གཤེད་དམར་དཔའ་བོ་གཅིག་པའི་སྒྲུབ་ཐབས་དང་འབྲེལ་བའི་ཚོགས་མཆོད་དངོས་གྲུབ་རྒྱ་མཚོ།

From Dudjom Wiki
DJYD-KABUM-18-TSHA-017
Wylie title gshed dmar dpa' bo gcig pa'i sgrub thabs dang 'brel ba'i tshogs mchod dngos grub rgya mtsho DJYD-KABUM-18-TSHA-017.pdf
Location bdud 'joms rin po che bka' 'bum
Volume 18, Text 17, Pages 609-611 (Folios 1a1 to 2a6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Gshed dmar dpa' bo gcig pa'i sgrub thabs dang 'brel ba'i tshogs mchod dngos grub rgya mtsho. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 18: 609-611. Kalimpong: Dupjung Lama, 1979-1985.
Side notes Recto: tshogs mchod   Verso: gshed dmar dpa' gcig
More details More details
Genre Feast Offering - tshogs mchod - tshogs kyi 'khor lo
Colophon

།ཅེས་པའང་སྐྱབས་གནས་གཅིག་གིས་བསྡུས་པའི་རྡོ་རྗེའི་མཆེད་པོ་ཡེ་ཤེས་རྒྱ་མཚོའི་གསུང་གི་ངོར་འཇིགས་བྲལ་རྡོ་རྗེས་ཆོས་ཐུན་གྱི་གསེང་གཅིག་ལ་ཤར་མར་བྲིས་པ་ཛ་ཡནྟུ།།

ces pa'ang skyabs gnas gcig gis bsdus pa'i rdo rje'i mched po ye shes rgya mtsho'i gsung gi ngor 'jigs bral rdo rjes chos thun gyi gseng gcig la shar mar bris pa dza yan+tu//

[edit]
༄༅། །གཤེད་དམར་དཔའ་བོ་གཅིག་པའི་སྒྲུབ་ཐབས་དང་འབྲེལ་བའི་ཚོགས་མཆོད་དངོས་གྲུབ་རྒྱ་མཚོ་བཞུགས། བླ་མ་དུས་དགྲའི་དབང་པོ་ལ། །རོ་མཉམ་རྟོགས་པས་ཕྱག་བྱས་ཏེ། །དེ་ཉིད་ཚོགས་ཀྱིས་མཆོད་པའི་ཚུལ། །དངོས་གྲུབ་འདོད་འཇོའི་དཔལ་དུ་དབྱེ། །ཞིང་ངམ་གཅན་གཟན་ལྤགས་པའི་ཁར། །མཱཾ་ས་དང་ནི་མ་ད་ན། གཙོར་གྱུར་བཟའ་བཅའ་བཏུང་བའི་རིགས། །ལེགས་པར་བཤམ་ལ་བྱིན་གྱིས་བརླབ། ། རཾ་ཡཾ་ཁཾ། སྟོང་ཉིད་བྷནྡྷ་སྣོད་ཡངས་པར། །སྣང་བ་རབ་འབྱམས་ཚོགས་གཏོར་བཤམས། །སེམས་ཉིད་ཡིད་བཞིན་ཀུན་བཟང་སྤྲིན། ནམ་མཁའ་མཛོད་ཀྱིརོལ་མོར་ཤར། །ཨོཾ་ཨཱཿཧཱུྃ། ཚོགས་མགྲོན་ལྷ་ཚོགས་སྤྱན་དྲང་བ་ནི། ཧཱུྃ། རང་བཞིན་རྣམ་དག་ཨེ་དབྱིངས་ནས། འགགས་མེད་སྐུར་ཤར་ཧེ་རུ་ཀ ། མཁའ་འགྲོ་མི་བཟད་འབར་སྤྲིན་བཅས། །ཚོགས་ཀྱི་འདུ་བར་གཤེགས་སུ་གསོལ། །བཛྲ་ས་མཱ་ཛཿ དང་པོ་ཕུད་ཀྱིས་མཆོད་པ་ནི། ཧོཿ རྡོ་རྗེ་བཟའ་བའི་དམ་ཚིག་ཆེ། །རང་བྱུང་འདོད་ཡོན་སྤྲིན་ཕུང་འཕྲོ། །བདེ་བ་ཆེན་པོའི་ལོངས་སྤྱོད་དུ། །དགྱེས་པར་བཞེས་ལ་དངོས་གྲུབ་སྩོལ། །མ་ཧཱ་ག་ཎ་ཙཁྲ་པཱུ་ཛ་ཧོཿ བར་པས་ཉམས་ཆག་བཤགས་པ་ནི། ། གདོད་ནས་ཡེ་དག་དཀྱིལ་འཁོར་ལ། །རྟོག་པའི་དབང་གིས་མཚན་མར་བཟུང་། །གློ་བུར་འཁྲུལ་པའི་ཉེས་བྱས་རྣམས། །སྐྱེ་མེད་ཆོས་དབྱིངས་ཀློང་དུ་བཤགས། །ས་མ་ཡ་ཤུདྡྷེ་ཨ། ཐ་མ་བསྒྲལ་ཞིང་བསྟབ་པ་ནི། ། ཧཱུྃ། གཟུང་འཛིན་ཞེན་རྟོག་རུ་དྲའི་སྡེ། །བདག་མེད་རིག་པའི་མཚོན་གྱིས་བསྒྲལ། །དྭངས་མ་ཡེ་ཤེས་དབྱིངས་སུ་སྦྱངས། །སྙིགས་མ་ཚོགས་ཀྱི་མཆོད་པར་འབུལ། །ནྲྀ་ཏྲི་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ་ཁཱ་ཧི། ཚོགས་རྫས་ནང་གི་སྲེག་བླུག་ཏུ། །རོལ་མཐར་ལྷག་མ་བསྡུས་ལ་བསྔོ། ། ཨོཾ་ཨཱཿཧཱུྃ། ཕེཾ། མུ་རན་སྐྱོང་བའི་ཡལ་གམ་ཅན། མ་ཚོགས་གིང་ལང་རྒྱ་མཚོར་བཅས། །ལྷག་མའི་ལོངས་སྤྱོད་འདི་གསོལ། །བར་ཆད་ཀུན་སོལ་ཕྲིན་ལས་སྒྲུབ། །ཨུཙྪིཥྚ་བ་ལིང་ཏ་ཁཱ་ཧི། ཆད་མདོའི་གཏོར་མ་གཏོང་བ་ནི། ། ཧཱུྃ། ཐབས་ཤེས་གཉིས་མེད་ཡེ་ཤེས་རྩལ་། རྒྱུད་གསུམ་དམ་ཅན་སྲུང་མའི་ཚོགས། །བཀའ་ཡི་ཆད་དོན་གཏོར་མ་ལོངས། །བཅོལ་བའི་ཕྲིན་ལས་སྒྲུབས་པར་མཛོད། བཤལ་ཆུས་བརྟན་མ་བསྐྱང་བ་ནི། ། བྷྱོ། རྟེན་འབྲེལ་བཅུ་གཉིས་དག་པའི་ཆ། །བརྟན་སྐྱོང་ཤེས་རབ་མ་ཡི་ཚོགས། །དྲན་ཤེས་སོ་མའི་བཤལ་ཆུ་བཞེས། །རྣམ་རྟོག་འོག་འགྱུའི་སོ་ཁ་སྲུངས། །མ་མ་ཧྲིཾ་ཧྲིཾ་བ་ལིང་ཏ་ཁཱ་ཧི། དཔལ་གྱི་བྲོ་ཡིས་གཟིར་བ་ནི། ། ཧཱུྃ། སྟོང་ཆེན་ཨེ་དབྱིངས་འབར་བ་རུ། །གཉིས་སྣང་དམ་སྲི་སྒབ་འདྲེ་བྲུབ། །རིག་སྟོང་ཞེ་སྡང་རྡོ་རྗེའི་བྲོས། །འཁོར་འདས་མཉམ་ཉིད་རྒྱས་གདབ་བོ། །སྟྭམྦྷ་ཡ་ནན། འདོད་དོན་དངོས་གྲུབ་བསྐུལ་བ་ནི། ། རང་རིག་འཇམ་དཔལ་དཔའ་བོའི་སྐུར། །ཡེ་ནས་རང་དབང་རང་རྫོགས་ཕྱིར། །སྲིད་གསུམ་ཟས་སུ་ཟ་བ་ཡི། །དངོས་གྲུབ་མཆོག་ཐོབ་ཨ་ལ་ལ། །སརྦ་སིདྡྷི་ཕ་ལ་ཧོཿ བསྔོ་ཞིང་སྨོན་ལམ་གདབ་པ་ནི། ། ཧོ༎ ཐ་སྙད་དམིགས་བཅས་བསོད་ནམས་ཚོགས། །ཟུང་འཇུག་འདུས་མ་བྱས་པར་བསྔོ། །ཆོས་ཉིད་ཀ་དག་གདོད་མའི་བབ། །ཐིག་ལེ་གཅིག་ཏུ་ལྷུན་རྫོགས་ཤོག །བདེ་ལེགས་ཤིས་པ་བརྗོད་པ་ནི། ། དགའ་ཆེན་འཇམ་དཔལ་ཡེ་ཤེས་སེམས། །སྒྱུ་འཕྲུལ་དྲྭ་བའི་བདག་ཉིད་ཅན། །རྟག་ཁྱབ་ཕྲིན་ལས་དཔལ་འབར་བས། །དེང་འདིར་བཀྲ་ཤིས་བདེ་ལེགས་ཤོག དེ་ལྟར་བརྩོན་པས་སུས་བསྒྲུབ་པ། དེ་དག་འབད་པ་དོན་ཆེ་སྟེ། །དེ་ལས་དངོས་གྲུབ་མཆོག་རྙེད་ནས། །དེ་བཞིན་གཤེགས་པ་ཉིད་དུ་གྱུར། །བླ་མའི་བྱིན་རླབས་འོད་ཐུར་གྱིས། །བདག་བློའི་པདྨོ་རྣམ་ཕྱེ་བས། ལེགས་བྱས་གེ་སར་འཛུམ་ཕྲེང་ནི། །སྐལ་བཟང་བུང་བ་སྦྲན་པ་བཞིན། །བདག་གིས་ཅུང་ཟད་འབད་པའི་ཆ། །འདི་ལས་བསོད་ནམས་གང་ཐོབ་པ། །བླ་མ་འཇམ་པའི་རྡོ་རྗེ་ཉིད། །དགྱེས་པའི་མཆོད་སྤྲིན་མཆོག་གྱུར་ཅིག །ཅེས་པའང་སྐྱབས་གནས་གཅིག་གིས་བསྡུས་པའི་རྡོ་རྗེའི་མཆེད་པོ་ཡེ་ཤེས་རྒྱ་མཚོའི་གསུང་གི་ངོར་འཇིགས་བྲལ་རྡོ་རྗེས་ཆོས་ཐུན་གྱི་གསེང་གཅིག་ལ་ཤར་མར་བྲིས་པ་ཛ་ཡནྟུ།། །།