བསྟན་སྲུང་ཆེན་པོ་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་ཁྲག་འཐུང་དུས་ཀྱི་ཕོ་ཉའི་ང་རོ།

From Dudjom Wiki
DJYD-KABUM-17-TSA-016
Wylie title bstan srung chen po gnod sbyin shan pa dmar nag gi phrin las khrag 'thung dus kyi pho nya'i nga ro DJYD-KABUM-17-TSA-016.pdf
Location bdud 'joms rin po che bka' 'bum
Volume 17, Text 16, Pages 221-247 (Folios 1a1 to 14a4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bstan srung chen po gnod sbyin shan pa dmar nag gi phrin las khrag 'thung dus kyi pho nya'i nga ro. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 17: 221-247. Kalimpong: Dupjung Lama, 1979-1985.
Side notes Recto: phrin las   Verso: bdud 'joms shan pa
More details More details
Genre Activity Manual - las byang  ·  Activity Practices - las tshogs
Colophon

།དེ་ལྟར་བསྟན་སྲུང་ཆེན་པོ་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་ཁྲག་འཐུང་དུས་ཀྱི་ཕོ་ཉའི་ང་རོ་ཞེས་བྱ་བ་འདི་ནི། གསང་ཆེན་བསྟན་དང་བསྟན་འཛིན་གྱི་དབུ་འཕང་དགུང་དུ་བདོ་བའི་ཆ་རྐྱེན་དུ་ཡང་དག་པར་དམིགས་ནས། གཏེར་གཞུང་རྩ་བའི་དགོངས་པ་གཞིར་བཞག་ལ་སྐབས་སུ་བབས་པའི་ཚིག་ཕྲེང་གསར་རྩོམ་ཇི་ལྟར་རིགས་པས་མི་འགལ་བར་བརྒྱན་ཅིང་རྒྱུན་གྱི་མཆོད་ཕྲིན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། ལྷ་རིགས་ཀྱི་སྔགས་སྨྱོན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཞི་བཅུ་རྩ་གཉིས་པའི་མཐར་ཐུག་པ་ས་སྐྱོང་གི་ལོ་ཉིན་མོར་བྱེད་པ་སྡིག་པའི་ཁྱིམ་ན་རྒྱུ་བ་ཤིན་ཏུ་དྲག་ཅིང་རྩུབ་པའི་དུས་ཀྱི་ཚེ། ཀོང་ལུང་བདུད་ཡུལ་ཁ་རག་མགོ་དགུའི་མཐིལ་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་གཡས་ཟུར་བདུད་རི་ནག་པོ་རྔམས་ཆེན་སྒྲ་སྒྲོགས་ཀྱི་མགུལ་ཁུག་བོད་ཀྱི་དུར་ཁྲོད་ཧེ་ཆེན་བརྡལ་བའི་གནས་སུ་གྲུབ་པར་བགྱིས་པའོ། །འདིས་ཀྱང་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་དགུང་དུ་བསྙེག་པའི་རྒྱུར་གྱུར་ཅིག །ཛ་ཡནྟུ༎

de ltar bstan srung chen po gnod sbyin shan pa dmar nag gi phrin las khrag 'thung dus kyi pho nya'i nga ro zhes bya ba 'di ni/___gsang chen bstan dang bstan 'dzin gyi dbu 'phang dgung du bdo ba'i cha rkyen du yang dag par dmigs nas/___gter gzhung rtsa ba'i dgongs pa gzhir bzhag la skabs su babs pa'i tshig phreng gsar rtsom ji ltar rigs pas mi 'gal bar brgyan cing rgyun gyi mchod phrin 'jug pa bde ba'i dbang du byas te/___lha rigs kyi sngags smyon 'jigs bral ye shes rdo rjes rang lo bzhi bcu rtsa gnyis pa'i mthar thug pa sa skyong gi lo nyin mor byed pa sdig pa'i khyim na rgyu ba shin tu drag cing rtsub pa'i dus kyi tshe/___kong lung bdud yul kha rag mgo dgu'i mthil ri bo ma la ya gnam lcags 'bar ba'i g.yas zur bdud ri nag po rngams chen sgra sgrogs kyi mgul khug bod kyi dur khrod he chen brdal ba'i gnas su grub par bgyis pa'o/___/'dis kyang phyogs las rnam par rgyal ba'i ru mtshon dgung du bsnyeg pa'i rgyur gyur cig___/dza yan+tu//

[edit]
༄༅། །བསྟན་སྲུང་ཆེན་པོ་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་ཁྲག་འཐུང་དུས་ཀྱི་ཕོ་ཉའི་ང་རོ་ཞེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭ་སྟི། སངས་རྒྱས་ཀུན་གྱི་མཐུ་སྟོབས་ནུས་པའི་གར། །བདུད་སྡེའི་གཡུལ་འཇོམས་རྡོ་རྗེ་གྲོ་ལོད་དང་། །དབྱེར་མེད་གནོད་སྦྱིན་ཆེན་པོར་ཉེར་བཏུད་ནས། །དེ་ཡི་ཕྲིན་ལས་དམ་ལྡན་དཔྱིད་དུ་བསྐྲུན། །དེ་ཡང་དབང་ཐོབ་ཅིང་སྤྱི་དང་བྱེ་བྲག་གི་དམ་ཚིག་ལ་གནས་པ་ཡི་དམ་གྱི་བསྙེན་སྒྲུབ་ཚད་དུ་འཁྱོལ་བས་སྲུང་མ་ལས་ལ་བཀོལ་དུ་བཏུབ་པའི་སྒྲུབ་པ་པོས། མཐུ་ནུས་དྲག་རྩལ་མྱུར་མགྱོགས་གཞན་ལས་ཁྱད་པར་དུ་གྱུར་པ་གནོད་སྦྱིན་གྱི་སྡེ་དཔོན་ཆེན་པོ་ཤན་པ་དམར་ནག་ཉིད་སྒྲུབ་པའི་ཕྲིན་ལས་ལག་ཏུ་ལེན་པའི་རིམ་པ་ལ། སྦྱོར་བ་ཉ་སྟོང་དགུ་གསུམ་ལ་སོགས་པ་དུས་ཁྱད་པར་ཅན་གྱི་ཚེ་ཡིད་དང་མཐུན་ཅིང་ཤིས་པའི་གནས་ཁང་བྱི་དོར་བྱས་ལ་ཉེ་ལོགས་རྣམས་མཛེས་ཤིང་བརྗིད་པའི་སྤྱན་གཟིགས་སྣ་ཚོགས་ཀྱིས་ [2a] བརྒྱན། དམ་ཚིག་གི་བྲིས་སྐུ་སོགས་རྟེན་བཀྲམ་པའི་མདུན་དུ་སྟེགས་བུ་ཁེབས་དང་ལྡན་པའི་ཁར་ཐོད་པའམ་རིན་པོ་ཆེའི་སྣོད་དུ་གཙང་ཞིང་བཟང་བའི་རྒྱུ་དམ་རྫས་དང་བཅས་པ་ལས། གོང་གནོན་ལྷའི་འདས་གཏོར་དང་། ཤན་པའི་གཏོར་མ་ལྕགས་འཁོར་རྩིབས་བརྒྱད་སྟེང་དམར་གྱི་གཏོར་མ་གྲུ་གསུམ་བརྗིད་ལྡན་འཁོར་རང་འདྲ་བརྒྱད་ཀྱིས་བསྐོར་བ་བཅས་མཐེབ་ཀྱུ་ཤ་ཁྲག་སྙིང་སྣ་ཁ་ཟས་བཟང་པོ་སྣ་ཚོགས་ཀྱིས་བསྐོར་བ་མདའ་དར་དམར་པོས་བརྒྱན་པ་དང་། འདས་མ་འདས་ཀྱི་གཏོར་མ་བཤམ་དགོས་གཞན་ཡོད་ནའང་རིམ་པ་མ་འཆོལ་བར་བཀོད་པའི་གཡས་སུ་སྨན་ཕུད། གཡོན་དུ་རཀྟ། མདུན་དུ་མཆོད་ཡོན་སོགས་གཙང་མར་སྦྱར་བའི་ཕྱི་མཆོད་དང་། དབང་པོ་ལྔའི་མེ་ཏོག་སོགས་ཁྱད་པར་གྱི་ཉེར་སྤྱོད་རྣམས་ཕྲེང་ཚར་དུ་འགོད། གཞན་ཡང་ཕྱི་ནང་གསང་བའི་མཆོད་རྫས། [2b] མཐུན་རྫས། རྟེན་རྫས། སྐོང་རྫས་ལ་སོགས་པ་ཅི་འབྱོར་དང་། རྡོ་དྲིལ་རྔ་སིལ་གཡབ་དང་སོགས་ཉེ་བར་མཁོ་བའི་ཡོ་བྱད་ཐམས་ཅད་ཚོགས་པར་བཤམས་ཏེ། ཆོ་ག་དངོས་ལ་གསུམ། སྦྱོར་བ། དངོས་གཞི། རྗེས་སོ། །སྔ་མ་ལ་གསུམ་གྱི། དང་པོ་བདག་གི་རྣལ་འབྱོར་ནི། སྤྱིར་ཡི་དམ་ཞི་ཁྲོ་གང་ལ་བསྟེན་ཀྱང་རུང་མོད་ཁྱད་པར་གཏེར་ཁ་འདི་གའི་རྩ་གསུམ་གང་རིགས་ལ་བསྟེན་ན་འབྲེལ་ཆགས་ཤིང་། དེ་ཡང་ཉིན་ཞག་དེ་ཉིད་ཀྱི་ཁོངས་སུ་བདག་བསྐྱེད་གཞན་སྔོན་དུ་སོང་ན་སྐབས་འདིར་ལྷའི་ང་རྒྱལ་གསལ་བཏབ་པས་ཆོག་ལ། དེ་ལྟར་མ་སོང་སྐབས་འདིར་བདག་བསྐྱེད་མདོར་བསྡུས་འདི་ལྟར་ཤེས་པར་བྱ་སྟེ། ཧཱུྃ་ཧཱུྃ་ཧཱུྃ༔ མི་འགྱུར་སྟོང་ཆེན་གདོད་མའི་གཤིས༔ སྤྲོས་བྲལ་དེ་བཞིན་ཉིད་དབྱིངས་ལས༔ མ་རྟོགས་ལོག་འདྲེན་སེམས་ཅན་ལ༔ ཀུན་ཁྱབ་བརྩེ་བའི་སྙིང་རྗེ་ཤར༔ གསལ་སྟོང་འགག་མེད་རང་རིག་ནི༔ ཧཱུྃ་དམར་འབར་བས་མཁའ་དབྱིངས་གང་༔ དེ་ལས་ཡེ་ཤེས་འོད་ཟེར་གྱིས༔ སྣོད་བཅུད་དངོས་འཛིན་དབྱིངས་སུ་སྦྱངས༔ ཁམས་གསུམ་ཨེ་ཡི་ཕོ་བྲང་དུ༔ པད་ཉི་དྲེགས་པ་རྒྱལ་བསེན་ཁྲིར༔ རྒྱུ་ཡི་ཧཱུྃ་ཡིག་འཕྲོ་འདུ་ལས༔ བདག་ཉིད་པདྨ་ཁྲག་འཐུང་རྩལ༔ འཆོལ་བའི་ཁྲོ་རྒྱལ་ཧེ་རུ་ཀ༔ ཆེ་མཆོག་རྡོ་རྗེ་གྲོ་བོ་ལོད༔ སྨུག་ནག་དུས་མཐའི་མེ་ལྟར་འབར༔ སྤྱན་གསུམ་སྡང་ [3a] མིག་གློག་སྟོང་འཁྱུག༔ སྨར་སྨིན་བསྐལ་མེའི་ཚྭ་ཚྭ་འཕྲོ༔ ཨམ་གཙིགས་བསྡམས་ཤིང་མཆེ་བ་གཙིགས༔ ཁྲོ་གཉེར་ཤངས་ནས་ཧཱུྃ་སྒྲ་ལྡིར༔ དམར་སེར་དབུ་སྐྲ་གྱེན་དུ་འཁྱིལ༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནི༔ རྩེ་དགུ་རྭ་གདེངས་མེ་འབར་བ༔ ཧཱུྃ་དགུ་རཾ་དགུས་མཚན་པ་ཅན༔ ནམ་མཁའི་དབྱིངས་སུ་གསོར་ཞིང་འཕྱར༔ སྟེང་གདོན་མ་ལུས་ཐལ་བར་རློག༔ གཡོན་པས་གནམ་ལྕགས་ཕུར་པའི་དབལ༔ རྣོ་ངར་བགེགས་ཀྱི་སྙིང་ལ་གཟིར༔ སྡིགས་མཛུབ་རྩེ་ལས་ལྕགས་སྡིག་ནི༔ མགོ་དགུ་བཅོ་བརྒྱད་རྭ་ལྡན་པ༔ གྲངས་མེད་ཁྲ་ཐབས་འགྱེད་པ་ཡིས༔ དམ་སྲི་རྒྱལ་འགོང་ཧབ་ཧབ་ཟ༔ གསང་ཕོད་ཆོས་གོས་སག་ལྷམ་གསོལ༔ སྙན་ཆ་དུང་གི་ཝང་མིག་མཛེས༔ ཁྲག་འཛག་མགོ་ཕྲེང་དོ་ཤལ་སྤྲས༔ ཞབས་ཟུང་གྱད་ཀྱི་འདོར་སྟབས་ཀྱིས༔ སྟག་མོ་གྲུས་མའི་སྟེང་ན་འགྱིང་༔ སྡེར་མོས་རྒྱལ་བསེན་སྙིང་རྩ་འདྲེན༔ སྤྱི་གཙུག་སྤྲུལ་པའི་མཁའ་ལྡིང་ནི༔ དམར་ནག་མེ་ཡི་གཤོག་པ་ཅན༔ ཀླུ་རིགས་སྦྲུལ་གྱི་རྣམ་པས་ཟ༔ ཁྱུང་སྐད་སྒྲོགས་པས་ས་གསུམ་གཡོ༔ [3b] ཡེ་ཤེས་མེ་དཔུང་འཁྲུགས་པའི་ཀློང་༔ གར་དགུའི་ཉམས་ཀྱིས་རྣམ་པར་རོལ༔ གནས་གསུམ་རྡོ་རྗེའི་འབྲུ་གསུམ་མཚན༔ ཐུགས་ཀའི་འོད་དང་ཧཱུྃ་གིས་གླུས༔ རྔ་ཡབ་གླིང་ནས་ཐོད་ཕྲེང་རྩལ༔ ཐུགས་རྒྱུད་རང་དབང་མེད་པར་བསྐུལ༔ དྲག་པོ་འཆོལ་བའི་སྐུར་བཞེངས་ཏེ༔ ཆར་ལྟར་བབས་ནས་རང་ལ་ཐིམ༔ ཐུགས་ཀར་ཉི་སྟེང་ཕ་ལམ་གྱི༔ རྡོ་རྗེའི་ལྟེ་བར་ཧཱུྃ་དམར་གསལ༔ ཧཱུྃ་ལས་ཧཱུྃ་དམར་མེ་འབར་བ༔ གྲངས་མེད་སྤྲིན་ཕུང་རབ་འཁྲུགས་པས༔ རང་ལུས་ཡོངས་གང་སྒོ་གསུམ་གྱི༔ ནད་གདོན་སྡིག་སྒྲིབ་བག་ཆགས་བཅས༔ ལྷག་མེད་གཞོབ་ཏུ་བསྲེགས་ཤིང་སྦྱངས༔ སྣ་བུག་གཡས་ནས་ཕྱིར་ཐོན་པས༔ ལྔ་ལྡན་ཧཱུྃ་གིས་སྟོང་ཁམས་གང་༔ དེ་རྣམས་སྐུར་གྱུར་ཧཱུྃ་སྒྲ་སྒྲོགས༔ གདུག་ཅན་མ་ལུས་བསྡངས་ཤིང་བརྒྱལ༔ སྣང་སྲིད་འཕར་རྡེག་ཤིག་ཤིག་གཡོ༔ ཐ་མལ་དངོས་སྣང་མི་དམིགས་དང་༔ སྣོད་བཅུད་ཁྲག་འཐུང་འཆོལ་བ་ཆེའི༔ སྐུ་གསུང་ཐུགས་ཀྱི་ཕྱག་རྒྱར་རྫོགས༔ ཧཱུྃ་ཧཱུྃ་ཧཱུྃ༔ ཞེས་གསལ་བཏབ་ལ་ཧཱུྃ་སུམ་སྦྲེལ་གྱི་བཟླས་པ་ཅི་ནུས་བྱ། གཉིས་པ་མཆོད་རྫས་བརླབ་པ་ནི། ལས་སྔགས་ཀྱིས་བསང་། སྭ་བྷཱ་ [4a]ས་སྦྱང་། སྟོང་པའི་ངང་ལས་གནས་ཁང་ཐར་པ་ཆེན་པོའི་གཞལ་མེད་ཁང་ཕུན་སུམ་ཚོགས་པར་ཨ་ལས་བྷཉྫ་འབར་བའི་སྣོད་བཟང་ཞིང་རྒྱ་ཆེ་བ་རྣམས་སུ་ཧཱུྃ་ཡིག་ལས་བྱུང་བའི་ཕྱི་ནང་གསང་བའི་མཆོད་པའི་དངོས་པོ་རྣམས་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པས་ནམ་མཁའ་རབ་འབྱམས་གང་བ་རྣམས་སུ་གྱུར་པར་བསམ་ལ། ཨོཾ་བཛྲ་ཨརྒྷཾ་སོགས་ནས། ཤཔྡ་ཨཱཿཧཱུྃ་གིས་བར་གྱིས་སྤྱིར་བརླབ་ཅིང་། བྱེ་བྲག་སྨན་རཀ་གཉིས། རཾ་ཡཾ་ཁཾ་གིས་བསང་སྦྱང་། སྟོང་པའི་ངང་ལས་རླུང་མེ་ཐོད་པའི་སྒྱེད་བུ་གསུམ་ལ་གནས་པའི་ཀ་པཱ་ལར་དམ་རྫས་ཤ་ལྔ་བདུད་རྩི་ལྔ་མེ་རླུང་གིས་སྦྱངས། ཡེ་ཤེས་ཀྱི་བདུད་རྩི་ཐིམ་པ་དང་གཉིས་སུ་མེད་པར་གྱུར་པརབསམ་ཞིང་། ཨོཾ་ཨཱཿཧཱུྃ་མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱཿ ཨོཾ་ཨཱཿཧཱུྃ་མ་ཧཱ་རཀྟ་ཛྭ་ལ་མཎྜལ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་གསུམ་རེ་དང་། གཏོར་མ་བསང་སྦྱང་། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་ཡངས་ཤིང་རྒྱ་ཆེ་བའི་ནང་དུ་གཏོར་རྫས་དགྲ་བགེགས་བསྒྲལ་བ་ལས་བྱུང་བའི་ཤ་ཡི་རི་བོ། ཁྲག་གི་རྒྱ་མཚོ། རུས་པའི་ཕུང་པོ། ཀླད་ཞག་ལྦུ་ཕྲེང་འཁྲིགས་པ། དམ་ཚིག་ཏུ་འོས་པའི་འདོད་ཡོན་གྱི་རྣམ་པ་མ་ཚང་བ་མེད་པ། ངོ་བོ་ཟག་པ་མེད་ [4b] པའི་ཡེ་ཤེས་ཀྱི་བདུད་རྩིའི་རང་བཞིན་ཅན་བསམ་གྱིས་མི་ཁྱབ་པས་ནམ་མཁའི་ཁམས་གང་བར་བསམ་ཞིང་། ཨོཾ་ཨཱཿཧཱུྃ་མ་ཧཱ་བ་ལིང་ཏ་ཏེ་ཛྭ་བ་ལིང་ཏ་བ་ལ་བ་ཏེ་གུ་ཧྱ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ ཞེས་ལན་བདུན་ནམ་གསུམ་བརྗོད་པ་བྱིན་བརླབས། གསུམ་པ་འདས་གཏོར་འབུལ་བ་ནི། བདག་བསྐྱེད་ལས་གཞུང་རྒྱས་པ་གཞན་ལ་བརྟེན་ནས་བྱས་ཀྱང་ཆོག་ལ། དཀྱུས་ཀྱི་བདག་བསྐྱེད་ཁོ་ན་ལ་བརྟེན་པ་ཡིན་ན་སྐབས་འདིར་རྒྱས་བསྡུས་ཇི་ལྟར་རིགས་པ་ཞིག་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། རྩ་བའི་ཕྲིན་ལས་གཞུང་སྲོང་བ་དང་། ཁྱད་པར་སྐབས་ཀྱི་ཕྲིན་ལས་སྦྱོར་བའོ། །སྔ་མ་ལ་བརྒྱད་ལས། དང་པོ་མདུན་བསྐྱེད་གསལ་གདབ་བ་ནི། ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ་྅་ཧཾཿགིས་བསང་སྦྱང་། སྟོང་པའི་ངང་ལས་མདུན་གྱིས་གཞི་དུར་ཁྲོད་འཇིགས་སུ་རུང་བ། རོ་གསར་རྙིང་སྣ་ཚོགས་ཕུང་པོར་སྤུངས་ཤིང་གཅལ་དུ་བཀྲམ་པ། ཁྲག་གིས་སྦགས་པའི་རོ་ལང་དང་ཤ་ཟ་རྣམས་དགོད་ཅིང་གར་རྩེ་བ། མ་རུང་བའི་སྲོག་ཆགས་གདུག་པ་ཅན་རྣམས་ངུ་འབོད་ཀྱི་སྒྲ་དང་བཅས་པས་ལང་ལོང་དུ་འཕྱོ་ཞིང་རོ་ལ་ཟ་བ། མི་སྲུན་ལས་ཀྱི་བཤན་པ་འབུམ་སྡེ་ཀུན་ཏུ་རྒྱུ་ཞིང་ཉམས་པ་ཅན་རྣམས་འགུགས་འཆིང་གསོད་གཅོད་ཀྱི་ལས་བྱེད་པ། སྟེང་ན་དུག་གི་སྤྲིན་ནག་འཁྲིགས་པའི་གསེབ་ནས་འབྲུག་ [5a] སྒྲ་དྲག་པོ་དང་བཅས་ཏེ་གནམ་ལྕགས་ཐོག་གི་བུ་ཡུག་འཚུབས་པ། ཕྱོགས་ཐམས་ཅད་ནས་མེ་རླུང་དམར་ནག་དྲག་ཏུ་འབར་ཞིང་འཁྲུགས་པའི་མཐའ་ལྕགས་རི་ནག་པོ་ཡོངས་སུ་བསྐོར་བ། དེའི་དབུས་སུ་བྷྲཱུྃ་ལས་དབང་དྲག་རོལ་པའི་ཕོ་བྲང་ཆེན་པོ་དྲག་པོའི་རྒྱན་དང་བཀོད་པ་ཚད་མེད་པས་སྤྲས་པ། ནང་ཁྲག་ཞག་གི་རྒྱ་མཚོ་རྦ་ཀློང་འཁྲུགས་པའི་དབུས་སུ་བཻ་ཌཱུརྱའི་བྲག་དང་སྣ་ཚོགས་པདྨའི་ཟེའུ་འབྲུར་ཉི་མ་དང་དགྲ་བགེགས་ཕོ་མོ་གཅལ་དུ་བཀྲམ་པའི་གདན་ལ་རབ་འཇིགས་ཟངས་ཀྱི་ཁྱུང་དམར་སྤུ་གྲིའི་སྒྲོ་གཤོག་ཅན་རྔམས་སྟབས་སུ་འཕུར་ལྡིང་གཡོ་བའི་སྟེང་དུ་ཧཱུཾ་ཡིག་དམར་ནག་ཀྵཿ ཧྲཱིཿས་མཚན་པ་ཅན་ཡོངས་སུ་གྱུར་པ་ལས། གནོད་སྦྱིན་ཤན་པ་ཆེན་པོ་སྐུ་མདོག་དམར་ནག་དུས་མཐའི་མེ་ལྟར་འབར་ཞིང་འཇིགས་སུ་རུང་བ། ཞལ་གཅིག་ཕྱག་བཞི་པ། ཤིན་ཏུ་ཁྲོས་པའི་ཞལ་གདངས་ཤིང་རྣོ་དཀར་གྱི་མཆེ་བ་གཙིགས་པ། དམར་ལ་ཟླུམ་པའི་སྤྱན་གསུམ་སྡང་མིག་ཏུ་གཡོ་བ། སྨ་ར་ལས་མེའི་ཚྭ་ཚྭ་འཕྲོ་ཞིང་སྨིན་མར་བསྐལ་པའི་གློག་སྟོང་འཁྱུག་པ། ཕྱག་གཡས་དང་པོས་རལ་གྲི་མེ་འབར་བ་ཀླད་ལ་ཕྱར་ཞིང་གཡོན་དང་པོས་གདུག་པ་ཅན་གྱི་དོན་སྙིང་ [5b] དང་རྒྱུ་ཞགས་འཛིན་པ། འོག་མ་གཉིས་ཀྱིས་རྡོ་རྗེས་མཚན་པའི་གྲི་གུག་དང་ཐོད་པ་ཁྲག་གིས་བཀང་བ་ཐུགས་ཀར་སྟེང་འོག་ཏུ་འཛིན་པས་ཡུམ་ལ་འཁྱུད་པ། ཁྲག་གི་རལ་པ་གྱེན་དུ་བརྫེས་ཤིང་ཐོད་པ་སྐམ་པོ་ལྔས་དབུ་རྒྱན་དང་། རློན་པ་ཁྲག་འཛག་པ་ལྔ་བཅུས་དོ་ཤལ་བྱས་པ། དར་དམར་གསེར་བཀྲའི་བེར་ཆེན་གསོལ་ཞིང་སྟག་གི་པགས་པའི་ཤམ་ཐབས་ཅན། རུས་པ་དང་སྦྲུལ་གྱི་ཆུན་པོ་སོགས་དུར་ཁྲོད་འཇིགས་པའི་ཆ་བྱད་ཡོངས་སུ་རྫོགས་པ། ཞབས་གཉིས་རོལ་པའི་སྟབས་ཀྱིས་བཞུགས་པའི་པང་དུ་ཡུམ་མཆོག་གསོད་བྱེད་སྙིང་འབྱིན་མ་དམར་མོ་གཡས་ལྕགས་ཀྱུ་འཛིན་པས་ཡབ་ཀྱི་མགུལ་ནས་འཁྱུད་ཅིང་། གཡོན་དགྲ་བོའི་དོན་སྙིང་ཞལ་དུ་སྟོབ་པ། གཅེར་བུ་ཕྱག་རྒྱ་ལྔས་སྤྲས་ཤིང་ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་བ། གཉིས་ཀའང་གཏུམ་རྔམས་བཟོད་པར་དཀའ་བའི་ཚུལ་ཅན་དྲག་པོའི་གད་རྒྱང་འབྲུག་སྟོང་ལྡིར་བ་ལྟར་སྒྲོགས་པས་ཁམས་གསུམ་དབང་དུ་སྡུད་ཅིང་སྲིད་གསུམ་ཟིལ་གྱིས་གནོན་པ། ཡེ་ཤེས་ཀྱི་མེ་དཔུང་རབ་ཏུ་འབར་བའི་ཀློང་ན་བཞུགས་པའོ། །དེའི་ཕྱི་རོལ་གྱི་ཤར་དུ་རྒྱལ་ཆེན་སྟག་གི་གདོང་ཅན་དཀར་པོ། [6a] ལྷོ་རུ་གཤིན་རྗེ་གཟིག་གི་གདོང་ཅན་སྔོན་པོ། ནུབ་ཏུ་བཙན་རྗེ་དོམ་གྱི་གདོང་ཅན་དམར་ནག །བྱང་དུ་བདུད་པོ་འབྲོང་གི་གདོང་ཅན་ནག་པོ། ཤར་ལྷོར་སྲིན་པོ་ནེ་ཙོའི་གདོང་ཅན་དུད་ཁ། ལྷོ་ནུབ་ཏུ་ལྷ་མོ་རྨ་བྱའི་གདོང་ཅན་ལྗང་ནག །ནུབ་བྱང་དུ་གཟའ་བདུད་ཤང་ཤང་གདོང་ཅན་དུད་ཁ། བྱང་ཤར་དུ་ཀླུ་བདུད་གསེར་མིག་གདོང་ཅན་མཐིང་ནག །ཐམས་ཅད་ཀྱང་གཡས་རང་མདོག་གི་དར་མདུང་ཕྱར་ཞིང་གཡོན་སྙིང་དང་རྒྱུ་ཞགས་ཐོགས་པ། དར་བེར་གྱོན་ཅིང་སྟག་རལ་གཟིག་ཤུབ་བཅང་སྟེ་རྟ་ལ་ཞོན་པ། དེ་མཐར་ལས་བྱེད་ཕོ་ཉ་སྡེ་བརྒྱད་ཤ་ཟ་བཤན་པའི་དམག་ཚོགས་བསམ་གྱིས་མི་ཁྱབ་པས་བསྐོར་ཞིང་ཐམས་ཅད་ཀྱང་ཁྲོ་གཏུམ་འཇིགས་པའི་གཟུགས་ཅན། ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པའི་ཚུལ་གྱིས་གནས་པའོ། །ཞེས་གསལ་གདབ། གཉིས་པ་སྤྱན་འདྲེན་པ་ནི། དེ་རྣམས་ཀྱི་དཔྲལ་བར་ཨོཾ། མགྲིན་པར་ཨཱཿ ཐུགས་ཀར་ཧཱུྃ་དང་རང་གི་སྙིང་གའི་འོད་ཟེར་གྱིས་བསྐུལ་བས། འོག་མིན་ལྕང་ལོ་ཅན་དང་ཧེ་ཆེན་བརྡལ་བའི་དུར་ཁྲོད་སོགས་རང་བཞིན་གྱི་གནས་ནས་གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་སྐད་ཅིག་ [6b] གིས་སྤྱན་དྲངས་པར་བསམ་ཞིང་། ཤ་ཆེན་དང་གུ་ཤུལ་སོགས་སྦྱར་བའི་སྤོས་བསྲེག །རྐང་གླིང་གིས་དྲངས་པའི་རོལ་མོའི་སྒྲ་དང་། གདུང་བའི་དབྱངས་ཀྱི་ང་རོའི་འགྱུར་བ་དང་བཅས། ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ རི་བོ་མ་ལ་ཡ་ཡི་རྩེར༔ རྡོ་རྗེ་འཛིན་པའི་སྤྱན་སྔ་རུ༔ བསྟན་པ་བསྲུང་བར་ཞལ་བཞེས་པའི༔ གནོད་སྦྱིན་དྲག་པོ་མཐུ་རྩལ་ཅན༔ བསྟན་པ་བསྲུང་ཕྱིར་གནས་འདིར་བྱོན༔ གླིང་བཞི་སྲིད་པའི་ཕོ་བྲང་ནས༔ ཕུང་བྱེད་དམར་ནག་གཤེགས་སུ་གསོལ༔ སློབ་དཔོན་པདྨའི་སྤྱན་སྔ་རུ༔ དགྲ་བགེགས་བསྒྲལ་བར་ཞལ་བཞེས་པའི༔ དྲེགས་པའི་སྡེ་དཔོན་མཐུ་བོ་ཆེ༔ སྲོག་བདུད་ཆེན་པོ་གཤེགས་སུ་གསོལ༔ མཐུ་རྩལ་རི་རབ་ཐལ་བར་རློག༔ རྫུ་འཕྲུལ་ནམ་མཁའི་མཐའ་དང་མཉམ༔ སྐད་ཅིག་སྟོང་གསུམ་རྩིས་ལ་འདེབས༔ ཆེ་བཙན་དྲེགས་པ་བྲན་དུ་ཁོལ༔ ཤིན་ཏུ་མི་བསྲུན་དགྲ་བོའི་གཤེད༔ དམར་པོ་མི་བསྲུན་གཤེགས་སུ་གསོལ༔ ཞེས་དང་། གཞན་ཡང་། ཧཱུྃ་ཀྵ༔ རྣམ་དག་ཆོས་དབྱིངས་སྤྲོས་བྲལ་ངང་ཉིད་ལས། །ཡེ་ཤེས་ཐུགས་རྗེ་ཁྲོས་པའི་གར་བསྒྱུར་བ། །རྡོ་རྗེ་ཐེག་པའི་བསྟན་སྲུང་མཐུ་བོ་ཆེ། །གནོད་སྦྱིན་འཁོར་བཅས་གནས་འདིར་སྤྱན་འདྲེན་ནོ། །པདྨ་དབང་གི་ཕོ་ཉ་དྲག་རྩལ་ཅན། །མ་ [7a] རུང་ཞིང་བཅུའི་སྲོག་བདག་བཤན་པ་ཁྱོད། །ལྕང་ལོ་ཅན་དང་ཧེ་ཆེན་བརྡལ་བ་སོགས། །དགྱེས་རྒུར་རོལ་པའི་གནས་ནས་ད་ཚུར་གཤེགས། །སྔོན་ཚེ་གསང་བདག་པདྨའི་སྤྱན་སྔ་རུ། །ཇི་ལྟར་ཞལ་བཞེས་ཐུགས་དམ་མ་གཡེལ་བར། །གསང་ཆེན་བསྟན་དང་བསྟན་འཛིན་སྡེ་དང་བཅས། །སྐྱོང་བའི་ཕྲིན་ལས་མཛད་ཕྱིར་ད་ཚུར་བྱོན། །དམ་ཚིག་གནས་འདིར་རིག་འཛིན་བདག་ཅག་གིས། །རྩེ་གཅིག་གདུང་བའི་ཡིད་ཀྱིས་ཁྱོད་འབོད་ན། །ཡབ་ཡུམ་སྤྲུལ་འཁོར་བཀའ་སྡོད་ཕོ་ཉར་བཅས། །གློག་ལྟར་མྱུར་བའི་ཤུགས་ཀྱིས་གཤེགས་སུ་གསོལ། །ཨེ་ཧེ་མ་རུ་ཙེས་པ་རི་ཝཱ་ར་ཨེ་ཧྱ་ཧི་བཛྲ་ས་མ་ཡ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་སྤྱན་དྲངས་པས་ནམ་མཁའ་ལ་སྤྲིན་ཕུང་གཏིབས་པ་བཞིན་བྱོན་པར་བསམ། གསུམ་པ་བཞུགས་སུ་གསོལ་བ་ནི། ཧཱུྃ། དུར་ཁྲོད་རོལ་པའི་དཀྱིལ་འཁོར་ཆེན་པོ་འདིར། །པད་ཉི་དགྲ་བགེགས་བསྣོལ་བའི་གདན་སྟེང་དུ། །རབ་འཇིགས་དཔའ་བོ་འཁོར་དང་བཅས་པ་རྣམས། །དགྱེས་ཤིང་མི་གཡོ་བརྟན་པར་བཞུགས་སུ་གསོལ། །བཛྲ་ས་མ་ཡ་ཏིཥྛནྟུ། ཞེས་བསྐྱེད་པའི་དམ་ཚིག་པ་དང་དབྱེར་མེད་དུ་བཞུགས་པར་བསམ། བཞི་པ་དམ་ལ་བཞག་པ་ནི། རང་ཉིད་ཡི་དམ་གྱི་སྙེམས་པ་བརྟན་པོས་གནོད་སྦྱིན་འཁོར་བཅས་ཀྱི་སྤྱི་བོར་རྡོ་རྗེ་བཞག་ [7b] བདུད་རྩི་ལྗགས་ལ་བསྟིམ་པར་མོས་ཏེ། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུྃ་ཕཊ། དབང་དྲག་གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་རྣམས་ཀྱིས་ཁྲག་འཐུང་ཁྲོ་བོའི་རྒྱལ་པོ། སློབ་དཔོན་པདྨ་ཐོད་ཕྲེང་འབྲོག་བན་ཁྱེའུ་ཆུང་ལོ་ཙཱ། གར་དབང་བདུད་འཇོམས་དཔའ་བོ་ནས་འཁོར་ལོའི་མགོན་པོ་རྩ་བའི་བླ་མའི་བར་དུ་བྱོན་པའི་རྩ་བ་དང་བརྒྱུད་པར་བཅས་པའི་བླ་མ་དམ་པ་རྣམས་ཀྱི་བཀའ་དང་དམ་ལས་མ་འདའ་བར་སངས་རྒྱས་ཀྱི་བསྟན་པ་སྲུངས། དཀོན་མཆོག་གི་དབུ་འཕང་བསྟོད། དགེ་འདུན་དང་ཆོས་ཀྱི་རྒྱལ་སྲིད་སྐྱོངས། འཇིག་རྟེན་གྱི་རྒུད་པ་གསོལ། སེམས་ཅན་གྱི་ཕན་བདེ་སྤེལ། རྣལ་འབྱོར་པ་རྣམས་ཀྱི་སྟོངས་གྲོགས་མཛོད། སྔགས་འཆང་རྣམས་ཀྱི་ཕྲིན་ལས་སྒྲུབས། སྡང་བའི་དགྲ་ཐུལ། གནོད་པའི་བགེགས་ཆོམས། ཁྱད་པར་དམ་ཚིག་འདིར་འདུས་པ་རྣམས་ཀྱི་ཕྱི་ནང་གསང་བའི་འགལ་རྐྱེན་ཞི་བ་དང་། མཐུན་རྐྱེན་སྨོན་པའི་ལེགས་ཚོགས་ཐམས་ཅད་འཕེལ་ཞིང་རྒྱས་པ་དང་། མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད་ཅིག །ཅེས་དམ་ལ་བཞག་པས་ཅི་བསྒོ་བའི་ལས་ཐམས་ཅད་ངོ་འཐོན་དུ་བསྒྲུབ་པའི་བཀའ་ནོད་པར་བསམ། ལྔ་པ་ཕྱག་བྱ་བ་ནི། ཧཱུྃ། སངས་རྒྱས་ [8a] བསྟན་པ་གཉན་པོ་སྲུང་མཛད་ཅིང་། །གདུག་པའི་དགྲ་བགེགས་མ་ལུས་ཚར་གཅོད་པའི། །གནོད་སྦྱིན་ཆེན་པོ་འཁོར་དང་བཅས་པ་ལ། །རྩེ་གཅིག་དང་བའི་ཡིད་ཀྱིས་ཕྱག་འཚལ་ལོ། །ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ ཞེས་ཕྱག་བྱ། དྲུག་པ་མཆོད་པ་འབུལ་བ་ནི། ཧཱུྃ། འཇིགས་བྱེད་དབང་དྲག་ཆེན་པོ་འཁོར་བཅས་ལ། །དགྱེས་པའི་མཆོད་སྤྲིན་རྒྱ་མཚོ་འབུལ་བ་ནི། །ཉམས་པའི་སྙིང་ཁྲག་མཆོད་ཡོན་རྒྱ་མཚོར་འཁྱིལ། །དུག་ཁྲག་མྱོས་བྱེད་ཞབས་བསིལ་རྫིང་བུར་གཏམས། །དབང་པོ་སྣ་ལྔའི་མེ་ཏོག་ཚར་དུ་དངར། །སྣ་ཚོགས་ཤ་ཆེན་གསུར་དུད་སྤྲིན་ཕུང་གཡོ། །ཞུན་ཆེན་དམར་ནག་སྒྲོན་མེ་འོད་དུ་འབར། །མཁྲིས་ཆེན་ཁྲག་ཞག་དྲི་ཆབ་རྦ་ཀློང་འཁྲིགས། །ཤ་རུས་དོན་སྙིང་ཞལ་ཟས་ལྷུན་པོར་སྤུངས། །ཐོད་རྔ་དྲག་པོའི་རོལ་མོས་ས་གསུམ་གཡོ། །རྩ་བརྒྱད་ཡན་ལག་སྟོང་སྦྱར་མ་ད་ན། །ཁམས་གསུམ་ཆགས་པ་བསྡུས་པའི་དམར་ཆེན་ཁྲག །མཆོག་གི་ལོངས་སྤྱོད་འདོད་རྒུའི་བ་ལིཾ་ཏ། །ཕུང་པོ་མ་ཚང་མེད་པའི་དམ་ཚིག་རྫས། །རབ་འབྱམས་ནམ་མཁའི་ཁྱོན་ཀུན་བཀང་སྟེ་འབུལ། །བརྩེ་བས་བཞེས་ནས་མཐུན་པའི་དངོས་གྲུབ་སྩོལ། །ཨེ་ཧེ་མ་རུ་ཙེ་ས་པ་རི་ཝཱ་ར་མ་ཧཱ་ཤྨ་ཤཱ་ན་པཱུ་ཛ་ཨརྒྷཾ། པཱ་དྱཾ་ [8b] པུཥྤེ། དྷུ་པཾ། དི་པཾ། གྷནྡྷི། ནཻདྱ། ཤཔྡ་པྲ་ཏཱིཙྪ་སྭཱ་ཧཱ། ཞེས་ཉེར་སྦྱོད་དང་ མ་ཧཱ་པཉྩ་ཨ་མྲྀ་ཏ་ཁ་རཾ་ཁཱ་ཧི། མ་ཧཱ་རཀྟ་ཁ་རཾ་ཁཱ་ཧི། ཞེས་སྨན་རཀ་སྟོབ། བྱེ་བྲག་ཏུ། གནོད་སྦྱིན་འཁོར་བཅས་ཀྱི་ལྗགས་རྡོ་རྗེའི་སྦུ་གུས་གཏོར་མའི་བཅུད་དྲངས་ཏེ་གསོལ་བས་ཚིམ་ཞིང་དགྱེས་པར་བསམ་ལ། རྩ་སྔགས་ཀྱི་མཐར། ས་པ་རི་ཝཱ་ར་ཨི་དཾ་བ་ལིཾ་ཏ་ཁ་ཁ་ཁཱ་ཧི་ཁཱ་ཧི། ཞེས་བཏགས་པ་བདུན་ནམ་གསུམ་གྱིས་གཏོར་མ་ཕུལ་ཏེ། བསྟན་སྲུང་དྲེགས་པའི་གཙོ་བོ་དྲག་ཤུལ་མཐུ་སྟོབས་ཀྱི་དབང་ཕྱུག་གནོད་སྦྱིན་ཆེན་པོ་ཤན་པ་དམར་ནག །ཡུམ་མཆོག་གསོད་བྱེད་སྙིང་འབྱིན་མ། བཀའ་ཉན་ལས་མཁན་སྡེ་བརྒྱད། སྤྲུལ་པ་ཕོ་ཉའི་དམག་ཚོགས་འཁོར་དང་བཅས་པ་རྣམས་ཀྱིས་མཆོད་སྦྱིན་གྱི་གཏོར་མ་རྒྱ་ཆེན་པོ་འདི་བཞེས་ལ་སངས་རྒྱས་ཀྱི་བསྟན་པ་སྲུངས་སོགས་སྔར་དམ་བཞག་གི་སྐབས་བཞིན་ཕྲིན་ལས་གསོལ། བདུན་པ་བསྟོད་པ་བྱ་བ་ནི། ཧཱུྃ། བདེ་ཆེན་དབང་གི་རྒྱལ་པོ་ཧེ་རུ་ཀ ། གདུལ་དཀའ་འདུལ་ཕྱིར་འབར་བའི་སྐུར་བཞེངས་པ། །མཐུ་རྩལ་ཐོགས་མེད་ཁམས་གསུམ་སྲོག་གི་བདག །འཇིགས་བྱེད་གནོད་སྦྱིན་ཁྱོད་ལ་ཕྱག་འཚལ་བསྟོད། །དུར་ཁྲོད་བདག་པོ་ཤ་ཟ་སྲིན་པོའི་གཟུགས། །གནོད་སྦྱིན་སྲིན་པོ་ཚོགས་པའི་སྲས་གཅིག་པོ། །སྐུ་ [9a] མདོག་དམར་ནག་ཁྲོ་བོའི་ཚུལ་འཆང་བ། །འཇིགས་པའི་མེ་འོད་འཕྲོ་ལ་ཕྱག་འཚལ་བསྟོད། །རལ་པ་དམར་ནག་སྲིད་པའི་རྩེ་མོར་འཁྱིལ། །ཐོད་སྐམ་རིན་ཆེན་འབར་བས་དབུ་ལ་བརྒྱན། །ཁྲོས་པའི་སྡང་མིག་ཕྱོགས་མཚམས་ཀུན་ཏུ་བལྟ། །ཤངས་ནས་དུད་སྤྲིན་འཁྲིགས་ལ་ཕྱག་འཚལ་བསྟོད། །རྔམས་པའི་ཞལ་གདངས་རབ་རྣོན་མཆེ་བ་གཙིགས། །གྲྭ་ནས་ཁྲག་འཛག་དུག་གི་ཁ་རླངས་འཐུལ། །གློག་དམར་འཁྱུག་པ་ལྟ་བུའི་ལྗགས་བསྐྱོད་པས། །དམ་ཉམས་སྙིང་ཁྲག་འཐུང་ལ་ཕྱག༴ ཕྱག་བཞི་གཡས་གཉིས་རལ་གྲི་གྲི་གུག་གིས། །སྲིད་གསུམ་གདུག་པའི་སྲོག་རྩ་དམར་པོ་གཅོད། །གཡོན་གཉིས་སྙིང་ཞགས་ཐོད་པ་ཁྲག་ཅན་གྱིས། །བསྟན་དགྲའི་ཤ་རུས་གསོལ་ལ༴ གླང་ཆེན་ཀོ་རློན་མི་ལྤགས་གཡང་གཞི་གསོལ། །སྟག་ཤམ་ང་རྒྱལ་དྲེགས་པ་དབང་དུ་བསྡུད། །དར་དམར་འཇོལ་བེར་ཐོད་སྦྲུལ་རིན་ཆེན་སོགས། །དྲག་པོའི་ཆ་ལུགས་རྫོགས་ལ༴ གསང་བའི་དགྱེས་སྤྱོད་གསོད་བྱེད་སྙིང་འབྱིན་མ། །ལྕགས་ཀྱུ་ཐོད་ཁྲག་འཛིན་དང་གཉིས་མེད་རྩེ། །དྲག་པོའི་ང་རོ་འབྲུག་གི་སྒྲ་ [9b] བསྒྲགས་པས། །ཁམས་གསུམ་གཡོ་ཞིང་འཁྲུག་ལ༴ མེ་ཁྱུང་དམར་པོ་སྤུ་གྲིའི་སྒྲོ་གཤོག་ཅན། །ཆིབས་ནས་སྟོང་གསུམ་སྐད་ཅིག་ཡུད་ཀྱིས་བསྐོར། །གླིང་བཞིར་རྒྱུག་ཅིང་མཚོན་གཟེར་དགྲ་ལ་འདེབས། །མྱུར་མགྱོགས་བླ་རྐུན་ཆེན་པོ་ཁྱོད་ལ་བསྟོད། །མཁའ་ལ་བསྐྱོད་ཚེ་སྟོང་གསུམ་ཁུ་སྒྲས་འགེངས། །དུར་ཁྲོད་དམག་ཚོགས་བསྡུས་ནས་དགྲ་བོ་སྒྲོལ། །གར་ཕེབས་ས་རུ་མི་རོ་རགས་སུ་འཚེར། །སྲོག་བདུད་ལས་ཀྱི་བཤན་པ་ཁྱོད་ལ་བསྟོད། །ལས་ལ་བསྐུལ་ཚེ་སྡེ་བརྒྱད་བྲན་དུ་བཀོལ། །དམ་ཉམས་བསྒྲལ་ནས་རྣལ་འབྱོར་ཕྲིན་ལས་མཛོད། །གར་རྦད་ས་རུ་དམ་ཉམས་ཐལ་བར་བརླག །ཕུང་བྱེད་མི་ཟན་ཁྱོད་ལ༴ རབ་འཇིགས་སྤྲུལ་པའི་ཕོ་ཉ་ལས་མཁན་བརྒྱད། །བཀའ་ཉན་སྣང་སྲིད་ལྷ་སྲིན་དྲེགས་པའི་སྡེ། །ཤ་ཟ་བཤན་པའི་དམག་དཔུང་རླུང་ལྟར་འཚུབས། །གནོད་སྦྱིན་འཁོར་དང་བཅས་ལ་ཕྱག་འཚལ་བསྟོད། །ཅེས་བསྟོད། བརྒྱད་པ་བཟླས་པ་བྱ་བ་ནི། གནོད་སྦྱིན་ཆེན་པོའི་ཐུགས་ཀར་ཉི་མ་ལ་གནས་པའི་ཡིད་བཞིན་གྱི་ནོར་བུ་དབང་གི་རྒྱལ་པོའི་ནང་ཁོངས་སུ་ཧཱུྃ་ཡིག་དམར་ནག་ཀྵཿ ཧྲཱིཿས་མཚན་པ་ཅན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ། བདག་གི་ཐུགས་ཀའི་འོད་ཀྱིས་ [10a] བསྐུལ་བས་སྔོན་གྱི་དམ་ཚིག་དྲན་ཏེ་ཅི་འདོད་པའི་ཕྲིན་ལས་རབ་འབྱམས་ཐོགས་མེད་དུ་བསྒྲུབ་པར་མོས་ལ། གོང་གནོན་གྱི་བཟླས་པ་ཅི་རིགས་སྔོན་དུ་འགྲོ་བས། ཨེ་ཧེ་མ་རུ་ཙེ་གུ་ཎ་ཧྲི་ཏྲི་ཧཱུྃ་ཛཿཞེས་བཟླ། འདི་ནི་ཐུན་མོང་རྒྱུན་གྱི་བསྙེན་སྔགས་ཏེ་སྤྱི་ཙམ་དུ་འདི་ཁོ་ནས་ཆོག་ལ། ལས་ཁྱད་པར་བ་དང་འབྲེལ་བ་སྤུ་གྲི་གཅིག་ཤུར་ལ་སོགས་པའི་སྔགས་ཐུན་མོང་མ་ཡིན་པ་རྣམས་མན་ངག་ལས་ཤེས་སོ། །བཟླས་པའི་མཐར། ཨེ་ཧེ་མ་རུ་ཙེ་ས་པ་རི་ཝཱ་ར་ཨརྒྷཾ་སོགས་ནས ཤཔྡའི་བར་དང་། མ་ཧཱ་པཉྩ་ཨ་མྲྀ་ཏ་ཁཱ་ཧི། ཞེས་མཆོད། ཧཱུྃ། བདེ་ཆེན་དབང་གི་རྒྱལ་པོ་ཧེ་རུ་ཀ ། འདུལ་དཀའ་འདུལ་ཕྱིར་འབར་བའི་སྐུར་བཞེངས་པ། །མཐུ་རྩལ་ཐོགས་མེད་ཁམས་གསུམ་སྲོག་གི་བདག །འཇིགས་བྱེད་གནོད་སྦྱིན་འཁོར་དང་བཅས་ལ་བསྟོད། །ཐུགས་རྗེ་ཐུགས་དམ་གཉན་པོ་མ་གཡེལ་བར། །ཟབ་གསང་བསྟན་པ་དར་ཞིང་རྒྱས་པ་དང་། །ཕྲིན་ལས་རྣམ་བཞི་ལྷུན་གྱིས་གྲུབ་པ་ཡིས། །རྣལ་འབྱོར་བསམ་པའི་རེ་བ་ཡོངས་གང་མཛོད། །ཅེས་བསྟོད་ཅིང་ཕྲིན་ལས་གསོལ་ལོ། །གཉིས་པ་ཁྱད་པར་སྐབས་ཀྱི་ཕྲིན་ལས་སྦྱོར་བ་གཉིས། སྐོང་བཤགས་དང་འབྲེལ་བའི་ཕྲིན་ལས་སྤྱི་ཙམ་དུ་བསྒྲུབ་པ་དང་། དྲག་ལས་དང་འབྲེལ་བའི་ཕྲིན་ལས་བྱེ་བྲག་ཏུ་བརྩམ་པའོ། །སྔ་མ་ལ་གསུམ་གྱི། དང་པོ་ཐུགས་དམ་སྐོང་བ་ [10b] ནི། བསྐང་རྫས་རྣམས། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་གནས་ཁང་དུར་ཁྲོད་དྲག་པོའི་ཞིང་ཁམས་བསམ་གྱིས་མི་ཁྱབ་པར་ཕྱི་ནང་གསང་བའི་མཆོད་པ་སྤྱན་གཟིགས་མཐུན་རྫས་རྟེན་རྫས་སྐོང་རྫས་ལ་སོགས་པ་ཐམས་ཅད་སྲིད་ཞིའི་འདོད་ཡོན་གྱི་རྣམ་པ་མཁོ་རྒུ་ཚང་བ། བཟང་རྒུ་འབྱོར་བ། མཛེས་རྒུས་བརྒྱན་པ། ངོ་བོ་ཡེ་ཤེས་སྒྱུ་མའི་རང་བཞིན་བདེ་བའི་རྣམ་པ་ཐམས་ཅད་པར་འཆར་བས་ནམ་མཁའི་ཁམས་གང་བར་བསམ་ཞིང་། ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿ སརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་གན་ཁཾ་སྭཱ་ཧཱ། ལན་གསུམ་དང་། བཛྲ་སྥ་ར་ཎ་ཁཾ། ཞེས་རྒྱ་ཆེར་སྤེལ་ནས། ཧཱུྃ། ཁྲག་འཐུང་ཧེ་རུ་ཀ་དཔལ་དཔའ་བོ་ཆེ། །སྙིང་རྗེ་ཆེན་པོས་མི་བཟད་ཁྲོས་པའི་གར། །འཇིགས་བྱེད་གནོད་སྦྱིན་ཆེན་པོ་འཁོར་བཅས་ཀྱི། །ཐུགས་དམ་གཉན་པོ་དབྱིངས་སུ་བསྐང་བར་བགྱི། །ཆོས་དབྱིངས་འགྱུར་མེད་བདེ་བ་ཆེན་པོའི་གཤིས། །མ་འགགས་རང་བྱུང་ཀུན་བཟང་རྣམ་རོལ་ལས། །ཡོངས་ཤར་འདོད་ཡོན་རྒྱ་མཚོའི་སྤྲིན་ཕུང་གིས། །མཁའ་ལམ་དོག་པོར་བྱས་པས་ཐུགས་དམ་བསྐང་། །ཚིལ་ཆེན་དམ་རྫས་སྤོས་ཀྱི་དུད་སྤྲིན་དང་། །དབང་མདོག་དར་གྱི་གཡབ་མོ་ལྷབ་ལྷུབ་གཡོ། །གདུང་བའི་ང་རོས་འབོད་ [11a] བསྐུལ་སྙན་བརྗིད་གདངས། །རོལ་མོའི་སྒྲ་དང་སྦྱར་བས་ཐུགས་དམ་བསྐང་། །དུར་ཁྲོད་ཐོད་མཁར་ཞིང་གི་བླ་བྲེ་བྲེས། །རྒྱུ་མའི་དྲྭ་ཕྱེད་ཙིཏྟའི་འཕྱང་འཕྲུལ་རྒྱན། །མི་མགོའི་ཏོག་དང་རོ་སྐྲའི་རྔ་ཡབ་སོགས། །འཇིགས་རུང་གནས་ཀྱང་བཀོད་པས་ཐུགས༴ ཁྲག་གི་ཨརྒྷཾ་དུག་ཆུའི་ཞབས་བསིལ་རྒྱུན། །དབང་ལྔའི་མེ་ཏོག་ཚིལ་གསུར་ཞུན་མེ་སྤར། །མཁྲིས་པའི་དྲི་ཆབ་ཤ་རུས་ཞལ་ཟས་སྤུངས། །རྐང་གླིང་དུར་ཁྲོད་རོལ་མོས་ཐུགས༴ དངོས་གྲུབ་འགུགས་པའི་ལྕགས་ཀྱུ་རྣམ་པ་ལྔ། །ཡེ་ཤེས་གསལ་བའི་སྒྲོན་མེ་ལྔ་དང་སྦྱར། །བྱང་ཆུབ་སེམས་དངོས་འཆི་མེད་ར་སཱ་ཡ། །ཛ་གད་དཔའ་བོའི་བཅུད་ཀྱིས༴ འབྱུང་བ་བཅུད་བསྡུས་རྔམས་དང་གདུང་བའི་དམར། །པདྨ་མུ་ལ་གུ་ཧྱ་རཀྟ་ཆེ། །ཞིང་བཅུའི་སྲོག་རྩ་བཅད་པའི་སྙིང་གི་ཁྲག །ལྦུ་ཕྲེང་དོ་ཤལ་གཡོ་བས༴ ལྕང་ལོར་བཅས་པའི་བྷནྡྷའི་སྣོད་ཡངས་པར། །ཉམས་པའི་ཤ་རུས་ལས་བྱུང་དམར་གྱི་བཤོས། །འདོད་རྒུ་འཇོ་བའི་རྟེན་གྱི་དམ་ཚིག་རྫས། །ལྷུན་པོའི་གཏོས་ལྟར་སྤུངས་པས་ཐུགས༴ རྟེན་རྫས་སྒྲུབ་རྫས་མཆོད་རྫས་སྐོང་བའི་རྫས། །མཐུན་པའི་དམ་རྫས་ཡིད་འཕྲོག་སྤྱན་གཟིགས་ [11b] དཀོར། །བལྟ་བས་མི་ངོམས་ལྷ་མིའི་འབྱོར་པའི་ཕུལ། །གྲངས་མེད་འདོད་རྒུར་འཆར་བས༴ གནམ་ལྕགས་རལ་གྲི་མེ་རིའི་ཚྭ་ཚྭ་འཕྲོ། །རེག་ན་གཅོད་པའི་གྲི་གུག་རྣོ་ངར་ཅན། །དམ་ཉམས་དགྲ་བོའི་དོན་སྙིང་རྒྱུ་རློན་ཞགས། །ཐོད་པ་ཁྲག་གིས་བཀང་བས༴ གསེར་གྱི་ཧ་རིས་བཀྲ་བའི་དར་དམར་བེར། །དཔའ་བོའི་རྟགས་ཀྱི་མཚན་མ་དུར་ཁྲོད་ཆས། །ཟངས་ཀྱི་བྱ་ཁྱུང་སྤུ་གྲིའི་སྒྲོ་གཤོག་ཅན། །རྔམས་བརྗིད་རྒྱན་དང་བཞོན་པས་ཐུགས༴ དམ་ཚིག་བྲིས་སྐུ་སྔགས་ཀྱི་ཕྱག་རྒྱ་ཆེ། །ཡབ་ཡུམ་སྲོག་འཁོར་བླ་རྡོ་བྱ་དམར་སྙིང་། །བླ་རྟེན་ཕུར་བུ་དམ་རྫས་ལེ་བརྒན་དར། །ཁྱད་འཕགས་གསང་བའི་རྟེན་གྱིས་ཐུགས༴ སྣང་སྟོང་རྩ་གནས་སྒྱུ་འཕྲུལ་ཕྱག་རྒྱའི་སྤྲིན། །གྲགས་སྟོང་རླུང་སྔགས་མི་ཤིགས་ནཱ་དའི་དབྱངས། །རིག་སྟོང་ཐིག་ལེ་འོད་གསལ་བདེ་བ་ཆེ། །མཉམ་རྫོགས་ཁྱབ་བརྡལ་རོལ་པས་ཐུགས་དམ་བསྐང་། །སྣང་ཆ་བསྟན་སྲུང་དྲེགས་པའི་ཚུལ་ཤར་ཡང་། །ཆོས་ཉིད་མི་འགྱུར་ཐིག་ལེ་ཉག་གཅིག་ཀློང་། །དོན་དམ་འདུ་འབྲལ་མེད་པའི་དམ་ཚིག་གིས། །གཉིས་མེད་དགྱེས་པ་ཆེན་པོར་བསྐང་གྱུར་ཏེ། །རྟག་ཏུ་གཡེལ་བ་མེད་པའི་ཕྲིན་ལས་ཀྱིས། །མི་འབྲལ་ལུས་དང་གྲིབ་བཞིན་འགྲོགས་ [12a] ནས་ཀྱང་། །རྣལ་འབྱོར་བདག་གིས་ཇི་ལྟར་གསོལ་བའི་དོན། །རེ་བའི་འབྲས་བུ་དུས་འདིར་མཆིས་པར་མཛོད། །ཅེས་བསྐང་། གཉིས་པ་བཤགས་པ་བྱ་བ་ནི། ཧཱུྃ། རྒྱལ་བ་ཀུན་གྱི་མཐུ་སྟོབས་དྲག་པོའི་སྐུ། །གཏུམ་ཆེན་གནོད་སྦྱིན་ཆེན་པོར་རྣམ་རོལ་བ། །ཡབ་ཡུམ་བཀའ་སྡོད་འཁོར་དང་བཅས་པ་རྣམས། །ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ། བདག་ནི་གསང་སྔགས་དཀྱིལ་འཁོར་སྒོར་ཞུགས་ནས། །འདའ་དཀའི་དམ་ཚིག་གཉན་པོ་གཉེར་བླངས་ཏེ། །ཚུལ་བཞིན་སྒྲུབ་པར་ཁས་བླངས་དམ་བཅས་ཀྱང་། །མི་ཤེས་རྨོངས་པས་འགལ་འཁྲུལ་ནོངས་གྱུར་ཏེ། །ཐུགས་དང་འགལ་བར་གྱུར་པ་ཅི་མཆིས་པ། །གནོང་འགྱོད་དྲག་པོས་མཐོལ་ཞིང་འཆགས་བགྱིད་ན། །འགྱུར་མེད་ཚངས་པ་མཆོག་གི་དངོས་གྲུབ་སྩོལ། །ཞེས་དང་ཡི་གེ་བརྒྱ་པ་མང་དུ་བཟླའོ། །གསུམ་པ་ཕྲིན་ལས་གསོལ་བ་ནི། ཧཱུྃ། དབང་དྲག་གནོད་སྦྱིན་ཆེན་པོ་འཁོར་བཅས་ལ། །ཕྲིན་ལས་གཉན་པོ་གསོལ་ཞིང་བསྐུལ་བ་ནི། །གསང་སྔགས་བསྟན་པ་དར་ཞིང་རྒྱས་པ་དང་། །དཀོན་མཆོག་གསུམ་གྱི་དབུ་འཕང་དགུང་དུ་བསྟོད། །ཁྱད་པར་རྣལ་འབྱོར་བདག་ཅག་ [12b] དཔོན་སློབ་ལ། །ཉིན་གྱི་བྱ་ར་མཚན་གྱི་མེལ་ཚེ་དང་། །རྟག་ཏུ་ཁ་འཛིན་སྡོང་གྲོགས་མ་གཡེལ་བར། །ཉེས་པ་སྟོང་བསྣོལ་ལེགས་པ་བརྒྱ་དང་སྤྲོད། །བསྟན་པའི་སྤྱི་དགྲ་བླ་མའི་སྐུ་དགྲ་དང་། །རྣལ་འབྱོར་སྡང་དགྲ་གསོད་ལ་མཐུ་མ་ཆུང་། །མདོར་ན་བདག་གི་རེ་འབྲས་གང་ཡིན་པ། །གེགས་མེད་མྱུར་དུ་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་འདོད་པའི་ཕྲིན་ལས་ནན་ཏན་དུ་གསོལ་ལོ། །གཉིས་པ་དྲག་པོའི་ཕྲིན་ལས་བྱེ་བྲག་ཏུ་བརྩམ་པ་ནི། འབོད་རྦད་བསད་པ་གསུམ་གྱིས་གཞི་བཟུང་། མནན་སྲེག་འཕང་བ་གསུམ་གྱིས་མཐའ་བསྡུས་ཏེ་དྲག་པོའི་ལས་ལ་སྦྱོར་ཚུལ་གཏེར་གཞུང་རྩ་བའི་མན་ངག་བརྒྱུད་ལྡན་བླ་མའི་ཕྱག་བཞེས་བཞིན་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་སྟེ་ལག་ཏུ་བླང་བར་བྱའོ། །གསུམ་པ་རྗེས་ཀྱི་བྱ་བ་ནི། གཏོར་མ་གཏོང་བ་ལ། ཆོ་ག་ཉིན་ཞག་སྦྲེལ་མར་བྱེད་པའི་སྐབས་སུ་འབུལ་གཏོར་ཟུར་དུ་བཅས་པ་ཉིད་འབུལ་ཞིང་། ཉིན་ཐ་མའི་ཚེ་ན་འདས་གཏོར་མ་གཏོགས་པའི་གཏོར་མ་གཞན་རྣམས་ལ་དཔལ་འབར་བཙུགས། སྤོས་དང་རོལ་མོར་བཅས་པས་སྒྲུབ་ཁང་གི་ཡང་ཐོག་སོགས་གང་དུ་གཏོང་བའི་སར་ཁྱེར་ཏེ་རཀྟས་བྲན་ལ་དམིགས་བྱ་འགུགས། བདུད་རྩིས་བྲན་ལ། ཨོཾ་ཨཱཿཧཱུྃ་ཧོཿ ས་བྱིན་གྱིས་བརླབས་པ་རྩ་སྔགས་ལ་གཏོར་སྔགས་བཏགས་པ་བདུན་ནམ་གསུམ་གྱིས་ཕུལ་ཞིང་། ཧཱུྃ། ཧེ་ཆེན་བརྡལ་བའི་དུར་ཁྲོད་ནས། །གནོད་སྦྱིན་ཆེན་ [13a] པོ་མཐུ་རྩལ་ཅན། །སྔོན་གྱི་ཐུགས་དམ་ཇི་བཞིན་དུ། །ལྷ་སྲིན་དམག་ཚོགས་ཁྲོམ་དང་བཅས། །ཧ་ཧ་ཧཱུྃ་ཧཱུྃ་སྒྲ་སྒྲོགས་ཤིང་། །གནས་འདིར་གཤེགས་ལ་གྲོགས་སུ་དགོངས། །ཟག་མེད་འདོད་ཡོན་བདུད་རྩི་ཡི། །དམ་རྫས་མཆོགགི་གཏོར་མ་འདི། །སྔར་བཅོལ་ལེགས་པའི་བརྡའ་རུ་འབུལ། །ཕྱི་བཅོལ་ལས་ཀྱི་གསོས་སུ་འབུལ། །དགྱེས་ཤིང་ཚིམ་པར་རོལ་ནས་ཀྱང་། །དེང་འདིར་བཅོལ་བའི་ཕྲིན་ལས་མཛོད། །གསང་སྔགས་བསྟན་པ་ཁྱོད་ཀྱིས་སྲུངས། །རིག་འཛིན་དབུ་འཕང་ཁྱོད་ཀྱིས་བསྟོད། །རྣལ་འབྱོར་སྡོང་གྲོགས་ཁྱོད་ཀྱིས་མཛོད། །མི་མཐུན་བར་ཆད་ཁྱོད་ཀྱིས་སོལ། །མཐུན་རྐྱེན་ལེགས་ཚོགས་ཁྱོད་ཀྱིས་སྤེལ། །འདོད་རྒུའི་དབང་དུ་ཁྱོད་ཀྱི་སྡུས། །གདུག་ཅན་དགྲ་བགེགས་ཁྱོད་ཀྱིས་ཐུལ། །གྲགས་པའི་རུ་མཚོན་ཁྱོད་ཀྱིས་ཕྱོར། །མདོར་ན་བདག་གི་བསམ་པའི་དོན། །བཅོལ་བའི་ལས་རྣམས་མ་ལུས་པ། །ཐོགས་མེད་ཡུད་ཀྱིས་བསྒྲུབ་ནས་ཀྱང་། །ཕྱོགས་ལས་རྣམ་པར་རྒྱལ་བར་མཛོད། །ཅེས་ཕུལ་ལ་ཕྲིན་ལས་བཅོལ། སླར་ཡང་གཏང་རག་གི་མཆོད་བསྟོད་མདོར་བསྡུས་མཐར། མ་རྙེད་ཡོངས་སུ་མ་ཚང་དང་། ཞེས་སོགས་དང་ [13b] ཡི་གེ་བརྒྱ་པས་ནོངས་པ་བཤགས། རྟེན་ཡོད་པའི་ཡེ་ཤེས་པ་རྣམས། འདིར་ནི་གཟུགས་དང་ལྷན་ཅིག་ཏུ། །སོགས་ཀྱིས་བརྟན་བཞུགས་བྱ། རྟེན་མེད་ན། ཨོཾ་ཁྱེད་ཀྱིས་སེམས་ཅན་དོན་ཀུན་མཛད། །སོགས་ཀྱིས་གཤེགས་སུ་གསོལ། དམ་ཚིག་པ་རང་ལ་བསྡུས་པའི་གནས་གསུམ་འབྲུ་གསུམ་གྱིས་བསྲུང་། འཇིག་རྟེན་པའི་འཁོར་རྣམས། གཙྪ་གཙྪ་སྭ་བྷཱ་ཝ་ནཾ་གྱིས་རང་གནས་སུ་བཏང་། དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པའི་བདེ་ལེགས་ཀྱིས་ཡོངས་སུ་ཁྱབ་པར་བྱའོ། །ཚུལ་འདི་བདུད་འཇོམས་ཟབ་གཏེར་གྱི་བཀའ་སྲོལ་ཉིད་གཙོ་བོར་བཟུང་སྟེ་བཀོད་མོད་ཀྱི། ལས་འབྲེལ་རྩལ་དང་། རཏྣ་གླིང་པའི་ཤན་དམར་ཡང་འདི་དང་ཚིག་དོན་མཚུངས་པར་མ་ཟད་ཁོ་བོས་དེ་དག་གི་རྒྱུན་ལེགས་པར་ནོས་པས་ན་བརྒྱུད་པའི་ཆུ་བོ་གཅིག་འདྲེས་སུ་འགྱུར་ཞིང་། འདི་ལ་རྒྱུད་དང་སྒྲུབ་ཐབས་མན་ངག་གི་གཅེས་གནད་གསང་བ་ཟབ་མོ་དང་འབྲེལ་བའི་ཕྱིར་མཐུ་ནུས་རྣོ་མྱུར་གྱི་ཚན་ཁ་གཞན་ལས་ཁྱད་པར་དུ་གྱུར་པ་ཡིན་ནོ། །དབང་དྲག་ཧེ་རུ་ཀ་དཔལ་གདུལ་དཀའི་ངོར། །མི་སྲུན་གནོད་སྦྱིན་ཆེན་པོར་རྣམ་རོལ་པ། །གང་དེ་སྒྲུབ་ཅིང་མཆོད་པའི་ཆོ་གའི་ཁྲིགས། །ཁྲག་འཐུང་པདྨའི་ཞལ་ལུང་བླ་ན་མེད། །མི་བཟད་གཏུམ་ཆེན་དུས་ཀྱི་ཕོ་ཉ་གང་། །གདུག་པའི་ཀླད་ཁྲག་གིས་མྱོས་ཁྲོས་འཁྲུགས་ཀྱི། །རྔམས་བརྗིད་ང་རོ་འབྲུག་སྟོང་བསྒྲག་ཙམ་ན། །ཉམས་པའི་དོན་སྙིང་ལྐོག་མར་ཅིས་མི་འབྱིན། །དེ་ལྟར་བསྟན་སྲུང་ཆེན་པོ་གནོད་སྦྱིན་ཤན་པ་དམར་ནག་གི་ཕྲིན་ལས་ཁྲག་འཐུང་དུས་ཀྱི་ཕོ་ཉའི་ང་རོ་ཞེས་བྱ་བ་ [14a] འདི་ནི། གསང་ཆེན་བསྟན་དང་བསྟན་འཛིན་གྱི་དབུ་འཕང་དགུང་དུ་བདོ་བའི་ཆ་རྐྱེན་དུ་ཡང་དག་པར་དམིགས་ནས། གཏེར་གཞུང་རྩ་བའི་དགོངས་པ་གཞིར་བཞག་ལ་སྐབས་སུ་བབས་པའི་ཚིག་ཕྲེང་གསར་རྩོམ་ཇི་ལྟར་རིགས་པས་མི་འགལ་བར་བརྒྱན་ཅིང་རྒྱུན་གྱི་མཆོད་ཕྲིན་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། ལྷ་རིགས་ཀྱི་སྔགས་སྨྱོན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཞི་བཅུ་རྩ་གཉིས་པའི་མཐར་ཐུག་པ་ས་སྐྱོང་གི་ལོ་ཉིན་མོར་བྱེད་པ་སྡིག་པའི་ཁྱིམ་ན་རྒྱུ་བ་ཤིན་ཏུ་དྲག་ཅིང་རྩུབ་པའི་དུས་ཀྱི་ཚེ། ཀོང་ལུང་བདུད་ཡུལ་ཁ་རག་མགོ་དགུའི་མཐིལ་རི་བོ་མ་ལ་ཡ་གནམ་ལྕགས་འབར་བའི་གཡས་ཟུར་བདུད་རི་ནག་པོ་རྔམས་ཆེན་སྒྲ་སྒྲོགས་ཀྱི་མགུལ་ཁུག་བོད་ཀྱི་དུར་ཁྲོད་ཧེ་ཆེན་བརྡལ་བའི་གནས་སུ་གྲུབ་པར་བགྱིས་པའོ། །འདིས་ཀྱང་ཕྱོགས་ལས་རྣམ་པར་རྒྱལ་བའི་རུ་མཚོན་དགུང་དུ་བསྙེག་པའི་རྒྱུར་གྱུར་ཅིག །ཛ་ཡནྟུ༎ ༎