དམ་ཅན་སྐྱེས་བུ་ཆེན་པོའི་ཕྲིན་ལས།

From Dudjom Wiki
DJYD-KABUM-17-TSA-010
Wylie title dam can skyes bu chen po'i phrin las DJYD-KABUM-17-TSA-010.pdf
Location bdud 'joms rin po che bka' 'bum
Volume 17, Text 10, Pages 139-150 (Folios 70a1 to 75b2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dam can skyes bu chen po'i phrin las. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 17: 139-150. Kalimpong: Dupjung Lama, 1979-1985.
Side notes Recto: dam can   Verso: srung ma'i phrin las
More details More details
Genre Activity Manual - las byang  ·  Activity Practices - las tshogs
Colophon

འདི་ནི་བྱང་གཏེར། རཏ་གླིང་། འཇའ་མཚོན་པ། བདུད་འཇོམས་རྣམས་ཀྱི་གཏེར་བྱོན་བཀའ་སྲོལ་གྱི་གནད་གཅིག་ཏུ་འདུས་པ་སྟེ། སྲོག་དབང་སྤྱི་ཁྱབ་འདོད་འཇོའི་བུམ་བཟང་བཞིན་ནམ་རང་རང་གི་མོས་ཁྱད་དང་བསྟུན་ཏེ་ལུགས་སོ་སོར་འཇུག་པ་ཆོག་གོ།

'di ni byang gter/___rat gling /___'ja' mtshon pa/___bdud 'joms rnams kyi gter byon bka' srol gyi gnad gcig tu 'dus pa ste/___srog dbang spyi khyab 'dod 'jo'i bum bzang bzhin nam rang rang gi mos khyad dang bstun te lugs so sor 'jug pa chog go/

[edit]
༄༅། [70a]དམ་ཅན་སྐྱེས་བུ་ཆེན་པོའི་ཕྲིན་ལས་ནི། སྦྱོར་བའི་ཆོས་རྣམས་སྔོན་དུ་འགྲོ་བས། དངོས་གཞི་མདུན་བསྐྱེད་བསང་སྦྱང་། སྟོང་པའི་ངང་ལས་མདུན་དུ་རཀྟའི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ་ཕ་ཝཾ་ལོང་བུའི་སྐུ་མཁར་འཇའ་ཚོན་སྣ་ལྔའི་འོད་ཟེར་འཕྲོ་བ། སྟེང་ན་དུག་གི་སྤྲིན་ནག་འཁྲིགས་ཤིང་འབྲུག་སྒྲ་དྲག་པོ་དང་བཅས་པས་གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ། ཕྱི་ནས་རླུང་ནག་འཚུབས་མར་འཁྱིལ་ཞིང་མཐའ་ལྕགས་རི་ནག་པོས་ཡོངས་སུ་བསྐོར་བའི་དབུས་སུ་པདྨ་དང་ཉི་མའི་གདན་ལ་སྟོབས་ལྡན་སེང་གེ་དཀར་མོ་བརྗིད་པའི་སྟེང་དུ་ཏྲིཿལས་སྐྱེས་མཆོག་རྡོ་རྗེ་ལེགས་པ་སྐུ་མདོག་དམར་ནག་ཞལ་གཅིག་ཕྱག་གཉིས་པ། རབ་ཏུ་ཁྲོས་པའི་ཞལ་གདངས་ཤིང་མཆེ་བ་གཙིགས་པ། ལྗགས་གློག་དམར་ལྟར་བསྐྱོད་ཅིང་དུག་གི་ཁ་རླངས་འཐུལ་བ། དམར་ཟླུམ་ཁྲག་ཏུ་ཁོལ་བའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། ཁྲོ་གཉེར་ཆུའི་རླབས་བཞིན་འཁྲུགས་ཤིང་སྨ་ར་དང་སྨིན་མ་མེ་ལྟར་འབར་བ། ཕྱག་གཡས་གནམ་ལྕགས་ཀྱི་རྡོ་རྗེ་ཉམས་པའི་མགོ་བོར་གཟིར་ཞིང་། གཡོན་གདུག་པ་ཅན་གྱི་དོན་སྙིང་འཛིན་ཅིང་ཞལ་དུ་གསོལ་བ། དར་སྔོན་གྱི་གོས་དང་དར་དམར་གྱི་འཇོལ་བེར་ལྷབ་ [70b] ལྷུབ་ཏུ་མནབས་པ། དབུ་ལ་ཐང་ཞུ་དམར་པོ་རྡོ་རྗེའི་ཏོག་དང་ལེ་བརྒན་གྱིས་བརྒྱན་པ། ཞབས་ལ་སག་ལྷམ་གསོལ་ཞིང་། རབ་མཛེས་རྣོ་བའི་འཁོར་གསུམ་སྐེད་ལ་བརྟེན་ཏེ་ཁྲོ་གཏུམ་འཇིགས་རྔམས་བལྟར་མི་བཟོད་པའི་ཚུལ་དུ་གནས་པ། འཁོར་དུ་ལྷའི་གིང་ཆེན་ཚངས་པ་དཀར་པོ། གཤིན་རྗེའི་གིང་ཆེན་རྨེ་རུ་ཙེ་དམར་པོ། བདུད་ཀྱི་གིང་ཆེན་ཡབ་རྗེ་ནག་པོ། བཙན་གྱི་གིང་ཆེན་ཡམ་ཤུད་དམར་པོ་སྟེ་བཀའ་སྡོད་གིང་ཆེན་སྡེ་བཞི། དཀར་པོ་ལྷའི་དགེ་བསྙེན་བརྒྱ་དང་ཉི་ཤུ། དམར་པོ་བཙན་གྱི་དགེ་བསྙེན་བརྒྱ་དང་ཉི་ཤུ། ནག་པོ་བདུད་ཀྱི་དགེ་བསྙེན་བརྒྱ་དང་ཉི་ཤུ་སྟེ་མཆེད་ཟླ་སུམ་བརྒྱ་དྲུག་ཅུ། ཀོང་བཙུན་དེ་མོ་རྡོ་རྗེ་བོད་ཁམས་སྐྱོང་སོགས་དགྱེས་སྡེ་བརྟན་མ་བཅུ་གཉིས། སྡོང་ཟླ་ལྷ་སྲིན་སྡེ་བརྒྱད་ཀྱི་དམག་དཔུང་རྣམས་དང་། ཀླད་ན་ལྕགས་ཀྱི་བྱ་ཁྲ་ལྡིང་བ། མདུན་ན་ཟངས་ཀྱི་འཕར་བ་རྒྱུག་པ། གཡས་ན་དྲེད་མོ་ལག་དཀར་རྡེབ་པ། གཡོན་ན་དོམ་བུ་སྙིང་དཀར་ངར་བ། རྒྱབ་ན་ལྕགས་སྦྱང་འུར་བ་འབྲང་བ་སྟེ་ཟ་བྱེད་མཆེ་བ་ཅན་གྱི་ལྷ་ཚོགས། གནས་གཙང་མའི་འཁོར་ཚོགས་འབུམ་ཕྲག་གཅིག །བཙན་གྱི་འཁོར་ཚོགས་འབུམ་ཕྲག་དགུ། གཤིན་རྗེའི་འཁོར་ཚོགས་འབུམ་ཕྲག་བརྒྱད། བདུད་ [71a] ཀྱི་འཁོར་ཚོགས་འབུམ་ཕྲག་བཅུ་གཉིས། ཀླུའི་འཁོར་ཚོགས་ས་ཡ་ཕྲག་བདུན། གནོད་སྦྱིན་གྱི་འཁོར་ཚོགས་འབུམ་ཕྲག་བཞི་ལ་སོགས་པ་མ་རུང་དྲེགས་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང་སྒྲུབ་པ་པོའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པའི་ཚུལ་གྱིས་གནས་པའོ། །དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་ཏྲི། རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས་རི་བོ་མ་ལ་ཡ་དང་། ནུབ་ཕྱོགས་ཕ་ཝང་ལོང་བུའི་སྐུ་མཁར་སོགས་ནས་དམ་ཅན་སྐྱེས་བུ་འཁོར་བཅས་སྐད་ཅིག་གིས་སྤྱན་དྲངས་པར་བསམ་ཞིང་། དར་གྱི་གཡབ་མོར་ཚིལ་སྤོས་དཀར་སོགས་སྦྱར་བའི་སྤོས་སྤྲིན་རོལ་མོ་དབྱངས་དང་བཅས་ཏེ། ཀྱེེ། རྒྱལ་བ་ཤཱཀྱའི་བསྟན་པ་ལ། །རྡོ་རྗེ་འཛིན་པའི་བཀའ་བཞིན་དུ། །བསྟན་པ་སྲུང་བའི་མཐུ་རྩལ་ཅན། །རྡོ་རྗེ་ལེགས་པ་གཤེགས་སུ་གསོལ། །ཉི་མ་ནུབ་ལ་མངའ་མཛད་ཅིང་། །གནམ་ས་ཕྱེད་ཀྱི་བདག་པོ་སྟེ། །ཛམ་བུ་གླིང་གི་སྐྱེས་གཅིག་པུ། །དགྲ་ལྷ་ཆེན་པོ་གཤེགས་སུ་གསོལ། །ངོ་བོ་གསང་བདག་པདྨ་དབང་། །རྣམ་པ་དྲེགས་པའི་སྡེ་དཔོན་ཚུལ། །སྙིང་ཐིག་གཉན་པོའི་རྒྱུད་སྲུང་མཆོག །གཏེར་བདག་རྒྱལ་པོ་གཤེགས་སུ་གསོལ། ། [71b] གཙུག་ལག་ཆོས་འཁོར་དབེན་གནས་དང་། །གནས་མཆོག་དམ་པ་གར་བཞུགས་ཀྱང་། །གདུང་བའི་ཡིད་ཀྱིས་སྤྱན་འདྲེན་ན། །དམ་ཚིག་དབང་གིས་གཤེགས་སུ་གསོལ། །བཛྲ་སཱ་དྷུ་ས་མ་ཡ་ཛ་ཛཿ ཛཿཧཱུྃ་བྃ་ཧོཿ ཞེས་སྤྱན་དྲངས་ལ། ཧཱུྃ། དམ་ཅན་སྐྱེས་བུ་འཁོར་དང་བཅས། །དེང་གི་གནས་མཆོག་དམ་པ་འདིར། །དགྱེས་པའི་ཚུལ་གྱིས་བཞུགས་ནས་ཀྱང་། །བདག་གི་ཕྲིན་ལས་ཡོངས་འགྲུབ་མཛོད། །བཛྲ་ས་མ་ཡ་ཏིཥྛནྟུ། ཞེས་བཞུགས་སུ་གསོལ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། སྐྱེས་མཆོག་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ་རྣམས་ཀྱིས། གསང་བདག་ཕྱག་ན་རྡོ་རྗེ། སློབ་དཔོན་པདྨ་ཐོད་ཕྲེང་། གཏེར་སྟོན་རིག་འཛིན་ཆེན་པོ་ནས་འཁོར་ལོའི་མགོན་པོ་རྩ་བའི་བླ་མའི་བར་དུ་བྱོན་པའི་རིག་འཛིན་བརྒྱུད་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། སོགས་ཀྱིས་དམ་ཚིག་གི་གཉེར་གཏད། ཧཱུྃ། རང་བཞིན་དབྱིངས་ལས་མ་གཡོས་ཀྱང་། །སྨོན་ལམ་དབང་གིས་ཅིར་ཡང་སྟོན། །དགྲ་འདུལ་སྐྱེས་མཆོག་འཁོར་བཅས་ལ། །བསྟན་པ་བསྲུང་ཕྱིར་ཕྱག་འཚལ་ལོ། །ཞེས་ཕྱག་བྱ། ཧཱུྃ། དམ་ཅན་འཁོར་དང་བཅས་པ་ལ། །དགྱེས་པའི་མཆོད་པ་འབུལ་ [72a] བ་ནི། །ཕྱི་མཆོད་རིན་ཆེན་རྣམ་ལྔ་དང་། །ནང་མཆོད་བདུད་རྩི་རྣམ་ལྔ་དང་། །གསང་མཆོད་སྨན་རཀ་གཏོར་གསུམ་དང་། །ར་ཡི་དབང་པོ་རྣམ་པ་ལྔ། །སིལ་སྙན་གླུ་གར་རོལ་མོའི་དབྱངས། །སྣ་ཚོགས་མཆོད་པ་དམ་པ་འབུལ། །བདག་ལ་ཚེ་རིང་ནད་མེད་ཅིང་། །མཐུ་དང་ལོངས་སྤྱོད་དངོས་གྲུབ་སྩོལ། །བཛྲ་སཱ་དྷུ་ས་མ་ཡ་ས་པ་ར་ཝཱི་ར་ཨརྒྷཾ་ནས། ཤཔྡའི་བར་གྱིས་ཉེར་སྤྱོད་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་སྨན་རཀ་སྟོབ། དམ་ཅན་འཁོར་བཅས་ཀྱི་ལྗགས་འོད་ཟེར་གྱི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བར་བསམ་ལ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བྷ་ག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿ ཛཿཧཱུྃ་བྃ་ཧོཿ ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་མམ་བདུན་གྱིས་གཏོར་མ་ཕུལ་ནས། བསྟན་པའི་བཀའ་སྲུང་ཆེན་པོ་སྐྱེས་མཆོག་རྡོ་རྗེ་ལེགས་པ་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་ཀྱིས་ཕྲིན་ལས་བཅོལ། ཧཱུྃ། རྡོ་རྗེ་འཛིན་པའི་བཀའ་ཉན་ཐ་ཚིག་ཅན། །དབང་ཆེན་རྟ་མཆོག་རྒྱལ་པོའི་ཐུགས་ལས་སྤྲུལ། །སྨོན་ལམ་དབང་གིས་སངས་རྒྱས་བསྟན་པ་སྲུང་། ། [72b] དམ་ཅན་སྐྱེས་བུ་ཁྱོད་ལ་ཕྱག་འཚལ་བསྟོད། །རྨུ་བདུད་བཤོས་པའི་སྲས་གཅིག་མཐུ་བོ་ཆེ། །སྐུ་མདོག་དམར་ནག་རབ་ཏུ་ཁྲོས་པའི་ཞལ། །རྡོ་རྗེ་གཟིར་ཞིང་དགྲ་སྙིང་ཞལ་དུ་གསོལ། །སྒྲོལ་བྱེད་གིང་ཆེན་དཔའ་བོ་ཁྱོད་ལ་བསྟོད། །དར་དམར་བེར་ཆེན་སག་ལྷམ་སག་ཞུ་གསོལ། །རྣོ་གཅོད་འབར་བའི་འཁོར་གསུམ་སྐེད་ལ་བསྟེན། །སེང་གེ་ཆིབས་ནས་སྟོང་གསུམ་ཡུད་ཀྱིས་བསྐོར། །ཐོགས་མེད་རྫུ་འཕྲུལ་སྟོབས་ལྡན་ཁྱོད་ལ་བསྟོད། །ནོར་བདག་དགྲ་ལྷའི་གཙོ་བོ་ཁྱོད་ལ་བསྟོད། །རྡོ་རྗེ་ཅན་དང་པདྨ་འབྱུང་གནས་ཀྱིས། །དམ་བཏགས་དབང་བསྐུར་གསང་བའི་མཚན་ཡང་གསོལ། །གསང་སྔགས་ཟབ་མོའི་བསྟན་པའི་གཉེར་ཁ་འཛིན། །རིན་ཆེན་གཏེར་གྱི་བདག་པོ་ཁྱོད་ལ་བསྟོད། །བཀའ་སྡོད་མཆེད་ཟླ་དགྱེས་སྡེ་ཟ་བྱེད་ཚོགས། །ལས་བྱེད་རུ་འདྲེན་ཞུབ་ཅན་དམག་གི་དཔུང་། །སྡོང་ཟླ་སྤྲུལ་པ་ཕྱག་བརྙན་བསམ་ལས་འདས། །སྐྱེས་མཆོག་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བཟླས་པ་བྱ་བ་ནི། དམ་ཅན་ [73a] ཆེན་པོའི་ཐུགས་ཀར་ཉི་མ་ལ་གནས་པའི་སྲོག་ཡིག་གི་མཐར་སྔགས་ཀྱིས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ཏེ་ཅི་འདོད་པའི་ཕྲིན་ལས་ཐོགས་མེད་དུ་བསྒྲུབས་པར་བསམ་ལ། ཨོཾ་བཛྲ་སཱ་དྷུ་ས་མ་ཡ་བྷག་ཏྲཾ་ཤེ་ནི་ཀྲ་མ་ནི་ས་མ་ཡ་སཱ་དྷུ་ཏྲི་ཛཿ ཛཿ ཧཱུྃ་བྃ་ཧོཿ ཞེས་ཇི་ལྟར་རིགས་པ་བཟླས་པའི་མཐར་མཆོད་ཅིང་འདོད་དོན་གསོལ། བསྐང་རྫས་བྱིན་གྱིས་བརླབས་ཏེ། ཧཱུྃ། གསང་བདག་དཔའ་པོ་པདྨ་ཐོད་ཕྲེང་གི ། བཀའ་ཉན་དགྲ་ལྷའི་རྒྱལ་པོ་རྫུ་འཕྲུལ་ཅན། །དམ་ཅན་སྐྱེས་མཆོག་བཛྲ་ཐིག་ལེ་རྩལ། །འཁོར་བཅས་ཐུགས་དམ་དབྱིངས་སུ་བསྐང་བར་བགྱི། །རླུང་ནག་འཚུབས་མ་འཁྱིལ་བའི་ཀློང་དཀྱིལ་ན། །ཁྲག་ཆེན་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས། །ཁྲོ་ཆུས་བསྡམས་པའི་ཕ་ཝང་ལོང་བུའི་མཁར། །མཐོ་ཞིང་རབ་ཡངས་བལྟ་བར་མི་བཟོད་ལ། །ལོག་ལྟ་བསད་པའི་ལུས་ཀྱི་ཀ་གདན་སྒོ། །ཀ་གདུང་དྲལ་གྲབ་ཤ་ཁྲག་ཐོག་ལེབ་ཅན། །མངོན་པར་བཀྲ་བའི་འཇའ་ཚོན་འོད་ཟེར་འཕྲོ། །ཞིང་ཆེན་བླ་བྲེ་བྲེས་ཤིང་ཐོད་པ་དང་། །རྒྱུ་རློན་སྙིང་ཕྲེང་དྲྭ་ཕྱེད་དོ་ཤ་འཕྱང་། །ར་སྐྱེས་མི་ལྤགས་རྒྱལ་མཚན་ཕྱར། །གསར་རྙིང་རོ་དང་དུམ་བུ་ [73b] ནང་ཁྲོལ་དང་། །སྐྲ་ཚིལ་ཀླད་པ་རྐང་སོགས་ལང་ལིང་བཀྲམ། །ཀེཾ་རུས་སྟོང་ཕྲག་བསྣོལ་བའི་ཁྲི་ཆེན་བཤམས། །ལྕགས་རི་ནག་པོས་བསྐོར་བའི་ཕོ་བྲང་སྟེང་། །ནམ་མཁའ་ཁྱབ་པར་ཁེབས་པའི་དུག་གི་སྤྲིན། །ཚ་གྲང་རླུང་འཁྲུགས་དྲག་པོའི་ང་རོ་སྒྲོག །འཇིགས་ཆེན་གནམ་ལྕགས་རྡོ་རྗེའི་སེར་ཆེན་འབེབས། །གཤིན་རྗེའི་གྲོང་ཁྱེར་གསར་དུ་ལྷགས་པ་བཞིན། །རབ་འཇིགས་དུར་ཁྲོད་རྒྱན་གྱིས་ཀླུབས་པ་འདིས། །དམ་ཅན་སྐྱེས་བུ་འཁོར་བཅས་ཐུགས་དམ་བསྐང་། །མཆོད་ཡོན་མེ་ཏོག་བདུག་སྤོས་མར་མེ་དྲི། །ཞལ་ཟས་རོལ་མོ་གླུ་གར་སྙན་པའི་དབྱངས། །གཟུགས་སྒྲ་དྲི་རོ་རེག་བྱ་འདོད་ཡོན་ལྔས། །དམ་ཅན་སྐྱེས་བུ་འཁོར་བཅས་ཐུགས༴ བཀྲ་ཤིས་རྟགས་བརྒྱད་རྒྱལ་སྲིད་རྣམ་པ་བདུན། །རིན་ཆེན་སྨན་སྣ་དར་ཟབ་སྙིང་པོ་ལྔ། །འཕན་གདུགས་རྒྱལ་མཚན་བ་དན་རུ་མཚོན་གྱིས། །དམ་ཅན་སྐྱེས་བུ༴ བདུད་རྩི་སྨན་མཆོད་རཀྟའི་ཨརྒྷཾ་དང་། །རྟེན་གཏོར་རྟག་གཏོར་མཆོད་པའི་བ་ལིཾ་ཏ། །ཇ་ཆང་འོ་མ་གསེར་སྐྱེམས་ཕུད་རྒོད་ཀྱིས། །དམ་ཅན་སྐྱེས་བུ༴ དཀར་གསུམ་མངར་གསུམ་ཤིང་ཏོག་འབྲུ་ཡི་རིགས། །འདབ་ཆགས་གཅན་གཟན་རི་ [74a] དྭགས་གཡུང་དྭགས་སོགས། །ལྷ་མིའི་དཔལ་འབྱོར་རྨད་དུ་བྱུང་བ་ཡིས། །དམ་ཅན༴ སྟག་གཟིགས་གུང་སོགས་གཡང་གཞིའི་རིགས་གྱུར་དང་། །རྒྱན་དང་བཀོད་པའི་ཁྱད་པར་རྣམ་མང་སོགས། །སྤྱན་གཟིགས་དཀོར་ཆ་དཔག་ཏུ་མེད་པ་ཡིས། །དམ་ཅན༴ ཁྲབ་རྨོག་རལ་གྲི་མདའ་མདུང་ཕུབ་ལ་སོགས། །སྲ་བརྟན་རྣོ་གཅོད་འབར་བའི་གོ་མཚོན་དང་། །དགྲ་བགེགས་བསྒྲལ་བའི་ཤ་ཁྲག་དོན་སྙིང་གིས། །དམ་ཅན༴ གནམ་ལྕགས་ཐོ་ཆེན་གསེར་གྱི་རྡོ་རྗེ་དང་། །མགར་གྱི་རྦུད་པ་ལྷབ་ལྷུབ་དམར་ནག་བེར། །ར་སྐྱེས་སེང་གེ་རྒྱན་གྱིས་སྤྲས་པ་ཡིས། །དམ་ཅན༴ སྐུ་གཟུགས་བླ་རྡོ་སྲོག་གི་འཁོར་ལོ་དང་། །སྨྱུག་རྒོད་ཁྲབ་བྱང་རྔ་ཁྲབ་ཟངས་མའི་ཁབ། །མེ་ལོང་དུད་འབུ་འུག་སྒྲོའི་མདའ་དར་གྱིས། །དམ་ཅན༴ ར་ཡི་དབང་པོ་རྣམ་ལྔ་ར་ཡི་ལྤགས། །ར་ཤ་ར་ཁྲག་ར་ཚིལ་གསུར་དུད་སོགས། །ཁྱད་པར་མཉེས་པའི་མཆོད་རྫས་སྣ་ཚོགས་ཀྱིས། །དམ་ཅན༴ གསང་བའི་མདོས་ཆེན་ཕུན་ཚོགས་ནོར་གྱི་དབྱིག །བརྟེན་སྒྲུབ་སྐོར་བའི་དམ་རྫས་ཕྱི་ནང་གསང་། །དངོས་འབྱོར་ཡིད་སྤྲུལ་ནམ་མཁའི་ཁམས་གང་ [74b] བས། །དམ་ཅན་སྐྱེས་བུ་འཁོར་བཅས་ཐུགས་དམ་བསྐང་། །ཐུགས་དམ་གཉན་པོ་རབ་ཏུ་བསྐང་གྱུར་ཏེ། །དགྱེས་པའི་འཛུམ་ཞལ་ཡར་ངོའི་ཟླ་ལྟར་སྟོན། །རྟག་ཏུ་བརྩེར་དགོངས་སྲུང་སྐྱོབ་མ་གཡེལ་བར། །ཇི་ལྟར་བཅོལ་བའི་ལས་རྣམས་མྱུར་འགྲུབ་མཛོད། །ཅེས་བསྐང་བ་བྱ། མཐར་གཏོར་མ་སྟོབ་པ་སོགས་རྗེས་ཀྱི་བྱ་བ་རྣམས་སྤྱི་དང་མཐུན་ནོ།། །།ཡང་དམ་ཅན་མགར་ནག་གི་ཕྲིན་ལས་ཀྱི་ཁྱད་པར་ནི། སྟོང་པའི་ངང་ལས་སོགས་ནས། པདྨ་དང་ཉི་མའི་གདན་ལ་ར་སྐྱེས་ཁམ་པ་རྭ་ལ་སྐར་ཁུང་སུམ་བརྩེགས་དང་ལྡན་པའི་སྟེང་དུ་ཏྲི་ནག་པོ་ལས་དམ་ཅན་སྐྱེས་བུ་ཆེན་པོ་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་པ། ཁྲོས་པའི་ཞལ་རབ་ཏུ་གདངས་ཤིང་མཆེ་བ་རྣམ་པར་གཙིགས་པ། ལྗགས་གློག་དམར་ལྟར་བསྐྱོད་ཅིང་དུག་གི་ཁ་རླངས་འཐུལ་བ། དམར་ཟླུམ་ཁྲག་ཏུ་ཁོལ་བའི་སྤྱན་གསུམ་སྡང་མིག་ཏུ་བལྟ་བ། ཁྲོ་གཉེར་ཆུའི་རླབས་བཞིན་འཁྲུགས་ཤིང་སྨ་ར་དང་སྨིན་མ་མེ་ལྟར་འབར་བ། ཕྱག་གཡས་པས་གནམ་ལྕགས་ཀྱི་ཐོ་ཆེན་ཀླད་ལ་བསྐོར་ཞིང་། གཡོན་ན་མགར་གྱི་སྦུད་པ་ནག་པོ་འཛིན་པ། སྐུ་ལ་དར་ནག་གི་འཇོལ་བེར་གསེར་ [75a] གྱི་རྡོ་རྗེའི་རི་མོ་ཅན་དགུ་བརྩེགས་གསོལ་བའི་ནང་མ་ལ་གསེར་སྐེད་རིན་ཆེན་སྐ་རགས་སུ་བཅིངས་པ། ཞལ་ནས་རྡོ་རྗེ་འཛིན་པ་བདག་གིས་ལས་ཅི་བགྱི་ཞེས་ཟེར་ཞིང་། སོད་ཅིག་དང་རྒྱོབ་ཅིག་ལ་སོགས་པའི་སྒྲ་སྒྲོགས་པ། དེའི་འཁོར་དུ་ལྷའི་གིང་ཆེན་ཚངས་པ་དཀར་པོ་སོགས་གོང་བཞིན་དང་། བསྟོད་པའི་ཚེ་ཤློ་ཀ་དང་པོའི་རྗེས་སུ། འཁོར་བའི་སྐྱོན་གྱིས་མ་གོས་སྐུ་མདོག་ནག །ལོག་ལྟ་འདུལ་ཕྱིར་སྐུ་ལ་བེར་ནག་གསོལ། །འགྲོ་དྲུག་དབྱིངས་སུ་སྒྲོལ་ཕྱིར་སྤྱན་རྩ་དམར། །དགྲ་བགེགས་འདུལ་ཕྱིར་སྨིན་མ་ཨག་ཚོམ་སེར། །ཉོན་མོངས་སྲེག་ཕྱིར་ཞལ་ནས་མེ་འབར་ཞིང་། །ཤངས་ནས་རླུང་ནག་འཚུབས་མ་འཁྱིལ་བ་ཡིས། །འཁོར་བའི་ཉོན་མོངས་ལོག་ལྟ་འཇོམས་པར་བྱེད། །ཁྲོས་པའི་རྐན་སྒྲ་དྲག་པོར་བརྡབས་པ་ཡིས། །ལོག་པར་འདྲེན་པའི་བགེགས་རྣམས་སྔངས་བྱེད་ཅིང་། །དམ་ཉམས་དགྲ་བོའི་ཚོགས་རྣམས་ཁྱུར་མིད་བགྱིད། །གཡས་ཀྱི་ཕྱག་ན་ཁྲོ་ཆུའི་ཐོ་བ་ཐོགས། །གཡོན་གྱི་ཕྱག་ན་མགར་གྱི་རྦུད་པ་བསྣམས། །ར་ལ་ཆིབས་ནས་སྟོང་གསུམ་ཡུད་ཀྱིས་བསྐོར། །སྲིད་གསུམ་གདུག་པའི་ཚོགས་ [75b] རྣམས་མ་ལུས་ཀུན། །ཟིལ་གྱིས་གནོན་ཅིང་དབང་དུ་སྡུད་མཛད་པ། །དམ་ཅན་མགར་བ་ནག་པོ་ཁྱོད་ལ་བསྟོད། །བཀའ་སྡོད་མཆེད་ཟླ་སོགས་གཞན་རྣམས་གོང་དང་འདྲའོ། །འདི་ནི་བྱང་གཏེར། རཏ་གླིང་། འཇའ་མཚོན་པ། བདུད་འཇོམས་རྣམས་ཀྱི་གཏེར་བྱོན་བཀའ་སྲོལ་གྱི་གནད་གཅིག་ཏུ་འདུས་པ་སྟེ། སྲོག་དབང་སྤྱི་ཁྱབ་འདོད་འཇོའི་བུམ་བཟང་བཞིན་ནམ་རང་རང་གི་མོས་ཁྱད་དང་བསྟུན་ཏེ་ལུགས་སོ་སོར་འཇུག་པ་ཆོག་གོ། །།