རོང་ཟོམ་པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་སྦྱིན་སྲེག་གི་ཆོ་ག་སྲིད་གསུམ་དབང་དུ་བྱེད་པའི་ལྕགས་ཀྱུ།

From Dudjom Wiki
DJYD-KABUM-18-TSHA-007
Wylie title rong zom pad+ma mkha' 'gro rigs byed rtsal gyi sbyin sreg gi cho ga srid gsum dbang du byed pa'i lcags kyu DJYD-KABUM-18-TSHA-007.pdf
Location bdud 'joms rin po che bka' 'bum
Volume 18, Text 7, Pages 491-498 (Folios 1a1 to 4b6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rong zom pad+ma mkha' 'gro rigs byed rtsal gyi sbyin sreg gi cho ga srid gsum dbang du byed pa'i lcags kyu. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 18: 491-498. Kalimpong: Dupjung Lama, 1979-1985.
Side notes Recto: dbang chog   Verso: rong zom rigs byed ma
More details More details
Tertön རོང་ཟོམ་ཆོས་ཀྱི་བཟང་པོ་, འཇམ་དབྱངས་མཁྱེན་བརྩེའི་དབང་པོ་ (Rong zom chos kyi bzang po, 'jam dbyangs mkhyen brtse'i dbang po)
Genre Fire Offerings - sbyin sreg
Cycle ཡང་གཏེར་པདྨ་མཁའ་འགྲོ་མ་རིག་བྱེད་རྩལ་ (yang gter pad+ma mkha' 'gro ma rig byed rtsal)
Deity pad+ma mkha' 'gro
Colophon

།ཅེས་པའང་ལུང་རྟོགས་ཡོན་ཏན་རིན་པོ་ཆེའི་མངའ་ཐང་གིས་ཡོངས་སུ་མཐོ་བ་སྤྲུལ་པའི་སྐུ་འཇིགས་མེད་བློ་གྲོས་རབ་གསལ་ཟླ་བ་བཟང་པོའི་བཞེད་པ་སྐོང་བའི་སླད་དུ། སྣང་སེམས་རང་དབང་དུ་རིག་པའི་ཛོ་ཀི་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱལ་བའི་ལོ་འབྲས་བུ་བཅུད་དུ་སྨིན་པའི་དུས་དགེ་བར་སྦྱར་བའི་ཡི་གེ་པ་ནི་པདྨ་ཀློང་གྲོལ་གྱིས་བགྱིས་པ་སརྦ་ལོ་ཀ་པཱ་ཤཾ་ཤ་རུ་སིདྡྷི་རསྟུ༎

ces pa'ang lung rtogs yon tan rin po che'i mnga' thang gis yongs su mtho ba sprul pa'i sku 'jigs med blo gros rab gsal zla ba bzang po'i bzhed pa skong ba'i slad du/___snang sems rang dbang du rig pa'i dzo ki 'jigs bral ye shes rdo rjes rgyal ba'i lo 'bras bu bcud du smin pa'i dus dge bar sbyar ba'i yi ge pa ni pad+ma klong grol gyis bgyis pa sarba lo ka pA shaM sha ru sid+d+hi rastu//

[edit]
༄༅། །རོང་ཟོམ་པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་སྦྱིན་སྲེག་གི་ཆོ་ག་སྲིད་གསུམ་དབང་དུ་བྱེད་པའི་ལྕགས་ཀྱུ་ཞེས་བྱ་བ་བཞུགས་སོ། །


༄༅། ཨོཾ་སྭསྟི། རིགས་སྔགས་ཁབ་ལེན་ཞགས་པའི་འཕྲུལ་འཁོར་གྱིས། །རྣམ་མང་བརྟན་གཡོའི་ཕུན་ཚོགས་ལྕགས་ཕྱེའི་རྡུལ། །རང་དབང་མེད་འགུགས་པདྨའི་རིགས་གྱུར་ཡུམ། །རྗེ་བཙུན་མ་དཔལ་ཁྱོད་ཞབས་སྙིང་དབུས་བསྟི། །གང་གི་ཕྲིན་ལས་ནུས་པའི་རྩལ། །མྱུར་བ་དེར་འབྱིན་པའི་ཐབས་མཁས་ཕུལ། །བྱིན་ཟའི་ལས་ཀྱི་སྦྱོར་བ་ཡི། །ཆོ་གའི་རིམ་པར་རབ་གསལ་བྱ། འདི་ལ་གསུམ། སྦྱོར་བ། །དངོས་གཞི། རྗེས་སོ། །དང་པོ་ནི། རྒྱལ་དང་ལྡན་པའི་ཟླ་བ་གང་ཡང་རུང་བའི་ཚེས་བརྒྱད་དམ་བཅོས་ལྔའམ་ཉེར་དགུ་ལྟ་བུ་དབང་གི་ལས་ལ་ཤིས་པའི་དུས་ཚེས་དགེ་བའི་དགོང་མོའི་ཚེ། །ཚོང་འདུས་ཀྱི་སའམ་སྨད་འཚོང་མའི་མལ་འོག་གི་ས་ལས་ཐབ་སྟེགས་གྲུ་བཞི་ཁོད་སྙོམས་པ་ལ་བྲིས་ཐབ་ཀྱི་ཚེ་མྱོས་བྱེད་ཀྱིས་ [2a] ཆག་ཆག་གདབ་ཅིང་། བརྩིག་ཐབ་ཀྱི་ཚེ་དེ་ལ་རྒྱུ་བྱས་པའི་ཐབ་ཁུང་ཟླ་གམ་གྱི་དབྱིབས་ཅན་མཁྱིད་གང་བ་དང་། དཔངས་སུ་དེའི་ཕྱེད་ཆ། དེ་རྒྱབ་སོར་བཞི་པའི་ཁ་ཁྱེར་མུ་རན་དང་བཅས་པ་བྱ། གང་ལྟར་ལྟེ་བ་པདྨ་དམར་པོ་འདབ་མ་བཞི་པ་ལྕགས་ཀྱུས་མཚན་པ་དང་། ཁ་ཁྱེར་གྱི་ནང་དུ་མེ་རི་དམར་པོ་གཡོན་འཁོར་དུ་འབར་བ། མུ་རན་ལ་ལྕགས་ཀྱུ་དང་མེ་ཏོག་དམར་པོ་སྤེལ་མའི་ཕྲེང་བས་བསྐོར་ཞིང་ཟུར་གཉིས་ལའང་ལྕགས་ཀྱུ་རེ་བཅས་བྲི། ཁ་ཁྱེར་གྱི་ནང་དུ་ཙནྡན་དམར་པོའམ་འཛོ་མོ་ཤིང་ངམ་འོལ་མོ་སེ་སོགས་ཁ་དོག་དམར་ཞིང་རོ་སྐྱུར་བའི་ཤིང་གིས་བུད་ཤིང་ཟླ་གམ་དུ་བརྩིག་ལ་མེ་ཚང་བཅའ། །གཡས་ཕྱོགས་སུ་ཏིལ་གྱི་མར་ཁུའམ་མ་འབྱོར་ན་འབྲུ་མར། སྔར་གྱི་ཤིང་རྣམས་གང་རིགས་ཀྱི་སྡོང་པོའི་ཆ་ལས་བྱུང་བའི་ཡམ་ཤིང་སོར་གསུམ་པ་མངར་གསུམ་དང་མར་ཁུས་ཉུགས་པ་གྲངས་ [2b] ཇི་ལྟར་འོས་པ། བསྲེག་རྫས་གླང་སྣ་སོགས་མེ་ཏོག་དམར་པོའི་རིགས། མངར་གསུམ། ཙནྡན་དམར་པོ། མྱོས་བྱེད་ཀྱི་འབྲས་བུ། ཤ་ལྔ་བདུད་རྩི་ལྔ། རིན་པོ་ཆེ་སྣ་ཚོགས། འབྲུ་སྣ་བཟའ་བཅའ་སགས་ཁ་ཟས་བཟང་རྒུ། དར་གོས་དམར་པོའི་རིགས་སོགས་དང་། ཁྱད་པར་དབང་རྫས་གཞུང་བཞིན་ཚད་ལྡན་དུ་སྦྱར་བའི་རིལ་བུ་གྲངས་མང་། གཡོན་ངོས་སུ་ཟངས་གཞོང་དུ་འབྲུ་སྣའི་ཕྱེ་སྨན་སྤོད་མངར་གསུམ་དང་སྦྱར་བ་ཆང་དང་སྦྲང་རྩིས་སྦྲུས་པའི་གཏོར་མ་མཐེབ་ཀྱུ་རིལ་བུས་བསྐོར་བ་བཟའ་བཅའ་སྣ་ཚོགས་ཀྱིས་བརྒྱན་ཅིང་དར་དམར་གྱི་གུར་ཕུབ་པ་དང་། མངར་གསུམ་ཆང་དང་སྦྱར་བའི་བཏུང་བ། མཆོད་རྫས་མེ་ཏོག་དམར་པོ། ཁྱད་པར་གྱི་སྦྱར་སྤོས། ཏིལ་མར་གྱི་སྒྲོན་མེ། ཙནྡན་གྱི་དྲི་ཆབ། བཟའ་བཅའི་ཞལ་ཟས་རྣམས་བཤམ། རང་གི་མདུན་དུ་རྡོ་དྲིལ་དགང་བླུགས་ནང་མཆོད་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ཚོགས་པར་བྱའོ། །གཉིས་པ་ནི། རང་ཉིད་གཙོ་མོའི་ང་རྒྱལ་གྱིས་ཆས་གོས་དམར་པོ་བསྟར་ནས་ཆགས་པའི་སེམས་དང་ལྡན་པས་པདྨའི་སྐྱིལ་ཀྲུང་གིས་ཁ་ནུབ་ཏུ་ཕྱོགས་པས་འཁོད་དེ། མཆོད་གཏོར་རྣམས་ལ་ནང་མཆོད་འཐོར་ཞིང་བསང་སྦྱང་བྱིན་རླབས་གཞུང་བཞིན་བྱ། བསྲེག་རྫས་རྣམས་ལ་ནང་མཆོད་འཐོར་ཞིང་། །ཨོཾ་ཨཱཿཧཱུྃ་མང་དུ་བརྗོད་པས། བསྲེག་རྫས་རྣམས་ཟག་པ་མེད་པ་བདུད་རྩིའི་རང་བཞིན་ཅན་དབང་གི་ལས་སྒྲུབ་པ་ལ་ཐོགས་པ་མེད་པའི་ནུས་པ་དང་ལྡན་པར་བསམ། །སྨད་འཚོང་མའི་ལག་ནས་བྱུང་བའི་མེ་གཡོན་དུ་བསྐོར་ཏེ། ཨོཾ་ཨགྣེ་ཛྭ་ལ་རཾ། ཞེས་ཐབ་ [3a] ཏུ་བཅུག །ཧཱུྃ་ཧཱུྃ་ཧཱུྃ་ཞེས་རླུང་གཡབ་ཀྱིས་མེ་སྦར་ཞིང་བླུགས་གཟར་གྱི་མར་ཁུའི་ཐིག་པས་ཀྱང་གསོ། ཐབ་རྟ་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་མདུན་དུ་རྃ་ལས་དབང་གི་ཐབ་ཁུང་པདྨ་རཱ་གའི་རང་བཞིན་ཅན་ཟླ་གམ་དམར་པོ་མུ་རན་ཁ་ཁྱེར་དང་བཅས་པའི་དབུས་སུ་པདྨ་དམར་པོ་འདབ་མ་བཞི་པའི་ལྟེ་བར་ལྕགས་ཀྱུ་དང་། ཁ་ཁྱེར་དང་། ཟུར་རྣམས་སུ་མེ་ཏོག་དམར་པོ་དང་ལྕགས་ཀྱུས་མཚན་པ། དྭངས་ཤིང་སྒྲིབ་པ་མེད་པའི་འོད་ཟེར་ཀུན་ཏུ་འཕྲོ་བ། །རྒྱ་དཔངས་སོགས་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་ནང་དུ་དབང་གི་མེ་དམར་གསལ་དུ་འབར་བའི་དབུས་སུ་ཆོས་འབྱུང་དམར་པོ་ཟུར་དྲུག་པ་ལ་གནས་པའི་སོགས་བདག་བསྐྱེད་བཞིན་མེ་ལྷ་དམ་ཚིག་པ་གསལ་གདབ་ཅིང་ཡེ་ཤེས་པ་དྲང་བསྟིམ་དབང་བསྐུར་རྒྱས་གདབ་བཅས་ཀྱི་མཐར། མདུན་བསྐྱེད་ཀྱི་སྐབས་བཞིན་བཞུགས་གསོལ་ཕྱག་མཆོད་བསྟོད་བཤགས་དངོས་གྲུབ་བསྐུལ་བའི་བར་དུ་སོང་ནས། བསྲེག་རྫས་ཀྱི་ཐོག་མར་དགང་བླུགས་འབུལ་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཞལ་འཛུམ་པ་དང་བཅས་པས་ཅུང་ཟད་གདངས་པའི་ལྗགས་པདྨ་དམར་པོའི་རྣམ་པ་ཅན་དང་། གཟར་བུ་གཉིས་ཀྱི་ཁ་ལ་ཧྲཱིཿཡིག་འོད་ཟེར་གྱི་ཕུང་པོ་འབར་བས་མཚན་པས་བསྲེག་བླུགས་ཀྱི་བདུད་རྩིའི་རྒྱུན་དྲངས་ཏེ་གསོལ་བར་བསམ་ལ། ལག་གཉིས་ཁུ་ཚུར་སྲིན་མཛུབ་རྩེ་སྤྲད་པ་པདྨའི་ཕྱག་རྒྱས་ [3b] དགང་བླུགས་བཟུང་ནས། བསྙེན་པའི་རྩ་སྔགས་བཅས་གཡས་པའི་བླུགས་གཟར་བདུན་གྱིས་གཡོན་པའི་དགང་གཟར་བཀང་བའི་གཟར་བུ་ཁ་སྦྱར་པུས་མོའི་ནང་ལས་ཕྱིར་མི་འདའ་བར་གཡོན་དུ་བསྐོར་ཞིང་། །སྒྲུབ་སྔགས་ཀྱི་མཐར། ཨོཾ་ཨགྣ་ཡེ་སྭཱཧཱ༔ ཆེ་ག་མོ་ཝཱ་ཤཾ་མ་ན་ཡ་ ཧོཿ བདག་ཅག་འཁོར་དང་བཅས་པ་རྣམས་ཀྱིས་དམིགས་བྱ་ཆེ་གེ་མོ་སོགས་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་དབང་དུ་འདུས་ནས་དབང་གི་ཕྲིན་ལས་མཐར་ཕྱིན་པར་མཛད་དུ་གསོལ། ཞེས་སྤེལ་ཚིག་འབྲེལ་བས་ཕུལ། །ཚུལ་དེ་ལྟ་བུས་ལན་གསུམ་དུ་འབུལ་ཞིང་མེ་པྲ་བརྟག་པས་དགེ་བར་མཐོང་ན་གཟེངས་བསྟོད། །བགེགས་དང་བཆས་པ་ཉིད་ན་ལས་སྔགས་ཀྱིས་མེ་ལ་བསང་གཏོར་དང་སྲུང་བ་བྱ། དེ་ནས་རྫས་རྣམས་ཁུ་བའི་རང་བཞིན་ཅན་རྣམས་ཞལ་དང་། ཡམ་ཤིང་འོད་ཀྱི་དཀྱིལ་འཁོར། འབྲུ་སྨན་སོགས་ཕྱག་གིས་མཚོན་པར་ཕུལ་བར་མོས་ཏེ། ལག་གིས་བཟུང་དུ་བཏུབ་པན་རྣམས་གཡས་པའི་མཐེབ་སྲིན་སྦྱར་བ་པདྨའི་མཆོག་སྦྱིན་གྱི་ཚུལ་དང། དེ་ལས་གཞན་རྣམས་བླུགས་གཟེར་གྱིས་འབུལ་ཞིང་། །སྔགས་ནི་སྒྲུབ་སྔགས་ཀྱི་ཤམ་བུར། ཨོཾ་ཨགྣ་ཡེ་སྭཱཧཱ༔ ཆེ་གེ་མོ་ཝཱ་ཤཾ་མ་ན་ཡ་ཧོཿ ཞེས་སྤེལ་ཚིག་སྦྱར། དེ་ནས་ལས་འགྱངས་པའང་དགོས་པ་དམིགས་སུ་ [4a] བསལ་བའི་ཚེ་མདུན་གྱི་རཱུ་པ་ལ་དམིགས་ཏེ། རང་གི་ཐུགས་ཀ་ནས་ཕོ་ཉ་དམར་པོ་ལྕགས་ཀྱུ་དང་ཞགས་པ་ཐོགས་པ་དཔག་ཏུ་མེད་པ་སྤྲོས། བསྒྲུབ་བྱའི་སྙིང་ནང་ན་སེམས་ཀྱི་ངོ་བོ་ནྲྀ་དམར་པོའི་རྣམ་པར་གནས་པ་རྡོ་ཁབ་ལེན་གྱིས་ལྕགས་ཕྱེ་བསྡུས་པ་ལྟར་བཀུག་ནས་གཟུགས་ལ་ཐིམ་པར་བསམ་ལ། ལྕགས་ཀྱུའི་ཕྱག་རྒྱ་དང་བཅས་ཏེ། །ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། །ཆོས་ཉིད་རྣམ་པར་དག་པའི་བདེན་པ་དང་། །ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི་བདེན་པ་དང་། །དབང་མཛད་པདྨ་མཁའ་འགྲོ་རིགས་བྱེད་རྩལ་གྱི་ལྷ་ཚོགས་རྣམས་ཀྱིས་བདེན་པ་དང་། བདེན་པ་ཆེན་པོའི་བྱིན་རླབས་ཀྱིས་ཆེ་གེ་མོ་ལ་སོགས་ཏེ་ཁམས་གསུམ་གྱི་འགྲོ་བ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག །ཨ་ནྲྀ་ཏྲི་ཨ་ཀརྴ་ཡ་ཧཱུྃ་ཛཿ ཛཿཧཱུྃ་བཾ་ཧོཿ ཞེས་ལན་བདུན་ནམ་ཉེར་གཅིག་སོགས་ཀྱིས་ཡིད་ཆེས་པར་བཀུག་ཅིང་བསྟིམ་པས་བསྒྲུབ་བྱ་དངོས་སུ་གྱུར་པར་བསམ་ལ། སྒྲུབ་སྔགས་དང་ལས་སྔགས་སྦྲེལ་མར་བཟླས་བཞིན་རཱུ་པ་མེ་འོད་དུ་ཞུ་ལ་ཁད་དུ་བསྲོ་ཞིང་། ཆགས་སྐྱེད་ཡིད་བསྒྱུར་སོགས་ཁྱད་པར་གྱི་རྫས་རྣམས་ཕུལ་བས། དམིགས་བྱ་དེ་ཉིད་རང་གི་མདུན་དུ་ལྷགས་ཏེ་བདག་ལ་ཤིན་ཏུ་ཆགས་ཤིང་གདུང་ནས་རང་དབང་བརྟན་པ་དང་བྲལ་བས་དབང་དུ་འདུས། །མཐར་ཐིག་ལེ་དམར་པོའི་རྣམ་པར་ལྟེམ་གྱིས་ཞུ་བ་རང་གི་སྙིང་གར་ཐིམ་ [4b] པས་རང་སེམས་དང་དབྱེར་མེད་དུ་གྱུར་པར་མོས་ལ་བདེ་སྟོང་གི་ངོ་བོར་མཉམ་པར་བཞག་གོ། །གསུམ་པ་ནི། སླར་ཡང་གཤེགས་སྐྱེམས་དགང་བླུགས་སྔར་བཞིན་ཕུལ་མཐར། ཨོཾ་བཛྲ་ཝ་སྟྲ་ཡ་སྭཱཧཱ༔ ཞེས་གོས་ཟུང་དམར་པོ་འབུལ། །བསྙེན་སྔགས་མཐར། ཨི་དཾ་བ་ལིངྟ་པི་པ་ཐ་གྲྀཧྞ་པ་ཡ་སོགས་གཏོར་འབུལ་མཆོད་བསྟོད་འདོད་དོན་གསོལ་བ་བཅས་བདག་བསྐྱེད་སྐབས་བཞིན་བྱས་ལ། མ་རྙེད་ཡོངས་སུ་མ་ཚང་དང་། ཞེས་སོགས་དང་ཡི་གེ་བརྒྱ་པ་བཟླས་པས་ནོངས་པ་བཤམས། ཛཿཧཱུྃ་བཾ་ཧོཿ ས་མེ་ལྷ་ཡེ་ཤེས་པ་རང་ལ་ཐིམ་པས་ནུས་པ་མཆོག་ཏུ་བསྐྱེད། །དམ་ཚིག་པ་འབར་བའི་རྣམ་པར་གྱུར་པར་བསམ་ལ། མེ་རང་ཞིར་བཏང་བའམ་ཆང་གིས་གཞིལ་ནས་ཐལ་བ་དམིགས་བྱ་ལ་གཏོར་བའམ་ཕྱོགས་དེར་འབབ་པའི་ཆུའམ་རླུང་ལ་བསྐུར། དགེ་བ་བསྔོ་ཞིང་ཤིས་བརྗོད་ཀྱི་མེ་ཏོག་ཆར་དུ་བསྙིལ་བས་བདེ་ལེགས་སུ་བྱའོ། །དབང་གི་ཕྲིན་ལས་འོད་སྟོང་འབར་བའི་གཟིས། །གསང་བསྟན་པདྨོའི་ནགས་ཀླུང་བཞད་གྱུར་ཏེ། །ཆོས་སྲིད་དཔལ་གྱི་ཟིལ་དངར་རྟག་འཇོ་བས། །ས་གསུམ་བུང་བའི་དགའ་སྟོན་བསྒྲུབ་གྱུར་ཅིག །ཅེས་པའང་ལུང་རྟོགས་ཡོན་ཏན་རིན་པོ་ཆེའི་མངའ་ཐང་གིས་ཡོངས་སུ་མཐོ་བ་སྤྲུལ་པའི་སྐུ་འཇིགས་མེད་བློ་གྲོས་རབ་གསལ་ཟླ་བ་བཟང་པོའི་བཞེད་པ་སྐོང་བའི་སླད་དུ། སྣང་སེམས་རང་དབང་དུ་རིག་པའི་ཛོ་ཀི་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱལ་བའི་ལོ་འབྲས་བུ་བཅུད་དུ་སྨིན་པའི་དུས་དགེ་བར་སྦྱར་བའི་ཡི་གེ་པ་ནི་པདྨ་ཀློང་གྲོལ་གྱིས་བགྱིས་པ་སརྦ་ལོ་ཀ་པཱ་ཤཾ་ཤ་རུ་སིདྡྷི་རསྟུ༎ །།