ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སྒྲུབ་ཁོག་ཕན་བདེའི་སྣང་བ།

From Dudjom Wiki
DJYD-KABUM-18-TSHA-009
Wylie title thugs rje chen po sdug bsngal rang grol gyi sgrub khog phan bde'i snang ba DJYD-KABUM-18-TSHA-009.pdf
Location bdud 'joms rin po che bka' 'bum
Volume 18, Text 9, Pages 508-548 (Folios 1a1 to 20b5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Thugs rje chen po sdug bsngal rang grol gyi sgrub khog phan bde'i snang ba. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 18: 508-548. Kalimpong: Dupjung Lama, 1979-1985.
Side notes Recto: sgrub khog   Verso: klong snying thugs chen
More details More details
Tertön འཇིགས་མེད་གླིང་པ་ ('jigs med gling pa)
Genre Structural Arrangement for Ritual Practice - sgrub khog
Cycle གསང་སྒྲུབ་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་ (gsang sgrub thugs rje chen po sdug bsngal rang grol)
Parent Cycle ཀློང་ཆེན་སྙིང་གི་ཐིག་ལེ་ (klong chen snying gi thig le)
Deity thugs rje chen po
Colophon

།ཅེས་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སྒྲུབ་ཁོག་ཕན་བེའི་སྣང་བ་ཞེས་བྱ་བ་འདིའང་། སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་གནས་མཆོག་འོག་མིན་པདྨ་དགའ་ཚལ་གྱི་སྒྲུབ་པའི་སྡེར་ཉམས་བཞེས་རྒྱུན་འཛུག་གི་ཆ་རྐྱེན་དུ་ཉེར་མཁོར་གྱུར་ཏེ་ཆེད་དུ་བསྐུལ་བར་མཛད་པ་བཞིན། །པྲ་ཁྲིད་རང་གཞུང་གི་དགོངས་པ་རྩ་བར་བཟུང་ཞིང་ངག་འདོན་གྱི་རིམ་པ་དཔལ་ཆེན་སྒྲུབ་ཁོག་སོགས་རིགས་མཐུན་གྱི་ཁ་སྐོང་དང་བཅས་རྣམ་གསལ་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། རྗེ་རིགས་ཀྱི་སྔགས་བན་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤིང་ཕོ་རྟའི་ལོ་ནག་པ་ཉ་བའི་ཡར་ངོའི་ཚེས་བརྒྱད་ལ། འཕགས་མཆོག་མིག་མི་འཛུམ་ཉིད་དགྱེས་རྒུར་བསྟི་བའི་ཞིང་ཁམས་དབུ་རུ་ལྷ་ལྡན་གྲུ་འཛིན་གྱི་རི་པོའི་ཉེ་འདབས་སུ་སྦྱར་བ་ལས་ཡི་གེ་པ་ནི་ལྷོ་མོན་ཕྱོགས་ཀྱི་བཙུན་པ་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་གཞིར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།།

ces thugs rje chen po sdug bsngal rang grol gyi sgrub khog phan be'i snang ba zhes bya ba 'di'ang /___slob dpon chen pos byin gyis brlabs pa'i gnas mchog 'og min pad+ma dga' tshal gyi sgrub pa'i sder nyams bzhes rgyun 'dzug gi cha rkyen du nyer mkhor gyur te ched du bskul bar mdzad pa bzhin/___/pra khrid rang gzhung gi dgongs pa rtsa bar bzung zhing ngag 'don gyi rim pa dpal chen sgrub khog sogs rigs mthun gyi kha skong dang bcas rnam gsal 'jug pa bde ba'i dbang du byas te/___rje rigs kyi sngags ban snyoms las pa 'jigs bral ye shes rdo rjes shing pho rta'i lo nag pa nya ba'i yar ngo'i tshes brgyad la/___'phags mchog mig mi 'dzum nyid dgyes rgur bsti ba'i zhing khams dbu ru lha ldan gru 'dzin gyi ri po'i nye 'dabs su sbyar ba las yi ge pa ni lho mon phyogs kyi btsun pa chos grags rgya mtshos bgyis pa'o/___/'dis kyang 'gro ba mang po la phan pa rgya chen po 'byung ba'i gzhir gyur cig/___//sarba dA mang+ga laM//

[edit]
༄༅། །ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སྒྲུབ་ཁོག་ཕན་བདེའི་སྣང་བ་ཞེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི། བརྩེ་བའི་སྤྱན་རས་རྟག་ཏུ་མི་འཛུམ་པས། །འགྲོ་ལ་གཟིགས་པ་ལྷུར་མཛད་ཐུགས་རྗེའི་གཏེར། །འཇིག་རྟེན་དབང་ཕྱུག་བླ་མར་གུས་བཏུད་ནས། །དེ་ཉིད་སྒྲུབ་པའི་ཁོག་དབུབ་འཆད་ལ་སྤྲོ། །དེའང་ཐུགས་རྗེ་ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སྒོ་ནས་མྱང་གྲོལ་རིལ་བུའི་སྒྲུབ་པ་དང་འབྲེལ་བར་ཚོམ་བུ་ཚོགས་སྒྲུབ་ཆེན་མོ་ཇི་ལྟར་བྱ་བའི་ཚུལ་གྱི་ཁོག་དབུབ་འདུས་གསལ་འཇུག་བདེར་འཆད་པ་ལ་སྤྱི་དོན་རྣམ་པར་གསུམ་སྟེ། ཕུན་སུམ་ཚོགས་པ་ལྔས་སྒྲུབ་པའི་གཞི་བཟུང་བ། བསྙེན་སྒྲུབ་ཡན་ལག་བཞིས་སྒྲུབ་པའི་གཞུང་བསྲང་བ། །རྗེས་ཀྱི་ལས་རིམ་རྣམས་ཀྱིས་སྒྲུབ་པ་མཐའ་རྒྱས་སུ་བྱའོ། །དང་པོ་ནི་གང་དུ་སྒྲུབ་པའི་གནས་བཀྲ་ཤིས་དགེ་ [2 མཚན་ཚང་བ། གང་གིས་སྒྲུབ་པའི་སློབ་དཔོན་ཡོན་ཏན་དང་ལྡན་པ། །གང་དང་ལྷན་ཅིག་སྒྲུབ་པའི་ཚོམ་བུའི་འཁོར་དམ་ཚིག་གཙང་བ། གང་ལ་བརྟེན་ནས་སྒྲུབ་པའི་ཡོ་བྱད་ཀྱི་རྫས་ཐམས་ཅད་ཚོགས་པ། གང་གི་ཚེ་སྒྲུབ་པའི་དུས་ཡར་ངོ་གཟའ་སྐར་འཕྲོད་སྦྱོར་བཟང་ཞིང་དགེ་བ་རྣམས་ལ་སྟེ། དེ་ལྟར་ཕུན་སུམ་ཚོགས་པ་ལྔས་ལས་ཀྱི་གཞི་བཟུང་བར་བྱའོ། །གཉིས་པ་ལ་གཉིས། །སྔོན་འགྲོའི་ཆོ་ག་དང་། །དངོས་གཞིའི་རིམ་པའོ། །དང་པོ་ལའང་བཞི། སའི་ཆོ་ག །མཚམས་བཅད་པ། རྟེན་གྱི་དཀྱིལ་འཁོར་བཅའ་བ། ཕྲིན་ལས་ལ་འཇུག་པའི་ཡན་ལག་གོ །དང་པོ་ལའང་བཞི་ལས། དང་པོ་ས་སློང་བ་ནི། སྣང་བ་མི་ལས་རང་དབང་དུ་བྱས་ཟིན་ནས་མི་སྣང་བ་ལས་བསླང་བ་ལ། །སྒྲུབ་པའི་ [2b] ཁང་པ་བྱི་དོར་བྱས་ལ་རྒྱན་གྱི་ཁྱད་པར་དུ་མས་མཛེས་པར་བརྒྱན། ཕུག་ལོགས་སུ་སྟེགས་བུ་གཙང་མར་བདག་བསྐྱེད་ཀྱི་མཆོད་པ་སྨན་རཀ་གཏོར་མ་ཉེར་སྤྱོད་བཅས་བཤམ། དེའི་མདུན་ཕྱོགས་སོགས་གང་དུ་བྱ་བའི་དཀྱིལ་འཁོར་གྱི་གཞི་དེར་མཎྜལ་ལ་འབྲུ་དཀར་གྱི་ཚོམ་བུ་གཅིག་བཀོད་པའི་མདུན་དུ་ས་ལྷའི་གཏོར་མ་དཀར་ཟླུམ་ཐེབ་རིལ་གྱིས་མཚན་པ་དང་། ཞིང་སྐྱོང་སྤྱིའི་དཀར་གཏོར་དང་གསེར་སྐྱེམས། མཐར་བྱང་ཤར་མཚམས་འཛིན་མེ་ཏོག་ནས་བརྩམས་ཏེ་ཆུ་གཉིས་ཉེར་སྤྱོད་ལྔས་གཡས་སུ་བསྐོར། ཕྱོགས་གང་བདེར་ལས་བུམ་ཉེར་ལྔའི་བཅུད་ལྡན་ཁ་རྒྱན་མགུལ་ཆིངས་གཟུངས་རྡོར་བཅས་པ་དང་། ཉེ་ལོགས་སུ་དུང་ཞལ་དྲི་བཟང་གི་ཆུས་བཀང་བའང་བཞག །གཞན་ཡང་ས་བཟུང་གི་ཕུར་བུ་སོགས་འོག་གི་སྐབས་སོ་སོར་ཉེ་བར་མཁོ་བའི་ཡོ་བྱད་རྣམས་ལེགས་པར་འདུ་བྱས་ལ། བདག་བསྐྱེད་བཟླས་པ་སྔོན་དུ་འགྲོ་བས། ལས་བུམ་བསང་སྦྱང་། སྟོང་པའི་ངང་ལས་ལས་ཀྱི་བུམ་པ་རྒྱུ་རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པ་ཕྱི་བུམ་པ་ལ་ནང་གཞལ་ཡས་ཁང་གི་རྣམ་པར་གསལ་བ། །བུམ་བཅུད་བདུད་རྩིའི་རྒྱ་མཚོར་འཁྱིལ་པའི་དབུས་སུ་པྃ་ལས་པདྨའི་སྡོང་པོ་ཡན་ལག་རགས་ལ་ལོ་འདབ་རྒྱས་པའི་སྙིང་པོར་པདྨ་དམར་པོ་འདབ་མ་བརྒྱད་རབ་ཏུ་གྱེས་པའི་ཟེའུ་འབྲུར་ཉི་མའི་གདན་ལ་ཡི་གེ་ཧྲཱིཿདམར་པོ་ཡོངས་སུ་གྱུར་པ་ལས། ཁྲོ་བོའི་རྒྱལ་པོ་དཔལ་ [3a] རྟ་མགྲིན་སྐུ་མདོག་དམར་ནག་གཡས་ཐོད་དབྱུག་དང་གཡོན་སྡིགས་མཛུབ་ཅན་དུར་ཁྲོད་ཀྱི་ཆས་དང་ལྡན་པ་ཡེ་ཤེས་ཀྱི་མེ་དཔུང་འབར་བའི་ཀློང་དུ་ཞབས་གཉིས་འདོར་སྟབས་ཀྱིས་དགྲ་བགེགས་བརྫིས་པ། གཏུམ་རྔམས་བཟོད་པར་དཀའ་བའི་སྐུ་ཅན་དུ་གསལ་བའི་གནས་གསུམ་འབྲུ་གསུམ་གྱིས་མཚན་པ་ལས་འོད་ཟེར་འཕྲོས། རང་བཞིན་གྱི་གནས་ནས་རང་འདྲ་བའི་ཡེ་ཤེས་སེམས་དཔའ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས་དབྱེར་མེད་བསྟིམ། ཨོཾ་བཛྲ་ཨརྒྷཾ་པྲ་ཏཱིཙྪ་སྭཱཧཱ༔ དེ་བཞིན་དུ། ཤཔྡའི་བར་སྦྱར་བས་མཆོད། ཧྲཱིཿ དབང་གི་རྒྱལ་པོ་པདྨ་ཧེ་རུ་ཀ༔ འཇིགས་རྔམས་གཏུམ་པས་ལོག་འདྲེན་འབྱུང་པོ་འདུལ༔ ཐབས་མཁས་རོལ་པ་འབར་བའི་ཆ་ལུགས་ཅན༔ ཁྲོ་རྒྱལ་རྟ་མཆོག་དཔལ་ལ་ཕྱག་འཚལ་བསྟོད༔ ཅེས་བསྟོད། ཐུགས་ཀར་ཧྲཱིཿདམར་པོའི་མཐའ་སྐོར་དུ་སྔགས་ཀྱིས་གཡས་བསྐོར་དུ་འཁོར་ཞིང་སྔགས་འབྲུ་དང་སྐུའི་ཆ་ཐམས་ཅད་ནས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་མོས་ལ། གཟུངས་ཐག་བླངས་ཏེ། ཨོཾ་ཧྲཱིཿཔདྨནྟ་ཀྲྀ་ཏ་མ་ཧཱ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུཾ་ཕཊ༔ ཅེས་བརྒྱ་རྩ་ཙམ་བཟླས་མཐར། ཁྲོ་བ་ཆེན་པོས་དཀྱིལ་འཁོར་གྱི་བྱ་བ་མཐར་ཕྱིན་པའི་ཕྲིན་ལས་མཛད་དུ་གསོལ། ཅེས་ཕྲིན་ལས་བཅོལ། ལྷ་འོད་དུ་ [3b] ཞུ་ནས་བུམ་ཆུ་དང་དབྱེར་མེད་དུ་འདྲེས་པས་ཆུའི་རྡུལ་ཇི་སྙེད་ཁྲོ་བོའི་རང་བཞིན་དུ་གྱུར་ཏེ་བར་ཆད་སྲུང་བའི་ནུས་པ་དང་ལྡན་པར་མོས་ཤིང་། ཕྱིན་ཆད་བསང་གཏོར་གྱི་བྱ་བ་ཐམས་ཅད་དེས་བྱའོ། དེ་ནས་མཆོད་གཏོར་རྣམས་ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། ཐམས་ཅད་སྟོང་ཉིད་ནམ་མཁའི་ངང་༔ བྷྲཱུྃ་ལས་རིན་ཆེན་སྣོད་ནང་དུ་༔ ཨོཾ་ལས་ཕྱི་ནང་མཆོད་པའི་ཚོགས༔ སོ་སོའི་ལྷ་མོའི་རོལ་པར་བཅས༔ རབ་འབྱམས་ནམ་མཁའ་གང་བར་གྱུར༔ ཨོཾ་བཛྲ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གྷནྡེ་ནཻཝི་དྱ་ཤཔྡ་པཱུ་ཛ་ས་མ་ཡ་ཧཱུྃ། ཞེས་དང་། གཏོར་གཞོང་རཏྣའི་གཞལ་ཡས་སུ༔ གཏོར་མ་འདོད་ཡོན་ཕུང་པོར་སྤུངས༔ ཨོཾ་ཨཱཿཧཱུྃ༔ ཞེས་ལན་གསུམ་གྱིས་བརླབས། ལག་གཡས་རྡོ་རྗེ་དང་བཅས་ས་ལ་བརྡེག་པའི་ཚུལ་བྱ་ཞིང་། ཧཱུྃ་ཧཱུྃ་ཧྲཱི་ཧྲཱིཿ ས་དེ་བརྡོལ་བ་ལས་སའི་ལྷ་མོ་བརྟན་མ་སྐུ་མདོག་གསེར་གྱི་མདོག་ཅན་རཏྣའི་རྒྱན་གྱིས་སྤྲས་པ། ཕྱག་གཡས་མཆོག་སྦྱིན་དང་། གཡོན་གཏེར་བུམ་བསྣམས་པ། ལྟེ་བ་ཡན་ཆད་ས་སྟེང་དུ་ཐོན་པ་དམ་ཡེ་དབྱེར་མེད་དུ་སྣང་བ་ལ། འཁོར་ས་བདག་གི་ཚོགས་དཔག་ཏུ་མེད་པས་བསྐོར་བ་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བྃ་ཧོཿ ས་བསྟིམ། ཨོཾ་པྲི་ཐཱི་ནི་ངྷེ་ཝི་ས་པ་རི་ཝཱ་ར་ཨརྒྷཾ་པུཥྤེ་སོགས་ནས། ཤཔྡའི་བར་གྱིས་ཉེར་སྤྱོད་དང་། ཨ་ཀཱ་རོ་ལན་གསུམ་ [4a] གྱིས་གཏོར་མ་བསྔོས་ལ། སྐྱོབ་པ་སངས་རྒྱས་ཐམས་ཅད་ཀྱི། །སྤྱོད་པའི་ཚུལ་དང་ཁྱད་པར་དུ། །ས་དང་ཕ་རོལ་ཕྱིན་རྣམས་ལ། །ལྷ་མོ་ཁྱོད་ནི་དཔང་དུ་གྱུར། །ཤཱཀྱ་སེང་གེ་སྐྱོབ་པ་ཡིས། །ཇི་ལྟར་བདུད་ཀྱི་སྡེ་བཅོམ་པ། །དེ་བཞིན་བདག་ཀྱང་བདུད་སྡེ་ལས། །རྒྱལ་བར་བྱས་ཏེ་དཀྱིལ་འཁོར་བྲི། །དེ་ཕྱིར་ས་འདི་གནང་བར་མཛོད། །ཅེས་བརྗོད་པས་དེས་ཀྱང་། རྡོ་རྗེ་འཛིན་པ་ཁྱེད་ཅི་དགའ་བར་ལོངས་སྤྱོད་ཅིག་ཅེས་གནང་བ་བྱིན་ནས་ས་དེ་ཉིད་དུ་ཐིམ་པར་བསམ་ཞིང་། མཆོད་གཏོར་ཕྱི་རོལ་དུ་འབུལ། སླར་ཡང་ཁྱད་པར་གྱི་ཞིང་སྐྱོང་གཞི་བདག་རྣམས། བྷཱུ་མི་པ་ཏི་ས་པ་རི་ཝཱ་ར་བཛྲ་ས་མཱ་ཛཿས་སྤྱན་དྲངས། སྠ་ན་པ་ཏི་ཀྵེ་ཏྲ་པཱ་ལཉྩ་ན་མཿསརྦ་ཏ་ཐཱ་ག་ཏེ་བྷྱོ་བི་ཤྭ་མུ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ༔ ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ལ། ཧཱུྃ༔ དགོངས་ཤིག་ས་བདག་ལྷ་ཀླུ་སྡེ་དང་དཔུང་༔ གངས་རི་གཡའ་རྩེ་ལུ་མ་སྐྱེད་མོས་ཚལ༔ མཚོ་རྫིང་ལྟེང་ཀ་སོ་སོའི་གནས་རྣམས་ནས༔ ལྷ་ཀླུ་ས་བདག་གནས་འདིར་སྤྱན་འདྲེན་གྱི༔ འཛམ་གླིང་གྲུ་བཞིར་སྒྲུབ་པའི་ས་བསླང་ཕྱིར༔ ས་བདག་འཁོར་དང་བཅས་པ་འདིར་གཤེགས་ཏེ༔ བྱིན་བརླབས་བསྔོས་པའི་གཏོར་མ་འདི་བཞེས་ལ༔ རིན་ཆེན་གཏེར་གྱི་ས་འདི་སྩལ་དུ་གསོལ༔ བྷུ་མི་པ་ཏི་ས་པ་ [4b] རི་ཝཱ་ར་གཙྪ༔ གནང་བ་བྱིན་ནས་རང་གནས་སུ་གཤེགས་པར་བསམ་ལ། །གཏོར་མ་གསེར་སྐྱེམས་ཕྱི་རོལ་དུ་འབུལ་ཞིང་མཆོད་པ་རྣམས་བསྡུ། གཉིས་པ་ས་བཟུང་བ་ནི། སློབ་དཔོན་གྱིས་སེང་ལྡེང་གི་ཕུར་པ་སོར་བརྒྱད་པ་དར་དམར་གྱི་ཅོད་པན་ཅན་བཟུང་ནས་སྟེགས་བུའི་མདུན་དུ་འཁོད་ལ། རང་ཉིད་རིགས་འདུས་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་ཧྲཱིཿཡིག་མར་མེ་ལྟར་འབར་བ་འཕྲོས། ཕུར་བུ་ལ་ཐིམ་པས་དེ་ཉིད་དཔལ་རྟ་མགྲིན་སྐུ་མདོག་དམར་པོ་དབྱུག་ཏོ་དང་ཐོད་ཁྲག་འཛིན་པ་སྐུ་སྨད་ཕུར་བུའི་དཔལ་ཅན་དུ་གྱུར་པར་བསམ་ཞིང་། ཨོཾ་ཧྲཱིཿཔདྨ་ནྟ་ཀྲྀཏ་མ་ཧཱ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཅེས་ལན་བདུན་བཟླས་ནས་ས་གཞི་ལ་བཏབ་པས། དེ་ལས་འོད་ཟེར་འཕྲོས་ས་ཞི་ལ་ཁྱབ་པས་སྣང་སྲིད་ཐམས་ཅད་བདག་གི་དབང་དུ་འདུས་པར་བསམ་མོ། གསུམ་པ་ས་སྦྱོང་བ་ནི། རང་གི་ཐུགས་ཀ་ནས་རྃ་ཁྃ་ཡྃ་འཕྲོས་པས་སྣོད་བཅུད་ཀྱི་དངོས་འཛིན་མ་དག་པའི་ཉེས་སྐྱོན་ཐམས་ཅད་བསྲེག་གཏོར་བཀྲུས་ཏེ་སྟོང་པར་སྦྱངས། །སྟོང་པའི་ངང་ལས་སྣོད་བཅུད་སྣང་སྲིད་ཐམས་ཅད་འོག་མིན་པདྨོ་བདེ་བ་ཅན་གྱི་ཞིང་ཁམས་ཆེན་པོར་ཡོངས་སུ་རྫོགས་པར་གསལ་ལ། ཨོཾ་སྭ་བྷཱ་ཝ་ཤུངྔྷ་སརྦ་དྷརྨཿསྭ་བྷཱ་ཝ་ཤུངྔྷཉཧཾཿཞེས་བཟླས་ཞིང་ལག་གཡས་པའི་སོར་མོ་ལྔ་རྡོ་རྗེ་རྩེ་ལྔ་པར་མོས་པས་བསྐོར་ཞིང་རེག་པར་བྱའོ། །བཞི་པ་ས་སྲུང་བ་ནི། ལས་བྱང་ [5a] ལྟར་བགེགས་ལ་གཏོར་མ་སྦྱིན་ཅིང་བཀའ་བསྒོས་ཏེ་དྲག་སྔགས་ཡུངས་ཐུན་ཚམ་རྔམས་དང་བཅས་པས་རྒྱང་རིང་དུ་བསྐྲད་མཐར། བདག་གི་ཐུགས་ཀ་ནས་ཁྲོ་བོ་བཅུ་སྤྲོས་པའི་ཚོགས་ཀྱིས་ས་གཞི་གང་བར་གྱུར། ཕུར་བུ་སྟོད་ཞལ་གསུམ་ཕྱག་དྲུག་ཕུར་བུ་འདྲིལ་བ་སྨད་ལྕགས་ཕུར་མེའི་ཚྭ་ཚྭ་འཕྲོ་བར་གྱུར་བར་མོས་ཏེ། ལས་ཕུར་འདྲིལ་ཞིང་། ཨོཾ་གྷ་གྷ་གྷཱ་ཏ་ཡ་གྷཱ་ཏ་ཡ་སརྦ་དུཥྚན་བཛྲ་ངྷ་རོད་ཨ་ཛྙཱ་པ་ཡི་ཏི་སརྦ་བིགྷྣཱན་ཀཱ་ཡ་ཝཱ་ཀ་ཙིཏྟ་བཛྲ་ཀཱི་ལ་ཡ་ཧཱུྃ་ཧཱུྃ་ཕཊ༔ ལན་གསུམ། ཕུར་བུ་ལས་འཕྲོས་པའི་ཁྲོ་ཆུང་དང་མེའི་འོད་ཀྱིས་ས་གཞི་ཐམས་ཅད་ཁེངས་པར་བསམ་ཞིང་། ལས་བྱང་བཞིན་སྲུང་འཁོར་གསལ་གདབ་བོ། །སྐབས་འདིར་དགེ་བའི་དཔུང་བསྐྱེད་ཕྱིར། སཱཙྪ་གདབ་པ། སློག་བསླུ་ཉེའུ་འདོན། བཤགས་སྐོང་ཞི་བའི་སྦྱིན་སྲེག མགྲོན་བཞི་ལ་མཆོད་སྦྱིན་ཅི་འབྱོར། གཟུངས་མདོ་སྒྲོགས་པ། ཁྱད་པར་སྒྲུབ་ཁང་གི་ཤར་དུ་ཤེར་ཕྱིན། ལྷོར་སྟོབས་པོ་ཆེ། ནུབ་ཏུ་ལང་གཤེགས། བྱང་དུ་ཏོག་ཟུངས་འདོན་པ་རྣམས་ཅི་འགྲུབ་བྱའོ། །གཉིས་པ་མཚམས་བཅད་པ་ལ་གསུམ་གྱི། དང་པོ་ཕྱི་མཚམས་བཅད་པ་ནི། སྒྲུབ་ཁང་གི་ཕྱི་རོལ་ཐོ་ལ་རྒྱལ་ཆེན་སྡེ་བཞིའི་སྐུ་སྔགས་བྱང་ཅན་གཞུག དཔོན་སློབ་རྣམས་ཐོ་མདུན་དུ་འཁོད་ལ། མཆོད་གཏོར་བཤམས་པ་གོང་བཞིན་བྱིན་གྱིས་བརླབ་ནས། རང་གི་ཐུགས་ཀ་ནས་འོད་ཟེར་འཕྲོས་རི་རབ་ཀྱི་ཤར་ཕྱོགས་ [5b] ནས་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་འཁོར་བཅས་བཛྲ་ས་མཱ་ཛཿས་སྤྱན་དྲངས། ཛཿཧཱུྃ་བཾ་ཧོཿ ས་བསྟིམ། ཨོཾ་ངྷྲིཥྚ་རཥྚ་ཧཱུྃཛཿ ཞེས་བཟླ། རང་སྔགས་དེ་ལ་ཨརྒྷཾ་སོགས་བཏགས་པས་ཉེར་སྤྱོད་དང་། ཨ་ཀཱ་རོས་གཏོར་མ་ཕུལ་ལ། ཧཱུྃ། རི་རབ་གླིང་བཞིའི་ཤར་ཕྱོགས་ནས། དཔལ་ལྡན་རྒྱལ་པོ་ཡུལ་འཁོར་སྲུང་། །ཕྱོགས་སྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །དྲི་ཟའི་གདོན་རྣམས་མཚམས་ཆོད་ཅིག །ཅེས་ཕྲིན་ལས་བཅོལ། ཏིཥྛ་བཛྲས་བརྟན་པར་བྱ། དེ་བཞིན་དུ་གསུམ་སོ་སོར་ཡང་རིགས་འགྲེ་བས་ལྷོར། རི་རབ་ཀྱི་ཕྱོགས་ནས་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ་འཁོར་བཅས། རང་བསྔགས། ཨོཾ་བེ་རུ་ཌྷ་ཀ་ཧཱུཾ་ཛཿ ཧཱུྃ། རི་རབ་གླིང་བཞི་ལྷོ་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་འཕགས་སྐྱེས་པོ། །ཕྱོགས་སྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །གྲུལ་བུམ་གདོན་རྣམས་མཚམས་ཆོད་ཅིག །ཅེས་དང་ནུབ། རི་རབ་ཀྱི་ནུབ་ཕྱོགས་ནས་རྒྱལ་པོ་ཆེན་པོ་སྤྱན་མི་བཟང་འཁོར་བཅས། རང་སྔགས། ཨོཾ་བེ་རུ་པཀྵ་ཧཱུཾ་ཛཿ ཧཱུཾ། རི་རབ་གླིང་བཞིའི་ནུབ་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་སྤྱན་མི་བཟང་། །ཕྱོགས་སྲུང་རེ་བ་བསྐང་བའི་ཕྱིར། །འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །ཀླུ་དབང་གདོན་རྣམས་མཚམས་ཆོད་ཅིག །ཅེས་དང་། [6a] རི་རབ་ཀྱི་བྱང་ཕྱོགས་ནས་རྒྱལ་པོ་ཆེན་པོ་རྣམ་ཐོས་སྲས་འཁོར་བཅས། རང་སྔགས། ཨོཾ་བཻ་ཀྲ་མ་ཎ་ཧཱུཾ་ཛཿ ཧཱུཾ། རི་རབ་གླིང་བཞིའི་བྱང་ཕྱོགས་ནས། །དཔལ་ལྡན་རྒྱལ་པོ་རྣམ་ཐོས་སྲས། །ཕྱོགས་སྲུང་རེ་བ་བསྐང་བའི་ཕྱིཏ། འདིར་བྱོན་མཆོད་སྦྱིན་གཏོར་མ་བཞེས། །གནོད་སྦྱིན་གདོན་རྣམས་མཚམས་ཆོད་ཅིག །ཅེས་སོ་སོར་བསྒྱུར་རོ། །གཉིས་པ་བར་མཚམས་བཅད་པ་ལ་གཉིས་ཀྱི། དང་པོ་དམ་སྲི་མནན་པ་ནི། རཱུ་པ་བྱ་མགོ་ཅན་གྱི་སྙིང་ཁར་ཡ་མ་དམ་སྲི་གམ་པ་རི་མཱ་ར་ཡ་ཛ༔ ཞེས་བྲིས་པ་སྒྲུབ་ཁང་གི་ཐེམ་པའི་ཕྱི་རོལ་དུ་དོང་གྲུ་གསུམ་བྲུས་པར་བཀོད། གསེར་སྐྱེམས། རཾ་ཡཾ་ཁཾ། ཨོཾ་ཨཱཿཧཱུཾ་ཧ་ཧོ་ཧྲཱིཿས་བྱིན་བརླབ་ལ། ཧཱུཾ། རིག་འཛིན་རྩ་བརྒྱུད་བླ་མ་དམ་པ་དང་། །བདེ་གཤེགས་ཞི་ཁྲོ་རབ་འབྱམས་དཀྱིལ་འཁོར་ལྷ། །ཁྱད་པར་དབང་ཆེན་འབར་བའི་ལྷ་ཚོགས་རྣམས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །མ་མགོན་ལྕམ་དྲལ་དམ་ཅན་རྒྱ་མཚོའི་ཚོགས། །དྲེགས་པའི་སྡེ་དཔོན་གཏེར་སྲུང་དམ་ཚིག་ཅན། །བཀའ་ཉན་བྲན་གཡོག་མངགས་གཞུག་བཅས་རྣམས་ཀྱིས། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །སྔགས་འཆང་བདག་གི་རིགས་ཀྱི་སྲུང་མ། །ས་ཕྱོགས་འདི་ཡི་ཡུལ་གཞི་གནས་ [6b] ཀྱི་བདག །ལོ་བདག་ཞག་དུས་ཚེས་ལ་དབང་བའི་ལྷ། །གསེར་སྐྱེམས་འདི་བཞེས་རྣལ་འབྱོར་མཐུ་དཔུང་བསྐྱེད། །ཅེས་གསེར་སྐྱེམས་འབུལ། རང་ཉིད་དཔའ་བོ་རྟ་མཆོག་རོལ་པའི་སྐུར་གྱུར། །ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དམ་སྲི་ཕོ་མོ་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་ཞིང་། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། །ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ དབང་ཆེན་རྟ་མཆོག་རོལ་པའི་ལྷ་ཚོགས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་མཐུས། མ་རུངས་པའི་སེམས་ཅན་ཡ་མ་དམ་སྲིའི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ། ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུཾ་བཾ་ཧོཿ ཅེས་བདེན་དར་འགུགས་བསྟིམ་ལན་གསུམ་བྱས་ལ་དྲག་སྔགས་སོ་ལྔ་པ་བཟླ་ཞིང་ཐུན་བྲབ། ཧཱུྃ༔ གསང་བའི་དཀྱིལ་འཁོར་ཆེན་པོ་འདིར༔ དངོས་གྲུབ་བར་ཆད་བྱེད་པའི་བགེགས༔ བཀའ་ལས་འདའ་བྱེད་དམ་སྲི་རྣམས༔ མནན་ཅིང་གཟིར་རོ་སྟྭཾ་བྷ་ཡ༔ ཡ་མ་དམ་སྲི་སྟྭཾ་བྷ་ཡ་ནན༔ ཨོཾ་ལཾ་ཧཱུྃ་ལཾ་མཱ་ར་ཡ་ནན༔ ཞེས་མནན་ལ་རོ་གཡམ་རྡོ་རྗེ་རྒྱ་གྲམ་བྲིས་པས་ཁ་བཅད་ [7a] ལ། སླར་ཡང་ས་ཆུ་མེ་རླུང་འབྱུང་བ་རིམ་པ་དགུ་དང་སྭཱཙྪ་ནག་པོས་མནནན་ཏེ། ཧཱུྃ༔ ཆོས་སྐུ་ཉག་གཅིག་ཐབས་ཤེས་སྐུ་གསུང་ཐུགས༔ ཚད་མེད་བཞི་དང་ཡེ་ཤེས་རྣམ་པ་ལྔ༔ ཕྱིན་དྲུག་ཡན་ལག་བདུན་དང་རྣམ་ཐར་བརྒྱད༔ ཐེག་པ་རིམ་དགུ་ས་བཅུའི་དབང་ཕྱུག་རྒྱ༔ དོན་རྟགས་གཉིས་མེད་ཆེན་པོའི་རྒྱས་གདབ་བོ༔ ཨོཾ་ཨཱཿཧཱུྃ་ལཾ་སྟྭཾ་བྷ་ཡ་ནན༔ ཞེས་རྒྱས་གདབ་ལ་ལས་བྱང་བཞིན་རྟ་བྲོ་བརྡུང་ངོ་། །གཉིས་པ་སྒོ་བྱང་གདག་པ་ནི། ཕྱི་སྒོའི་གོང་དུ་ལུག་གི་སོག་པ་ལ་རྟ་མགྲིན་གྱི་སྐུ་མངོན་རྟོགས་ལྟར་བྲིས་པའི་རྒྱབ་ཏུ་སེང་ལྡེང་གི་ཕུར་པར་སྙིང་པོ་བྲིས་པ་བཅས་གདགས། དམར་གཏོར་ཆུ་གཉིས་ཉེར་སྤྱོད་བཤམས་པ་སྔར་ལྟར་བྱིན་གྱིས་བརླབ། །རྟེན་བསང་སྦྱང་། སྟོང་པའི་ངང་ལས་ཧྲཱིཿལས་དབང་ཆེན་རྟ་མཆོག་ཧེ་རུ་ཀ་དམར་ནག་ཐོད་དབྱུག་དང་མེ་ཞགས་འཛིན་པ་ཁྲོ་གཏུམ་འཇིགས་པའི་ཆས་ཅན་པད་ཉིའི་གདན་ལ་གྱད་ཀྱི་འདོར་སྟབས་སུ་བཞེངས་པའི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པ་ལས་འོད་འཕྲོས། རང་འདྲའི་ཡེ་ཤེས་པ་བཛྲ་ས་མཱ་ཛཿཛཿཧཱུྃ་བྃ་ཧོཿ ཞེས་སྤྱན་དྲངས་ལ་བསྟིམ། ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱྀ་ཝ་ཧཱུྃ་ཕཊ༔ ལན་བདུན་བཟླས་པ། ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད། སྙིང་པོའི་ཤམ་དུ། བ་ལིཾ་ཏ་ནན་ཁ་དནྟུ་གྲྀཧྞ་ཧཱུྃ་ཁཱ་ཧི་ཁཱ་ཧི། ཞེས་ལན་གསུམ་གྱིས་གཏོར་མ་ཕུལ་ནས། ཧྲཱིཿ དབང་ཆེན་རྟ་མཆོག་ཧེ་རུ་ཀ༔ སྤྲུལ་པའི་འོད་ཟེར་དགྲ་བགེགས་འདུལ༔ དངོས་གྲུབ་བདུད་རྩིའི་ [7b] རྒྱ་མཚོར་བསྐྱིལ༔ དམ་སྲི་ཐལ་བའི་རྡུལ་དུ་རློག༔ ཞེས་ཕྲིན་ལས་བཅོལ་ལ་བརྟན་བཞུགས་བྱའོ། །གསུམ་པ་གསང་མཚམས་བཅད་པ་ནི། སེང་ལྡེང་སོགས་ལས་ཁྲོ་བཅུའི་གདབ་ཕུར་དར་གྱི་ཅོད་པན་བཅིངས་པ་བཅུ་དང་། དཀྱིལ་འཁོར་གྱི་ཕྱོགས་མཚམས་བརྒྱད་དང་ཤར་ནུབ་ཀྱི་ཕྱི་རོལ་རྣམས་སུ་ཕུར་གདན་བཅུ་ཡང་བཀོད། ཀཱི་ལ་ཡའི་སྔགས་ལན་གསུམ་བཟླས་པས་ཕུར་པ་རྣམས་གུ་གུལ་གྱིས་བདུག ཡུངས་ཀར་གྱི་བྲབ། རཀྟས་བྱུག་པ་རྣམས་བྱས་ལ། སྭ་བྷཱ་ཝས་སྦྱང་། སྟོང་པའི་ངང་ལས་ཧཱུྃ་ཡིག་བཅུ་ཡོངས་སུ་གྱུར་པ་ལས་ཕུར་བུ་རྣམས་ཁྲོ་བོ་བཅུ་སྟོད་ཁྲོ་བོའི་གཟུགས་ལ་སྨད་ཕུར་བུ་འབར་བའི་རྣམ་པ་ཅན་གྱི་གནས་གསུམ་ཨོཾ་ཨཱཿཧཱུྃ་གིས་མཚན་པའི་འོད་ཀྱིས་ཡེ་ཤེས་པ་བཛྲ་ས་མཱ་ཛཿ ཛཿཧཱུྃ་བྃ་ཧོཿ ཨོཾ་བཛྲ་ཀཱ་ཡ་ཝ་ཀ་ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ རང་གི་ཐུགས་ཀ་ནས་ཁྲོ་བོ་ཊཀྐི་རཱ་ཛ་སྤྲོས་ཏེ་ཕྱོགས་སྐྱོང་བཅུ་བཀུག་ནས་སྟེང་འོག་ཕྱོགས་མཚམས་སོ་སོར་ཨེ་བཅུ་བཀོད་པ་ལ་གཟིར་བར་བསམ་ལ། སློབ་དཔོན་གྱིས་གཡས་ཐོ་བ་དང་། གཡོན་ཕུར་བུ་རྣམས་རིམ་པར་ཐོགས་ལ་འབར་བའི་སྟངས་སྟབས་དང་བཅས། ཨོཾ་བཛྲ་ཀཱི་ལ་ཡ་མ་ཧཱ་ཀྲོ་དྷ་ཧཱུྃ་ཀ་ར་ཧཱུྃ༔ གནོད་བྱེད་འབྱུང་པོ་གརྫ་གརྫ་ཧཱུྃ་ཕཊ༔ ཅེས་སྟེང་གི་ཕུར་བུ་ཤར་གྱི་ཤར་དང་། དེ་བཞིན་དུ་གོང་འོག་གི་སྔགས་ཚིག་འགྲེས་སྦྱར་ཏེ། བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཡ་མནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ཧ་ཡ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ཨ་མྲྀ་ཏ་ཀུཎྜ་ལི་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ ཅེས་ཕྱོགས་བཞི་ཤར་ནས་གཡས་བསྐོར། [8a] ཏྲཻ་ལོ་ཀྱ་བི་ཛ་ཡ་ཧཱུྃཿ བྷིནྡྷ་བྷིནྡྷ་ཧཱུྃ་ཕཊ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ ཨཱརྱ་ཨ་ཙ་ལ་ཧཱུྃ༔ བྷནྡྷ་བྷནྡྷ་ཧཱུྃ་ཕཊ༔ ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ཅེས་མཚམས་བཞི་བྱང་ཤར་ནས་གཡོན་བསྐོར། མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ཅེས་འོག་གི་ཕུར་བུ་ནུབ་ཀྱི་ནུབ་ཏུ་གདབ་པས། བགེགས་རྣམས་ཀྱི་སྙིང་ཕུག་ནས་གཡོ་འགུལ་མེད་ཅིང་འོད་གསལ་བར་གྱུར་པར་བསམ་ཞིང་། ཕུར་བུ་ལས་བྱུང་བའི་འོད་ཟེར་སྲུང་བའི་འཁོར་ལོར་འཁྲིགས་པས་ཕྱོགས་མཚམས་ཐམས་ཅད་ཁྱབ་པར་མོས་ལ་ལས་བྱང་བཞིན་སྲུང་འཁོར་གསལ་གདབ་བོ། །གསུམ་པ་རྟེན་གྱི་དཀྱིལ་འཁོར་བཅའ་བ་ལ་གཉིས་ལས། དང་པོ་ཆག་ཆག་གདབ་པ་ནི། དྲི་བཟང་གི་ཆུ་བདུད་རྩི་ཨ་མྲྀ་ཏ་དང་སྦྱར་བ་ཐོགས་ལ། ཧཱུྃ༔ བཀའ་གསང་རྨད་བྱུང་དཀྱིལ་འཁོར་དུ༔ བདུད་རྩི་ལྔ་ཡིས་ཆག་ཆག་འདེབས༔ བྱུང་དང་འབྱུང་འགྱུར་དཀྱིལ་འཁོར་མཆོག༔ ཡེ་ཤེས་ལྔ་རྫོགས་གཞལ་ཡས་གསལ༔ ཨོཾ་སརྦ་པཉྩ་གུ་ཧྱ་མཎྜ་ལ་ཧཱུྃ༔ ཞེས་དཀྱིལ་འཁོར་གྱི་གཞི་ལ་བྱང་ཤར་ནས་གཡས་བསྐོར་དུ་ཁྱེམ་མེད་པར་བྱུག་གོ །གཉིས་པ་དཀྱིལ་འཁོར་འབྲི་བ་དངོས་ལ། ཐིག་ཚོན་གཉིས་ཀྱི། །དང་པོ་ཐིག་གདབ་པ་ནི། ཐིག་སྐུད་ཐིག་ཆས་དང་བཅས་པ་འདུ་བྱས་ལ། རང་ཉིད་ཐུགས་རྗེ་ཆེན་པོར་གསལ་བའི་ཐུགས་ཀ་ནས་སྐུ་གསུང་ཐུགས་ཀྱི་རང་བཞིན་གྱི་ཐིག་སྐུད་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་ཡེ་ཤེས་ལྔ་དང་དབྱེར་མེད་པར་གྱུར། ཛཿཛཿ ཞེས་རྒྱལ་ཐེབས་ཡུམ་དུ་གསལ་བ་ལ་ཐིག་སྣ་གཏད། ཨོཾ་ཨཱཿ [8b] ཧཱུྃ༔ ཧཱུྃ་ཨོཾ་སྭཱ་ཨཱཾ་ཧཱ་ཞེས་བརྗོད་ཅིང་ཤར་ནུབ་ཀྱི་ཚངས་ཐིག་གདབ། དེ་བཞིན་དུ་གཞལ་ཡས་ཁང་གྲུ་བཞི་སྒོ་བཞི་རྟ་བབས་བརྒྱད་པ་པད་རྡོར་མེ་ཕྲེང་གིས་བསྐོར་བའི་དབུས་སུ་པདྨ་འདབ་བཞི་ཕྱི་ནང་གི་མུ་ཁྱུད་དང་བཅས་པའི་ཐིག་སྤྱི་ལྟར་གདབ་བོ། །གཉིས་པ་ཚོན་དགྱེ་བ་ནི། ཚོན་རྣམས་ཡེ་ཤེས་ལྔའི་རང་བཞིན་གྱི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར་པར་བསམ་ལ་སྔར་གྱི་ས་བོན་རྣམས་བརྗོད་པས་བྱིན་གྱིས་བརླབ། ཚོན་ཐོབ་ནི་པདྨའི་ལྟེ་བ་དམར་པོ། གེ་སར་གྱི་མུ་ཁྱུད་སེར་པོ། འདབ་མ་བཞི་ཕྱོགས་མདོག མུ་ཁྱུད་ལྗང་གུ། སྒོ་ཁྱམས་ཕྱིན་ཆད་སྤྱི་དང་མཐུན་པར་འབྲི་བ་སྟེ་ཞིབ་པར་མཐོང་བརྒྱུད་ལས་ཤེས་པར་བྱའོ། །ཡང་འདིར་དཀྱུས་སུ་ཐིག་ཚོན་གྱི་བྱ་བ་མི་འགྲུབ་པའི་ཚེ་ཆག་ཆག་བཏབ་པའི་གཞི་སྟེགས་ཁེབས་ཀྱིས་བཀབ་པར་ཚུལ་བཞིན་བྲིས་པའི་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་མོ། །གཉིས་པ་རྒྱན་རྫས་དགྲམ་པ་ནི། ཐོག་མར་དམ་ཚིག་གི་ཡོ་བྱད་རྣམས་ཉེར་བདོག་བྱ་སྟེ། སྐུ་རྟེན་རྣམ་བུམ་སོ་ལྔའི་བཅུད་ལྡན་མགུལ་ཆིངས་ཁ་རྒྱན་གཟུངས་རྡོར་དང་བཅས་པ། གསུང་རྟེན་ཀ་པཱ་ལ་མཚན་ལྡན་ཆང་དང་མངར་གསུམ་ཨ་མྲྀ་ཏས་བཀང་བའི་ཁ་དར་དམར་བརྒྱད་ལྟེབས་ཀྱིས་བཀབ་པ། ཐུགས་རྟེན་མེ་ལོང་སིནྡྷུ་རས་བརྡལ་བར་ཆོས་འབྱུང་ཧྲཱིཿཡིག་བྲིས་པ། ཡོན་ཏན་ཕྲིན་ལས་ཡོངས་རྫོགས་སྒྲུབ་གཏོར་ཕྱག་བཞེས་བཞིན་བཞེངས་པ་རྒྱན་སྤྲོས་ཅན་སྐུ་ཙཀ་དར་གདུགས་ཀྱིས་སྤྲས་པ། ཚེ་འབྲང་བུམ་གཟུགས་ཉི་ཟླ་ནོར་བུས་མཚན་པ། བཅུད་ལེན་གྱི་རིལ་བུ། མངར་གསུམ་སྦྱར་བའི་ཚེའི་ཛ་གད། ཚེ་མདའ་རྒོད་སྒྲོ་མ་དར་སྣ་ལྔ་དང་རཏྣས་བརྒྱན་པ། ཁྱད་པར་མྱང་གྲོལ་རིལ་བུའི་བཅས་ལ། པྲ་ཁྲིད་རྩ་བར། འབྲས་བུ་གསུམ་དང་གེ་སར་གསུམ༔ ཅུ་གང་གི་ཝཾ་སིནྡྷུ་ར༔ ཙནྡན་དཀར་པོ་དབང་པོ་ལག༔ བྲག་ཞུན་རུ་རྟ་བཟང་པོ་དྲུག༔ ཅོང་ཞི་སྤང་རྒྱན་དཀར་པོ་དང་༔ [9a] རྒྱལ་བའི་སྤྱན་ལྡན་ཤུགས་པའི་འབྲུཿ སྦྲང་རྩི་ཤིང་མངར་ག་བུར་སྟེང་༔ སྐྱེ་བདུན་བྱང་སེམས་དཀར་དམར་དང་༔ དམ་རྫས་ཤ་ལྔ་བདུད་རྩི་ལྔ༔ བདེ་གཤེགས་རིང་བསྲེལ་ལ་སོགས་པ༔ ཁྱད་པར་རྨད་བྱུང་དམ་རྫས་རིགས༔ དངོས་གྲུབ་འགུགས་པའི་ཕབས་ཀྱི་ཚུལ༔ གྲོང་པའི་ཆོས་ཀྱིས་མ་གོས་པའི༔ ཟུང་འཇུག་ཁྱེའུ་གཙང་མ་ཡིས༔ རྩི་བཞིན་བཏགས་ལ་རིལ་བུར་དྲིལ༔ རང་བྱུང་ལི་ཁྲིའི་ན་བཟའ་གསོལ༔ ཞེས་གསུངས་པ་ལྟར་ལག་ལེན་དུ་བསྟར་བ་ནི། འབྲས་བཟང་པོ་ཆུ་ཁྲུས་བྱས་པའི་ཕྱེ་མ་བྲེ་གསུམ་གྱི་ཚེ་ན། ཨ་རུ་གསེར་མདོག་རྡོག་སུམ་ཅུ་ལ། སྐྱུ་རུ་ར་བཅུ། བ་རུ་ར་བཅུ། ཛཱ་ཏི། ལི་ཤི། སུག་སྨེལ། གུར་གུམ། ཅུ་གང་། ཀ་ཀོ་ལ་སྟེ་བཟང་པོ་དྲུག་སོ་སོ་ནས་ཞོ་དོ་ཙམ་རེ་དང་། གྷི་ཝཾ། སིནྡྷུ་ར། ཅོང་ཞི། ཙནྡན་དཀར་པོ། གེ་ར་གསུམ། བྲག་ཞུན། རུ་རྟ། སྤང་རྒྱན་དཀར་པོ། རྒྱལ་བའི་སྤྱན་ལྡན། ཤིང་མངར། ཤུག་འབུ། ག་བུར་རྣམས་ཞོ་དོ་རེ་ཙམ། ཤ་ལྔ་བདུད་རྩི་ལྔ་ནི་བདུད་རྩི་ཆོས་སྨན་ལ་ཚང་བས་སྒྲུབ་པ་ལག་ལེན་ཚད་ལྡན་གྱིས་སྦྱར་བའི་ཆོས་སྨན་མ་ཉུང་བ། ཕབ་གཏའ་ནི་སྐྱེ་བདུན་གྱི་སྐུ་ཤ་དངོས་རྙེད་ན་མཆོག་དང་། མ་རྙེད་ན་གོང་མའི་སྒྲུབ་རྫས་སེལ་མེད་ཀྱི་རིགས་སྤྱི་དང་ཁྱད་པར་གཏེར་བྱོན་སྐྱེ་བདུན་རིལ་བུའི་ཕབ་རྒྱུན་ཁུངས་ལྡན། །དེ་བཞིན་གཤེགས་པའི་འཕེལ་གདུང་། གོང་མ་རྣམས་ཀྱི་སྒྲུབ་རྫས་རིལ་བུ་སེལ་མེད་བཅས། །དེ་ལྟར་རྫས་རྣམས་ཞིབ་ཏུ་བསྣུར་ཞིང་འདྲེས་པར་བྱས་ལ། དབང་ལག་གི་ཕྱེ་མ་དང་སྦྲང་རྩིའི་ཁ་ཚར་ཅུང་ཟད་བཏབ་སྟེ། ཆང་གར་མ་སྦྱར་བའི་ཟན་གྱི་གོང་བུར་བྱས་པ་ལས་རིལ་བུ་ཆེ་ཆུང་སྲན་མ་འབྲིང་པོ་ཙམ་དང་ཡུངས་དཀར་ཙམ་གང་འོས་སྒྲིལ་ནས་གྲིབ་སྐབས་བྱས་པ་ལི་ཁྲི་བཟང་པོས་ཁ་དོག་བསྒྱུར་ཏེ་གསེར་དངུལ་ལ་སོགས་རིན་པོ་ཆེའི་བུམ་པའི་ནང་དུ་བླུགས་པ་དར་དཀར་དམར་མཐིང་གསུམ་གྱིས་ལེགས་པར་དྲིལ་བ་དང་། གཞན་ཡང་མཆོད་རྫས་གཏོར་མ། རྒྱན་བཀོད་ཀྱི་ཆས་སོགས་ཉེ་བར་མཁོ་བའི་ཡོ་བྱད་རྣམས་མ་ཚང་བ་མེད་པ་ཚོགས་པར་བྱས་ནས། རྒྱན་འགོད་དངོས་ལ། བདག་གི་རྣལ་འབྱོར་སྔོན་དུ་འགྲོ་བས་སྒྲུབ་རྫས་རྣམས་གུ་གུལ་གྱིས་ [9b] བདུག་ཅིང་དྲག་སྔགས་ཡུངས་ཐུན་དང་བཅས་པས་བགེགས་བསྐྲད། ཛཔྲ་དབྱངས་དང་བཅས་སློབ་དཔོན་གྱིས་དྲིལ་སྤོས་འཛིན་པས་སྣ་དྲངས་ཏེ། རྒྱལ་ཚབ་སོགས་ཀྱིས་རྟེན་སྒྲུབ་མཆོད་པའི་རྫས་རྣམས་རིམ་པར་ཐོགས་ནས་དཀྱིལ་འཁོར་ལ་གཡས་སུ་བསྐོར་ཞིང་མདུན་དུ་འཁོད་ལ། ཧཱུྃ་ཧྲཱིཿ ཡེ་ཤེས་བུམ་པ་རྡོ་རྗེའི་གཞལ་ཡས་ཁང་། །འཕགས་མཆོག་སྡུག་བསྔལ་རང་གྲོལ་བཞུགས་པའི་གནས། །སྐུ་དང་གསུང་དང་ཐུགས་དང་དབྱེར་མེད་ཅིང་། །དངོས་གྲུབ་རྣམ་གཉིས་སྩོལ་ཕྱིར་བཞུགས་སུ་གསོལ། །ཨོཾ་མ་ཎི་པདྨེ་ཧཱུཾ་ཧྲཱིཿསརྦ་ས་མ་ཡ་ཏིཥྛ་ལྷན། ཞེས་རོལ་མོ་དང་བཅས་མྱང་གྲོལ་རིལ་བུའི་བུམ་པ་ཉིད་དཀྱིལ་འཁོར་དབུས་སུ་མཉྫིའི་སྟེགས་ལ་བཞུགས་སུ་གསོལ། དེ་སྟེང་འཕྲུལ་སྟེགས་ལ་རྣམ་བུམ་དང་། གཡས་གཡོན་མདུན་རྒྱབ་རྣམས་སུ་སྒྲུབ་རྟེན་གཞན་རྣམས་བཀོད། དེ་ནས་རལ་གྲི་སོགས་ཚིག་བསྟུན་ཕྱོགས་མཚམས་སུ་མཛེས་པར་བཀྲམ་ཞིང་། ཧཱུཾ༔ ཤེས་རབ་རལ་གྲིས་ཉོན་མོངས་དྲྭ་བ་གཅོད༔ ཡེ་ཤེས་མདའ་ཡིས་མ་རིག་དུག་གསུམ་འབིགས༔ ཕྲིན་ལས་ཕུར་པས་བར་ཆད་བདུད་དཔུང་འདུལ༔ དཀྱིལ་འཁོར་ཆེན་པོའི་རྒྱན་དུ་བཞུགས་སུ་གསོལ༔ ས་མ་ཡ་ཏིཥྛ་ལྷན༔ ཧཱུྃ༔ བྱམས་པ་གདུགས་མཆོག་འཁོར་བའི་ཚ་གདུང་སྐྱོབ༔ ཆོས་ཀྱི་རྒྱལ་མཚན་བར་ཆད་བདུད་ལས་རྒྱལ༔ [10a] ཤེས་རབ་འཕན་དར་བྱང་ཆུབ་ཆོས་རྣམས་རྫོགས༔ རྒྱལ་བའི་དཀྱིལ་འཁོར་མཛེས་པའི་རྒྱན་དུ་འབུལ༔ བཛྲ་སྥ་ར་ཎ་ཕཊ༔ ཨརྒྷ་མེ་ཏོག་བདུག་སྤོས་མར་མེ་དང་༔ དྲི་ཆབ་ཞལ་ཟས་རོལ་མོ་ལ་སོགས་པ༔ དངོས་འབྱོར་ཡིད་སྤྲུལ་ཀུན་བཟང་མཆོད་པ་རྣམས༔ དཀྱིལ་འཁོར་ལྷ་ཚོགས་མཆོད་ཕྱིར་འབུལ་བར་བགྱི༔ སརྦ་པཱུ་ཛ་ས་མ་ཡ་ཧཱུྃ༔ ཞེས་ཕྱོགས་བཞིར་རལ་གྲི་བཞི། མཚམས་བཞིར་མདའ་དར་མེ་ལོང་ཅན་བཞི་དང་ཕུར་པ་བཞི་བཅས་བཙུགས་ལ་ཚོན་སྐུད་ཀྱི་དྲྭ་བས་སྦྲེལ། ཟུར་བཞིར་རྒྱལ་མཚན་བཞི། ལོགས་བཞིར་འཕན་དང་བ་དན་བཞི་བཞི། དར་གྱི་ལྡ་ལྡི། རིན་ཆེན་དྲྭ་ཕྱེད། སྟེང་ན་གདུགས་དང་བླ་བྲེ། གཤམ་དུ་སྟག་གཟིག་གི་སྒབ་དཀྲིས་སོགས་ཕྱག་ལེན་མཐོང་བརྒྱུད་བཞིན་བཀོད་པས་མཛེས་ཤིང་བརྗིད་ཆགས་པར་བཀྲམ་ཞིང་། སྔར་བཏབ་པའི་ཁྲོ་བཆུའི་ཕུར་བུ་རྣམས་ཀྱང་ཕྱོགས་མ་འཚོལ་བར་དཀྱིལ་འཁོར་གྱི་མཐར་བཀོད། །མདུན་རྒྱས་གང་བདེར་རྩ་བའི་མཆོད་གཏོར་རྒྱན་སྤྲོས་ཅན་གྱི་གཡས་གཡོན་དུ་ཆོས་སྐྱོང་སྤྱི་བྱེ་བྲག་གི་གཏོར་མ་སྨན་རཀ་དང་བཅས་པ་ཆུ་གཉིས་ཉེར་སྤྱོད་ཕྲེང་ཚར། སྤྲོ་ན་དཀྱིལ་འཁོར་མཐའི་ཕྱོགས་བཞིར་ལས་བཞིའི་གཏོར་མ་དང་། མཆོད་པ་སྨན་རཀ་གཏོར་མ་མར་མེ་རྣམས་བརྒྱ་རྩ་སོགས་གང་འབྱོར། མདུན་ཁོ་ནར་བརྗེ་ཞིང་གསོ་རྒྱུའི་ཆུ་གཉིས་ཉེར་སྤྱོད་བཅས་བཤམ། སློབ་དཔོན་གྱི་མདུན་དུ་གཡོན་ནས་ [10b] བརྩམ་སྟེ་ནང་མཆོད། རྡོ་དྲིལ། ལས་བུམ། ཌཱ་མ་རུ། མེ་ཏོག་གི་སྣོད། གཡབ་དར་རྣམས་དང་། གཞན་ཡང་རྔ་སིལ་སོགས་རོལ་མོའི་བྱེ་བྲག ཉིན་རེ་བཞིན་འབུལ་རྒྱུའི་ཚོགས་དང་གཏོར་མའི་ཡོ་བྱད་སོགས་ཕྲིན་ལས་ལ་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་མེད་པ་ལེགས་པར་བཤམ་ལ། མཆོད་རྫས་སྤྱི་ཁྱབ་ཏུ་དམིགས་ཏེ། བླ་མེད་མཆོག་གི་མཆོད་པ་དམ་པ་ནི། །ཡེ་ཤེས་ལྔ་ཡི་འོད་ཟེར་རྣམ་པར་འཕྲོ། །འདོད་པའི་ཡོན་ཏན་ལྔ་ཡིས་རབ་བརྒྱན་ཏེ། །དམ་ཚིག་བཞིན་ལས་ཅི་བདེར་བཞེས་སུ་གསོལ། །ན་མཿསརྦ་ཏ་ཐཱ་ཏེ་བྷྱོ་བི་ཤྭ་མ་ཁེ་བྷྱཿསརྦ་ཐཱ་ཁཾ་ཨུཏྒ་ཏེ་སྥ་ར་ཎ་ཨི་མཾ་ག་ག་ན་ཁཾ་སྭཱཧཱ། ཞེས་ནམ་མཁའ་མཛོད་ཀྱི་སྔགས་རྒྱས་མཁའ་ཁྱབ་ཏུ་སྤེལ་ལོ། །བཞི་པ་ཕྲིན་ལས་ལ་འཇུག་པའི་ཡན་ལག་ལ་གསུམ་གྱི། དང་པོ་མངའ་གསལ་ཞིང་གནས་སུ་འགོད་པ་ནི། རྒྱལ་ཚབ་པས་དབྱངས་སྙན་པོར་ལེན་ཚུལ་གྱིས། ཧཱུྃ༔ སངས་རྒྱས་གདུང་འཚོབ་རྡོ་རྗེ་རྒྱལ་པོ་ཉིད༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྫོགས༔ དུག་ལྔ་རྩད་གཅོད་དངོས་གྲུབ་ཀུན་འབྱུང་གནས༔ སྟོན་པའི་སྒྲོན་མེར་མངའ་གསོལ་དགྱེས་པར་བཞུགས༔ ཞེས་རྡོ་རྗེ་རྒྱལ་པོ་དང་། རྒྱལ་ཚབ་ལ། ཧཱུྃ༔ བླ་མའི་གདུང་འཚོབ་སྐུ་གསུང་ཐུགས་ཀྱི་སྲས༔ དམ་ཆོས་ཆར་འབེབས་ཚེ་དང་དངོས་གྲུབ་སྤེལ༔ དབང་བསྐུར་ཕྲིན་ལས་རྣམ་བཞི་མཐར་ཕྱིན་པ༔ རྒྱལ་ཚབ་སྟོན་པར་ [11a] མངའ་གསོལ་དགྱེས་པར་བཞུགས༔ ཡུམ་ལ། གཉིས་མེད་བདེ་སྐྱིད་མཚན་ཉིད་རབ་ཏུ་བཟང་༔ ཀུན་བཟང་ཡུམ་དུ་མངའ་གསོལ་དགྱེས་པར་བཞུགས༔ རྡོ་རྗེ་ལས་པར། ཕྲིན་ལས་གཞུང་བསྲང་བསྙེན་སྒྲུབ་མཐར་ཕྱིན་མཛད༔ རྡོ་རྗེ་ཀརྨཱ་མངའ་གསོལ་དགྱེས་པར་བཞུགས༔ གིང་ལ། བར་གཅོད་བགེགས་བསྒྲལ་གཟུགས་ཕུང་ལྷ་ལ་སྟོབ༔ རྡོ་རྗེ་གིང་མཆོག་མངའ་གསོལ་དགྱེས་པར་བཞུགས༔ མཚམས་པར། ཕྱི་ནང་མཚམས་གཅོད་བར་ཆད་ཐམས་ཅད་སྲུང་༔ རྡོ་རྗེ་མཚམས་པར་མངའ་གསོལ་དགྱེས་པར་བཞུགས༔ སྤྱན་པར། དངོས་གྲུབ་བགེགས་གཉིས་དུས་དང་དྲོད་ཚད་མཁྱེན༔ རྡོ་རྗེ་སྤྱན་པར་མངའ་གསོལ་དགྱེས་པར་བཞུགས༔ དུས་མཚམས་པར། ཕྲིན་ལས་སྐབས་སྦྱར་དུས་འཛིན་ནམ་ཚོད་མཁས༔ རྡོ་རྗེ་དུས་མཚམས་མངའ་གསོལ་དགྱེས་པར་བཞུགས༔ ཕྱག་ཚང་། ཕུད་གཙང་གཡོས་མཁས་ཕྱི་ནང་བྱ་བྱེད་མཁས༔ རྡོ་རྗེ་ཕྱག་ཚང་མངའ་གསོལ་དགྱེས་པར་བཞུགས༔ བྱན་པོར། གཡོ་མཁན་ཆད་ལྷག་མེད་ཅིང་གཙང་སྦྲ་ལྡན༔ རྡོ་རྗེ་བྱན་པོར་མངའ་གསོལ་དགྱེས་པར་བཞུགས༔ མཆེད་ལྕམ་གཞན་རྣམས་ལ། གསལ་དག་ཛཔྲ་མཁས་དད་ལྡན་བརྩོན་པར་བཞུགས༔ གསེར་ཕྲེང་མཆེད་ལྕམ་ [11b] མངའ་གསོལ་དགྱེས་པར་བཞུགས༔ རྡུལ་འཕྱག་ལ། ཀུན་གྱི་བཀའ་སྒྲུབ་ཕྱི་ཡི་ཉུ་ལེ་སྐྲོད༔ རྡུལ་ཕྱག་སྐྱེས་བུ་མངའ་གསོལ་དགྱེས་པར་བཞུགསཿ ཞེས་སོ་སོར་མངའ་གསོལ་ལོ། །གཉིས་པ་བརྡ་སྦྱར་བ་ནི། ཧཱུྃ། སྣང་སྲིད་འཁོར་འདས་གདོད་མ་ནས། །རྣམ་དག་ལྷུན་གྲུབ་རྒྱལ་བའི་ཞིང་། །མ་རྟོགས་གཉིས་འཛིན་སྒྲིབ་གཡོགས་སྒོ། །རང་རིག་བརྡ་ཡིས་དབྱེ་བར་བྱ། །བྷྲཱུྃ་པྲ་ཝེ་ཤ་ཡ་ཕཊ༔ ཅེས་བརྡ་སྒོ་དབྱེ། ཧཱུྃ། ཁམས་གསུམ་ཡེ་ནས་རང་བྱུང་བའི། །བདེ་གཤེགས་རྒྱལ་བའི་དཀྱིལ་འཁོར་ཉིད། །བརྡ་དང་གར་གྱིས་མཚོན་ནས་ཀྱང་། །གཉིས་སུ་མེད་པར་ཕྱག་བགྱིའོ། ཨ་ལ་ལ། ཨ་ཏི་པུ་ ཧོཿ པྲ་ཏཱིཙྪ་ ཧོཿ ཞེས་བརྡ་ཕྱག་འཚལ་ལ། ལྷའི་ང་རྒྱལ་དང་ལྡན་པས། ཨོཾ་མ་ཧཱ་བཛྲ་ཧཱུྃ༔ ཞེས་རྡོ་རྗེ་སྙིང་གར་གསོར། ཨོཾ་བཛྲ་གྷཎྜེ་ཧཱུྃ༔ ཞེས་དྲིལ་བུ་གསིལ་ཞིང་དཀུར་བརྟེན། ཨོཾ་སརྦ་ཏ་ཐཱ་ག་ཏ་མཧཱ་ཨ་ནུ་རཱ་ག་ཎ་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོཉཧཾཿ ཞེས་ཐུགས་ཀར་འཁྱུད་རྒྱ་བྱས་ལ་རོལ་མོ་སྣ་ཚོགས་ཀྱི་སྒྲ་ཆེར་བསྒྲག་གོ །གསུམ་པ་གཟི་བྱིན་བསྐྱེད་པ་ནི། རང་ཉིད་ལྷར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས་པས་བླ་མ་རིག་འཛིན་རྩ་བ་གསུམ་གྱི་ལྷ་ཚོགས་རྣམས་ཀྱི་ཐུགས་རྒྱུད་བསྐུལ། ཐམས་ཅད་སྤྲིན་གཏིབས་པ་ལྟར་བྱོན་ནས་བྱིན་རླབས་ [12a] དབང་བསྐུར་དངོས་གྲུབ་སྩོལ་ཞིང་ཕྲིན་ལས་བསྒྲུབ་པར་མོས་ལ། སྤོས་རོལ་དབྱངས་དང་བཅས་ཏེ་འོག་ཏུ་འབྱུང་བ་བཞིན་བྱིན་དབབ་པར་བྱའོ། །དེས་ཉིན་གཉིས་པའི་བྱ་བ་གྲུབ་སྟེ། མགྱོགས་ཁྱད་ལྟ་བུར་སྔོན་འགྲོའི་ཉི་མ་གཉིས་པོ་སྦྲེལ་བར་འདོད་ན། གོང་གི་ཆག་ཆག་བཏབ་མ་ཐག་པར་རས་བྲིས་ཀྱི་དཀྱིལ་འཁོར་བཀྲམ་ལ་རྒྱན་འགོད་དཀྱུས་བཞིན་བཏང་བས་འགྲུབ་བོ། །གཉིས་པ་དངོས་གཞིའི་རིམ་པ་ལ་གསུམ། རྩ་བའི་གཞུང་བསྲང་བ། དེའི་བར་གཅོད་བསལ་བ། རྟགས་ཚད་གཏན་ལ་འབེབས་པའོ། །དང་པོ་ནི། དེ་ནས་ཉིན་གསུམ་པ་ནས་བརྩམ་སྒྲུབ་པ་དངོས་གཞིའི་གཞུང་བསྲང་བ་ལ། །ལས་བྱང་ལྟར་ཉིན་མཚན་ཐུན་དྲུག་གམ་བཞིའི་རིམ་པས་ཉམས་སུ་ལེན་པར་བྱ་བ་ལས། ཐུན་དང་པོ་ལ་བླ་མ་བརྒྱུད་པའི་གསོལ་འདེབས་སྔོན་དུ་འགྲོ་བས། སྐྱབས་སེམས་ཚོགས་བསགས་སྔོན་གཏོར་ནས་བརྩམ་སྔོན་འགྲོའི་ལས་རིམ་རྒྱས་པར་བཏང་། དངོས་གཞི་ཏིང་ངེ་འཛིན་གསུམ་གྱིས་ཁོག་དབུབ་སྟེ་བདག་མདུན་བུམ་གསུམ་དབྱེར་མེད་དུ་ཤེས་པས་གྱེར་ཚིག་གཅིག་གིས་དཀྱིལ་འཁོར་གྱི་འཁོར་ལོ་གཅིག་ཏུ་བསྡུས་ནས་བསྒོམས་ལ། ཡེ་ཤེས་པ་དྲང་བསྟིམ་ཕྱག་མཆོད་བསྟོད་པའི་བར་དུ་བྱ། བཟླས་པའི་སྐབས་ཛཔྲ་དགོངས་གཞུང་གསལ་དམིགས་གནད་རྩེ་གཅིག་པས་ཡིག་དྲུག་ཉིད་བཟླས་པའི་དངོས་གཞི་བྱས་ཏེ་ཇི་ཙམ་ནུས་པའི་མཐར། །ཁྱད་པར་སྐྱེ་བདུན་སྒྲུབ་རིལ་ལ་དམིགས་ཏེ། བུམ་པ་ལྷ་ཡི་གཞལ་མེད་ལ༔ རིལ་བུ་ལྷ་ཡི་ཕྱག་རྒྱར་གསལ༔ བདག་ [12b] བསྐྱེད་ཐུགས་ལས་འོད་ཟེར་དཀར༔ བ་ཐག་འཛིངས་པ་ལྟ་བུར་འཕྲོས༔ མདུན་བསྐྱེད་ལྷ་ཚོགས་ཐུགས་ཀར་ཕོག༔ བྱང་ཆུབ་སེམས་ཀྱི་ཐུགས་རྒྱུད་བསྐུལ༔ ཀུན་ཀྱང་ཡི་གེ་དྲུག་མའི་སྒྲ༔ བུང་བའི་ཚང་ལྟར་སྒྲོགས་པ་ལ༔ འོད་ཟེར་དྲྭ་བས་སྟོང་གསུམ་ཁེངས༔ སྲིད་རྩེ་མནར་མེད་ཡན་ཆད་ཀྱི༔ རང་རང་ལས་དང་སྡུག་བསྔལ་ཀུན༔ ཉི་མས་བ་མོ་ཞུ་བཞིན་སྦྱོངས༔ སྣོད་བཅུད་འབྱུང་ལྔའི་དུག་གཞིལ་ཏེ༔ སྣོད་ཀྱི་འཇིག་རྟེན་གཞལ་མེད་ཁང་༔ བཅུད་ཀྱི་སེམས་ཅན་སྲིན་བུ་ཡན༔ འཕགས་པའི་སྐུ་རུ་དཀྲོང་གིས་གྱུར༔ སྒྲར་གྲགས་ཡི་གེ་དྲུག་མའི་གདངས༔ དྲན་རྟོག་འོད་གསལ་བྱང་ཆུབ་སེམས༔ འཁོར་འདས་མཉམ་པ་ཉིད་ཀྱི་ཀློང་༔ གསལ་འགྲིབ་མེད་པའི་ངང་ནས་བཟླ༔ ཅེས་གསལ་བཏབ་ལ་གཟུངས་ཐག་ནས་འཇུས་ཏེ་སྔགས་སྒྲ་རྒྱུན་མི་ཆད་པའི་བཟླས་པ་ཁོ་ན་ལ་གཙོ་བོར་བྱ་ཞིང་འདི་ནས་བཟུང་སྔགས་རྒྱུན་ལེན། ཐུན་མཚམས་རྣམས་སུ་མཆོད་བསྟོད་མདོར་བསྡུས་བྱ། དེ་ལྟར་ཉིན་མོའི་སྔ་ཐུན་ལ་ཆོ་ག་སྔོན་འགྲོ་བཅས་རྒྱས་པ་དང་། ཉིན་མོའི་ཕྱི་ཐུན་དང་། མཚན་ཐུན་སྔ་ཕྱི་གཉིས་ལ་མཚམས་གཅོད་ནས་བཟུང་བཟླས་པའི་བར་ལས་བྱང་དཀྱུས་ལྟར་ལ། ཉིན་མོའི་ཕྱི་ཐུན་གྱི་མཇུག་ཏུ་མ་མགོན་ལྕམ་དྲལ་སོགས་བཀའ་སྲུང་གཏེར་སྲུང་གི་གཏོར་བསྔོས་རྒྱས་བསྡུས་གང་རིགས་བྱ། །ཚོགས་མཆོད་རྒྱས་ [13a] པར་འབུལ་ཞིང་ལྷག་མ་བཙོན་དུ་འཛིན། གཏོར་སྐྱོང་རྟ་བྲོ་གཏང་རག་ནོངས་བཤགས་བཅས་གྲུབ་པ་དང་། མདུན་དཀྱིལ་ལ་དམིགས་ཏེ། ཕྱོགས་བཅུ་ན་བཞུགས་པའི་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཐམས་ཅད་བདག་ལ་དགོངས་སུ་གསོལ། ཇི་སྲིད་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་མི་གནས་པའི་མྱ་ངན་ལས་འདས་པའི་ས་ལ་མ་བཞག་གི་བར་དུ་རྒྱལ་བ་རྣམས་མྱ་ངན་ལས་མི་འདའ་བར་བརྟན་པར་བཞུགས་སུ་གསོལ། ཁྱད་པར་དུའང་རྡུལ་ཚོན་གྱི་དཀྱིལ་འཁོར་ལ་བསྐྱེད་ཅིང་སྤྱན་དྲངས་པའི་ལྷ་ཚོགས་ཐམས་ཅད་ཇི་སྲིད་གཤེགས་གསོལ་གྱི་ཆོ་ག་མ་བྱས་ཀྱི་བར་དུ་བརྟན་པར་བཞུགས་སུ་གསོལ། བརྟན་པར་བཞུགས་ནས་ཀྱང་བདག་དང་སེམས་ཅན་ཐམས་ཅད་ལ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་སྩལ་དུ་གསོལ། ཨོཾ་སུ་པྲ་ཏིཥྛ་བཛྲ་ཡེ་སྭཱཧཱ། ཞེས་མེ་ཏོག་འཐོར་ལ་བརྟན་བཞུགས་བྱ། བདག་བསྐྱེད་བསྡུ་ལྡང་བསྔོ་སྨོན་ཤིས་བརྗོད་བཅས་མཐར་དབྱུང་བར་བྱའོ། །གཉིས་པ་བར་གཅོད་བསལ་བ་ནི། འགྲུབ་ན་ཐུན་རེ་རེ་བཞིན་ཉིན་མཚན་གྱི་ཐུན་རྗེས་མ་གྲུབ་པའི་སྐབས་འདིར་ཉུ་ལེ་བསྐྲད་པའི་ཆོ་ག་ངེས་པར་བྱ་སྟེ། གོང་གི་ཤིས་བརྗོད་གྲུབ་མ་ཐག་ཏུ་ཉུ་ལེའི་ལིངྒ་སློབ་དཔོན་གྱི་མདུན་དུ་བཀོད་ལ། ཨེ་ཡཾ་ཛྭ་ལ་རཾ། བྲུབ་ཁུང་ཡངས་ [13b] ཤིང་གཏིང་ཟབ་པའི་ནང་དུ་ཏྲི་ལས་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་ལྟ་བའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་རིད་ཅིང་ཉམ་ཐག་པའི་ལུས་ཅན་དུ་གྱུར་པར་བསམ་ཞིང་། ན་མོ་དཀོན་མཆོག་གསུམ་ལ་ཕྱག་འཚལ་ལོ། །དཀོན་མཆོག་གསུམ་གྱི་བཀའ་བདེན་པ་དང་། ཆོས་ཉིད་རྣམ་པར་དག་པའི༴ ཆོས་ཅན་རྒྱུ་འབྲས་བསླུ་བ་མེད་པའི༴ དབང་ཆེན་རྟ་མཆོག་རོལ་པའི་ལྷ་ཚོགས་རྣམས་ཀྱི༴ སྤྲུལ་པ་ཡང་སྤྲུལ་ཕྱག་བརྙན་དང་བཅས་པ་རྣམས་ཀྱི༴ བདེན་པ་ཆེན་པོའི་མཐུས། མ་རུངས་པའི་སེམས་ཅན་དངོས་གྲུབ་ལ་བར་དུ་གཅོད་ཅིང་ལོག་པར་འདྲེན་པའི་འབྱུང་པོ་ཉམས་ལེན་བདུད་ཀྱི་རིགས་སུ་གྱུར་པ་ཐམས་ཅད་མཚན་མ་རྫས་ཀྱི་རྟེན་འདི་ལ་མཆིས་པར་གྱུར་ཅིག ཏྲི་ཡཾ་ཛཿ ཏྲི་བཛྲ་ཨཾ་ཀུ་ཤ་ཛཿ ཛཿཧཱུྃ་བཾ་ ཧོཿ ཞེས་ལན་གསུམ་གྱིས་འགུག་གཞུག་བྱས་ལ། ཕུར་ཐུན་ཚོམ་བུར་བསྐུལ་བ་ནི། ཧཱུྃ༔ ཆོས་ཀྱི་དབྱིངས་ལས་རང་བྱུང་གྲུབ་པའི་ལྷ༔ ཁྲོ་བོ་རོལ་པའི་དུར་ཁྲོད་ཆེན་པོ་ནས༔ ཤིན་ཏུ་མི་བཟད་ཁྲོ་གཏུམ་སྐུར་སྟོན་པ༔ དབང་ཆེན་ཡོངས་རྫོགས་དྲག་པོའི་ཕྲིན་ལས་མཛོད༔ ཧཱུྃ༔ ང་ནི་པདྨ་དབང་གི་སྐུ༔ སྲས་འཁོར་སྤྲུལ་པ་བྱེ་བ་འབུམ༔ བཀའ་སྡོད་རབ་འཇིགས་ཕོ་ཉར་བཅས༔ རྟ་ [14a] མགྲིན་ལྷ་ཚོགས་དུས་ལ་བབ༔ གཡས་ཀྱི་ཕྱག་ན་ལྕགས་ཀྱུས་འགུགས༔ ལྕགས་ཀྱུས་ཟུངས་ལ་ཕུར་བུ་ཐོབ༔ གནོད་བྱེད་དགྲ་བགེགས་རྡུལ་དུ་རློག༔ ཨོཾ་བཛྲ་མ་ཧཱ་ཀྲོ་དྷ་པདྨ་ཀྲོ་དྷི་ཤྭ་རི་བཛྲ་ཀཱི་ལི་ཀཱི་ལ་ཡ་མ་ཧཱ་ཡཀྵ་ཀ་ལ་རཱུ་པ་ཀརྨ་རཾ་རཾ་ཛྭ་ལ་རཾ་ཧཱུྃ་ཕཊ༔ གནོད་བྱེད་དགྲ་བགེགས་འབྱུང་པོ་ཐམས་ཅད་མཱ་ར་ཡ་ཧཱུྃ་ཧཱུྃ་ཕཊ༔ ཅེས་དྲག་སྔགས་ཕུར་བསྐོར་དང་བཅས་པས་གདབ་ཅིང་ཐུན་གྱིས་བྲབ། ཁྱད་པར་དཔལ་གྱི་ཕོ་ཉ་ཀུན་ཐུབ་རྒྱལ་མོ་བསྐུལ་བནི། ཧཱུྃ༔ ཤར་ཕྱོགས་དཀར་མོ་དུང་གི་གཞལ་ཡས་ནས༔ ཁྲག་མདོག་དམར་མོ་བསེ་ཡི་ལན་ཕྲན་ཅན༔ སྤྱན་རྩ་དམར་ཟླུམ་ཉི་མའི་ཟར་ལྟར་འཕྲོ༔ སྨིན་མ་གློག་འཁྱུག་བར་སྣང་གོ་སྐབས་འབྱེད༔ བུ་ཡུག་ཐོག་འབེབས་ཤངས་ནས་རྡོ་རྗེ་འཁྲུག༔ བཞད་པ་ཧེ་དང་དཔལ་གྱི་སྤུ་གྲིས་གཏམས༔ རྔམས་པའི་ལྗགས་འདྲིལ་བསྐལ་པའི་མེ་ཆེན་འབར༔ ཨག་ཚོམ་མེ་འབར་རབ་འབྱམས་སྲིད་པ་སྲེག༔ བསྐལ་པའི་འབྲུག་སྒྲ་སྙན་ནས་འབྲུག་སྟོང་སྒྲོགས༔ ལག་པ་དམར་མོ་སྤུ་གྲི་འབུམ་གྱིས་གཏམས༔ སེན་མོ་ལྕགས་ཀྱུའི་རྩེ་ནས་མེ་ཆེན་འབར༔ བ་སྤུ་གནམ་ལྕགས་ཞུན་མའི་རྡོ་རྗེ་འཁྲུགས༔ སྨིན་མཚམས་ལྕགས་ཀྱི་ཁྲོ་ཆུང་ཆར་འབེབས་ཤིང་༔ [14b] ཞབས་ཀྱི་ཕུར་པས་སྲིན་མོ་ལྔ་བརྒྱ་གཟིར༔ རལ་པའི་གསེབ་ནས་ཁྲག་གི་ཆར་པ་འབེབས༔ ཤིན་ཏུ་མི་བཟད་གཏུམ་ཆེན་ཁྲག་འཐུང་མ༔ སྲིན་མོའི་སྙིང་འབྱིན་ཆང་པར་བཅུག་ནས་གསོལ༔ ཤིན་ཏུ་མི་བཟད་འབར་བའི་སྐུ་གཅིག་མ༔ དཔག་ཚད་ལྔ་བརྒྱར་རྒྱུག་ཅིང་ཀླུ་སྲིན་སྒྲོལ༔ ཁྲོས་པའི་ཞལ་མདོག་ཁྲག་གི་མཆིན་པ་ཁ༔ ན་བཟའ་དམར་པོ་སྲིན་གྱི་གཡང་གཞི་གསོལ༔ ཕྱོགས་བཅུར་ཁ་བལྟས་ཕྱོགས་སྐྱོང་ཞབས་ཀྱིས་མནན༔ བདུད་ལ་བབ་ན་སྙིང་ཁྲག་དྲོན་མོ་གསོལ༔ སྲིན་ལ་བབ་ན་སྲོག་རྩ་དམར་པོ་གཅོད༔ དགྲ་ལ་བབ་ན་དུག་གི་ཁ་ཆུ་འདེབས༔ བགེགས་ལ་བབ་ན་རཱུ་པ་རྡུལ་དུ་རློག༔ དཔལ་གྱི་ཕོ་ཉ་དཔལ་གྱི་ཐུགས་ལས་སྤྲུལ༔ དམ་ཉམས་དགྲ་དང་འབྱུང་པོ་བགེགས་ལ་སོགས༔ ཕུང་པོ་དུམ་བུར་གཏུབས་ལ་དོན་སྙིང་སྲེགས༔ དམ་ཉམས་ཉུལ་ལེའི་བར་ཆད་རྡུལ་དུ་རློག༔ དམ་ཚིག་དུས་ལ་བབ་བོ་ས་མ་ཡ༔ ཧཱུྃ༔ གྲུ་བུ་གྲུ་ཨ་པ་ཙེ༔ རུ་པ་ཙེ༔ ན་ར་ཙེཿ རྩ་མེ་ཐུན་ཐུན༔ ན་ཤ་སྟྭཾ་བྷ་ཡ༔ ཡཀྵ་བྱིན༔ ཡཀྵ་བྱིན༔ ཕྱེ་མ་ཕྱེ་མ༔ རྡུལ་ཕྲན་རྡུལ་ཕྲན༔ ཙིཏྟ་རྦད་ནན༔ ཨོཾ་སུཾ་བྷ་ནི་སོགས་དང་༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་པྲ་མ་རཱ་ཛ་ཏྲིག་ནན༔ ངྷ་ན་རཀྵ་རྦུད་ལིང་༔ ཏྲིའུ་ཏྲིའུ་མ་མ་ན་ཡ་ཤོ་ན་ཛ༔ མཱ་ར་ཡ་རྦད་རྦད༔ ཅེས་དྲག་སྔགས་ [15a] སྤོས་རོལ་དང་ཁྱད་པར་གྱི་དབྱུག་པ་བསྡིགས་ཤིང་ཐུན་གྱིས་བྲབ་ནས་རྒྱང་རིང་དུ་བསྐྲད། དེ་མ་ཐག་སྤོས་དང་རོལ་མོ་སོགས་ཀྱིས་གཟི་བྱིན་བསྐྱེད་ལ། ཧཱུྃ་ཧྲཱིཿ ནམ་མཁའི་མཐའ་དང་མཉམ་པའི་དཀྱིལ་འཁོར་ནས༔ རྡོ་རྗེ་སྐུ་མངའ་འགྲན་དུ་མེད་པ་ཡི༔ རྩ་གསུམ་རབ་འབྱམས་ལྷ་ཚོགས་ཐུགས་དམ་ཅན༔ ཐུགས་རྗེས་བརྩེར་དགོངས་འདིར་གཤེགས་བྱིན་ཆེན་ཕོབ༔ ཧཱུྃ་ཧྲཱིཿ འོག་མིན་བདེ་ཆེན་བཀོད་པའི་ཞིང་ཁམས་ནས༔ རིགས་ཀྱི་ཁྱབ་བདག་སྣང་མཐའ་ཚེ་དཔག་མེད༔ བདེ་གཤེགས་པདྨ་དབྱིངས་ཀྱི་ལྷ་ཚོགས་རྣམས༔ ཐུགས་རྗེ་བརྩེར་དགོངས་འདིར་གཤེགས་བྱིན་ཆེན་ཕོབ༔ རྣལ་འབྱོར་རྒྱུད་ལ་དབང་བཞིའི་ཡེ་ཤེས་སྐྱེད༔ སྒྲུབ་པའི་གནས་མཆོག་རྡོ་རྗེའི་ཞིང་དུ་གྱུར༔ དམ་ཚིག་རྫས་ལ་དངོས་གྲུབ་བྱིན་ནུས་སྩོལ༔ སྒྲུབ་པའི་འབྲས་བུ་ད་ལྟ་མཆིས་པར་མཛོད༔ ཧཱུྃ་ཧྲཱིཿ འགྲོ་འདུལ་རང་བཞིན་སྤྲུལ་པའི་ཞིང་ཁམས་ནས༔ སྒྱུ་འཕྲུལ་དྲྭ་བ་ཆེན་པོའི་སྐུར་སྟོན་པ༔ འཕགས་མཆོག་སྡུག་བསྔལ་རང་གྲོལ་ལྷ་ཚོགས་རྣམས༔ ཐུགས་རྗེས་བརྩེར་དགོངས་འདིར་གཤེགས་བྱིན་ཆེན་ཕོབ༔ རྣལ་འབྱོར་སོགས། ཧཱུྃ་ཧྲཱིཿ གནས་ཡུལ་དུར་ཁྲོད་དྲག་པོའི་ཞིང་ཁམས་ནས༔ གང་འདུལ་ལས་མཛད་མཐུ་རྩལ་ཐོགས་མེད་པ༔ རིགས་བཞིའི་སྒྲོལ་མ་མཁའ་འགྲོ་ [15b] འབུམ་གྱི་ཚོགས༔ ཐུགས་རྗེས་སོགས། ཧཱུྃ་ཧྲཱིཿ གཞན་ཡང་ཕྱོགས་བཅུ་རབ་འབྱམས་ཞིང་ཁམས་ནས༔ བརྒྱུད་གསུམ་བླ་མ་ཡི་དམ་ཞི་ཁྲོའི་ལྷ༔ དྷཱ་ཀི་ཆོས་སྲུང་དཀར་ཕྱོགས་སྐྱོང་བའི་ཚོགས༔ ཐུགས་རྗེས་སོགས། ཨོཾ་མ་ཎི་པདྨེ་ཧཱུྃ༔ ས་པ་རི་ཝཱ་ར་ས་མ་ཡ་ ཧོཿ ས་མ་ཡ་སྟྭཾ༔ ཛྙཱ་ན་ཨཱ་བེ་ཤ་ཡ་ཨ་ཨཱཿ ཧྲིཾ་ཧྲིཾ་ཕེཾ་ཕེཾ༔ ཧཱུྃ་ཧཱུྃ་ཧཱུྃ༔ ཛཿཧཱུྃ་བཾ་ ཧོཿ ཞེས་བྱིན་དབབ་ལ་དཀྱིལ་འཁོར་བསྐོར་ཞིང་ཛཔྲ་དབྱངས་བྱ། ཚུལ་འདི་ལྟ་བུའི་འགྲོས་ཀྱིས་དངོས་གཞིའི་སྒྲུབ་ཞག་བདུན་ལ་སོགས་པ་ཇི་ཙམ་བྱ་བའི་གཞུང་བསྲང་བར་བྱའོ། །གསུམ་པ་རྟགས་ཚད་གཏན་ལ་དབབ་པ་ནི། པྲ་ཁྲིད་རྩ་བར། བྱིང་རྒོད་གཉིད་དང་ལེ་ལོ་སོགས༔ ཏིང་འཛིན་གེགས་དང་མ་འདྲེས་པར༔ རིག་པ་གཟེངས་བསྟོད་ཐུན་བཞིར་འབད༔ དར་དྲག་ཡུན་ཐུང་སྒྲུབ་པའི་གནད༔ བདུན་ཕྲག་གཅིག་གིས་དངོས་གྲུབ་ཐོབ༔ དེ་ཚེ་སྒོ་གསུམ་སྒྲིབ་དག་རྟགས༔ ཁྲུས་བྱས་གོས་གསར་དྲི་མེད་གྱོན༔ གྱེན་འཛེགས་གངས་ཀྱི་རི་བོ་མཐོང་༔ ལུས་ལས་རྣག་ཁྲག་མི་གཙང་འབབ༔ ནམ་ལངས་ཉི་ཟླ་ཤར་བ་དང་༔ ཁྱེའུ་དཀར་པོ་དར་གོས་ཅན༔ མཐོང་ཞིང་དུས་གསུམ་ལུང་སྟོན་དང་༔ གྲེ་ལྕེ་བདེ་ཞིང་རིག་པ་དྭངས༔ སྒྲུབ་ཁང་འོད་ཀྱིས་ཁེངས་པ་དང་༔ རིལ་བུ་རླངས་འཐུལ་དྲི་ཞིམ་སྣོམ༔ བག་དྲོ་ཉམས་དགའ་ཏིང་འཛིན་གསལ༔ དེ་སོགས་རྣམ་པ་ཅིར་བྱུང་ཡང་༔ སྤྲོ་བ་མི་བསྐྱེད་བཟང་ངན་ཀུན༔ ཆོས་ཉིད་མཉམ་ [16a] པ་ཉིད་དུ་བརྡལ༔ རང་སྣང་འགྱུར་ཚེ་གཞན་སྣང་འགྱུར༔ ཀུན་ལ་བྱམས་དང་སྙིང་རྗེ་སྐྱེ༔ འཇིག་རྟེན་འདི་ཡི་འཁྲི་བ་ཆོད༔ སྣང་བ་བན་བུན་ཆད་ཆོད་འགྲོ༔ གཟའ་གཏད་མེད་པའི་རྟོགས་པ་འཆར༔ བྱང་ཆུབ་སེམས་ཀྱི་ནུས་སྨིན་པས༔ གཞན་ཕན་རྩོལ་བ་མེད་པར་འབྱུང་༔ ཞེས་གསུངས་པ་ལྟར་ལྟས་བཟང་གཏན་ལ་ཕེབས་པའམ་སྒྲུབ་པའི་ཞག་གྲངས་ཐེམ་ནས་དངོས་གྲུབ་བླང་བའི་རིམ་པ་ལ་འཇུག་པར་བྱའོ། །གསུམ་པ་རྗེས་ཀྱི་རིམ་པས་སྒྲུབ་པ་མཐའ་རྒྱས་པར་བྱ་བ་ལ་གསུམ། བདག་དོན་དངོས་གྲུབ་བླང་བ། གཞན་དོན་དབང་བསྐུར་བ། མཇུག་སྡུད་མཐའ་རྒྱས་ཀྱི་རིམ་པའོ། །དང་པོ་ནི། སྒྲུབ་པ་སང་གྲོལ་རྒྱུའི་དེ་རིང་གི་དགོངས་ཐུན་ནས་དངོས་གྲུབ་བླང་བའི་རྫས་བཤམ་སྟེ། དཀྱིལ་འཁོར་གྱི་མདུན་དུ་སྟེགས་བུ་ཁེབས་དཀར་པོས་གཡོགས་པར་འབྲུ་དཀར་གྱིས་གཡུང་དྲུང་གཡས་འཁྱིལ་དུ་བྲིས་པའི་ཁར་རིན་པོ་ཆེའི་སྣོད་དུ་འབྲུ་བཟང་གི་ཕྱེ་མངར་གསུམ་ཞོ་མར་འོ་མ་ཛ་གད་ཀྱིས་སྦྲུས་པའི་འབྲང་རྒྱས་ནོར་བུ་འབར་བའི་དབྱིབས་ཅན་རྒྱན་ལྡན་དང་ཕྱོགས་བཞིར་ལས་བཞིའི་འབྲང་རྒྱས་བཅས་འགོད། དེ་སྟེང་མཉྫའི་ཁར་ཐོད་པ་མཚན་ལྡན་མངར་གསུམ་ཨ་མྲྀ་ཏ་དང་སྦྱར་བའི་ཆང་བཟང་པོས་བཀང་བ་བཞག་ལ་དར་དམར་མཐིང་གིས་ཁ་བཀབ། མཐའ་སྐོར་དུ་འབྲང་རྒྱས། ལ་དུ། ཟླ་རྒྱས། ཟླ་ཕྲུམ། གལ་ཕྱེ། རྒུན་འབྲུམ། བཅའ་ལྒ་སོགས་སྤད་དང་ཤིང་ཏོག་ [16b] གི་རིགས། མཱཾ་ས། མ་དན་སོགས་བཟའ་བཅའ་བཏུང་བའི་རིགས་གྱུར་མ་ཚང་བ་མེད་པ་ལེགས་པར་བཤམ། ནུབ་ཐ་མའི་ཐོར་ཐུན་གྱི་ལས་གཞུང་བཟླས་པའི་བར་གྲུབ་པ་ནས་གཟུངས་ཐག་བསྡུས་ལ་བསྙེན་རྒྱུན་སྔ་མ་གྲོལ་ནས་སྙིང་པོ་ལ་དངོས་གྲུབ་བླང་བའི་སྔགས་བཏགས་པ་བཟླ། ཆོས་སྐྱོང་གི་གཏོར་འབུལ་གྲུབ་པ་དང་། དངོས་གྲུབ་ལ་མི་དབང་བའི་ལྟ་ཉན་གྱི་བགེགས་ཚོགས་ཚར་གཅོད་པའི་ཕྱིར་ལས་བྱང་ལྟར་བཀའ་བསྒོས་ལ་དྲག་སྔགས་ཡུངས་ཐུན་སོགས་ཀྱིས་བསྐྲད་དེ་སྲུང་འཁོར་བསྒོམ། བཤགས་ཚིག་གང་རུང་དང་ཡི་གེ་བརྒྱ་པ་བཟླས་པའི་འཁོན་གཅུག་སྦྱང་། སྤོས་དང་རོལ་མོ་བཅས་པས་བྱིན་དབབ་མཐར། ཁྱད་པར་དངོས་གྲུབ་བསྐུལ་བའི་ཛཔྲ་བཟླ་བ་ནི། དཀྱིལ་འཁོར་གྱི་ལྷ་རྣམས་ཀྱི་ཐུགས་ཀ་ནས་འོད་ཟེར་དམར་པོ་ཕྱོགས་བཅུར་འཕྲོས། འགྲོ་བའི་རྒྱུད་སྦྱངས། བདེ་བར་གཤེགས་པ་རྣམས་ལ་ཕོག་པས་དགྱེས་པ་བསྐྱེད། སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་དང་བཅས་པའི་དངོས་གྲུབ་ཚུར་འདུས། བདག་ལ་ཐིམ་པས་ནུས་པ་བརྟན་པར་བྱས། རྫས་རྣམས་ལ་ཐིམ་པས་འཆི་མེད་ཀྱི་བདུད་རྩི་དངོས་གྲུབ་ཀུན་གྱི་སྙིང་པོར་འཁྱིལ་བར་བསམ་ཞིང་། དངོས་གྲུབ་ཀྱི་ཁར་གཟུངས་ཐག་རྡོ་རྗེ་བཞག་པའི་སྣེ་མོ་ནས་བཟུང་ལ་རྩ་སྔགས་ཤམ་དུ། ཀཱ་ཡ་ཝཱ་ཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ༔ ཞེས་བཏགས་པ་བརྒྱ་སྟོང་སོགས་ཅི་འགྲུབ་བཟླ། བཟླས་པ་ [17a] གྲུབ་ནས་གཟུངས་ཐག་བསྡུས་ལ། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་གནས་གསུམ་ནས་དངོས་གྲུབ་ཐམས་ཅད་འབྲུ་གསུམ་གྱི་ཚུལ་དུ་བར་མ་ཆད་པར་བྱུང་བ་རང་གི་གནས་གསུམ་དུ་ཐིམ་པར་མོས་ཏེ། རྡོ་རྗེ་རྒྱལ་ཚབ་པས་མྱང་གྲོལ་རིལ་བུམ། ཡུམ་གྱི་རྣམ་བུམ། ལས་རྡོར་སོགས་ཀྱིས་བདུད་རྩི་དང་ལས་བཞིའི་འབྲང་རྒྱས་སོགས་སྒྲུབ་རྫས་རྣམས་སྦྲེང་ཚང་དུ་ཐོགས་ལ། ཧཱུྃ། འཕགས་མཆོག་ཐུགས་རྗེའི་ལྷ་ཚོགས་དགོངས་སུ་གསོལ༔ སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཅག་གིས༔ ལུས་ངག་ཡིད་གསུམ་རབ་གུས་གདུང་བ་ཡིས༔ བསྙེན་སྒྲུབ་ཟབ་མོས་ཐུགས་དམ་གནད་བསྐུལ་གྱི༔ དེང་སང་སྐྱ་རེངས་དང་པོ་འཆར་དུ་ཉེ༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས་ལ་ཁད༔ བཟླས་བརྗོད་བསྙེན་པའི་གྲངས་ཀྱང་མཐའ་རུ་ཕྱིན༔ བསྙེན་སྒྲུབ་ཞག་གི་གྲངས་ཀྱང་དེང་ཚང་བས༔ མཆོག་ཐུན་དངོས་གྲུབ་དམ་པ་ཆར་དུ་ཕོབ༔ ཐུན་མོངས་མ་ཡིན་ཁྱད་པར་གནད་ཀྱི་མཆོག༔ རྒྱལ་བའི་ཐུགས་གསང་དཔལ་གྱི་བེའུ་ནས༔ ཉག་ཅིག་ཟེར་འཕྲོས་ཐིག་ལེ་ལུ་གུ་རྒྱུད༔ སྐལ་ལྡན་སྒྲུབ་མཆོག་རྣམས་ལ་སྩལ་དུ་གསོལ༔ སིདྡྷི་ཕ་ལ་ཨ་ལ་ལ་ཧོཿ ཞེས་དང་། ཧཱུྃ༔ ཆོས་དབྱིངས་མཁའ་དང་མཉམ་པའི་སྐུ་མངའ་བ༔ རྡོ་རྗེ་སྐུ་ཡི་དངོས་གྲུབ་སྩལ་ [17b] དུ་གསོལ༔ མ་ཆགས་སྐྱོན་བྲལ་པདྨའི་ལྗགས་མངའ་བ༔ ཚངས་དབྱངས་གསུང་གི་དངོས་གྲུབ་སྩལ་དུ་གསོལ༔ འགྲོ་དྲུག་མ་ལུས་ཐུགས་རྗེ་ཡོངས་སྒྲོལ་བ༔ སྤྲོས་བྲལ་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ༔ ཡོན་ཏན་རིན་ཆེན་འགྲོ་བའི་རེ་འདོད་སྐོང་༔ མི་ཟད་གཏེར་གྱི་དངོས་གྲུབ་སྩལ་དུ་གསོལ༔ འགྲོ་དོན་འབད་མེད་ལྷུན་གྱིས་གྲུབ་པ་ཡི༔ ཐོགས་མེད་ཕྲིན་ལས་དངོས་གྲུབ་སྩལ་དུ་གསོལ༔ དེ་ལྟར་དངོས་གྲུབ་སྩོལ་བར་མི་དམིགས་ཀྱང་༔ རྒྱལ་བ་ཐུགས་རྗེ་བྱིན་རླབས་རང་བཞིན་ལ༔ དུས་ལས་མི་འདའ་རྡོ་རྗེའི་དམ་ཚིག་ཅན༔ སྐྱབས་ལས་མི་གཡེལ་གཡར་དམ་གཅིག་པ་ལ༔ ཡེ་ཤེས་ལྷ་མཆོག་ཁྱེད་རྣམས་དགོངས་ནས་ཀྱང་༔ དངོས་གྲུབ་དམ་པ་དུས་འདིར་སྩལ་དུ་གསོལ༔ ཀཱ་ཡ་སིདྡྷི་ཨོཾ༔ ཝཱ་ཀ་སིདྡྷི་ཨཱཿ ཙིཏྟ་སིདྡྷི་སིདྡྷི༔ སརྦ་སིདྡྷི་ཧྲཱིཿ ཞེས་སྒྲུབ་རྟེན་རྣམས་གནས་གསུམ་དུ་གཏུགས་ཤིང་། རིལ་བུ་ཅུང་ཟད་བདུད་རྩི་ཨ་མྲྀ་ཏ་དང་སྦྱར་ལ་དེ་ཉིད་ངོ་བོ་བདེ་གཤེགས་ཀུན་གྱི་རང་བཞིན་ལ་རྣམ་པ་བདུད་རྩི་དཀར་མེར་གྱིས་འཁྱིལ་བར་མོས་ཏེ་སྤྱི་མགྲིན་སྙིང་གར་ཐིག་ལེ་བྱ། །ལྕེ་ཐོག་ཏུ་མྱང་བས་ལུས་ཀྱི་ཕྱི་གཞལ་ཡས་ཁང་ལ་ནང་རྩ་ཁམས་ཐམས་ཅད་ལྷ་ཚོགས་སུ་བསམ་ཞིང་དངོས་གྲུབ་ཀྱི་རྫས་རྣམས་ལ་རོལ། བདག་ཉིད་ལྷ་དང་དངོས་གྲུབ་དབྱེར་མེད་བདེ་བ་ཆེན་པོའི་ཡེ་ཤེས་དེ་ [18a] བཞིན་གཤེགས་པ་ཐམས་ཅད་ཀྱི་རྡོ་རྗེ་གསུམ་གྱི་རང་བཞིན་དུ་གྱུར་པར་བལྟའོ། །སྐབས་འདིར་སྤྲོ་ཞིང་ནུས་ན་ཞི་བ་དང་རྒྱས་པའི་སྲེག་བླུགས་ཀྱང་བྱ་སྟེ་དེའི་ཚུལ་ནི་ལོགས་སུ་ཤེས་པར་བྱའོ། །གཉིས་པ་གཞན་དོན་དབང་བསྐུར་བ་ནི། དབང་ཆོག་ལས་འབྱུང་བ་བཞིན་རྒྱས་བསྡུས་སྐབས་ཕྱེད་པས་བསྐུར་རོ། །གསུམ་པ་མཐའ་རྒྱས་ཀྱི་རིམ་པ་ལ་གསུམ། དཀྱིལ་འཁོར་བསྡུ་བ། སྨོན་ལམ་གདབ་པ། ཤིས་པར་བྱ་བའོ། །དང་པོ་ནི། ལས་བྱང་གི་ཚོགས་བྱིན་བརླབ་ནས་བརྩམ་ཚོགས་མཆོད་རྒྱས་པར་བྱ་ཞིང་ཚོགས་ཐ་མའི་ཞལ་བསྟབ་སྐབས་ཉུ་ལེའི་ལིངྒ་ངེར་བསྲེགས་པའི་ཐལ་བ་ཆོས་སྐྱོང་གཏོར་མར་བསྟབ། །ཚོགས་ལ་རོལ་མཐར་ལྷག་མ་བསྡུས་ལ་སྔར་གྱི་ལྷག་གཏོར་གཏར་བཟུང་བ་དང་ལྷན་ཅིག་ལྷག་ཆོག་བྱས་ལ་སྒྲུབ་ཁང་གི་ལྷོ་ནུབ་གོམ་པ་བདུན་ཅུའི་མཚམས་སུ་བསྐྱལ། གཏོར་འབུལ་བྱས་ལ་བཀའ་སྲུང་གི་གཏོར་མ་དང་ཆད་མདོ་བརྟན་མ་བཅས་ཡང་ཐོག་ཏུ་འབུལ་ཞིང་རྟ་བྲོ་བརྡུང་། གཏང་རག་གི་མཆོད་བསྟོད་རྒྱས་པར་བྱས་ལ་ནོངས་པ་བཟོད་པར་གསོལ་ནས། ཨོཾ། ཁྱེད་ཀྱི་སེམས་ཅན་དོན་ཀུན་མཛད། །ཅེས་སོགས་དང་། ཛྙཱ་ན་མཎྜ་ལ་བཛྲ་མུཿས། རྡུལ་ཚོན་གྱི་ཡེ་ཤེས་པ་ཆོས་ཀྱི་དབྱིངས་སུ་གཤེགས། སྤྲུལ་པའི་དམ་ཚིག་པ་རང་གི་སྙིང་གར་ཐིམ་པར་མོས། རས་བྲིས་ཀྱི་ཚེ་མདུན་བསྐྱེད་ཀྱི་ཡེ་ཤེས་པ་བརྟན་བཞུགས་བྱ་ཞིང་དམ་ཚིག་པ་རང་ལ་བསྡུ། [18b] གང་ལྟར་བདག་བསྐྱེད་བསྡུ་ལྡང་བྱས་ལ། མཚམས་གྲོལ་བའི་ཕྱིར་ཕྱི་རོལ་དུ་སོང་ནས་རྒྱལ་ཐོ་ལ་མཆོད་གཏོར་བཤམས་པ་བྱིན་བརླབས་བསྐྱེད་བསྟིམ་མཆོད་གཏོར་འབུལ་བ་རྣམས་ཐོ་སྡོམ་ལྟར་ལས། བསྟོད་པ་རྐང་པ་གཉིས་པ་དང་བཞི་པའི་ཚབ་ཏུ། བདག་ཅག་རེ་བ་སོགས་དང་། བཅོལ་བའི་ཕྲིན་ལས་གྲུབ་པར་མཛོད། །ཅེས་བསྒྱུར་བའི་མཐར། བཛྲ་མུཿས་གཤེགས་སུ་གསོལ། སྒོ་བྱང་ལ་མཆོད་གཏོར་བཤམ་རློབ་བསྐྱེད་བསྟིམ་མཆོད་པ་རྣམས་སྔ་མ་ལྟར་ལ། མཆོད་སྦྱིན་གཏོར་མ་འདི་བཞེས་ལ། སོགས་ཀྱིས་ཕྲིན་ལས་བཅོལ་ཏེ། བཛྲ་མུཿས་གཤེགས་སུ་གསོལ། ནང་དུ་ལོག་ནས་ཧཱུཾ་མཛད་ཀྱི་ཕྱག་རྒྱ་དང་ལྡན་པས། སུཾ་བྷ་ནི་བརྗོད་ཅིང་ཕུར་བུ་རྣམས་དང་པོར་གདམ་རིམ་ལས་ལྡོག་ཕྱོགས་སུ་ཕྱུངས་ཏེ། ཨོཾ་རུ་རུ་སྥུ་རུཛྭ་ལ་ཏིཥྛ་སིདྡྷི་ལོ་ཙ་ན་སརྦ་ཨརྠ་སྭ་ངྷ་ནི་སྭཱཧཱ། ཞེས་བཟླས་པས་འོ་མས་ཕུར་རྩེ་བཀྲུ་ཞིང་ཁུང་བུར་ཡང་འཐོར་ལ་ལྷ་རྣམས་གཤེགས། ཆོས་ཐམས་ཅད་སྐྱེ་བ་མེད་པའི་དོན་ཡིད་ལ་བྱས་ཏེ་དྲིལ་བུ་གསིལ་ཞིང་། ཨ་ཀཱ་རོའི་སྔགས་བརྗོད་པས་གཡས་པའི་རྡོ་རྗེས་རྡུལ་ཚོན་གྱི་དཀྱིལ་འཁོར་ཤར་གྱི་ཚངས་ཐིག་གི་ལམ་ནས་གཙོ་བོའི་གནས་ཀྱི་བར་དབྱི་ཞིང་། ལྷག་མ་རྣམས་ཀྱང་རྗེས་མི་མངོན་པར་ཕྱགས་ལ་དོན་དུ་གཉེར་བ་རྣམས་ལ་ཅུང་ཟད་སྦྱིན་ནས་གཞན་རྣམས་བུམ་པར་བླུགས་ཏེ་བཀུར་སྟི་ཆེན་པོས་མཆོད། ཐིག་ཤུལ་དྲི་བཟང་གི་ཆུས་དབྱི། དུས་དེ་ཉིད་དུའམ་གཞན་གྱི་ཚེ་ནའང་རུང་སྟེ་རྡུལ་ [19a] ཚོན་ཉིད་རྒྱུན་མི་ཆད་པའི་ཆུ་བོར་སྤྱན་དྲངས་ཏེ་ཆོ་ག་བཞིན་སྦྱང་བར་བྱའོ། །གཉིས་པ་སྨོན་ལམ་གདབ་པ་ནི། མཆེད་ལྕམ་རྣམས་ཀྱི་ལག་བསྣོལ་བའི་སྲིན་ལག་སྦྲེལ་བའམ་དར་དཀར་རམ་ཕྲེང་བ་ལུ་གུ་རྒྱུད་དུ་སྤེལ། མར་མེ་དང་སྤོས་ཀྱི་རེང་བུ་རེ་ཐོགས་ལ། ཧོཿ འཇིག་རྟེན་དབང་ཕྱུག་མཆོག་གི་དཀྱིལ་འཁོར་དུ༔ རྡོ་རྗེ་སློབ་དཔོན་ཉིད་ཀྱི་དབུ་བཟུང་ནས༔ རྒྱལ་བའི་གདུང་ཚོབ་མཆེད་དང་ལྕམ་དྲལ་རྣམས༔ ནམ་ཞིག་བྱང་ཆུབ་ལམ་དུ་ལུགས་པའི་ཚེ༔ འཁོར་བའི་གཡང་ས་ཆེན་པོར་མི་ལྷུང་ཞིང་། མ་རིག་མུན་པའི་སྨག་རུམ་མི་ལྟུང་ལ༔ གཅོང་རོང་ཟབ་མོའི་ནང་དུ་མི་སྐྱེ་ཤོག༔ དམྱལ་བའི་ཟངས་ཁར་ནང་དུ་མི་ལྷུང་ཞིང་། གཅན་གཟན་གདུག་པའི་སྒྲ་སྐད་མི་སྒྲོགས་ཤིང་༔ མཚོན་ཆ་གདུག་པའི་དཔལ་གྱིས་མོ་ཕོག་ཤོག༔ དགེ་བའི་བཤེས་གཉེན་སྐུ་དྲིན་ཆེ་བ་དང་༔ ཤེས་རབ་ལས་འབྲེལ་མཚན་ལྡན་གཟུངས་མ་དང་༔ དམ་ཚིག་གཅིག་པའི་མཆེད་དང་ལྕམ་དྲལ་རྣམས༔ ཚེ་རབས་འདི་དང་ཚེ་བརྒྱུད་ཐམས་ཅད་དུ༔ མི་འབྲལ་འགྲོགས་པའི་ཏིང་འཛིན་རྩེ་གཅིག་གིས༔ ས་བཅུ་རིམ་གྱི་སངས་རྒྱས་བགྲོད་པར་ཤོག༔ ནམ་ཞིག་ཚེ་འཕོས་ལུས་བརྗེས་གྱུར་པའི་ཚེ༔ མ་རིག་དབང་གིས་འཁོར་བར་ལྷུང་སྲིད་ན༔ སྣང་གསལ་མར་མེས་ཚ་གྲང་སྡུག་བསྔལ་སོལ༔ ཕྲག་དོག་དབང་ [19b] གིས་ལྷ་མིན་ཡུལ་འཁྱམས་ན༔ སྣང་གསལ་མར་མེས་གདུག་པའི་མཚོན་ཁ་བསྙིལ༔ འདོད་ཆགས་དབང་གིས་ཀླ་ཀློའི་མིར་སྐྱེས་ན༔ སྣང་གསལ་མར་མེས་ཤེས་རབ་གསུམ་དང་སྦྱོར་༔ ང་རྒྱལ་དབང་གིས་ཚེ་རིང་ལྷར་སྐྱེས་ན༔ སྣང་གསལ་མར་མེས་ལྷུང་བའི་སྡུག་བསྔལ་སེལ༔ གཏི་མུག་དབང་གིས་བྱོལ་སོང་གནས་འགྲིམ་ན༔ སྣང་གསལ་མར་མེས་ཤེས་རིག་སྒྲོན་མེ་སྤོར༔ སེར་སྣའི་དབང་གིས་ཡི་དྭགས་གནས་སྐྱེས་ན༔ སྣང་གསལ་མར་མེས་བཀྲེས་སྐོམ་སྡུག་བསྔལ་སེལ༔ རྒྱུ་རྐྱེན་འདི་ཡིས་ས་བཅུ་ཡོངས་བགྲོད་ཚེ༔ ཤེས་བྱའི་སྒྲིབ་བྱང་ཕྱིར་མི་ལྡོག་པར་ཤོག༔ གསལ་བའི་གོ་འབྱེད་ཞུན་མར་མདངས་ལྡན་འདི༔ བདེ་གཤེགས་ཡོངས་ལ་ཕུལ་བའི་བྱིན་རླབས་ཀྱིས༔ ས་བཅུ་འདས་ཏེ་ས་རྣམས་ཡོངས་རྫོགས་ཤོག༔ ཀུན་ཏུ་འོད་དང་མ་ཆགས་པདྨ་ཅན༔ འཁོར་ལོ་ཚོགས་ཆེན་པདྨ་བཀོད་པའི་ས༔ ངྷེ་ཝ་ཀོ་ཤ་ཀུན་བཟང་བླ་མེད་ས༔ རྡོར་སེམས་མིང་ཅན་ལྕང་ལོ་ཅན་གྱི་ས༔ བླ་མེད་ས་དང་སྲིད་གསུམ་གཞི་རྫོགས་ས༔ རྩོལ་བྲལ་ཐིག་ལེའུ་ས་རུ་ལྷུན་གྲུབ་ནས༔ གཟུགས་སྐུ་གཉིས་ཀྱིས་འགྲོ་དོན་ཡོངས་རྫོགས་ཤོག༔ ཅེས་འདུན་པ་རྩེ་གཅིག་པས་གདབ། གསུམ་པ་ཤིས་པར་བྱ་བ་ནི། རྟེན་འབྲེལ་སྙིང་པོ་བཟླས་པའི་མེ་ཏོག་གི་ཆར་དབབ་ལ། [20a] ཞལ་ནས་གསུངས་པའིས་ཐོག་དྲངས་ལས་བྱང་ནས་འབྱུང་བས་མཚོན་ཤིས་པ་རྒྱ་ཆེར་བརྗོད་ཅིང་རོལ་མོ་སྣ་ཚོགས་ཀྱི་སྒྲ་སྙན་ལ་རིང་བར་བསྒྲག །སླར་ཡང་ཞག་གསུམ་ལ་སོགས་པར་མཁོ་རྒུའི་ལོངས་སྤྱོད་དང་ལྡན་པས་གནས་སྲུང་ཞིང་དགའ་སྟོན་གྱི་རིམ་པ་རྒྱ་ཆེར་སྤེལ་བའི་ཕན་བདེའི་སྣང་བ་ཡུན་དུ་རྟག་ཅིང་ཁྱབ་པར་འགྱུར་རོ། །ཞར་བྱུང་འཕྲོས་དོན་དུ་སྒྲུབ་ཆེན་འདྲ་འབག་ཇི་བཞིན་མི་ལྕོགས་པས་སྒྲུབ་མཆོད་སྤྱི་འགྲོ་ལྟར་བྱེད་པར་འདོད་ན། སྦྱོར་བའི་ཉིན་ས་ཆོག་གིས་བཟུང་བ་ཡན་ཆད་སྔར་བཞིན་ལས། ས་སྲུང་གི་ཚེ་གསང་མཚམས་ནས་འབྱུང་བ་ལྟར་ཁྲོ་བཅུའི་ཕུར་གདབ་བྱས་ལ་ཆག་ཆག་གདབ་ཅིང་དཀྱིལ་འཁོར་རས་བྲིས་བཀྲམ་སྟེ་རྒྱན་འགོད་དཀྱུས་བཞིན་དུ་བྱས་ཏེ་སྔགས་རྒྱས་སྤེལ་བའི་བར་ཙམ་བྱ། དེ་ནས་སྒྲུབ་མཆོད་དངོས་གཞི་ཞག་གྲངས་ཇི་ཙམ་བྱེད་ཀྱི་བར་ཉིན་རེ་བཞིན་ཆོ་གའི་གཞུང་སྲོང་ལུགས་འདྲ་བ་ལས་ཐུན་བཞིའི་ངེས་པ་མི་དགོས་ཤིང་འགྲུབ་ན་བདག་འཇུག་རེ་ལེན། ནུབ་ཐ་མ་དངོས་གྲུབ་བླང་ལ་ལྕོགས་ན་སྦྱིན་སྲེག་བྱ། དཀྱིལ་འཁོར་བསྡུས་རྗེས་ཕུར་བུ་ཕྱུང་ལ་མར་མེའི་སྨོན་ལམ་སྐབས་དང་བསྟུན་པར་བསྒྲུབ་པ་སྟེ། འདོར་ལེན་གྱི་དམིགས་ཕྱེད་ཤེས་པར་བྱའོ། །སྡུག་བསྔལ་རང་སར་གྲོལ་མཛད་མགོན་པོ་གང་། །ཚོགས་སུ་སྒྲུབ་པའི་ལམ་བཟང་ཕྱེས་འདི་ལས། །གྲོལ་བ་རྣམ་བཞིའི་ཕྲིན་ལས་མཐར་ཁྱབ་སྟེ། །འགྲོ་ཁམས་དོང་སྤྲུགས་བཀྲ་ཤིས་དཔལ་ཐོབ་ཤོག །ཅེས་ཐུགས་རྗེ་ [20b] ཆེན་པོ་སྡུག་བསྔལ་རང་གྲོལ་གྱི་སྒྲུབ་ཁོག་ཕན་བེའི་སྣང་བ་ཞེས་བྱ་བ་འདིའང་། སློབ་དཔོན་ཆེན་པོས་བྱིན་གྱིས་བརླབས་པའི་གནས་མཆོག་འོག་མིན་པདྨ་དགའ་ཚལ་གྱི་སྒྲུབ་པའི་སྡེར་ཉམས་བཞེས་རྒྱུན་འཛུག་གི་ཆ་རྐྱེན་དུ་ཉེར་མཁོར་གྱུར་ཏེ་ཆེད་དུ་བསྐུལ་བར་མཛད་པ་བཞིན། །པྲ་ཁྲིད་རང་གཞུང་གི་དགོངས་པ་རྩ་བར་བཟུང་ཞིང་ངག་འདོན་གྱི་རིམ་པ་དཔལ་ཆེན་སྒྲུབ་ཁོག་སོགས་རིགས་མཐུན་གྱི་ཁ་སྐོང་དང་བཅས་རྣམ་གསལ་འཇུག་པ་བདེ་བའི་དབང་དུ་བྱས་ཏེ། རྗེ་རིགས་ཀྱི་སྔགས་བན་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤིང་ཕོ་རྟའི་ལོ་ནག་པ་ཉ་བའི་ཡར་ངོའི་ཚེས་བརྒྱད་ལ། འཕགས་མཆོག་མིག་མི་འཛུམ་ཉིད་དགྱེས་རྒུར་བསྟི་བའི་ཞིང་ཁམས་དབུ་རུ་ལྷ་ལྡན་གྲུ་འཛིན་གྱི་རི་པོའི་ཉེ་འདབས་སུ་སྦྱར་བ་ལས་ཡི་གེ་པ་ནི་ལྷོ་མོན་ཕྱོགས་ཀྱི་བཙུན་པ་ཆོས་གྲགས་རྒྱ་མཚོས་བགྱིས་པའོ། །འདིས་ཀྱང་འགྲོ་བ་མང་པོ་ལ་ཕན་པ་རྒྱ་ཆེན་པོ་འབྱུང་བའི་གཞིར་གྱུར་ཅིག། །།སརྦ་དཱ་མངྒ་ལཾ།། །།