླས་པས་འཁོན་ལྕུགས་སྦྱངས། སྤོས་དང་རོལ་མོར་བཅས་པས་བྱིན་དབབ་པོ། །གསུམ་པ་དངོས་གྲུབ་བསྡུ་ཞིང་བླང་བ་དངོས་ནི། བདག་མདུན་བཞིན་དང་མེ་ལོང་ལྟ་བུར་བསྒོམ་ལ་གདུང་ཤུགས་ཀྱིས་བསྐུལ་ཏེ། ཧཱུྃ༔ ལྷ་དང་རིག་འཛིན་མཁའ་འགྲོ་དགོངས༔ འདིར་འདུས་རིག་འཛིན་བདག་ཅག་རྣམས༔ སྨིན་གྲོལ་གཉིས་ཀྱིས་རྒྱུད་སྦྱངས་ཤིང་༔ བསྐྱེད་རྫོགས་གཉིས་ཀྱིས་ལས་གཞུང་བསྲངས༔ བསྙེན་སྒྲུབ་རྣམ་བཞི་མཐའ་རུ་ཕྱིན༔ ལས་དང་ཐུགས་རྗེ་མཐུན་པ་ཡིས༔ ཞི་རྒྱས་དབང་དྲག་ཡིད་བཞིན་གཏེར༔ སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཀཱ་ཡ་ཝཱ་ཀ་ [26b] ཙིཏྟ་སིདྡྷི་ཧཱུྃ་ཨཱཿ དེ་ལྟར་རྩེ་གཅིག་ཐུགས་དམ་རྒྱུད་བསྐུལ་བས། །རྩ་བའི་དཀྱིལ་འཁོར་ལྷ་རྣམས་མཉམ་སྦྱོར་བའི། །སྦྱོར་མཚམས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། །འགྲོ་དྲུག་སེམས་ཅན་རྒྱུད་སྦྱངས་མཁའ་ཁྱབ་ཀྱི། །བདེ་བར་གཤེགས་པ་རྣམས་ལ་དགྱེས་པ་བསྐྱེད། །སྐུ་གསུང་ཐུགས་དང་ཡོན་ཏན་འཕྲིན་ལས་ཀྱི། །དངོས་གྲུབ་མ་ལུས་འོད་ཟེར་ཚུལ་དུ་བསྡུས། །བདག་ལ་ཐིམ་པས་ནུས་པ་བརྟན་པར་བྱས། །རྫས་ལ་ཐིམ་པས་འཆི་མེད་བདུད་རྩིའི་བཅུད། །དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་གྱུར། །ཞེས་གསལ་བཏབ་ལ། དངོས་གྲུབ་རྫས་ཀྱི་ཁར་གཟུངས་ཐག་རྡོ་རྗེ་བཞག་པའི་སྣེ་མོ་ནས་བཟུང་ལ་རྩ་སྔགས་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་བརྒྱ་སྟོང་སོགས་ཅི་འགྲུབ་བཟླ། བཟླས་པ་གྲུབ་ནས་གཟུངས་ཐག་བསྡུས་ལ། དཀྱིལ་འཁོར་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་དངོས་གྲུབ་ཐམས་ཅད་འབྲུ་གསུམ་གྱི་ཚུལ་དུ་བར་མ་ཆད་པར་བྱུང་བ་རང་གི་གནས་གསུམ་དུ་ཐིམ་པར་མོས་ཏེ། རྡོ་རྗེ་རྒྱལ་ཚབ་པས་རྣམ་བུམ། ཡུམ་གྱིས་ཚེ་འབྲང་། ལས་རྡོར་སོགས་ཀྱིས་སྒྲུབ་རྟེན་དངོས་གྲུབ་ཀྱི་རྫས་རྣམས་སྦྲེང་ཚར་དུ་ཐོགས་ལ། ཨོཾ་ཨཱཿཧཱུྃ་ཧྲཱིཿ བདེ་མཆོག་ཀློང་ཡངས་ཁྱབ་བརྡལ་ནམ་མཁའི་དཀྱིལ༔ ཞེས་སོགས་ཀྱིས་བསྐུལ་ལ། སྒྲུབ་རྟེན་རྣམས་གནས་གསུམ་དུ་ [27a] གཏུགས་ཤིང་དངོས་གྲུབ་ཀྱི་རྫས་རྣམས་ལ་རོལ། མཐར་ཚེ་བརྟན་པར་བྱ་བའི་སླད་དུ། ཧཱུྃ་ཧཱུྃ་ཏྲ་ཏྲ་ཤག༔ མུ་ཏྲ་ཧོཿ ཏིཥྛ་ལྷན༔ ཞེས་བདུན་ནམ་ཉེར་གཅིག་ཙམ་བཟླས་ལ། ཧྲཱིཿ སྙིང་པོ་བརྟན་པར་མི་ནུས་ཏེ༔ རྡོ་རྗེ་འཆང་གི་ཚེ་གཡང་མཆོག༔ སྤྲོས་པས་སྟོང་ཁམས་བཀྲག་མདངས་ལྡན༔ བསྡུས་པས་རྣལ་འབྱོར་གཟི་མདངས་བསྐྱེད༔ བཅིངས་པས་རྡོ་རྗེ་ལུ་གུ་རྒྱུད༔ བརྟན་པས་མི་འགྱུར་རྡོ་རྗེ་འདྲ༔ བདག་ཅག་སྐལ་ལྡན་རྣལ་འབྱོར་ལ༔ ཚེ་དང་ཡེ་ཤེས་དངོས་གྲུབ་སྩོལ༔ འཆི་མེད་རྡོ་རྗེའི་དོན་རྟོགས་ཤོག༔ ཅེས་དངོས་གྲུབ་བླངས་པས། བདག་ཉིད་ལྷ་དང་དངོས་གྲུབ་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་ངོ་བོ་འཆི་མེད་རྟག་པ་དམ་པའི་རང་བཞིན་དུ་གྱུར་པར་ལྟས་ལ། མེ་ཏོག་འཐོར་ཞིང་། ཨོཾ༔ སྐུ་ཡི་སྐུ་སྟེ་སྐུ་ལ་ཐིམ༔ ཕུང་པོ་ལྔ་ལ་རབ་ཏུ་ཐིམ༔ ཨཱཿ གསུང་གི་གསུང་སྟེ་གསུང་ལ་ཐིམ༔ ལྗགས་ཀྱི་དབང་པོ་མཆོག་ལ་ཐིམ༔ ཧཱུྃ༔ ཐུགས་ཀྱི་ཐུགས་ཏེ་ཐུགས་ལ་ཐིམ༔ རང་བྱུང་ཡེ་ཤེས་ཐུགས་ལ་ཐིམ༔ ཉིན་མོ་བཀྲ་ཤིས་མཚན་བཀྲ་ཤིས༔ ཉིན་མཚན་ཀུན་ཏུ་བཀྲ་ཤིས་པ༔ སྐལ་ལྡན་རྣམས་ལ་བཀྲ་ཤིས་ཤོག༔ སྙིང་པོ་ཉི་ཟླ་གསལ་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་ཛྙཱ་ན་ཧཱུྃ་ཧོཿ ཞེས་ཚེ་བརྟན་པའི་བཀྲ་ཤིས་ [27b] བརྗོད་དོ། །འདིར་སྤྲོ་ཞིང་ནུས་ན་རྒྱས་པའི་སྦྱིན་སྲེག་གི་སྒོ་ནས་ཚེ་སྤེལ་བའི་ལས་སྦྱོར་བརྩམ་ན་མཆོག་ཏུ་འགྱུར་ཏེ། འདིའི་ཚུལ་ནི་ལོགས་སུ་སྨོས་པ་ལས་ཤེས་སོ། །གཞན་ཡང་སྒྲུབ་ཁང་དུ་འཇུག་པར་འོས་པའི་མཆེད་ནང་མ་ཙམ་ལ་རྩ་བའི་དབང་བསྐུར་བ་སྐབས་སུ་བབས་ནའང་དབང་མཆོག་གི་གཞུང་བཞིན་འདིར་བསྐུར་བར་བྱའོ། །དེ་རྣམས་ཀྱིས་སྒྲུབ་པ་དང་སྒྲུབ་པ་ཆེན་པོའི་རིམ་པ་རྫོགས་པ་ཡིན་ནོ། །གསུམ་པ་མཇུག་མཐའ་རྒྱས་ཀྱི་རིམ་པ་ལ་བརྒྱད་ལས། དང་པོ་ཚོགས་དང་གཏོར་མ་གཏོང་བ་ནི། ལས་བྱང་གི་ཚོགས་བྱིན་བརླབ་ནས་བརྩམ་ཚོགས་མཆོད་རྒྱས་པར་བྱ། ཞལ་བསྟབ་སྐབས་ཉུ་ལེའི་ལིངྒ་མེ་ཧོམ་དུ་བསྲེག་ཏེ་ཐལ་བ་ཆོས་སྐྱོང་གི་གཏོར་མར་བསྟབ། ཚོགས་ལ་རོལ་མཐར་ལྷག་མ་བསྡུས་ལ་སྔར་གྱི་ལྷག་གཏོར་གཏར་བཟུང་བ་དང་ལྷན་ཅིག་ལྷག་ཆོག་བྱ་ཞིང་སྒྲུབ་ཁང་གི་ལྷོ་ནུབ་གོམ་པ་བདུན་ཅུའི་མཚམས་སུ་བསྐྱལ། ཆོས་སྐྱོང་གཏོར་འབུལ་བྱས་ལ་བཀའ་སྲུང་གི་གཏོར་མ་དང་ཆད་བརྟན་རྣམས་མེ་སྒྲོན་དང་བཅས་ཡང་ཐོག་ཏུ་འབུལ་ཞིང་རྟ་བྲོ་བརྡུང་ངོ་། །གཉིས་པ་གཏེར་སྦེད་པ་ནི། བཀྲ་ཤིས་པའི་རྟེན་འབྲེལ་དུ་རིན་པོ་ཆེའམ་རྫའི་བུམ་པར་ལྔ་ཚན་ལྔ་དང་འབྲུ་སྣ་སྨན་སྣ་རིན་ཆེན་ཆོས་སྨན་གྱིས་གཏམས་པའི་ཁར་ཚེ་རིལ་རྟེན་གཏོར་སོགས་སྒྲུབ་རྫས་དང་དངོས་གྲུབ་ཀྱི་ཕུད་བཅུད་སྟེ་ཁ་དམ་པར་བཅད་ནས་རིགས་ལྔའི་ཕྱག་མཚན་བྲིས་པ་ཉིད་སློབ་དཔོན་ནམ་རྒྱལ་ཚབ་པའི་ཕྱག་ཏུ་ཐོགས་ལ། ཧཱུྃ། འབྱུང་ལྔ་ཡེ་ནས་མངོན་སངས་རྒྱས༔ ས་ཡི་ལྷ་མོའི་མཁའ་ཕྱེས་ཤིག༔ རྣམ་དག་ཡུམ་ལྔའི་མཁའ་ཀློང་དུ༔ [28a] སྐུ་གསུང་ཐུགས་ཡོན་འཕྲིན་ལས་བཞི༔ སྒྲུབ་པ་ལས་ཀྱི་གཏེར་སྦེད་དོ༔ སྙིང་པོ་རིན་ཆེན་དར་སྣ་འབྲུ༔ སྨན་སྣ་དམ་རྫས་གཏོར་ཆེན་སོགས༔ མི་ཟད་གཏེར་མཆོག་འདི་སྦས་པས༔ འདིར་ཚོགས་རྣལ་འབྱོར་བདག་ཅག་རྣམས༔ སྙིང་པོ་བྱང་ཆུབ་མ་ཐོབ་པར༔ སྐྱེ་རྒ་ན་འཆིའི་དུས་བྱུང་ཚེ༔ གཏེར་མཆོག་ཁྱོད་ཀྱི་བྱིན་རླབས་ཀྱིས༔ བདེ་ཐོབ་ལོངས་སྤྱོད་ཀུན་ལྡན་ཤོག༔ ནད་ཡམས་མུ་གེ་མཚོན་འཁྲུགས་སོགས༔ འཇིགས་པ་བརྒྱད་ལས་སྐྱོབ་པར་ཤོག༔ སྐུ་ལྔ་ལྷུན་གྱིས་གྲུབ་པ་ཡི༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ ཕྱག་རྒྱ་ལྔ་ཡིས་རྒྱས་བཏབ་པས༔ ཡོན་ཏན་མཐའ་རྒྱས་བཀྲ་ཤིས་ཤོག༔ བུདྡྷ་བཛྲ་རཏྣ་པདྨ་ཀརྨ་ཨཱ་ཡུ་སིདྡྷི་བྷྲཱུྃ་བྷྲཱུྃ༔ ཞེས་སྒྲུབ་ཁང་གི་ཕུག་སོགས་ཕྱོགས་གང་བདེར་སྦ་ཞིང་ཤིས་བརྗོད་ཀྱི་མེ་ཏོག་འཐོར་རོ། །གསུམ་པ་དཀྱིལ་འཁོར་བསྡུ་བ་ནི། གཏང་རག་གི་མཆོད་བསྟོད་རྒྱས་པར་བྱ་ཞིང་ནོངས་པ་བཟོད་པར་གསོལ་ལ། རྡུལ་ཚོན་གྱི་ཡེ་ཤེས་པ་སྒྲུབ་པའི་རྟེན་ལ་བརྟན་བཞུགས་བྱ། སྤྲུལ་པའི་དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་མོས་ལ་ཏིང་ངེ་འཛིན་གྱི་དཀྱིལ་འཁོར་འོད་གསལ་དུ་བསྡུ་ཞིང་གཉུག་མའི་ལྷར་ལྡངས་ལ་གོ་བགོའོ། །བཞི་པ་མཚམས་བཀྲོལ་བ་ནི། ཕྱི་རོལ་གྱི་ཤར་ལ་སོགས་པར་སྔར་བཞིན་སོང་སྟེ་མངོན་པར་བཤམས་པའི་མཆོད་གཏོར་རྣམས་བྱིན་གྱིས་བརླབས། སོ་སོའི་རང་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་ [28b] གཏོར་མ་དང་། ཨརྒྷཾ་སོགས་ཀྱིས་ཉེར་སྤྱོད་ཕུལ་ལ། ཧཱུྃ༔ རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ རྡོ་རྗེ་འཛིན་པའི་བཀའ་བཞིན་དུ༔ སྒྲུབ་པའི་བར་ཆད་བསྲུང་མཛད་པའི༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔ རང་གནས་གཤེགས་ཏེ་བྱང་ཆུབ་བར༔ དངོས་གྲུབ་མཆོག་སྩོལ་བར་ཆད་སོལ༔ བཛྲ་མུཿ ཞེས་གཤེགས་གསོལ་བྱས་ལ་ཐོ་བྱང་བསྡུ། ཕྱོགས་གཞན་གསུམ་ལའང་དེས་འགྲེས་ཏེ་སོ་སོའི་སྔགས་བརྗེ་བ་དང་། འཕྲིན་བཅོལ་རྐང་པ་དང་པོའི་མལ་དུ། རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས༔ ཞེས་བསྒྱུར། སྒོ་བྱང་ཕྱི་ནང་ཐུན་མོང་དུ་མཆོད་པ་བྱིན་བརླབ། རང་སྔགས་ལ་གཏོར་སྔགས་བཏགས་པ་ལན་གསུམ་རེས་གཏོར་མ་དང་། ཉེར་སྤྱོད་ལྔར་བཞིན་ཕུལ་ལ། ཧཱུྃ༔ ཁྲོ་བོའི་རྒྱལ་པོ་བདུད་རྩི་འཁྱིལ༔ བགེགས་ཚོགས་གཉེན་པོ་གཤིན་རྗེ་གཤེད༔ ངོ་མཚར་རྨད་བྱུང་སྒྲུབ་གནས་འདིར༔ ཕྱི་ནང་སྒོ་སྲུང་མཛད་པ་ཡི༔ ཕྲིན་ལས་མཐར་ཕྱིན་ངོ་མཚར་ཆེ༔ གཏང་རག་མཆོད་གཏོར་འདི་བཞེས་ལ༔ ཆོས་ཀྱི་དབྱིངས་སུ་གཤེགས་ནས་ཀྱང༔ སླར་ཡང་འབྱོན་པར་མཛད་དུ་གསོལ༔ བཛྲ་མུཿཞེས་བསྡུ། ད་ནས་ནང་དུ་ཞུགས་ལ་རྒྱལ་ཚབ་པས་ལག་གཉིས་སྐམ་པའི་རྒྱ་དང་བཅས་ཕུར་བུ་རྣམས་དང་པོར་གདབ་རིམ་ལས་ལྡོག་ཕྱོགས་སུ་ཕྱུངས་ཏེ། ཨོཾ་བཛྲ་ཀཱི་ལ་ཡ་ཨུཏྐཱི་ལ་ཡ་སརྦ་ཀཱི་ལ་ཡ་བཛྲ་དྷ་རོད་ཨཱ་ཛྙཱ་པ་ཡ་ཧཱུྃ་ཧཱུྃ་ཧཱུྃ་ཕཊ་སྭཱཧཱ། ཕུར་རྩེ་ [29a] རྣམས་འོ་མས་བཀྲུ་ཞིང་། ཨོཾ་རུ་རུ་སྥུ་རུ་ཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ནི་སརྦ་ཨརྠ་སཱ་དྷ་ནི་སྭཱཧཱ༔ ཞེས་ལྷ་རྣམས་གཤེགས་ལ་ཁུང་བུ་ཡང་དགང་ངོ་། །ལྔ་པ་རྡུལ་ཚོན་བསྡུ་ཞིང་གཤེགས་པ་ནི། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་གསིལ་ཞིང་ཨ་ཀཱ་རོའི་སྔགས་བརྗོད་བཞིན་པས་གཡས་པའི་རྡོ་རྗེས་རྡུལ་ཚོན་ཤར་གྱི་ཚང་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱེ་ཞིང་། ལྷག་མ་རྣམས་ཀྱང་རྗེས་མི་མངོན་པར་ཕྱགས་ལ་དོན་དུ་གཉེར་བ་རྣམས་ལ་ཅུང་ཟད་བྱིན་ནས་གཞན་རྣམས་བུམ་པར་བླུགས་ཏེ་བཀུར་སྟི་ཆེན་པོས་མཆོད། ཐིག་ཤུལ་དྲི་བཟང་གི་ཆུས་དབྱི། དུས་དེ་ཉིད་དུའམ་གཞན་གྱི་ཚེ་ནའང་རུང་སྟེ་རྡུལ་ཚོན་ཉིད་སློབ་དཔོན་སློབ་མར་བཅས་པས་བཀྲ་ཤིས་པའི་གླུ་དང་རོལ་མོ་རྣམ་པར་བཀྲ་བའི་ལྟད་མོ་སྣ་ཚོགས་དང་བཅས་རྒྱུན་མི་འཆད་པའི་ཆུ་ཀླུང་ཆེན་པོའི་འགྲམ་དུ་ཁྱེར་ནས། དེར་དྲིའི་མཎྜལ་དཀར་པོ་འདབ་མ་བརྒྱད་པའི་དབུས་དང་ཕྱོགས་མཚམས་བརྒྱད་ལ་མེ་ཏོག་གི་ཚོམ་བུ་བཀོད། མཐར་ཉེར་སྤྱོད་དཀར་སྐྱེམས་ལྷ་བཤོས་དང་བཅས་པ་དང་། དེའི་མདུན་རྒྱབ་གང་འོས་ཀྱི་སྟེགས་བུ་མཐོ་བ་ལ་རྡུལ་ཚོན་གྱི་བུམ་པ་བཞུགས་སུ་གསོལ། མཆོད་པ་རྣམས་བྱིན་གྱིས་བརླབས་ནས། རྟེན་བསང་སྦྱང་། སྟོང་པའི་ངང་ལས་བཾ་ལས་བྱུང་བའི་རྒྱ་མཚོ་རིན་པོ་ཆེ་དང་མེ་ཏོག་གིས་གང་བའི་དབུས་སུ་པདྨ་དཀར་པོ་འདབ་མ་བརྒྱད་པའི་ལྟེ་བར་ཧཱུྃ་ལས་རྡོ་རྗེ་ཧཱུྃ་གིས་མཚན་པ་ལས་རྡོ་རྗེ་སེམས་དཔའ་དཀར་པོ་རྡོ་རྗེ་དང་དྲིལ་བུ་འཛིན་པ་རྒྱན་ཐམས་ཅད་ཀྱིས་བརྒྱན་པ་རང་ [29b] སྣང་གི་ཡུམ་དང་བཅས་པའོ། །སྙིང་གནས་འོད་ཟེར་འཕྲོས་པས་ཀླུ་ཆེན་བརྒྱད་འཁོར་དང་བཅས་པ་བཛྲ་ས་མཱ་ཛཿས་སྤྱན་དྲངས། འདབ་མ་བརྒྱད་ལ་འཁོད་པ་ནི། སྟོད་ལྷའི་ལུས་ཅན་ཐལ་མོ་སྦྱར་བ། སྦྲུལ་མགོའི་གདེངས་ཀ་དང་ལྡན་པའི་སྨད་སྤྲུལ་མཇུག་ཏུ་འཁྱིལ་ཞིང་དར་དང་རིན་པོ་ཆེའི་རྒྱན་གྱིས་བརྒྱན་པ་འཁོར་དང་བཅས་པར་བལྟས་ལ། ཨོཾ་བཛྲ་སཏྭ་ཨཥྚ་མཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་ཨརྒྷ་སོགས་ཀྱིས་མཆོད། ཨོཾ་བྷཀྵ་ཨཱ་གཙྪ་ཨཱ་གཙྪ་མཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་སརྦ་བྷུརྦྷུ་ཝཿཕྲུཾ་སྭཱཧཱ། ཞེས་ལན་གསུམ་གྱི་འོ་ཐུག་གི་གཏོར་མ་ཕུལ། གདེངས་ཀ་ནོར་བུ་འབར་བའི་འོད་ཟེར་གྱིས། །ས་འོག་མུན་པའི་ཚོགས་རྣམས་རབ་འཇོམས་ཤིང་། །བསྟན་ལ་རབ་དགའ་མཐུ་སྟོབས་བསམ་མི་ཁྱབ། །ཀླུ་རྒྱལ་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། ཀླུའི་རྒྱལ་པོ་འཁོར་དང་བཅས་པ་རྣམས་ཀྱིས་དེང་དེ་བཞིན་གཤེགས་པ་རྣམས་ཀྱིས་བྱིན་གྱིས་བརླབས་པའི་རྡུལ་ཚོན་རིན་པོ་ཆེའི་རང་བཞིན་འདི་རྣམས་བདག་གིར་མཛད་ནས་མཆོད་པ་དང་། འཇིག་རྟེན་གྱི་ཁམས་སྤྱི་དང་ཁྱད་པར་ས་ཕྱོགས་འདི་དག་ཏུ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པའི་འཕེལ་ཞིང་རྒྱས་པར་མཛད་དུ་གསོལ། ཞེས་རྡུལ་ཚོན་གཏད་དེ་ཆུར་སྦྱང་བ་ [30a] དེ་རྣམས་ཀྱིས་བཀུར་སྟི་ཆེན་པོས་ས་འོག་གི་གཞིར་སྤྱན་དྲངས་པར་བསམ་ཞིང་། ཨོཾ་མཧཱ་ནཱ་ག་ཨ་དྷི་པ་ཏ་ཡེ་ས་པ་རི་ཝཱ་ར་གཙྪ། ཞེས་པས་ཀླུ་རྣམས་རང་གནས་སུ་གཤེགས། ཛཿཧཱུྃ་བྃ་ཧོཿ ས་རྡོ་རྗེ་སེམས་དཔའ་རང་ལ་ཐིམ་པར་མོས། མཆོད་གཏོར་མཎྜལ་གྱི་ཚོམ་བུ་རྣམས་ཆུར་གཤེགས་ཤིང་རེ་ཁཱ་ཡང་བཀྲུ། གང་དུ་རྡུལ་ཚོན་བླུགས་པའི་བུམ་པ་དེ་ཆུས་བཀང་ནས་སྔར་བཞིན་ཁྱེར་ཏེ། ཨོཾ་རུ་རུ་སྥུ་རུ་སོགས་སྤྱན་མའི་སྔགས་བཟླ་བཞིན་དུ་ཞི་བའི་ཕྱིར་དཀྱིལ་འཁོར་གྱི་ཁང་པ་སོགས་ལ་འཐོར་བར་བྱའོ། །དྲུག་པ་སྨོན་ལམ་གདབ་པ་ནི། མཆེད་ལྕམ་རྣམས་ཀྱི་ལག་བསྣོལ་བའི་སྲིན་ལག་སྦྲེལ་བའམ་དར་དཀར་རམ་ཕྲེང་བ་ལུ་གུ་རྒྱུད་དུ་སྦྲེལ། མར་མེ་དང་སྤོས་ཀྱི་རེང་བུ་རེ་ཐོགས། རྒྱལ་ཚབ་པས་གཏོང་ཐུན་སྔོན་དུ་འགྲོ་བས་དབྱངས་སྙན་བོར་ལེན་ཚུལ་གྱིས། ཧཱུྃ༔ བླ་མེད་གསང་བ་མཆོག་གི་དཀྱིལ་འཁོར་འདིར༔ རྡོ་རྗེ་སློབ་དཔོན་གཉན་གྱིས་དབུ་མཛད་ནས༔ དམ་ཚིག་ལྡན་པའི་མཆེད་དང་ལྕམ་དྲལ་རྣམས༔ དེང་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར༔ འཁོར་བའི་གཡང་ས་ཆེན་པོར་མི་ལྷུང་ཞིང་༔ མ་རིག་མུན་པའི་ནང་དུ་མི་འཁྱམས་ཤོག༔ གཅོང་རོང་དོག་མོའི་གནས་སུ་མི་སྐྱེ་དང་༔ དམྱལ་བའི་ཟངས་ཁང་གནས་སུ་མི་ལྷུང་ཞིང་༔ གཅན་གཟན་གདུག་པའི་སྒྲ་སྐད་མི་གྲགས་ཤིང་༔ མཚོན་ཆ་གདུག་པའི་དབལ་གྱིས་མི་ཕོག་ཤོག༔ རྡོ་རྗེ་སློབ་དཔོན་བཀའ་དྲིན་ཆེ་བ་དང་༔ མཚན་ལྡན་གཟུངས་མ་རྡོ་རྗེ་མཆེད་ [30b] ལྕམ་རྣམས༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱིས་ཁྱད་པར་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་འཆི་བའི་དུས་བྱུང་ཚེ༔ མ་རིག་དབང་གིས་འཁོར་བར་ལྷུང་སྲིད་ན༔ སྣང་གསལ་མར་མེས་མ་རིག་སྡུག་བསྔལ་སོལ༔ ཉོན་མོངས་དབང་གིས་རིགས་དྲུག་གནས་འཁྱམས་ན༔ སྣང་གསལ་མར་མེས་འགྲོ་དྲུག་སྡུག་བསྔལ་སོལ༔ རྒྱུ་མཆོག་འདི་ཡིས་ས་བཅུ་ཡོངས་བགྲོད་དེ༔ ཤེས་བྱའི་སྒྲིབ་བྱང་ཕྱིར་མི་ལྡོག་པར་ཤོག༔ སྣང་གསལ་གོ་འབྱེད་ཞུན་མར་མདངས་ལྡན་འདི༔ བདེ་གཤེགས་ཡོངས་ལ་ཕུལ་བའི་མཐུ་བྱིན་གྱིས༔ ས་བཅུ་འདས་ཏེ་ས་རྣམས་ཡོངས་ནོན་ཤོག༔ ཀུན་ཏུ་འོད་དང་མ་ཆགས་པདྨའི་སྤྱན༔ འཁོར་ལོ་ཚོགས་ཆེན་སྟུག་པོ་བཀོད་པའི་ས༔ དེ་བ་ཀོ་ཤ་ཀུན་བཟང་དབྱེར་མེད་པས༔ རྡོ་རྗེ་སེམས་མིང་ལྕང་ལོ་ཅན་གྱི་གནས༔ བླ་མའི་ས་དང་སྲིད་གསུམ་གཞི་རྫོགས་པས༔ རྩོལ་བྲལ་ལྷུན་པོའི་ས་ལ་ཐིག་ལེ་ཡི༔ ས་ལམ་འགྲོས་རྣམས་མ་ལུས་ལྷུན་གྲུབ་ནས༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་ཡོངས་རྫོགས་ཤོག༔ ཅེས་འདུས་པ་ཐམས་ཅད་ཀྱིས་རྗེས་ཟློས་དང་བཅས་འདུན་པ་རྩེ་གཅིག་པས་གདབ། གཞན་ཡང་ལས་བྱང་གི་ [31a] དཀྱུས་སུ་བསྟན་པ་ལྟར་སྨོན་ལམ་ནན་ཏན་དུ་བྱའོ། །བདུན་པ་བཀྲ་ཤིས་བརྗོད་པ་ནི། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་གི་ཆར་དབབ་ལ། ཞལ་ནས་གསུངས་པའི་ཐོག་དྲངས་ལས་བྱང་ནས་འབྱུང་བས་མཚོན་ཤིས་པ་རྒྱ་ཆེར་བརྗོད་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྙན་ལ་ཡུན་རིང་བར་བསྒྲག་གོ ། བརྒྱད་པ་དགའ་སྟོན་དང་གནས་སྲུང་བ་ནི། སླར་ཡང་ཞག་ལྔའམ་གསུམ་ལ་སོགས་པར་ཐག་རིང་དུ་མི་འགྲོ་བར་བཟའ་བཅའ་མྱང་བ་ལྡག་གཞིབ་ཆང་ལ་སོགས་པའི་ལོངས་སྤྱོད་ཆེན་པོ་དང་ལྡན་པས་སྐྱེ་བོ་དམ་པའི་འདུས་པ་དང་དགའ་སྟོན་རྒྱ་ཆེན་པོ་བྱ་ཞིང་། གནས་སྲུང་བ་དང་དགའ་སྟོན་གྱི་རིམ་པ་ཇི་ཙམ་བྱས་པ་དེ་ཙམ་དུ་བསྟན་འགྲོ་ཡོངས་ལ་འཕྲལ་ཡུན་གྱི་ཕན་བདེའི་སྣང་བཟད་མི་ཤེས་པས་ཁྱབ་ཅིང་རྟག་པར་འགྱུར་རོ། །ཞར་བྱུང་འཕྲོས་དོན་དུ་མོས་སློབ་ཀྱི་སྒྲུབ་ཆེན་འདྲ་འབག་ཙམ་ཡང་མི་ལྕོགས་པས་སྒྲུབ་མཆོད་སྤྱི་འགྲོ་ལྟར་བྱེད་པར་འདོད་ན། སྦྱོར་བའི་ཉིན་ས་ཆོག་གིས་སྦྱོང་བ་ཡན་ཆད་སྔར་བཞིན་ལས། ས་བསྲུང་གི་ཚེ་གསང་མཚམས་ནས་འབྱུང་བ་ལྟར་ཕྱོགས་སྐྱོང་ཕུར་གདབ་རྣམས་བྱ། ཆག་ཆག་གདབ་ཅིང་ཐིག་ཚོན་གྱི་དཀྱིལ་འཁོར་བྲི་བའམ་རས་བྲིས་བཀྲམ། སྒྲུབ་རྫས་མཆོད་གཏོར་དཀྱིལ་འཁོར་གྱི་རྒྱན་སོགས་སྡེབས་འགོད་བྱས་ཏེ་སྔགས་རྒྱས་སྤེལ། བརྡ་སྦྱར་ཞིང་བྱིན་དབབ་པ་བཅས་ཀྱིས་སྦྱོར་བའི་ཆོས་རྣམས་གྲུབ། དེ་ནས་སྒྲུབ་མཆོག་དངོས་གཞི་ཞག་གྲངས་ཇི་ཙམ་བྱེད་ཀྱི་བར་ཉིན་རེ་བཞིན་ལས་བྱང་གི་གཞུང་སྲོང་ལུགས་འདྲ་བ་ [31b] ལས་ཐུན་བཞིའི་ངེས་པ་མ་འགྲུབ་ཀྱང་རུང་། འགྲུབ་ན་བདག་འཇུག་རེ་ལེན། ནུབ་ཐ་མར་དངོས་གྲུབ་ལེན་པ་དང་། ལྕོགས་ན་རྒྱས་པའི་སྦྲིན་སྲེག་བྱ། དཀྱིལ་འཁོར་བསྡུ་བ་དང་། ཕུར་བུ་ཕྱུང་ལ་རྡུལ་ཚོན་དབྱེ་ཞིང་ཆུ་བོར་གཤེགས། མར་མེ་སྨོན་ལམ་དང་ཤིས་པ་བརྗོད་པས་མཐའ་རྒྱས་པར་བྱས་པ་ཙམ་གྱིས་འགྲུབ་སྟེ་འདོར་ལེན་གྱི་དམིགས་ཕྱེད་ཤེས་པར་བྱའོ། །སྤྱི་དོན་གསུམ་པ་མངོན་པར་གྲུབ་པའི་འབྲས་བུ་ནི། དེ་ལྟར་བརྩོན་པས་ཚུལ་བཞིན་ཉམས་སུ་བླངས་པའི་ཕན་ཡོན་དང་འབྲས་བུ་ཇི་ལྟར་ཐོབ་པའི་ཚུལ་ཡང་རྩ་གཞུང་ལས། འདི་བསྒྲུབས་ཡོན་ཏན་བརྗོད་ལས་འདས༔ རླུང་སེམས་རང་སྣང་དབང་དུ་འདུ༔ འབར་བ་གསུམ་གྱི་དངོས་གྲུབ་ཐོབ༔ གཞན་གྱི་སྣང་བ་ཟིལ་གྱིས་གནོན༔ འདུ་བ་གསུམ་གྱི་འཕྲིན་ལས་རྒྱས༔ དུས་མིན་འཆི་བ་ངེས་པར་བཟློག༔ ཚེ་ཟད་པ་ཡང་རིང་དུ་སྲིང་༔ ཁྱད་པར་མཆོག་ཏུ་མི་འགྱུར་བ༔ གཏིང་གསལ་ཀ་དག་རྡོ་རྗེའི་དབྱིངས༔ གཡོ་མེད་དགོངས་པའི་གདིང་ཆེན་པོར༔ འཕོ་འགྱུར་མེད་པའི་བརྟན་པ་ཐོབ༔ ཟག་བཅས་ཕུང་པོའི་སྙིགས་མ་སྦྱང་༔ ཤིན་ཏུ་དྭངས་མའི་བཅུད་དུ་སྨིན༔ འཕོ་བ་ཆེན་པོ་འོད་ཀྱི་ལུས༔ འགྲུབ་གྱུར་འདི་ལ་ཐེ་ཚོམ་མེད༔ དེ་ཕྱིར་ཕྱི་རབས་སྐལ་ལྡན་རྣམས༔ འདི་ཉིད་ཁོ་ན་ཉམས་སུ་ལོངས་༔ རིག་འཛིན་ཚེ་ཡི་སྒྲུབ་པ་འདི༔ ཟབ་མོ་ཀུན་གྱི་བཅུད་ཐིག་ཡིན༔ གཞན་དང་འདྲ་མིན་ཁྱད་པར་ཆེ༔ ཐེ་ཚོམ་གེགས་དབང་མ་ཤོར་བར༔ རང་ཉམས་ལོངས་དང་ངེས་ཤེས་སྐྱེ༔ སྙིགས་མའི་འགྲོ་བ་བསོད་ནམས་དམན༔ ཟབ་མོའི་དངོས་གྲུབ་བར་ཆད་ཆེ༔ གཉིས་འཛིན་འགོང་པོ་ལོག་ལྟ་སྐྱེན༔ སྐལ་ལྡན་རེ་འགའ་མ་གཏོགས་པ༔ སྐལ་བར་ཆུག་པ་ཤིན་ཏུ་དཀའ༔ ཤིན་ཏུ་ཟབ་མོའི་ལམ་འདི་ལ༔ ཞུགས་ཏེ་དངོས་གྲུབ་མ་ཐོབ་ན་ [32a] པདྨ་བདག་གིས་ཕྱི་རབས་བསླུས༔ ཚེ་སྒྲུབ་བྱེ་བ་ཕྲག་བརྒྱ་ཡིས༔ སྙིང་པོ་སྲོག་གི་ཐིག་ལེར་བསྡུས༔ རིན་ཆེན་གཏེར་གཅིག་ཁོ་ནའོ༔ ཞེས་བདེན་གསུང་རྡོ་རྗེའི་གསུང་གི་རྗེས་སུ་གདམས་པ་ཉིད་ནམ་ཡང་མི་བསླུ་བའི་ཚད་མ་མཆོག་ཏུ་ངེས་པ་ཡིན་ནོ། །འཆི་མེད་སྒྲུབ་པའི་གདམས་ཟབ་རྨད་དུ་བྱུང་བ། །འཆི་མེད་རིག་འཛིན་པདྨའི་ཐུགས་ཀྱི་བཅུ། །འཆི་མེད་སྲོག་ཐིག་དཀྱིལ་འཁོར་ཚོགས་སྒྲུབ་ཚུལ། །འཆི་མེད་དགའ་སྟོན་འགྱེད་སྙམ་འདིར་གསལ་བྱ། །བསོད་ནམས་གང་དེ་མོས་ལྡན་སྐལ་བཟང་ཚོགས། །ཚེ་སྲོག་རིང་འཚོའི་དཔལ་དུ་ཡོངས་སྨིན་ཅིང་། །དེས་ཀྱང་གཉུག་མ་མི་ཤིགས་རྡོ་རྗེའི་སྐུ། །མངོན་བྱས་མཁའ་ཁྱབ་འགྲོ་སྒྲོལ་མཐུ་གྲུབ་ཤོག །དེ་ལྟར་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒྲུབ་པ་ཆེན་པོའི་ཁོག་དབུབ་འཆི་མེད་བདུད་རྩིའི་རོལ་མཚོ་ཞེས་བྱ་བ་འདི་ནི། རང་གཞན་རྣམས་མི་ཤིགས་བདེ་བ་ཆེན་པོ་རྡོ་རྗེའི་སྲོག་བསྒྲུབ་པའི་ཆ་རྐྱེན་དམ་པར་མེད་དུ་མི་རུང་བར་མཐོང་ནས། གཏེར་གཞུང་རྩ་བའི་དགོངས་པ་ལས་མ་གཡོས་པར་རིགས་མཐུན་གྱི་གཏེར་ཁ་གོང་མ་དག་ལས་ངག་འདོན་ཁ་སྐོང་དུ་བསྡེབས་ཤིང་གསང་བ་སྤྱིའི་མན་ངག་གི་ཟབ་གནད་ལག་ལེན་རྣམ་གསལ་འཇུག་པ་བདེ་བའི་ལུགས་སུ་བཀྲལ་ཏེ། ལམ་འདིའི་བཀའ་བབས་ལུང་ཐོབ་ཀྱི་སྐལ་བཟང་ཉམས་སུ་མྱོང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་དྲུག་ཅུ་རྩ་བདུན་དུ་སོན་པ་རིན་ཆེན་བཞི་པའི་ཁམས་འཛིན་ནོར་སྐྱོང་གི་ལོ། ནམ་མཁའི་ནོར་བུ་གཡང་དཀར་གྱི་ཁྱིམ་དུ་རྩེ་བའི་ཟླ་བ་ཡར་ངོའི་རྒྱལ་བ་དང་པོ་ལ་རང་གནས་རི་བོ་རིན་ཆེན་སྤུངས་ཀྱི་མགུལ་ཁུག་བཀྲ་ཤིས་སྐྱེད་ཙལ་དུ་གྲུབ་པར་སྦྱར་བ་ལས། ཐོག་མའི་ [32b] ཡི་གེར་འབེབས་པ་པོ་ནི་ལྷོ་མོན་ཙནྡན་ནགས་མའི་ལྗོངས་ཀྱི་རིགས་བྱེད་པ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པའོ། །འདིས་ཀྱང་ཟབ་ཆོས་ཀྱི་འཕྲིན་ལས་ཕྱོགས་མཐར་ཁྱབ་ཅིང་རྟག་པ་དང་སྐལ་བཟང་རྣམས་རིང་པོར་འཚོ་བའི་དགའ་སྟོན་ལ་སྤྱོད་བཞིན་པདྨ་ཚེ་མཐའ་ཡས་པའི་གོ་སར་བདེ་མྱུར་ཏུ་བཀྲི་བའི་གཞིར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།