ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒོ་ནས་བསུན་ཟློག་དང་འབྲེལ་བར་བརྟན་བཞུགས་འབུལ་བའི་ཆོ་ག་འཆི་མེད་རྟག་པའི་དགའ་སྟོན།

From Dudjom Wiki
DJYD-KABUM-14-PHA-021
Wylie title tshe sgrub 'chi med srog thig gi sgo nas bsun zlog dang 'brel bar brtan bzhugs 'bul ba'i cho ga 'chi med rtag pa'i dga' ston DJYD-KABUM-14-PHA-021.pdf
Location bdud 'joms rin po che bka' 'bum
Volume 14, Text 21, Pages 317-343 (Folios 1a1 to 14a6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Tshe sgrub 'chi med srog thig gi sgo nas bsun zlog dang 'brel bar brtan bzhugs 'bul ba'i cho ga 'chi med rtag pa'i dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 14: 317-343. Kalimpong: Dupjung Lama, 1979-1985.
Side notes Recto: brtan bzhugs   Verso: 'chi med srog thig
More details More details
Tertön ཟིལ་གནོན་ནམ་མཁའི་རྡོ་རྗེ་ (zil gnon nam mkha'i rdo rje)
Genre Longevity Offering Ceremonies - brtan bzhugs
Cycle ཚེ་སྒྲུབ་འཆི་མེད་སྲོག་ཐིག་ (tshe sgrub 'chi med srog thig)
Parent Cycle དཔལ་རྡོ་རྗེ་ཕུར་པ་ཡང་གསང་འཕྲིན་ལས་བཅུད་དྲིལ་ (dpal rdo rje phur pa yang gsang 'phrin las bcud dril)
Deity tshe dpag med
Colophon

།ཞེས་བརྟན་བཞུགས་འབུལ་བའི་ཆོ་ག་གསལ་བདེར་སྤེལ་བ་འཆི་མེད་རྟག་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། ཟབ་ཆོས་ཀྱི་བདག་པོ་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་ཀྱི་ཞབས་པད་ཡུན་རིང་དུ་བརྟན་པའི་སླད་དུ་དམིགས་ཏེ། ཚད་མར་གྱུར་པའི་གཏེར་ཆེན་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གསུང་ཁོ་ན་གུང་བསྡེབས་ཏེ་འཇུག་བདེ་རྣམ་གསལ་གྱི་ཚུལ་དུ། སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཐུན་མོང་གི་ལོ་དཔྱིད་ཟླ་འབྲིང་པོའི་ཡར་ཚེས་བཅུ་ལ་རི་བོའི་རིན་ཆེན་སྤུངས་ཀྱི་མགུལ་དུ་སྦྱར་བ་ལས་ཡི་གེ་པ་ནི་རིགས་བྱེད་སྨྲ་བ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པ་སིདྡྷི་རསྟུ།།

zhes brtan bzhugs 'bul ba'i cho ga gsal bder spel ba 'chi med rtag pa'i dga' ston ces bya ba 'di ni/___zab chos kyi bdag po bstan pa 'dzin pa'i skyes chen rnams kyi zhabs pad yun ring du brtan pa'i slad du dmigs te/___tshad mar gyur pa'i gter chen rig 'dzin rnams kyi rdo rje'i gsung kho na gung bsdebs te 'jug bde rnam gsal gyi tshul du/___snyoms las pa 'jigs bral ye shes rdo rjes thun mong gi lo dpyid zla 'bring po'i yar tshes bcu la ri bo'i rin chen spungs kyi mgul du sbyar ba las yi ge pa ni rigs byed smra ba bsod nams rgyal mtshan gyis bgyis pa sid+d+hi rastu//

[edit]
༄༅། །ཚེ་སྒྲུབ་འཆི་མེད་སྲོག་ཐིག་གི་སྒོ་ནས་བསུན་ཟློག་དང་འབྲེལ་བར་བརྟན་བཞུགས་འབུལ་བའི་ཆོ་ག་འཆི་མེད་རྟག་པའི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི་སིདྡྷཾ། འཕོ་བྲལ་བདེ་ཆེན་ཉི་མའི་གཟི་འོད་ཀྱིས། །འཆི་བདུད་མུན་པའི་གཡུལ་ངོ་མཐར་མཛད་པ། །བླ་མ་འཆི་མེད་ཚེ་མཐའ་ཡས་མགོན་དེས། །རྟག་བརྟན་ཕན་བདེའི་པད་ཚལ་བཞད་མཛད་གསོལ། །དེའང་རང་ཉིད་ལ་བཀའ་དྲིན་ཆེ་བའི་རྡོ་རྗེས་སློབ་དཔོན་སོགས་རྣམ་འདྲེན་ཡུལ་ཁྱད་པར་ཅན་ལ་སུན་ཟློག་དང་འབྲེལ་བར་བརྟན་བཞུགས་ཇི་ལྟར་འབུལ་བའི་ཚུལ་ལ་གསུམ་སྟེ། སྦྱོར་བ། དངོས་གཞི། རྗེས་སོ། །དང་པོ་ནི། ཟླ་བ་ཡར་ངོའི་དུས་ཚེས་བཟང་པོར་གནས་ཁང་ཕྱག་བདར་བྱ་ཞིང་བཀོད་པས་མཛེས་པར་བརྒྱན་པའི་གུང་དུ་སེང་གེའི་ཁྲི་ཕུན་སུམ་ཚོགས་པ་སྟན་དཀར་རྡོ་རྗེ་དང་གཡུང་དྲུང་གི་མཚན་པས་བཀབ་པ་དང་། དེའི་མདུན་དུ་མཆོད་པའི་བྱེ་བྲག །ཕུགས་ལོགས་གང་བདེར་ཚེ་དཔག་མེད་ [2a] རྩ་བའི་དཀྱིལ་འཁོར་དང་། ཉེ་ལོགས་སུ་གཏོར་ཟླུམ་ལྔ་ཚོམ་པད་འདབ་ཅན་མཐེབ་ཀྱུ་དང་རིལ་བུས་བརྒྱན་པ། ལས་བཞིའི་དཔལ་གཏོར་ཟླུམ་པོ། གྲུ་བཞི། ཟླ་གམ། ཟུར་གསུམ་རྣམས་མཐེབ་ཀྱུ་རིལ་བུས་བརྒྱན་ཞིང་ཁ་དོག་སོ་སོར་བསྒྱུར་བ། རིན་པོ་ཆེའི་སྣོད་དུ་གསེར་སྐྱེམས་བཅས་བཤམས། དེ་རྣམས་ཀྱི་མདུན་དུ་སྐུ་གླུད་ཆེ་བ་གླུད་ཕྲན་མང་པོས་བསྐོར་བ་ནམ་རྒྱང་མདའ་འཕང་ཤིང་རིས་ཀྱིས་སྤྲ་བ་དང་། ཉེར་སྤྱོད་འདོད་ཡོན་སོགས་སྤྱན་གཟིགས་དཀོར་ཆ་ཅི་འབྱོར་བས་མཛེས་པར་གཏམས། གཞན་ཡང་མཎྜལ། སྐུ་གསུང་ཐུགས་ཡོན་ཏན་འཕྲིན་ལས་ཀྱི་རྟེན། བཀྲ་ཤིས་རྫས་རྟགས་སྣ་བདུན་སོགས་འདིར་ཉེ་བར་མཁོ་བའི་ཡོ་བྱད་རྣམས་དང་། དར་ལམ་དང་མཁའ་འགྲོའི་ཆས་ཞུགས་སོགས་ཕྱག་ལེན་ལྟར་ཉེར་བསྡོགས་བྱ། གཉིས་པ་དངོས་གཞི་ནི། ནང་པར་སྔ་བར་ [2b] ལངས་ཏེ་ཆོ་གའི་གཞུང་བསྲང་ལ་བདག་མདུན་བུམ་བཟླས་ཚེ་འགུགས་སོགས་དང་། ཚོགས་མཆོད་ཀྱི་ཚོགས་ཐ་མའི་བར་སྔོན་དུ་སོང་ནས། ཉི་མ་འཆར་ཀའི་དུས་དང་འགྲིགས་ན་མཆོག་ཏུ་ལེགས་ཤིང་། གང་ལྟར་ཡང་སྔ་དྲོའི་ཆར་བརྟན་བཞུགས་འབུལ་ཡུལ་ཉིད་སྤོས་རོལ་སོགས་བཀུར་སྟི་དང་བཅས་ཏེ་སྤྱན་དྲངས་ནས་མངོན་པར་བཤམས་པའི་ཁྲི་ལ་བཞུགས་སུ་གསོལ་རྗེས། ལས་བུམ་གྱི་ཆུས་མེ་ལོང་གི་ངོས་ལ་སྐུ་ཁྲུས་གསོལ་ཞིང་། ཨོཾ་ཨཱཿཧཱུྃ། སྣང་སྟོང་དག་པ་ལྷ་ཡི་གཞལ་ཡས་སུ། ཕ་རོལ་ཕྱིན་དྲུག་ཡེ་ཤེས་ལྔ་ལྡན་དང་། །ས་བཅུ་ལམ་ལྔ་སྐུ་གསུམ་བཅུད་ལྡན་འདིས། །རྡོ་རྗེ་སློབ་དཔོན་སྐུ་ལ་ཁྲུས་གསོལ་བས། །སྒྲིབ་གསུམ་བག་ཆགས་ཉེས་བྱས་ཀུན་བྱང་ཞིང་། །སྐུ་བཞི་ཡེ་ཤེས་ལྔ་ཡི་མཚན་དཔེར་གསལ། །སྣང་སྟོང་འཇའ་ལུས་རྡོ་རྗེ་དྲི་མེད་སྐུ། །སྲིད་ཞིའི་དཔལ་དུ་མི་འགྱུར་བརྟན་པར་མཛོད། །ཨོཾ་སརྦ་ཏ་ཐཱ་ག་ཏ་ཨ་བྷིཥེ་ཀ་ཏ་ས་མ་ཡ་ཤྲཱི་ཡེ་ཧཱུྃ། སྐུ་ཕྱི་བའི་ཚུལ་དང་བཅས་ལ། ཨོཾ་ཧཱུཾ་ཏྲཱཾ་ཧྲཱིཿཨཱཿ ཀཱ་ཡ་བི་ཤོ་དྷ་ན་ཡེ་སྭཱཧཱ། དེ་ནས་མཆོད་གཏོར་སྐུ་གླུད་དང་བཅས་པ་རྟ་སྔགས་ཀྱིས་བསང་། ཨོཾ་སྭབྷཱ་ཝ ས་སྦྱངས། སྟོང་པའི་ངང་ལས་བྷྲཱུྃ་ཁ་དོག་ལྔ་ལྡན་ལས་འོད་འཕྲོས། འཕགས་པ་མཆོད། སེམས་ཅན་གྱི་དོན་བྱས། ཚུར་འདུས་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བར་བཅུད་ཟག་པ་མེད་པའི་བདུད་རྩིའི་རྒྱ་མཚོར་གྱུར་པའི་སྟེང་དུ་ཨོཾ་དཀར་པོ། [3a] ཨཱཿདམར་པོ། ཧཱུྃ་མཐིང་ག་རྣམས་སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཀྱི་ངོ་བོར་འོད་དུ་ཞུ། ཨོཾ་ཨཱཿཧཱུྃ། ལན་གསུམ། འདོད་ཡོན་ལྔ་ལྡན་གྱི་མཆོད་སྤྲིན་ཟད་མི་ཤེས་པས་ནམ་མཁའ་གང་བར་གྱུར། ཞེས་བརླབས་ལ། ཐོག་མར་རིགས་ལྔའི་ལྷ་ཚོགས་སྤྱི་ལ་མཆོད་གཏོར་འབུལ་བ་ནི། ཧྲཱིཿ ཆོས་དབྱིངས་ལྷུན་གྲུབ་འོད་ཟེར་ཕྱོགས་མཚམས་འཁྲིགས། །རང་གསལ་པད་སྡོང་འོད་ཀྱི་ཕོ་བྲང་དབུས། །ཚེ་ལྷ་རིགས་ལྔ་སྣང་སྟོང་འོད་ཟེར་ཀློང་། །ཉི་ཤུ་རྩ་བཞིའི་དཔའ་བོ་མཁའ་འགྲོས་བསྐོར། །བཀའ་ཉན་དྲེགས་པ་ལས་བྱེད་ཆོས་སྲུང་བཅས། །འདིར་གཤེགས་མཆོད་གཏོར་སྐུ་གླུད་ཚོགས་མཆོད་དང་། །ནམ་མཁའ་གང་བའི་ཕྱི་ནང་གསང་མཆོད་སྤྲིན། །དགྱེས་པར་བཞེས་ལ་འཕྲིན་ལས་རྣམ་བཞི་སྒྲུབས། །ཨོཾ་བཛྲ་ཨརྒྷཾ་པ་དྷྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་པྲ་ཏཱིཙྪ་སྭཱཧཱ། ཞེས་དང་། ཨོཾ་ཨཱཿཧཱུྃ། ཞེ་སྡང་རྣམ་དག་རྡོ་རྗེ་རིགས་ཀྱི་ལྷ། །ཞི་བའི་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །ཤར་ཕྱོགས་རྡོ་རྗེ་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་ཆུ་དང་ཉོན་མོངས་ཞེ་སྡང་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །མེ་ལོང་ཡེ་ [3b] ཤེས་རྡོ་རྗེའི་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །ང་རྒྱལ་རྣམ་དག་རིན་ཆེན་རིགས་ཀྱི་ལྷ། །རྒྱས་པའི་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །ལྷོ་ཕྱོགས་རིན་ཆེན་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་ས་དང་ཉོན་མོངས་ང་རྒྱལ་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །མཉམ་ཉིད་ཡེ་ཤེས་རིན་ཆེན་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །འདོད་ཆགས་རྣམ་དག་པདྨ་རིགས་ཀྱི་ལྷ། །དབང་གི་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །ནུབ་ཕྱོགས་པདྨ་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་མེ་དང་ཉོན་མོངས་འདོད་ཆགས་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །སོར་རྟོག་ཡེ་ཤེས་པདྨའི་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །ཕྲག་དོག་རྣམ་དག་ལས་ཀྱི་རིགས་ཀྱི་ལྷ། །མངོན་སྤྱོད་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །བྱང་ཕྱོགས་ལས་ཀྱི་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་རླུང་དང་ཉོན་མོངས་ཕྲག་དོག་ལས། །གྱུར་པའི་འགལ་ [4a] རྐྱེན་བར་ཆད་ཀུན་སོལ་ལ། །བྱ་གྲུབ་ཡེ་ཤེས་འཕྲིན་ལས་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །གཏི་མུག་རྣམ་དག་སངས་རྒྱས་རིགས་ཀྱི་ལྷ། །ལྷུན་གྲུབ་ལས་མཛད་འཁོར་དང་བཅས་རྣམས་ཀྱིས། །འདོད་ཡོན་ལྔ་ལྡན་མཆོད་གཏོར་འདི་བཞེས་ལ། །དབུས་ཕྱོགས་བུདྡྷ་མཁའ་འགྲོའི་བསུན་མ་ཟློག །འབྱུང་བ་མཁའ་དང་ཉོན་མོངས་གཏི་མུག་ལས། །གྱུར་པའི་འགལ་རྐྱེན་བར་ཆད་ཀུན་སོལ་ལ། །ཆོས་དབྱིངས་ཡེ་ཤེས་ལྷུན་གྲུབ་ཚེ་དབང་སྐུར། །མི་འགྱུར་མི་ཤིགས་རབ་ཏུ་བརྟན་པར་མཛོད། །གསེར་སྐྱེམས་འབུལ་ཞིང་། ཆོས་ཀྱི་དབྱིངས་དང་ནམ་མཁའི་ཁྱོན་གང་བའི། །ལས་བཞིར་དབང་སྒྱུར་དཔའ་བོ་མཁའ་འགྲོ་དང་། །སྡེ་བརྒྱད་དྲེགས་པའི་བསུན་མ་བཟློག་ཏུ་གསོལ། །སྔོན་ལས་འཕྲལ་རྐྱེན་ལྟས་ངན་བར་ཆད་དང་། །ཆག་ཆེ་ཉམ་ང་རྦོད་གཏོང་བྱད་སྟེམས་རྣམས། །བླ་མ་ཡི་དམ་མཁའ་འགྲོའི་བདེན་པས་ཟློག །ཚེ་རྐུ་སྲོག་འཕྲོག་སྟོབས་དཔལ་མངའ་ཐང་དང་། །བཀྲག་མདངས་གཟི་བརྗིད་བཞམ་པའི་བསུན་མ་ཟློག །བླ་ཚེ་སྲོག་ཚེ་དབུགས་ཚེ་ཡར་དང་གུད། །ཉམས་ཆད་དུས་མིན་འཆི་བའི་ལྟས་མི་བཟད། །ཆོས་སྐྱོང་སྲུང་མའི་དཔུང་གིས་བཟློག་ [4b] པར་གྱིས། །དཔའ་བོ་ཌཱ་ཀིའི་ནུས་པས་མཚམས་ཆོད་ཅིག །བླ་མ་ཡི་དམ་ཐུགས་རྗེས་དེང་སྐྱོབ་ལ། །སྟན་འདིར་འཆི་མེད་རྡོ་རྗེའི་དངོས་གྲུབ་སྩོལ། །ཅེས་སྤྱིར་མཆོད། དེ་ནས་བྱེ་བྲག་ཏུ་བསུན་མའི་དཔུང་ཚོགས་ལ་གཏོར་མ་དང་སྐུ་གླུད་འབུལ་བ་ནི། གཞོན་ནུ་མ་གྲོང་བའི་ཆོས་ཀྱི་མ་གོས་པ་ལྔའམ། དེ་ཡང་རིགས་བཟང་དཔལ་ཅན་འཛོམ་ན་རབ། དེ་མིན་ཁྱེའུ་བུ་ཕོས་ཀྱང་རུང་སྟེ་ཌཱ་ཀིའི་ཆས་སུ་ཞུགས་པ་ལྔས་དང་པོ་བསུ་བའི་ཚུལ་དུ་རང་མདོག་དང་མཐུན་པའི་དར་ཚོན་གཅིག་པ་རེ་ལག་པ་གཉིས་ཀས་བཟུང་བའི་སྣེ་མོ་རྡོ་རྗེ་སློབ་དཔོན་གྱི་སྟན་འོག་ཏུ་ཚུད་པ་ནས་ཅུང་ཟད་གཡབ་ཅིང་། ཀྱཻ། འོང་ངོ་ངེད་ཅག་མཁའ་འགྲོའི་ཚོགས། །ཁྱབ་བརྡལ་ཆོས་སྐུའི་ཞིང་ནས་འོངས། །ལྷུན་གྲུབ་ལོངས་སྐུའི་ཞིང་ནས་འོངས། །མ་ངེས་སྤྲུལ་སྐུའི་ཞིང་ནས་འོངས། །འཇའ་ཟེར་འོད་ལྔའི་ཀློང་ནས་འོངས། །ཉི་ཤུ་རྩ་བཞིའི་གནས་ནས་འོངས། །དུར་ཁྲོད་ཆེན་པོ་བརྒྱད་ནས་འོངས། །མཁའ་སྤྱོད་དག་པའི་ཞིང་ནས་འོངས། །འོང་བ་གང་གི་དོན་ཡིན་ན། །འདི་ན་བཞུགས་པའི་སྐྱེས་མཆོག་ལ། །གདུང་ཞིང་འཕྲེང་བའི་སེམས་ཀྱིས་འོངས། །སྐྱེ་བོ་དད་མེད་བསམ་བརླག་ལ། །ཁྲེལ་ཞིང་གཤུང་བའི་སེམས་ཀྱིས་འོངས། །ཚེ་ལ་ལོག་ལྟ་སྒྲོ་སྐུར་གཟན། །གྲིབ་ལ་དམ་ཚིག་ཉམས་པ་ཐུ། །ནད་ལ་འདུ་བ་རྣམ་བཞི་ལྡང་། །རྩ་རླུང་ཐིག་ [5a] ལེའི་གནད་འཕྱུགས་ན། །སྐྱེས་མཆོག་བཞུགས་པའི་གནས་མ་མཆིས། །ཞེས་དང་། ང་ནི་རྡོ་རྗེ་མཁའ་འགྲོ་ཡིན། །འཁོར་ཡང་འབུམ་ཕྲག་དུ་མ་ཡོད། །འོད་ཟེར་དཀར་པོའི་དར་ཐག་ཀློང་། །རིག་འཛིན་བླ་མ་གཤེགས་སུ་གསོལ། །ང་ནི་རིན་ཆེན༴ །འཁོར་ཡང་༴ །འོད་ཟེར་སེར་པོའི་༴ །རིག་འཛིན་བླ་མ༴ །ང་ནི་པདྨ༴ །འཁོར་ཡང་༴ འོད་ཟེར་དམར་པོའི༴ །རིག་འཛིན༴ །ང་ནི་སངས་རྒྱས༴ །འཁོར་ཡང༴ །འོད་ཟེར་མཐིང་ཁའི༴ །རིག་འཛིན༴ །ཞེས་དང་། ཡང་ན། མཁའ་སྤྱོད་ཞིང་ཁམས་ཉམས་རེ་དགའ། །ལྷུན་གྲུབ་ཕོ་བྲང་བཀོད་རེ་ལེགས། །རང་བྱུང་འདོད་ཡོན་ལྷུན་རེ་སྡུག །དཔའ་བོའི་ཚོགས་རྣམས་བྱིན་རེ་ཆགས། །མཁའ་འགྲོའི་ཚོགས་རྣམས་དྭངས་རེ་སྤྲོ། །དེ་ན་སྐྱེ་དང་འཆི་བ་མེད། །རྒ་དང་ན་བ་ག་ལ་སྲིད། །དེ་ན་དམ་ཚིག་ཉམས་པ་མེད། །དེ་ན་ལོག་ལྟ་ཅན་ཡང་མེད། །བླ་མའི་བཞུགས་གནས་དེ་རུ་བཟང་། །ལམ་ལ་འཇའ་ཚོན་དར་ལམ་འཇམ། །གྲོགས་ལ་མཁའ་འགྲོའི་འདུ་བ་བཟང་། །སྐྱེས་མཆོག་མ་བཞུགས་གཤེགས་སུ་གསོལ། །ཞེས་གདུང་ཚིག་བརྗོད་པ་ན། བསུན་མའི་ཚོགས་ [5b] ལ་སྐྱེམས་དྲངས་ཤིང་ལན་དུ་བརྗོད་པ་འདི་སྐད་ཅེས། ཀྱཻ། བསུན་མའི་མགྲོན་རྣམས་ཚུར་གསོན་དང་། །འདི་ན་བཞུགས་པའི་སྐྱེས་མཆོག་ལ། །གདུང་ཞིང་འཕྲེང་བ་ཁྱེད་བདེན་ཏེ། །འགྲོ་བའི་བསམ་པ་ཐ་དད་པས། །འདྲེན་པ་སྤངས་རྣམས་རྨོངས་པའི་སྐྱོན། །ཐེག་པ་ཆེན་པོའི་སྐྱེས་བུ་རྣམས། །དེ་ལ་ཁྲོ་བའི་སྐབས་མི་དབྱེ། །བསོད་ནམས་ལྡན་པའི་སྐྱེ་བོའི་ཚོགས། །དམ་པ་རྣམས་ལ་དད་ཅིང་འདུན། །འདི་ཕྱིའི་ལམ་སྟོན་རེ་བས་ན། །འདི་མེད་འཇིག་རྟེན་ལོང་བར་གྱུར། །སངས་རྒྱས་བསྟན་པ་སུ་ཡིས་འཛིན། །ཁྱད་པར་གསང་སྔགས་ཟབ་མོ་ཡི། །དམ་ཚིག་གཉེན་པོས་འབྲེལ་བ་ལ། །ཉམས་པའི་བཀའ་ཆད་བྱུང་སྲིད་ན། །སླར་ལ་གནོང་ཞིང་བཤམས་པས་སྦྱངས། །མཁའ་སྤྱོད་མཁའ་འགྲོའི་གླིང་རྣམས་ཀྱང་། །མི་ཡི་ཡུལ་ལས་ལྷག་པ་ཅི། །ཡང་དག་རྩིས་ན་ལེགས་རྒྱུ་མེད། །རྨི་ལམ་སྒྱུ་མ་ཙམ་ཞིག་ཡིན། །གྲོང་མཆོག་ཁྱད་པར་འཛམ་བུའི་གླིང་། །དམ་ཆོས་དར་ཞིང་རྒྱས་པའི་ས། །འདི་ལས་ལྷག་པ་གཞན་ན་མེད། །སྲས་བཅས་རྒྱལ་བའི་དམ་ཆོས་ཀྱི། །བསྟན་པ་རིན་ཆེན་ཡོངས་འཛིན་པའི། །རྒྱལ་བའི་རྒྱལ་ཚབ་རིན་པོ་ཆེ། །རྡོ་རྗེ་སློབ་དཔོན་འདི་ལགས་པས། ། [6a] བདག་སོགས་འདུས་པའི་དབུས་ཉིད་དུ། །བསྐལ་བརྒྱར་བཞུགས་པར་གསོལ་བ་འདེབས། །བསུན་མའི་མགྲོན་རྣམས་བཟློག་ཏུ་གསོལ། །ཞེས་བསྒོས་པས། སླར་ཡང་བསུན་མ་རྣམས་ཀྱིས། ཀྱཻ། ཁྱེད་རྣམས་གདུང་སེམས་མི་གཏོང་བས། །རྡོ་རྗེ་སློབ་དཔོན་འདིར་བཞུགས་ན། །དེ་རིང་བསུན་མའི་ཚོགས་རྣམས་ལ། །འདི་ཡི་སྐུ་ཚབ་མདོས་གཏོར་དང་། །ཚོགས་འཁོར་འདོད་ཡོན་མི་ཟད་པ། །ཡུན་དུ་འཚོ་བའི་ལོངས་སྤྱོད་ཀྱིས། །འདོད་པ་ཚིམས་པའི་རྫོངས་ཤིག་ཐོབ། །ཡིད་ལ་འབབ་པའི་སྨེང་ཞིག་སྒྲོགས། །དམ་ཚིག་གཙང་མའི་དམ་ཞིག་ཆོས། །དེ་ནས་ངེད་རྣམས་མཁའ་སྤྱོད་དང་། །གནས་ཡུལ་ཞིང་དུ་ལོག་ནས་འགྲོ། །ཞེས་བརྗོད་པ་ན། སྐུ་གླུད་དང་དཀོར་ཆ་རྣམས། ཨོཾ་ཨ་ཀཱ་རོ་མུ་ཁཾ་སརྦ་དྷརྨཱ་ཎཱཾ་ཨཱདྱ་ནུཏྤན་ན་ཏྭཱ་ཏ་ཨོཾ་ཨཱཿཧཱུཾ་ཕཊ་སྭཱཧཱ། ཞེས་བརླབས་ལ། ཀྱཻ། དེ་རིང་ཡེ་ཤེས་མཁའ་འགྲོ་མ། །རྡོ་རྗེ་རིན་ཆེན་པདྨ་ལས། །འབུམ་ཕྲག་ཡངས་པའི་ཕོ་བྲང་འདིར། །མཆོད་སྦྱིན་མགྲོན་རྣམས་གསན་དུ་གསོལ། །བསུན་མའི་དཔུང་ཚོགས་ཐམས་ཅད་ལ། །སྣང་སྲིད་མདོས་སུ་བཤམས་ནས་འབུལ། །སྣོད་བཅུད་བདུད་རྩིར་བསྐྱིལ་ནས་འབུལ། །ཆོས་དབྱིངས་རཀྟས་བཀང་ནས་འབུལ། །སྲིད་ [6b] ཞི་འདོད་རྒུར་སྤུངས་ནས་འབུལ། །ཏིང་འཛིན་སྦྱོར་སྒྲོལ་མཆོད་པ་འབུལ། །སྐུ་གླུད་མི་ལས་དགའ་བ་འབུལ། །གསུང་གླུད་ཆོས་ཕུང་བརྒྱད་ཁྲིར་འབུལ། །ཐུགས་གླུད་ཏིང་འཛིན་འོད་འབར་འབུལ། །བླ་གླུད་གཡང་མོ་ལུག་མཛེས་འབུལ། །སྲིད་ཞིའི་འདོད་རྒུ་ཀུན་ཚང་བ། །ཡོན་ཏན་གཞལ་དུ་མེད་པའི་གླུད། །འབུལ་ལོ་ཡེ་ཤེས་མཁའ་འགྲོའི་ཚོགས། །ཁྱད་རྣམས་ཐུགས་དམ་གཉན་སྐོངས་ལ། །བདག་ཅག་དཔོན་སློབ་འཁོར་བཅས་ཀྱིས། །ཉན་ཐོས་འདུལ་ཁྲིམས་འཆལ་བ་བཤགས། །བྱང་སེམས་བསླབ་པ་ཉམས་པ་བཤགས། །གསང་སྔགས་རྩ་ལྟུང་ཕོག་པ་བཤགས། །རྩ་བ་སྐུ་གསུང་ཐུགས་དང་ནི། །ཡན་ལག་དམ་ཚིག་ཉམས་པ་བཤགས། །ཁྱད་པར་རྡོ་རྗེ་རིན་ཆེན་དང་། །པདྨ་ལས་ཀྱི་ཌཱ་ཀི་མ། །ཡེ་ཤེས་མཁའ་འགྲོའི་དམ་ཚིག་ལས། །འགལ་གྱུར་ཉམས་ཆག་ཐམས་ཅད་བཤགས། །ཆོས་སྐུ་སྐྱེ་མེད་ཀློང་དུ་བཤགས། །ལོངས་སྐུ་འགགས་མེད་ཀློང་དུ༴ །སྤྲུལ་སྐུ་ཡེ་ཤེས་འོད་ལྔར༴ །སྐུ་གསུམ་མཉམ་ཉིད་ཐིག་ལེར་བཤགས། །དག་ཅིང་ཚངས་པར་མཛད་དུ་གསོལ། །ཅེས་ཕུལ། གྲངས་གསོག་པར་འདོད་ནའང་ཇི་ལྟར་རིགས་པ་བསགས། དེ་ནས་དར་ཐག་རྣམས་ཚིག་དང་བསྟུན་རིམ་པར་ [7a] བསྡུས་ལ། ཀྱཻ། ཤར་ནས་རྡོ་རྗེ་མཁའ་འགྲོ་མ། །སྐུ་མདོག་དཀར་མོ་མདངས་དང་ལྡན། །རང་འདྲ་དཀར་མོ་འབུམ་དང་བཅས། །ཤར་གྱི་དར་ཐག་དབྱིངས་སུ་བསྡུས། །གདུང་སེམས་འཕྲེང་བ་མ་མཛད་ཅིག །ཆགས་ཞེན་ཕྱི་མིག་མ་བལྟ་ཞིག །ཤར་གྱི་བསུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །སྒོས་རིག་འཛིན་བླ་མའི་སྐུ་ཚེ་སྲིངས། །ཀྱཻ། ལྷོ་ནས་རིན་ཆེན་མཁའ་འགྲོ་མ། །སྐུ་མདོག་སེར་མོ་མདངས་དང་ལྡན། །རང་འདྲ་སེར་མོ་འབུམ་དང་བཅས། །ལྷོ་ཡི་དར་ཐག་དབྱིངས་སུ་བསྡུས། །གདུང་སེམས་འཕྲེང་བ་མ་མཛད་ཅིག །ཆགས་ཞེན་ཕྱི་མིག་མ་བལྟ་ཞིག །ལྷོ་ཡི་བསུན་མ་བཟློག་ཏུ་གསོལ། །སྤྱི་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །སྒོས་རིག་འཛིན་བླ་མའི་སྐུ་ཚེ་སྲིངས། །ཀྱཻ། ནུབ་ནས་པདྨ་མཁའ་འགྲོ་མ། །སྐུ་མདོག་དམར་མོ་མདངས་དང་ལྡན། །རང་འདྲ་དམར་མོ་འབུམ་དང་བཅས། །ནུབ་ཀྱི་དར་ཐག་དབྱིངས་སུ་བསྡུས། །གདུང་སེམས་འཕྲེང་བ་མ་མཛད་ཅིག །ཆགས་ཞེན་ཕྱི་མིན་མ་བལྟ་ཞིག །ནུབ་ཀྱི་བསུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །སྒོས་རིག་འཛིན་ [7b] བླ་མའི་སྐུ་ཚེ་སྲིངས། །ཀྱཻ། བྱང་ནས་ལས་ཀྱི་མཁའ་འགྲོ་མ། །སྐུ་མདོག་ལྗང་གུ་མདངས་དང་ལྡན། །རང་འདྲ་ལྗང་གུ་འབུམ་དང་བཅས། །བྱང་གི་དར་ཐག་དབྱིངས་སུ་བསྡུས། །གདུང་སེམས་འཕྲེང་བ་མ་མཛད་ཅིག །ཆགས་ཞེན་ཕྱི་མིག་མ་བལྟ་ཞིག །བྱང་གི་བསུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །སྒོས་རིག་འཛིན་བླ་མའི་སྐུ་ཚེ་སྲིངས། །ཀྱཻ། དབུས་ནས་སངས་རྒྱས་མཁའ་འགྲོ་མ། །སྐུ་མདོག་སྔོན་མོ་མདངས་དང་ལྡན། །རང་འདྲ་སྔོན་མོ་འབུམ་དང་བཅས། །དབུས་ཀྱི་དར་ཐག་དབྱིངས་སུ་བསྡུས། །གདུང་སེམས་འཕྲེང་བ་མ་མཛད་ཅིག །ཆགས་ཞེན་ཕྱི་མིག་མ་བལྟ་ཞིག །དབུས་ཀྱི་བསུན་མ་བཟློག་ཏུ་གསོལ། །སྤྱིར་དམ་ཚིག་ཅན་གྱི་སྡོང་གྲོགས་མཛོད། །སྒོས་རིག་འཛིན་བླ་མའི་སྐུ་ཚེ་སྲིངས། །ཞེས་བསྡུ། དེ་ནས་གཏོར་མ་དང་སྐུ་གླུད་རྣམས་བཏེགས་ལ། ཧཱུྃ། ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས་ནི། །འཇའ་ཟེར་ཐིག་ལེའི་གུར་ཁང་ཕུབ། །ཉི་ཤུ་རྩ་བཞིའི་གནས་མཆོག་ཀུན། །སྨན་དང་དྲི་བཟང་སྤོས་ངད་འཐུལ། །མཁའ་འགྲོའི་བཞུགས་གནས་དེ་ན་བཟང་། ། [8a] འདི་ན་བཞུགས་པའི་གནས་མེད་ཀྱི། །བསུན་མའི་དཔུང་ཚོགས་དེར་གཤེགས་ཤིག །ད་ནི་གཤེགས་ཤིག་ཏ་ལ་ལ། །ད་ནི་བཞུད་ཅིག་སི་ལི་ལི། །གླུ་གར་གླིང་བ་ཀྱུ་རུ་རུ། །དྲིལ་གཡེར་རོལ་མོ་འུ་རུ་རུ། །མཛེས་པའི་གར་སྟབས་ཁྱུགས་སེ་ཁྱུག །དར་དཔྱངས་ཅོད་པན་པུ་རུ་རུ། །རི་རབ་རི་ཡི་རྩེ་མོར་གཤེགས། །རྒྱ་གར་ཡུལ་གྱི་ཕ་མཐར་གཤེགས། །གནས་ཡུལ་ས་སྤྱོད་ཞིང་དུ་གཤེགས། །འོག་མིན་མཁའ་སྤྱོད་གྲོང་དུ་གཤེགས། །ཆོས་དབྱིངས་གདོད་མའི་ཀློང་དུ་བཞུད། །ཅེས་རོལ་མོའི་སྒྲ་དང་བཅས་བསུན་མ་རྣམས་ཀྱིས་མདུན་བསུས་ཏེ་སྐུ་གླུད་དང་གཏོར་མ་རྣམས་ཕྱི་རོལ་ནུབ་ཕྱོགས་སུ་བསྐྱལ། རྟ་སྔགས་བརྗོད་པས་རྗེས་འབྲང་གི་འཇིག་རྟེན་ཤ་ཟ་བསེན་མོ་སོགས་མཚམས་བཅད་པར་བསམ་ལ། ཧྲཱིཿ པད་ཟླ་ཉི་གདན་བམ་རོ་བསྣོལ་བའི་སྟེང་། །སྐད་ཅིག་དྲན་རྫོགས་དབང་ཆེན་ཡབ་ཡུམ་གྱི། །སྐུ་ལས་མི་འབར་ཁྲོ་བཅུ་ཕོ་ཉའི་དཔུང་། །མནར་མེད་སྲིད་རྩེར་ཁྱབ་པའི་ཕྱག་མཚན་གྱིས། །གནོད་བྱེད་དགྲ་བགེགས་འབྱུང་པོ་ཚར་བཅད་ནས། །རྡོ་རྗེ་བེ་ཅོན་པདྨ་རལ་གྲི་དང་། །འཁོར་ལོའི་གུར་ཁང་འཇའ་འོད་འཁྱིལ་བས་གཏམས། །ཅིས་ཀྱང་མི་ཤིགས་གུར་དུ་ཚུད་པར་གྱུར། །ཨོཾ་བཛྲ་རཀྵ་རཀྵ་ཧཱུྃ། དེ་ནས་སློབ་དཔོན་གདན་ཁྲི་དང་བཅས་པ་རྟ་ [8b] སྔགས་ཀྱིས་བསང་། སྭབྷཱ་ཝས་སྦྱང་། སྟོང་པའི་ངང་ལས་སེང་གེས་བཏེགས་པའི་རིན་པོ་ཆེའི་ཁྲི་བཀོད་པ་ཕུལ་དུ་བྱུང་བ་རྡོ་རྗེ་དང་གཡུང་དྲུང་གིས་མཚན་པའི་སྟེང་དུ་པདྨ་དང་ཉི་ཟླའི་གདན་ལ་ཧྲཱིཿ དམར་པོ་ལས་རྡོ་རྗེ་སློབ་དཔོན་པདྨ་ཚེ་དཔག་མེད་སྐུ་མདོག་པདྨ་རཱ་གའི་ལྷུན་པོ་ལ་ཉི་མ་འབུམ་གྱིས་འཁྱུད་པ་ལྟར་རབ་ཏུ་དྭངས་ཤིང་འོད་ཟེར་ཁ་དོག་སྣ་ཚོགས་པར་འཕྲོ་བ། ཕྱག་གཉིས་མཉམ་གཞག་གི་ཕྱག་རྒྱས་འཆི་མེད་ཚེའི་བདུད་རྩིས་གང་བའི་བུམ་པ་བསྣམས་པ། ལྷའི་དར་དང་རིན་པོ་ཆེའི་རྒྱན་སྣ་ཚོགས་ཀྱིས་སྤྲས་པ། ཞབས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་པ། པང་དུ་ཡུམ་མནྡ་ར་བ་མདའ་དར་ཚེ་བུམ་འཛིན་པ་དང་མཉམ་པར་སྦྱོར་བ། མཚན་དཔེའི་གཟི་བྱིན་མཆོག་ཏུ་འབར་བའི་སྐུར་གྱུར་པའི་གནས་གསུམ་ཡིག་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས་པས་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་པདྨ་ཚེ་དཔག་མེད་པའི་རྣམ་པར་སྤྱན་དྲངས་པ་དང་། འཁོར་འདས་ཀྱི་ཚེ་བཅུད་དྭངས་མ་ཐམས་ཅད་འོད་ཟེར་ཉི་མ་འཆར་ཀའི་མདངས་ལྟ་བུར་བཀུག་སྟེ་རྡོ་རྗེའི་སློབ་དཔོན་གྱི་སྐུ་ལ་སིབ་སིབ་ཐིམ་པས་འཆི་མེད་སྐུ་ཚེའི་དངོས་གྲུབ་ལ་དབང་འབྱོར་པར་བསམས་ལ། མདའ་དར་གཡབ་ཅིང་། ཧྲཱིཿ སྐུ་གསུམ་ཞིང་དང་ཉི་ཤུ་རྩ་བཞི་ཡི། །ངོ་མཚར་ [9a] རྒྱན་དང་བཀོད་རབ་འབར་བའི་ཞིང་། །འཇའ་ཟེར་སྤྲོས་སྤྲིན་མེ་ཏོག་མདངས་མཛེས་ཀུན། །ལྷ་དང་ལྷ་མོའི་འོད་ཀྱི་གུར་ཁང་འཁྲིགས། །དབུས་ཕྱོགས་པདྨ་འཁྱིལ་བའི་ཞིང་མཆོག་ནས། །སོར་རྟོག་ཡེ་ཤེས་པདྨ་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་བསྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་ཏུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །པདྨའི་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །ཤར་ཕྱོགས་རྡོ་རྗེ་འཁྱིལ་བའི་ཞིང་ཁམས་ནས། །མེ་ལོང་ཡེ་ཤེས་མི་བསྐྱོད་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་བསྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་ཏུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །རྡོ་རྗེ་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །ལྷོ་ཕྱོགས་རིན་ཆེན་འཁྱིལ་བའི་ཞིང་ཁམས་ནས། །མཉམ་ཉིད་ཡེ་ཤེས་རཏྣ་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་ [9b] སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་བསྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་ཏུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །རིན་ཆེན་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །ནུབ་ཕྱོགས་འཁོར་ལོ་འཁྱིལ་བའི་ཞིང་ཁམས་ནས། །ཆོས་དབྱིངས་ཡེ་ཤེས་རྣམ་སྣང་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་བསྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་ཏུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །བདེ་གཤེགས་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །བྱང་ཕྱོགས་རྒྱ་གྲམ་འཁྱིལ་བའི་ཞིང་ཁམས་ནས། །བྱ་གྲུབ་ཡེ་ཤེས་ཀརྨ་ཚེ་དཔག་མེད། །གསལ་འཚེར་ཌཱ་ཀི་མགྱོགས་མའི་ཚོགས་བཅས་ཀྱིས། །འབྱུང་ལྔ་སྐྱེ་འགྲོ་སྐུ་གསུམ་རྒྱལ་བ་སོགས། །སྣང་སྲིད་འཁོར་འདས་དྭངས་མའི་བཅུད་ཀུན་བསྡུས། །རྡོ་རྗེ་སློབ་དཔོན་སྐུ་ལ་བསྩལ་ཏུ་གསོལ། །བསྐལ་པར་སྐུ་མཆོག་མི་འགྱུར་བརྟན་པ་དང་། །ལས་ཀྱི་རིགས་ཀྱི་ཚེ་ཡི་དངོས་གྲུབ་སྩོལ། །ཞེས་ཚེ་ཛཔྲ་རོལ་མོ་དང་བཅས་པས་ཚེ་འགུགས། དེ་ཉིད་མི་ཉམས་ཤིང་བརྟན་པར་བྱ་བའི་ཕྱིར་བུམ་པ་ཕྱག་ཏུ་ཕུལ་ལ། ཧྲཱིཿ མགོན་པོ་ཚེ་དཔག་ [10a] མེད་པའི་དགོངས་པ་ཡིས༔ ལྷ་མོ་ཙཎྜ་ལཱི་ལ་ཐུགས་བརྒྱུད་ནས༔ འཆི་མེད་པདྨ་འབྱུང་གནས་བྱིན་བརླབས་ཏེ༔ འདས་དང་མ་བྱོན་ད་ལྟ་དུས་གསུམ་གྱི༔ ཚེ་ཡི་རིག་འཛིན་རྣམས་ཀྱི་བྱིན་གྱིས་རློབས༔ འཆི་མེད་སྐུ་ཚེའི་དངོས་གྲུབ་བསྩལ་ཏུ་གསོལ༔ མེ་ཏོག་འཐོར་ཞིང་། སྐུ་ཚེ་མི་ཤིགས་པའི་རྡོ་རྗེར་གྱུར་ཅིག །མི་འགྱུར་བའི་གཡུང་དྲུང་དུ་གྱུར་ཅིག །མི་ནུབ་པའི་རྒྱལ་མཚན་དུ་གྱུར་ཅིག །འཆི་མེད་ཚེ་ཡི་རིག་འཛིན་བརྙེས་པར་གྱུར་ཅིག །ཅེས་བརྗོད། ཚེ་རིལ་ཕུལ་ལ། བཀྲ་ཤིས་ཚེ་རྟེན་དཔལ་གྱི་ཟས། །སྙིང་པོ་འདུས་པའི་བཅུད་འདི་ནི། །དེ་རིང་ཁྱེད་ཀྱིས་གསོལ་བར་བགྱི། །འདི་གསོལ་བཅོམ་ལྡན་ཚེ་དཔག་མེད། །ཞལ་མཐོང་འགྱུར་བར་གདོན་མི་ཟ། །ཞེས་དང་། ཐབས་ཀྱི་རྫས་ཚེའི་རིལ་བུ་ཕུལ་བ་ལ་བརྟེན་ནས་ཐབས་བདེ་བ་ཆེན་པོའི་མཆོག་ཏུ་མི་འགྱུར་བ་རྡོ་རྗེ་ཚེ་ཡི་དངོས་གྲུབ་བརྙེས་པར་གྱུར་ཅིག །ཚེ་ཆང་ཕུལ་ལ། འཆི་མེད་ཚེ་ཡི་དཔལ་ལ་ལོངས་སྤྱོད་ཅིང་། །རིག་པའི་བློ་དང་རྣམ་དཔྱོད་ཤེས་རབ་དང་། །སྲིད་དང་ཞི་བའི་དཔལ་འབྱོར་གང་ལགས་པ། །དེ་ཀུན་ལྷུན་གྱིས་གྲུབ་པར་མཛད་དུ་གསོལ། །ཞེས་དང་། ཤེས་རབ་ཀྱི་རྫས་ཚེའི་བདུད་རྩི་ཕུལ་བ་ལ་བརྟེན་ནས་ཤེས་རབ་ [10b] སྟོང་ཉིད་རྡོ་རྗེ་ཚེའི་དངོས་གྲུབ་བརྙེས་པར་གྱུར་ཅིག །ཅེས་མེ་ཏོག་འཐོར། ཚེ་མདའ་ཕུལ་ལ། ཨཿ མཁའ་ཁྱབ་ཡེ་ཤེས་ཆེན་པོའི་འོད་ཟེར་སྤྲིན༔ སྤྲོས་པས་འཁོར་འདས་ཀུན་ཁྱབ་ཚེ་ཡི་བཅུད༔ དྭངས་མ་མི་ཤིགས་འཁྱིལ་བའི་ཐིག་ལེར་བསྡུས༔ ཟུང་འཇུག་འདུ་འབྲལ་མེད་པའི་དབྱིངས་སུ་བསྟིམས༔ འོད་གསལ་ཀློང་ཡངས་ཆེན་པོར་རྒྱས་བཏབ་པས༔ གཞོམ་གཞིག་བྲལ་བའི་རྡོ་རྗེའི་ཚེ་ཐོབ་ཤོག །དྷརྨ་དྷཱ་ཏུ་མུ་ཏྲ་ཛྙཱ་ན་བཛྲ་ཏིཥྛ་རཀྵ་རཀྵ་ཧཾ༔ ཞེས་རྒྱས་གདབ། སྐབས་འདིར་སྤྲོ་ན་བརྗོད་བྱ་ཕུན་སུམ་ཚོགས་ཤིང་རྗོད་བྱེད་རྒྱས་བསྡུས་འཚམས་པའི་ཞབས་པད་བརྟན་པར་གསོལ་བ་འདེབས་པའི་སྙན་འབུལ་གྱིས་མཚམས་སྦྱར་ཏེ་མཎྜལ་ཕུལ། གང་ལྟར་མཎྜལ་ཚོམ་བུ་སོ་བདུན་མ་རྒྱས་པར་འབུལ་བ་དཀྱུས་ལྟར་ལ། མ་ཚང་བ་མེད་པ་འདི་ཉིད་ཁྱབ་བདག་འཁོར་ལོའི་མགོན་པོ་རྣམ་འདྲེན་རྡོ་རྗེ་སློབ་དཔོན་མཆོག་གི་ཞབས་པད་བསྐལ་པ་རྒྱ་མཚོར་ཞིང་གཞེས་ལ། ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྟག་པ་རྒྱུན་དུ་བསྐོར་བར་གསོལ་བ་འདེབས་པའི་སླད་དུ་འབུལ་བར་བགྱིའོ། །སོགས་སྦྱར། དེ་ནས་སྐུ་རྟེན་སོགས་རིམ་པར་འབུལ་ཞིང་། སྐུ་རྟེན་ལ། བསྟན་འགྲོའི་གཙུག་རྒྱན་དཔལ་ལྡན་བླ་མ་ལ། །ངོ་མཚར་མཚན་དཔེའི་སྣང་བརྙན་འདི་ཕུལ་བས། །གང་སྐུ་བསྐལ་པ་རྒྱ་མཚོར་འཚོ་གཞེས་པའི། །དགེ་མཚན་ [11a] སྣང་བ་རྟག་ཏུ་འབར་གྱུར་ཅིག །གསུང་རྟེན་ལ། ཆོས་ཀྱི་དབང་ཕྱུག་དཔལ་ལྡན་བླ་མ་ལ། །ཐེག་མཆོག་བདུད་རྩིའི་གླེགས་བམ་འདི་ཕུལ་བས། །གང་གསུང་ཡན་ལག་དྲུག་ཅུའི་སྤྲིན་ཆེན་ལས། །ཟབ་རྒྱས་དམ་ཆོས་ཆར་ཆེན་དབབ་ཏུ་གསོལ། །ཐུགས་རྟེན་ལ། ཡེ་ཤེས་མཆོག་བརྙེས་དཔལ་ལྡན་བླ་མ་ལ། །རྒྱལ་བའི་ཆོས་སྐུའི་རྟེན་མཆོག་འདི་ཕུལ་བས། །གང་ཐུགས་སྟོང་དང་སྙིང་རྗེ་ཟུང་འཇུག་པའི། །གཟིགས་པས་བདག་སོགས་འགྲོ་ལ་རྗེས་དགོངས་གསོལ། །ཡོན་ཏན་གྱི་རྟེན་བུམ་པ་བཅུད་ལྡན་ལྟ་བུ་ལ། ཡོན་ཏན་རྨད་བྱུང་དཔལ་ལྡན་བླ་མ་ལ། །འདོད་དགུ་འཇོ་བའི་བུམ་བཟང་འདི་ཕུལ་བས། །བྲལ་སྨིན་ནོར་བུའི་དགའ་སྟོན་མི་ཟད་པས། །ས་གསུམ་འགྲོ་བའི་རེ་བ་སྐོང་མཛད་གསོལ། །འཕྲིན་ལས་ཀྱི་རྟེན་སྣ་ཚོགས་རྡོ་རྗེ་ལྟ་བུ་ལ། ཕྲིན་ལས་མཐའ་ཡས་དཔལ་ལྡན་བླ་མ་ལ། །སྣ་ཚོགས་རྡོ་རྗེའི་ཕྱག་རྒྱ་འདི་ཕུལ་བས། །གང་འདུལ་ཕན་དང་བདེ་བའི་མཛད་པ་མཆོག །རྟག་ཅིང་ཁྱབ་དང་ལྷུན་གྱིས་གྲུབ་གྱུར་ཅིག །ཅེས་འབུལ། འབུལ་ཚན་གཞན་ཡོད་ནའང་འདིར་འབུལ་ཞིང་། འདུན་པ་རྩེ་གཅིག་པས་བརྟན་བཞུགས་ཀྱི་ཚིགས་བཅད་ཇི་ལྟར་རིགས་པས་གསོལ་བ་གདབ། ཞལ་བསྲོ་བའི་སླད་དུ་ཚོགས་འཁོར་གྱི་དགའ་སྟོན་སོགས་བྱ། དེ་ནས་བཀྲ་ཤིས་རྫས་རྣམས་རྟ་སྔགས་ཀྱིས་བསང་། སྭབྷཱ་ཝས་སྦྱངས། སྟོང་པའི་ [11b] ངང་ལས་མཱྃ་ལས་བྱུང་བའི་བཀྲ་ཤིས་པའི་རྫས་བརྒྱད་སོ་སོའི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་གྱུར། ཨོཾ་ཨཱཿམངྒ་ལཾ་དྲ་བྱ་ཧཱུྃ། ཞེས་པས་བྱིན་བརླབས་ལ། སྔོན་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པ་ལ། བྲམ་ཟེ་ཀུཎྜ་ལིས་རྩ་དཱུ་རྦ་ཕུལ་བ། བཀྲ་ཤིས་པའི་རྫས་སུ་བྱིན་གྱིས་བརླབས་པ་དེ་བཞིན་དུ། དེང་འདིར་ཡང་རྡོ་རྗེ་སློབ་དཔོན་མཆོག་གི་སྐུ་ཚེ་བསྐལ་པ་རྒྱ་མཚོར་བརྟན་པའི་སླད་དུ་དཱུརྦའི་རྫས་ལ་བརྟེན་ནས་ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག ། དཱུརྦས་ཚེ་ནི་འཕེལ་བར་བྱེད་པ་སྟེ། །རྡོ་རྗེ་སེམས་དཔའི་ཚེ་ནི་རབ་བསྒྲུབས་ནས། །ཉོན་མོངས་སྐྱེ་ཤི་རྒྱུན་ཆད་གྱུར་པ་ཡི། །བཀྲ་ཤིས་དེས་ནི་ཚེ་ཡང་འཕེལ་གྱུར་ཅིག །དེ་བཞིན་དུ། གླང་པོ་ཆེ་ས་སྲུང་གིས་སྨན་གི་ཝཾ་ཕུལ་བ་ སོགས། གི་ཝཾ་དུག་གསུམ་འཇོམས་པ་ནད་ཀྱི་སྨན། །སྨན་མཆོག་ཆོས་ཉིད་རབ་ཏུ་རྟོགས་གྱུར་ནས། །ཉོན་མོངས་ཟུག་རྔུ་མེད་པར་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་སྡུག་བསྔལ་ཞི་གྱུར་ཅིག །ཞིང་པའི་བུ་མོ་ལེགས་སྐྱེས་མས་ཞོ་ཕུལ་བ༴ །ཞོ་ནི་ཀུན་གྱི་སྙིང་པོར་གྱུར་པ་སྟེ། །སྙིང་པོ་རྣམ་དག་ཡེ་ཤེས་རྣམས་རྟོགས་ཏེ། །ཡོན་ཏན་ཀུན་གྱི་དཔྱིད་དུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དུག་གསུམ་ཞི་ [12a] གྱུར་ཅིག །ཤིང་གི་ལྷ་མོ་འོད་འཆང་མས་ཤིང་ཏོག་བིལྦ་ཕུལ་བ༴ །བིལྦ་རྒྱུ་རྐྱེན་འབྲས་བུར་བཅས་པའི་ཆོས། །འཇིག་རྟེན་འཇིག་རྟེན་འདས་པའི་སྤྱོད་པ་ཀུན། །བྱང་ཆུབ་སྙིང་པོ་མཆོག་ཏུ་གྱུར་པ་ཡི། །བཀྲ་ཤིས་དེས་ཀྱང་དོན་ཀུན་འགྲུབ་གྱུར་ཅིག །གཟུགས་ཀྱི་ལྷ་མོ་འོད་འཆང་མས་མེ་ལོང་ཕུལ་བ༴ །མེ་ལོང་ཡེ་ཤེས་རྒྱ་མཚོ་ཆེན་པོ་ཡིས། །ཡེ་ཤེས་རྒྱ་མཚོ་མཆོག་ཏུ་དག་གྱུར་ཏེ། །རྣམ་དག་ཆོས་ལ་ཐོགས་མེད་ལོངས་སྤྱོད་པའི། །བཀྲ་ཤིས་དེས་ཀྱང་སྒྲིབ་པ་དག་གྱུར་ཅིག །ལྷ་ཡི་དབང་པོ་བརྒྱ་བྱིན་གྱིས་དུང་དཀར་པོ་གཡས་སུ་འཁྱིལ་བ་ཕུལ་བ༴ །དུང་ནི་ཆོས་ཀྱི་སྒྲ་རྣམས་སྒྲོགས་པའི་ཚུལ། །ཡེ་ཤེས་རྒྱ་མཚོ་ཉིད་དུ་དག་གྱུར་ཏེ། །ཆོས་རྣམས་མ་ནོར་ཡོངས་སུ་སྟོན་པ་ཡི། །བཀྲ་ཤིས་དེས་ཀྱང་ཚིག་དབང་ཐོབ་གྱུར་ཅིག །གསང་བའི་བདག་པོ་ཕྱག་ན་རྡོ་རྗེས་ཡུངས་ཀར་ཕུལ་བ༴ །ཡུངས་ཀར་རྡོ་རྗེའི་རིགས་ཏེ་ཐམས་ཅད་དུ། །བགེགས་རྣམས་མ་ལུས་འཇོམས་པར་བྱེད་པ་ཡི། །མཐུ་སྟོབས་ཡོན་ཏན་ཕུན་སུམ་ཚོགས་གྱུར་པའི། །བཀྲ་ཤིས་དེས་ཀྱང་བགེགས་རྣམས་ཞི་གྱུར་ཅིག །སའི་ལྷ་མོ་བརྟན་མས་ལི་ཁྲི་ཕུལ་བ༴ །ལི་ཁྲི་དམར་པོ་ [12b] དབང་གི་རང་བཞིན་ཏེ། །ཆོས་རྣམས་མ་ལུས་དབང་དུ་བསྡུས་ནས་ཀྱང་། །ཆོས་ཀྱི་རྒྱལ་སྲིད་རབ་ཏུ་བརྟན་གྱུར་པའི། །བཀྲ་ཤིས་དེས་ཀྱང་ཆོས་སྲིད་བརྟན་གྱུར་ཅིག །ཅེས་རྫས་བརྒྱད་དང་། སྐབས་འགའ་ཞིག་ཏུ་རྒྱས་པ་ལ་མོས་ན། ཐུགས་རྗེ་རྨད་བྱུང་དཔལ་གྱི་གདུགས་དཀར་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར་རྟག་བཞུགས་ནས། །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར་འབུལ་ལགས་ན། །བརྩེ་བས་བཞེས་ཏེ་འདོད་པའི་འབྲས་བུ་སྩོལ། །དགོས་འདོད་ཀུན་འབྱུང་རིན་ཆེན་བུམ་པ་འདི། །རྡོ་རྗེ་སློབ་དཔོན་བསྐལ་བརྒྱར༴ །ཟབ་རྒྱས་ཆོས་འཁོར་བསྐོར་ཕྱིར༴ །བརྩེ་བས་བཞེས་ཏེ་འདོད་པའི༴ །གསེར་ལས་གྲུབ་པའི་མདངས་ལྡན་ཉ་མོ་འདི། །རྡོ་རྗེ་སློབ་དཔོན༴ །ཟབ་རྒྱས་ཆོས་འཁོར༴ །བརྩེ་བས་བཞེས་ཏེ༴ །འདབ་སྟོང་ལྡན་པའི་གེ་སར་པདྨ་འདི། །རྡོ་རྗེ༴ །ཟབ་རྒྱས༴ །བརྩེ་བས༴ །དྲི་མེད་རབ་དཀར་དཔལ་གྱི་དུང་དཀར་འདི། །རྡོ་རྗེ༴ །ཟབ་རྒྱས༴ །བརྩེ་བས༴ །རིན་ཆེན་ཟུར་བརྒྱད་དཔལ་གྱི་བེའུ་འདི། །རྡོ་རྗེ༴ ཟབ་རྒྱས༴ །བརྩེ་བས༴ །ཁམས་གསུམ་ཀུན་ལས་མཆོག་གྱུར་རྒྱལ་མཚན་འདི། །རྡོ་རྗེ༴ །ཟབ་རྒྱས༴ །བརྩེ་བས༴ །འཁོར་འདས་ཆོས་ལ་དབང་བསྒྱུར་འཁོར་ལོ་འདི། །རྡོ་རྗེ༴ ཟབ་རྒྱས༴ །བརྩེ་བས༴ །ཅེས་རྟགས་བརྒྱད་དང་། [13a] ལྷ་རྫས་ལས་བྱས་ལྟེ་བ་ཤིན་ཏུ་ཟླུམ། །རྩིབས་སྟོང་ལྡན་ཅིང་མུ་ཁྱུད་རབ་མཉམ་བཟང་། །སྡང་བའི་དགྲ་ལས་རྣམ་པར་རྒྱལ་གྱུར་བའི། །འཁོར་ལོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །རིན་ཆེན་ངོ་བོ་ལྷ་རྫས་བཻཌཱུརྱ། །ཀུན་ཏུ་དཔག་ཚད་ཙམ་དུ་སྣང་བྱེད་ཅིང་། །དྲི་མེད་ཉིན་མོ་ཇི་བཞིན་མཚན་དེ་བཞིན། །ནོར་བུ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གཟུགས་མཛེས་ལྟ་བན་སྡུག་ཅིང་ཚུལ་བཟང་མ། །པགས་མའི་མདོག་ལེགས་འཇམ་ཞིང་དྲི་མཆོགལྡན། །ཡིད་འོང་འདོད་དགུའི་རེག་བྱ་དང་ལྡན་པའི། །བཙུན་མོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །གང་ཡང་རྒྱལ་བ་མུ་ཏིག་མདངས་ལྡན་པས། །གསེར་སོགས་མང་པོ་ཐུབ་ལ་ཕུལ་བ་ལྟར། །བཟོད་ལྡན་མཚུངས་པའི་ཁྱིམ་བདག་ནོར་ལྡན་ཏེ། །བློན་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཡན་ལག་ཐམས་ཅད་ལེགས་སྐྱེས་ས་ལ་ནི། །རབ་གནས་གངས་ཅན་རི་འདྲ་གླང་པོ་ཆེ། །རྒྱལ་པོ་ལ་འོས་མཁའ་ལ་རབ་འགྲོ་བའི། །གླང་པོ་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཐོ་རངས་དུས་སུ་ཕྱོགས་རྣམས་མ་ལུས་པའི། །ས་རྣམས་བསྐོར་ཞིང་སླར་ཡང་ལྡོག་བྱེད་ཅིང་། །རྨ་བྱའི་མགྲིན་པའི་སྤུ་ལྟར་ཡིད་འོང་བའི། །རྟ་མཆོག་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །འགྲོ་དང་ལྡོག་ [13b] དང་ཀུན་ནས་འོངས་གྱུར་པའི། །མ་ལུས་བདུད་དཔུང་འཇོམས་པར་བྱེད་པ་ལ། །དཔའ་བརྟན་འབྱོར་པའི་དཔུང་དང་བཅས་པ་ཡི། །དམག་དཔོན་རིན་ཆེན་དམ་པའི་བཀྲ་ཤིས་ཤོག །ཅེས་རྒྱལ་སྲིད་སྣ་བདུན་འབུལ། རྟེན་འབྲེལ་སྙིང་པོ་སྔོན་དུ་འགྲོ་བས། ཕུན་སུམ་ཚོགས་པ་ལ་སོགས་པའི་བཀྲ་ཤིས་པའི་ཚིགས་སུ་བཅད་པ་རྒྱ་ཆེར་བརྗོད་ཅིང་མེ་ཏོག་གི་ཆར་དབབ། རོལ་མོ་སྣ་ཚོགས་ཀྱི་སྒྲ་སྙན་ཅིང་ཡུན་རིང་བས་བདེ་ལེགས་སུ་བྱ། བརྟན་བཞུགས་འབུལ་ཡུལ་ཉིད་སྤོས་རོལ་སོགས་བཀུར་སྟི་དང་བཅས་སླར་རང་གནས་སུ་སྤྱན་དྲང་ངོ་། །གསུམ་པ་རྗེས་ནི། ལྷག་མ་དང་གཏོར་སྐྱོང་སོགས་ཆོ་གའི་རྗེས་ཀྱི་བྱ་བ་རྣམས་ལས་བྱང་གི་དཀྱུས་ལྟར་མཐའ་རྒྱས་སུ་བྱའོ། །ཡང་སྐབས་འགའ་ཞིག་ཏུ་སྤྲོས་པ་བསྡུ་བའི་ཚུལ་གྱིས་འབུལ་བར་འདོད་ན། བཅས་ཤོམ་ཀྱི་སྐབས་མཁའ་འགྲོའི་དཔལ་གཏོར། གསེར་སྐྱེམས། སྐུ་གླུད་ཙམ་གྱིས་འཐུས། དངོས་གཞི་ཁྲུས་གསོལ་གྱི་རྗེས་སུ་གླུད་གཏོར་བསང་སྦྱངས། ཨོཾ་ཨཱཿཧཱུྃ། དག་པ་རབ་འབྱམས་ཀྱི་མདངས་ནམ་མཁའི་སྣོད་ཆེན་པོར་འདོད་ཡོན་ཟད་པ་མེད་པའི་ལོངས་སྤྱོད་ཀྱི་གཏེར་དུ་གྱུར་པར་བསམ་ལ། ནམ་མཁའ་མཛོད་ཀྱི་སྔགས་རྒྱ་ལན་གསུམ་གྱིས་བྱིན་བརླབས་ཏེ། ཀྱཻ། དཔལ་འཁོར་འདས་ཀུན་ཏུ་འཆར་བའི་མ། །དོན་དུག་ལྔ་དག་པའི་ཡེ་ཤེས་ལྔ། །རིགས་ལྔ་ཡི་སྒྱུ་འཕྲུལ་འགག་མེད་དུ། །ཚུལ་ཅིར་ཡང་སྣང་བའི་མཁའ་འགྲོའི་ཚོགས། །འཁོར་གྲངས་མེད་ཀྱི་ཕོ་ཉར་བཅས་པ་རྣམས། །སྐུ་མཛེས་པའི་རྒྱན་འཆང་བརྡ་ཚིག་གསུང་། །ཐུགས་བདེ་ཆེན་གྱིས་ [14a] རབ་མྱོས་སྤྲིན་ཕུང་བཞིན། །དེང་འདིར་གཤེགས་བདག་གི་ཚིག་འདིར་དགོངས། །མགོན་རྡོ་རྗེ་སློབ་དཔོན་སྐུ་གཟུགས་ཚབ། །དཔལ་ཀུན་ཏུ་བཟང་པོའི་ལོངས་སྤྱོད་སྤྲིན། །དབྱིངས་སྲིད་ཞི་གང་བའི་ནམ་མཁའི་མཛོད། །དེ་ཟག་མེད་བདུད་རྩིའི་སྦར་ཏེ་འབུལ། །ཐུགས་དགྱེས་པ་ཆེན་པོས་བཞེས་ནས་ཀྱང་། །སྤྱིར་དཔལ་ལྡན་བླ་མའི་སྐུ་ཚེ་སྲིངས། །སྒོས་རིགས་ལྔའི་མཁའ་འགྲོའི་བསུན་མ་ཟློག །བརྡ་ཐ་སྙད་ཀྱི་དར་ཐག་དབྱིངས་སུ་ཆོད། །མགོན་རིགས་བརྒྱའི་ཁྱབ་བདག་བླ་མ་རྗེ། །དུས་ཇི་སྲིད་དུ་མི་གཡོ་ཞབས་བརྟན་ཅིང་། །ཆོས་ཟབ་དོན་གྱིས་གྲངས་མེད་གདུལ་བྱའི་འགྲོ། །རྒྱུད་སྨིན་གྲོལ་དུ་མཛད་ལ་གེགས་མེད་མཛོད། །ཅེས་གཏོར་མ་དང་སྐུ་གླུད་རྣམས་རོལ་མོའི་སྒྲ་དང་བཅས་པས་ནུབ་ཕྱོགས་སུ་ཕུལ། དེ་ནས་སློབ་དཔོན་ཚེ་དཔག་མེད་དུ་གསལ་གདབ་བ་སོགས་གོང་ལྟར་ལ་མཐའ་རྟེན་ཡང་རྫས་བརྒྱད་ཙམ་གྱིས་ཆོག་སྟེ་རིག་པས་འཕྲུལ་ཤེས་པར་བྱའོ། །ཞེས་བརྟན་བཞུགས་འབུལ་བའི་ཆོ་ག་གསལ་བདེར་སྤེལ་བ་འཆི་མེད་རྟག་པའི་དགའ་སྟོན་ཅེས་བྱ་བ་འདི་ནི། ཟབ་ཆོས་ཀྱི་བདག་པོ་བསྟན་པ་འཛིན་པའི་སྐྱེས་ཆེན་རྣམས་ཀྱི་ཞབས་པད་ཡུན་རིང་དུ་བརྟན་པའི་སླད་དུ་དམིགས་ཏེ། ཚད་མར་གྱུར་པའི་གཏེར་ཆེན་རིག་འཛིན་རྣམས་ཀྱི་རྡོ་རྗེའི་གསུང་ཁོ་ན་གུང་བསྡེབས་ཏེ་འཇུག་བདེ་རྣམ་གསལ་གྱི་ཚུལ་དུ། སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཐུན་མོང་གི་ལོ་དཔྱིད་ཟླ་འབྲིང་པོའི་ཡར་ཚེས་བཅུ་ལ་རི་བོའི་རིན་ཆེན་སྤུངས་ཀྱི་མགུལ་དུ་སྦྱར་བ་ལས་ཡི་གེ་པ་ནི་རིགས་བྱེད་སྨྲ་བ་བསོད་ནམས་རྒྱལ་མཚན་གྱིས་བགྱིས་པ་སིདྡྷི་རསྟུ།། །།