རྡོ་རྗེའི་ཚིག་བདུན་ཟབ་སྒྲུབ་ཀྱི་དབང་བསྐུར་བཀླག་ཆོག་དངོས་གྲུབ་མཆོག་སྟེར།

From Dudjom Wiki
DJYD-KABUM-18-TSHA-019
Wylie title rdo rje'i tshig bdun zab sgrub kyi dbang bskur bklag chog dngos grub mchog ster DJYD-KABUM-18-TSHA-019.pdf
Location bdud 'joms rin po che bka' 'bum
Volume 18, Text 19, Pages 615-630 (Folios 1a1 to 8b3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Rdo rje'i tshig bdun zab sgrub kyi dbang bskur bklag chog dngos grub mchog ster. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 18: 615-630. Kalimpong: Dupjung Lama, 1979-1985.
Side notes Recto: dbang chog   Verso: phrin gling tshig bdun
More details More details
Tertön ཨ་པཾ་གཏེར་སྟོན་ཆོས་དབྱིངས་རྡོ་རྗེ་ (a paM gter ston chos dbyings rdo rje)
Genre Empowerment Ritual - dbang chog - dbang skur  ·  Procedural Outline for Rituals - mtshams sbyor
Cycle རྡོ་རྗེའི་ཚིག་བདུན་ཟབ་སྒྲུབ་ (rdo rje'i tshig bdun zab sgrub)
Colophon

།ཅེས་པའང་གཏེར་ཆེན་ཉིད་ཀྱི་དངོས་སློབ་ཆོས་བདག་བླ་མ་བྱང་ཆུབ་རྡོ་རྗེའི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཚམས་སྦྱོར་མདོར་བསྡུས་བཀླག་ཆོག་ཏུ་བསྡེབས་པ་་སིདྡྷི་རསྟུ༎

ces pa'ang gter chen nyid kyi dngos slob chos bdag bla ma byang chub rdo rje'i bzhed skong du 'jigs bral ye shes rdo rjes mtshams sbyor mdor bsdus bklag chog tu bsdebs pa sid+d+hi rastu//

[edit]
༄༅། །རྡོ་རྗེའི་ཚིག་བདུན་ཟབ་སྒྲུབ་ཀྱི་དབང་བསྐུར་བཀླག་ཆོག་དངོས་གྲུབ་མཆོག་སྟེར་ཞེས་བྱ་བ་བཞུགས་སོ། །


༄༅། །ཨོཾ་སྭསྟི། སྐད་ཅིག་དྲན་པའི་མོད་ཉིད་ལ། །ཐུགས་རྗེ་གློག་ལས་མྱུར་བ་ཡིས། །དངོས་གྲུབ་འདོད་རྒུར་སྩོལ་མཛད་པ། །ཁྱབ་བདག་གུ་རུས་བདག་བྱིན་རློབས། །རྡོ་རྗེའི་ཚིག་བདུན་བླ་སྒྲུབ་འདིའི་སྒོ་ནས་སྐལ་ལྡན་སློབ་མ་རྗེས་སུ་འཛིན་པ་ལ། གཙང་མའི་གནས་སུ་དམ་ཚིག་གི་རྟེན་བཀྲམ་པའི་སྤྱན་སྔར་གཞི་སྟེགས་སུ་རས་བྲིས་ཀྱི་དཀྱིལ་འཁོར་སྒོ་རྫོགས་སྤྱི་མཐུན་ལྟེ་བ་རྡོ་རྗེ་ཧྲཱིཿཡིག་གིས་མཚན་པ་ཅན་བཀྲམ་པའམ་མ་འབྱོར་ན་མཎྜལ་ལ་འབྲུ་དཀར་གྱིས་ཚོམ་བུ་གཅིག་བཀོད་པའི་སྟེང་དུ་མཉྫིའི་ཁར་བུམ་པ་དྲི་དང་སོ་ལྔའི་བཅུད་ལྡན་མགུལ་ཆིངས་ཅན་ཁ་རྒྱན་གསེབ་ཏུ་གུ་རུའི་སྐུ་ཙཀ་བཙུགས་པ་བཀོད། མདུན་དང་གཡས་གཡོན་དུ་བཛྲ་གུ་རུའི་[2a] སྔགས་བྱང་། བཟླས་ཕྲེང་། ཐིག་ལེ་ཧྲཱིཿས་མཚན་པ་ཅན་བཀོད་པའི་མཐར་ཉེར་སྤྱོད་གཏོར་མ་སྨན་རཀ་སོགས་བཀོད་མཛེས་སུ་བསྟར་ལ། སློབ་དཔོན་གྱིས་བདག་མདུན་དབྱེར་མེད་ཀྱི་བསྐྱེད་བཟླས་ཏིང་འཛིན་གྱི་དབང་བླང་བ་བཅས་གྲུབ་ནས། ལས་བུམ་རྟ་སྔགས་ཀྱིས་བརླབ། སློབ་མ་རྣམས་ཁྲུས་ནས་དབྱུང་། བགེགས་བསལ་ཞིང་སྲུང་འཁོར་བསྒོམ། མཎྜལ་བཀྱེ་བསྡུ་བྱས་ལ། འོ། ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ཁྱབ་བདག་བླ་མ་ཀུན་བཟང་པདྨ་བདེ་བ་ཆེན་པོའི་གོ་འཕང་ལ་འགོད་པར་བྱ། དེའི་ཆེད་དུ་སྨིན་བྱེད་ཀྱི་དབང་བསྐུར་བ་ཟབ་མོ་གསན་ནས་ལམ་རིམ་གཉིས་ཀྱི་[2b] རྣལ་འབྱོར་ཚུལ་བཞིན་ཉམས་སུ་ལེན་པར་བྱའོ་སྙམ་པའི་སྒོ་ནས་ལེགས་པར་གསན་འཚལ། གསན་བྱའི་ཆོས་སྐབས་སུ་བབས་པ་ཨོ་རྒྱན་དུས་གསུམ་མཁྱེན་པ་ཉིད་ཀྱི་རྡོ་རྗེའི་གསུང་ལས། བདག་ཉིད་པདྨ་ཀུན་ཏུ་འཆང་༔ གདོད་མའི་དབྱིངས་སུ་སྙོམས་ཞུགས་ཚེ༔ ཆོས་ཉིད་རང་རྩལ་རྡོ་རྗེའི་སྒྲ༔ ཚིག་བདུན་རང་བྱུང་དབྱངས་ཀྱིས་བསྐུལ༔ ལོངས་སྐུ་གཟི་བརྗིད་དཔག་མེད་བཞེངས༔ མཁའ་ཁྱབ་ངེས་པ་ལྔ་ལྡན་གྱི༔ ཞིང་དང་སྐུ་ཡི་བཀོད་པ་བསྟན༔ དེ་ཚེ་དབྱིངས་ཀྱི་ཡུམ་ལྔ་ཡིས༔ འགྲོ་དོན་ཚིག་བདུན་གླུ་ཡིས་བསྐུལ༔ བདེ་ཆེན་ཞིང་དུ་འོ་མའི་མཚོར༔ པད་སྡོང་རྩེ་ལ་སྐུར་བཞེངས་པ༔ ཐོད་ཕྲེང་སྡེ་ལྔ་ཞེས་སུ་གྲགས༔ རྣམ་ཐར་མཛད་པ་བསམ་ལས་འདས༔ སླར་ཡང་ཡེ་ཤེས་མཁའ་འགྲོ་མ༔ བྱེ་བ་ཕྲག་བརྒྱས་མགྲིན་གཅིག་ཏུ༔ འཛམ་གླིང་ཤཱཀྱའི་གདུལ་ཞིང་དུ༔ ཚིག་བདུན་དབྱངས་ཀྱིས་སྤྱན་དྲངས་པའི༔ སྔགས་ཀྱི་འབྱུང་གནས་ཨོ་རྒྱན་ཡུལ༔ ངྷ་ན་ཀོ་ཤའི་མཚོ་གླིང་དུ༔ ངོ་མཚར་པདྨའི་སྡོང་པོའི་རྩེར༔ བདེ་ཅན་ཞིང་ནས་སྤྲུལ་སྐུར་བྱོན། མཚོ་སྐྱེས་རྡོ་རྗེ་ཞེས་སུ་གྲགས༔ [3a] བསམ་མི་ཁྱབ་པའི་ཆོ་འཕྲུལ་བསྟན༔ ཡ་མཚན་བཀོད་པ་ཚད་ལས་འདས༔ མཚོ་གླིང་དཔའ་བོ་མཁའ་འགྲོ་མར༔ གསང་ཆེན་གསང་བའི་ཡང་སྙིང་ནི༔ པདྨ་སྒྱུ་འཕྲུལ་དྲྭ་བ་ཡི༔ རྒྱུད་ལུང་མན་ངག་བྱེ་ཕྲག་བརྒྱ༔ གདུལ་བྱའི་བསམ་པ་ཐ་དད་པར༔ བྱུང་དང་འབྱུང་འགྱུར་དོན་ཕྱིར་གསུངས༔ ཀུན་ཀྱང་རྩ་གསུམ་གཅིག་འདུས་དངོས༔ བདག་ཉིད་གུ་རུ་སྒྲུབ་པའི་ཐབས༔ དེ་ཀུན་རྩ་བ་ཚིག་བདུན་པ༔ གཞི་ཡི་རྣམ་ཤེས་ཚོགས་བདུན་པོ༔ ལམ་དུས་བྱང་ཆུབ་ཡན་ལག་བདུན༔ དོན་དམ་དཀོར་བདུན་འབྲས་བསྐུར་སྩལ༔ རྩ་གསུམ་ལྷ་ཚོགས་སྤྲིན་བཞིན་འདུ༔ དངོས་གྲུབ་རྣམ་གཉིས་ཐོགས་མེད་སྟེར༔ དངོས་ཉམས་རྨི་ལམ་ང་དང་མཇལ༔ འཇའ་འོད་འཁྱིལ་ཞིང་དྲི་བཟང་འཐུལ༔ བརྡ་དབྱངས་ཅང་ཏེའུའི་སྒྲ་སྐད་ཐོས༔ ལུས་ངག་ཡིད་ལ་བྱིན་ཆེན་ཕེབས༔ རིག་རྩལ་ཐོད་རྒལ་རྟོགས་པ་སྐྱེ༔ སྡེ་བརྒྱད་དྲེགས་པར་[3b] བཀའ་བཙན་ཞིང་༔ འབྲེལ་ཚད་དོན་ལྡན་བྱིན་ནུས་ཐོབ༔ མྱུར་དུ་རིག་འཛིན་སར་གཤེགས་ནས༔ པདྨ་བདག་དང་དབྱེར་མེད་འགྱུར༔ ཞེས་གསུངས་ཤིང་། རྡོ་རྗེའི་ཚིག་བདུན་འདིའི་ལོ་རྒྱུས་སུ་རྡོ་རྗེ་མཁའ་འགྲོ་མ་རྣམས་ཀྱིས་གུ་རུ་རིན་པོ་ཆེ་ཚོགས་འཁོར་ལ་སྤྱན་དྲངས་པའི་ཚིག་ཡིན་པར་གྲགས་ཤིང་། སྔོན་ཤྲཱི་ན་ལེནྡྲའི་གཙུག་ལག་ཁང་དུ་མུ་སྟེགས་ཀྱི་སྟོན་པ་སྒྲ་ཚད་ལ་མཁས་པ་ལྔ་བརྒྱ་ལྷགས་ནས་བསྟན་པ་ཉམས་དམས་པར་བྱས་དུས། ནང་པའི་པཎྜི་ཏ་རྣམས་ཀྱིས་རྩོད་པར་མ་ནུས་པའི་ཚེ། པཎྜི་ཏ་རྣམས་ཕལ་ཆེར་ལ་རྨི་ལམ་དུ་མཐུན་པར། མཁའ་འགྲོ་མ་ཞི་བ་མཆོག་གིས་ལུང་བསྟན་པ། ཁྱེད་རྣམས་ཀྱིས་མུ་སྟེགས་བཟློག་པར་ག་ལ་ནུས། ངའི་མིང་པོ་རྡོ་རྗེ་ཐོད་ཕྲེང་རྩལ་དུར་ཁྲོད་མུན་པ་ཅན་དུ་བཞུགས་པ་དེ་སྤྱན་མ་དྲངས་ན་བསྟན་པ་འཇིག་པར་འགྱུར་རོ། །ཞེས་སྨྲས་པ་ལས། དེར་བགྲོད་དཀའ་བས་སྤྱན་མི་དྲོངས་བྱས་པས། མཁའ་འགྲོ་ན་རེ། ཁྱེད་རྣམས་ཀྱིས་གཙུག་ལག་ཁང་གི་ཐོག་ཏུ་མཆོད་པ་རྒྱ་ཆེན་པོ་བཤམས་ནས་སྤོས་དང་རོལ་མོ་བཅས་གུས་པ་རྒྱ་ཆེན་པོས་མགྲིན་གཅིག་ཏུ་གསོལ་བ་འདི་ལྟར་ཐོབ་ཅེས་[4a] ཚིག་བདུན་གསོལ་འདེབས་བསླབ་པ་དེ་བཞིན་བྱས་པས། སྐད་ཅིག་དེ་ཉིད་ལ་གུ་རུ་རིན་པོ་ཆེ་ནམ་མཁའ་ལས་བྱོན་ནས་པཎ་ཆེན་ལྔ་བརྒྱའི་གཙོ་བོར་བཞུགས། མུ་སྟེགས་སྟོན་པ་ལྔ་བརྒྱ་ལུང་རིག་གིས་ཚར་བཅད། སླར་མཐུ་འགྲན་པ་ལས་མཁའ་འགྲོ་སེང་གདོང་མས་བསེ་སྒྲོམ་གཏད་ནས་མུ་སྟེགས་གདུལ་བར་བཀའ་བསྒོས་པ་ལྟར་ཐོག་ཕབ་ནས་མུ་སྟེགས་མ་རུངས་པ་ཐམས་ཅད་ཚེ་བཅད། ལྷག་མ་རྣམས་ནང་པའི་བསྟན་པ་ལ་བཙུད་དེ་གསོལ་འདེབས་འདི་ཐམས་ཅད་དུ་རྒྱས་པར་གྱུར་ཏོ། །སླར་གུ་རུ་རིན་པོ་ཆེ་བོད་ཡུལ་དུ་བྱོན་ནས་སངས་རྒྱས་ཀྱི་བསྟན་པ་བཙུགས་པའི་ཚེ་ལས་ཅན་རྗེ་འབངས་རྣམས་ལ་གནང་ཞིང་། ཕྱི་རབས་ཀྱི་གདུལ་བྱ་རྣམས་ལ་དགོངས་ཏེ་སྦས་པའི་གཏེར་ཁ་ཐམས་ཅད་དུ་ཡང་རྡོ་རྗེའི་ཚིག་བདུན་པོ་འདི་ཉིད་མ་བྱུང་བ་མེད་པ་ལྟ་བུ་ལས། འདིར་ནི་སློབ་དཔོན་ཆེན་པོ་ཉིད་ཡར་ལུང་ཤེལ་གྱི་བྲག་ཕུག་ཏུ་བཞུགས་པའི་སྐབས། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་དང་། ལྷ་སྲས་མུ་ཏིག་བཙན་པོ་གཉིས་ཀྱིས། ཚོགས་ཀྱི་འཁོར་ལོ་རྒྱ་ཆེན་པོ་བསྐོར་ཏེ་གསོལ་བ་བཏབ་པའི་[4b] ངོར་རྡོ་རྗེའི་ཚིག་བདུན་སྒྲུབ་པའི་མན་ངག་གནད་དུ་དྲིལ་ཏེ་མནོག་ཆོས་སུ་བསྩལ། མ་འོངས་སྙིགས་མའི་གདུལ་བྱ་སྐལ་བ་ཅན་རྣམས་ཀྱི་དོན་དུ་ཐ་ཚིག་གཏད་རྒྱ་དང་བཅས་མདོ་ཁམས་མདོ་སྙིང་ཤར་རྩེ་བྲག་དཀར་བདེ་ཆེན་རོལ་པའི་ཕོ་བྲང་དུ་གཏེར་རྒྱས་བསྡམས་པར་མཛད་པ་ཉིད། དེང་སང་གདུལ་བའི་དུས་སུ་སོན་པ་ན། ལྷ་སྲས་ཉིད་ཀྱི་རྣམ་རོལ་འགྲོ་འདུལ་དཔའ་བོ་ཆོས་དབྱིངས་རྡོ་རྗེའམ། ཨོ་རྒྱན་ཕྲིན་ལས་གླིང་པས་བར་ཆད་མེད་པར་སྤྱན་དྲངས་ཏེ་གསང་བའི་དམ་ཚིག་མཐར་ཕྱིན་པ་ན་སྐལ་ལྡན་གྱི་གདུལ་བྱ་རྣམས་ལ་སྤེལ་བར་མཛད་པ་བྱིན་རླབས་དངོས་གྲུབ་ཀྱི་གཏེར་ཆེན་པོར་གྱུར་པ་འདིའི་སྒོ་ནས་སྐལ་ལྡན་རྗེས་འཛིན་སྨིན་བྱེད་དབང་གི་སྙིང་པོ་སྐུ་གསུང་ཐུགས་ཀྱི་རྗེས་གནང་ཟབ་མོ་སྒྲུབ་པ་ལ། བདག་ཉིད་སློབ་དཔོན་གྱིས་བགྱི་བར་འོས་པ་རྣམས་སྔོན་དུ་སོང་ནས་ཁྱེད་རང་སློབ་མ་རྣམས་ཀྱི་ངོ་སྐལ་དུ་གྱུར་པ་ཐོག་མར་བླ་མ་དང་དཀྱིལ་འཁོར་གྱི་གཙོ་བོ་ཐ་མི་དད་པའི་དྲུང་དུ་བྱིན་རླབས་དབང་བསྐུར་ཟབ་མོ་ཞུ་བའི་ཡོན་དུ་མཎྜལ་ཞིག་འབུལ་མཛོད། ཅེས་མཎྜལ་འབུལ་དུ་གཞུག ཐལ་མོ་མེ་ཏོག་བཅས་གསོལ་བ་འདེབས་པ་འདིའི་[5a] རྗེས་ཟློས་མཛོད། ཀྱེཿ དཔལ་ལྡན་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་༔ སྙིང་པོ་རྡོ་རྗེ་ཚིག་བདུན་ཟབ་མོ་ཡི༔ བྱིན་རླབས་དབང་གི་བདུད་རྩིའི་ཆར་རྒྱུན་གྱིས༔ བདག་རྒྱུད་དགེ་བའི་ལོ་འབྲས་སྨིན་པར་མཛོད༔ ལན་གསུམ། དེ་ལྟར་གསོལ་བ་བཏབ་པ་ལ་ཟབ་མོའི་བསླབ་བྱ་འབོགས་པའི་སྒོ་ནས་ལན་བྱིན་པ་འདི་ལ་གསན་འཚལ༔ ཧོཿ བླ་མ་མཆོག་ལ་བརྟེན་པའི་སྐལ་བ་ཅན༔ རིམ་གཉིས་རྣལ་འབྱོར་ཟབ་མོ་ཚུལ་བཞིན་བསྒོམ༔ རྒྱུན་དུ་དད་དང་དག་སྣང་མོས་གུས་བསྐྱེད༔ གསོལ་འདེབས་རྡོ་རྗེའི་ཚིག་བདུན་ཡི་དམ་ཟུངས༔ ཐོག་མར་རྒྱུད་སྦྱོང་བའི་སླད་དུ། སློབ་དཔོན་དང་མདུན་བསྐྱེད་ཐ་མི་དད་པ་ཨོ་རྒྱན་རྡོ་རྗེ་འཆང་མཆོག་གསུམ་རྩ་གསུམ་སྐྱབས་ཡུལ་ཀུན་འདུས་ཀྱི་ངོ་བོར་བཞུགས་པའི་སྤྱན་སྔར་བདག་སོགས་སེམས་ཅན་ཐམས་ཅད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་སྐྱབས་སུ་འགྲོ་ཞིང་། ཕ་མར་གྱུར་པའི་སེམས་ཅན་ཐམས་ཅད་ཀྱི་དོན་དུ་ལམ་ཟབ་མོའི་སྒོར་ཞུགས་ནས་ཚུལ་བཞིན་ཉམས་སུ་བླངས་ཏེ་འགྲོ་ཀུན་བྱང་ཆུབ་མཆོག་གི་གོ་འཕང་ལ་འགོད་པར་བགྱིའོ་[5b] སྙམ་པས་འདིའི་རྗེས་ཟློས། དཀོན་མཆོག་ཀུན་དངོས་གུ་རུ་པདྨ་ལ༔ བྱང་ཆུབ་བར་དུ་བདག་སོགས་སྐྱབས་སུ་མཆི༔ འགྲོ་རྣམས་རྫགས་པའི་བྱང་ཆུབ་ཐོབ་པའི་ཕྱིར༔ སྨོན་འཇུག་བླ་ན་མེད་པའི་སེམས་མཆོག་བསྐྱེད༔ ལན་གསུམ། ཚོགས་ཀྱི་ཞིང་མཆོག་བླ་ན་མེད་པའི་སྤྱན་སྔར་བསགས་སྦྱོང་སྤེལ་གསུམ་གྱི་སྙིང་པོར་གྱུར་པ་ཡན་ལག་བདུན་པ་ཚུལ་བཞིན་བགྱི་བའི་བློས་འདིའི་རྗེས་ཟློས། ཞིང་ཁམས་རྒྱ་མཚོའི་རྡུལ་སྙེད་ལུས་སྤྲུལ་ནས༔ སྒོ་གསུམ་གུས་པའི་ཡིད་ཀྱིས་ཕྱག་འཚལ་ལོ༔ ཆོས་དབྱིངས་རབ་འབྱམས་གང་བའི་མཆོད་པའི་སྤྲིན༔ རྣམ་གསུམ་དག་པའི་ཚུལ་གྱིས་འབུལ་གྱི་བཞེས༔ ཐོག་མེད་འཁྲུལ་པའི་ལས་བགྱིས་སྡིག་སྒྲིབ་ཚོགས༔ མགོན་པོ་ཁྱོད་ཀྱི་སྤྱན་སྔར་མཐོལ་ཞིང་བཤགས༔ སྲིད་དང་ཞི་བའི་དགེ་ཚོགས་ཇི་སྙེད་པ༔ གཞན་དོན་རྗེས་སུ་མཐུན་པར་རྗེས་ཡི་རབ་༔ ཁམས་གསུམ་འགྲོ་རྣམས་བྱང་ཆུབ་མ་ཐོབ་བར༔ ཟབ་རྒྱས་ཆོས་ཀྱི་འཁོར་ལོ་རྒྱ་ཆེན་བསྐོར༔ ཕྲིན་ལས་རྣམ་བཞི་འགྲོ་དོན་རྒྱུན་ཆད་མེད༔ མཛད་པ་ལྷུན་གྲུབ་གསང་གསུམ་རྡོ་རྗེར་བཞུགས༔ [6a] བདག་གཞན་དུས་གསུམ་བསགས་པའི་རྣམ་དཀར་དགེ༔ མཐའ་ཡས་འགྲོ་ཀུན་བྱང་ཆུབ་ཐོབ་ཕྱིར་བསྔོ༔ ལན་གསུམ། དེ་ནས་བྱིན་རླབས་ཀྱི་གཞི་སྒྲུབས་པ་ཡེ་ཤེས་པ་དབབ་པའི་སླད་དུ་ཁྱེད་རང་རྣམས་སྒོ་གསུམ་གྱི་གནད་གཅུན་ལ་དམིགས་པ་འདི་བཞིན་དུ་སྒོམས་ཤིག །ལས་སྔགས་དང་སྭ་བྷཱ་ཝས་བསང་སྦྱང་། སློབ་དཔོན་རྒྱལ་དབང་པདྨ་ཡབ་ཡུམ་དུ་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། སློབ་མ་ལ་ཕོག་པས་རྣམ་སྨིན་གདོས་བཅས་ཀྱི་ཕུང་པོ་སྟོང་པར་སྦྱངས། སེམས་ཉིད་ཧཱུྃ་ཡིག་གི་རྣམ་པར་གྱུར་པ་ཡབ་ཀྱི་ཞལ་དུ་དྲངས། ཡབ་ཡུམ་སྙོམས་པར་ཞུགས་པས་བྱང་སེམས་ཀྱི་རྣམ་པར་སྐུ་ཡི་དབྱིབས་བརྒྱུད། ཡུམ་གྱི་པདྨོར་སོན་པས་སྲས་ཀྱི་རྣམ་པར་གྱུར་པ་རྒྱལ་དབང་པདྨ་འབྱུང་གནས་རྒྱན་དང་ཆ་ལུགས་ཐམས་ཅད་རྫོགས་པ་ཤར་སྒོའི་ནང་གི་ཁྱམས་ལ་དབང་སྟེགས་པདྨ་འདབ་བརྒྱད་ལ་འཁོད། དེའི་གནས་གསུམ་དུ་ཡིག་འབྲུ་གསུམ་གྱིས་མཚན་པ་དང་སློབ་དཔོན་གྱི་ཐུགས་ཀའི་འོད་ཟེར་གྱིས་བསྐུལ་བས་ཟངས་མདོག་དཔལ་གྱི་རི་བོ་སོགས་འོག་མིན་སྤྲུལ་པའི་ཞིང་རབ་འབྱམས་ནས་[6b] མཁའ་ཁྱབ་ཀྱི་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་གུ་རུ་པདྨ་ཐོད་ཕྲེང་རྩལ་གྱི་རྣམ་པར་བཞེངས་ནས་སྐུ་གསུང་ཐུགས་ཀྱི་དབང་བྱིན་དངོས་གྲུབ་མ་ལུས་པ་ཕྱག་རྒྱ་ཡིག་འབྲུ་ཕྱག་མཚན་གྱི་རྣམ་པར་ཁ་ཆར་བུ་ཡུག་འཚུབས་པ་ལྟར་སྤྱན་དྲངས་ཏེ་ཁྱེད་རང་རྣམས་ལ་སིབ་སིབ་ཐིམ་པར་མོས་ཤིག ཞེས་འབེབས་རྫས་བཏུལ་ཞིང་ཐོད་རྔ་རོལ་མོའི་སྒྲ་དང་བཅས་ཚིག་བདུན་གསོལ་འདེབས་ལན་གསུམ་མཐར་བཛྲ་གུ་རུ་ལ། ཛྙཱ་ན་ཨ་བེ་ཤ་ཡ་ཨ་ཨཱ༔ བཏགས་པ་མང་དུ་བཟླས་པས་དབབ། དེ་ལྟར་བྱིན་དབབ་པའི་ཡེ་ཤེས་པ་དེ་ཉིད་བྱང་ཆུབ་མ་ཐོབ་ཀྱི་བར་དུ་བརྟན་པར་གྱུར་པར་མོས་ཤིག །སྤྱི་བོར་རྡོ་རྗེ་རྒྱ་གྲམ་དུ་བཀོད་ལ། ཏིཥྛ་བཛྲ་ཞེས་བརྗོད། དེས་བྱིན་རླབས་ཀྱི་གཞི་འགོད་པ་སོང་ནས། དབང་བསྐུར་བ་དངོས་ལ། བུམ་པ་རང་བྱུང་གི་ཕོ་བྲང་ཡེ་ཤེས་ཀྱི་གཞལ་མེད་ཁང་ཆེན་པོར་བུམ་བཅུད་པདྨ་ཐོད་ཕྲེང་རྩལ་གྱི་ལྷ་ཚོགས་བཞུགས་པའི་སྐུ་ལས་ཟག་མེད་བདུད་རྩིའི་ཆུ་རྒྱུན་བབས་པ་ཁྱེད་རང་རྣམས་ཀྱི་སྤྱི་བོ་ནས་ཞུགས། ལུས་ཀྱི་ནང་ཐམས་ཅད་གང་བས་རྣམ་སྨིན་གདོས་བཅས་ཀྱི་དྲི་མ་སྦྱངས་ཏེ་ཟག་མེད་འཇའ་ལུས་རྡོ་རྗེ་སྐུའི་དབང་མཆོག་ཐོབ་པར་མོས་ཤིག །[7a] བུམ་པ་ཐོགས་ལ། ཧཱུྃ༔ རང་བྱུང་མཐའ་བྲལ་བུམ་པའི་གཞལ་ཡས་སུ༔ རྒྱལ་དབང་ཨོ་རྒྱན་པདྨའི་ལྷ་ཚོགས་བཞུགས༔ དེང་འདིར་སྐལ་ལྡན་བུ་ལ་དབང་བསྐུར་བས༔ འགྱུར་མེད་སྐུ་ཡི་དབང་མཆོག་ཐོབ་པར་ཤོག༔ རྩ་སྔགས་དང་། ཀཱ་ཡ་ཨ་བྷི་ཥིཉྩ་ཧཱུྃ༔ ཞེས་བུམ་པ་སྤྱི་བོར་བཞག་ལ་བུམ་ཆུ་བྱིན། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་གསུང་རྡོ་རྗེ་གསང་སྔགས་ཀྱི་སྙིང་པོ་སྔགས་ཕྲེང་འོད་ཟེར་འབར་བའི་རྣམ་པ་ཅན་དཔག་ཏུ་མེད་པ་བྱུང་། ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་ལས་རླུང་སྲོག་རྩོལ་གྱི་རྒྱུ་བ་དྷུ་ཏིར་དག་སྟེ་འགག་མེད་ཚངས་དབྱངས་གསུང་གི་དངོས་གྲུབ་ཐོབ་པར་མོས་ཤིག །སྔགས་བྱང་མགྲིན་པར་བཞག་ལ། ཧཱུཾ༔ འགག་མེད་དབྱངས་ལས་རང་བྱུང་རྡོ་རྗེའི་སྒྲ༔ དངོས་གྲུབ་ཀུན་བདག་གསང་སྔགས་ཐབས་ཀྱི་སྒོ༔ འཕྲད་པ་དོན་ལྡན་འོད་འབྱུང་རིན་ཆེན་གཏེར༔ དབང་བསྐུར་ཉག་གཅིག་དགོངས་པ་མཐར་ཕྱིན་ཤོག༔ རྩ་སྔགས་དང་། ཝཱ་ཀ་ཨ་བྷི་ཥིཉྩ་ཧཱུཾཿ སྔགས་ཕྲེང་ལག་ཏུ་གཏད་ལ། ཧཱུྃ༔ ཕྲིན་ལས་བཞི་ལ་རང་དབང་བསྒྱུར་བའི་ཐབས༔ རིན་ཆེན་ལ་སོགས་[7b] རྒྱུ་ལས་གྲུབ་པ་ཡི༔ ཕྲེང་བ་འདི་གཏད་རྒྱུན་དུ་མ་ཡེངས་པར༔ ཡི་དམ་སྙིང་པོ་རྩེ་གཅིག་བཟླ་བར་མཛོད༔ སྔགས་ཀྱི་རྗེས་ཟློས་ལན་གསུམ་གྱིས་ཐོག་དྲངས་ཏེ་བརྒྱ་རྩ་བཟླ་བར་ཞུ། ཞེས་ཕྲེང་བ་སྦྲེལ་ལ་བཛྲ་གུ་རུ་བརྒྱ་རྩ་བཟླར་གཞུག ། མདུན་བསྐྱེད་ཀྱི་ཐུགས་ཀ་ནས་ཐུགས་བདེ་སྟོང་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་ངོ་བོ་འོད་ལྔའི་ཐིག་ལེ་ཧྲཱིཿཡིག་གིས་མཚན་པ་རྒྱངས་ཀྱིས་འཕྲོས། ཁྱེད་རང་རྣམས་ཀྱི་སྙིང་དབུས་སུ་ཐིམ་པས་ལྔ་ལྡན་ཡེ་ཤེས་སྙིང་པོ་ཨོ་རྒྱན་རྡོ་རྗེ་འཆང་གི་དགོངས་པ་མངོན་དུ་བརྙེས་ནས་གུ་རུ་ཉིད་དང་སྤངས་རྟོགས་ཡོན་ཏན་མཉམ་པ་ཉིད་དུ་གྱུར་ཏེ་རྩོལ་བ་མེད་པའི་ཕྲིན་ལས་ལ་མངའ་དབང་འབྱོར་བར་མོས་ཤིག ཐིག་ལེ་ཧྲཱིཿཡིག་སྙིང་གར་བཞག་ལ། ཧཱུྃ༔ དུས་གསུམ་རྒྱལ་བའི་ཐུགས་ཀྱི་རང་བཞིན་དབྱིངས༔ སྐུ་གསུམ་ཡེ་ཤེས་ལྔ་ལྡན་ཡོན་ཏན་བདག༔ ཐུགས་རྗེ་རྗེས་ཆགས་ཧྲཱིཿཡིས་དབང་བསྐུར་བས༔ གུ་རུའི་ཐུགས་དང་དབྱེར་མེད་རོ་གཅིག་ཤོག༔ རྩ་སྔགས་དང་། ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ལྟར་ཟབ་མོའི་དབང་ཐོབ་པ་ལ་སློབ་དཔོན་ལྷ་དང་བཅས་པས་བཀྲ་ཤིས་པའི་བདེན་ཚིག་བརྗོད་ཅིང་མེ་ཏོག་གི་ཆར་སིལ་མར་བསྙིལ་བས་[8a] བདེ་ལེགས་སུ་བྱས་པར་མོས་ཤིག ཅེས་རྟེན་སྙིང་གིས་ཐོག་དྲངས་ཤིས་བརྗོད་ཇི་ལྟར་རིགས་པ་རྒྱ་ཆེར་སྤེལ། དེས་རྡོ་རྗེ་ཚིག་བདུན་སྒྲུབ་པའི་མན་ངག་ཟབ་མོའི་བྱིན་རླབས་དབང་གི་རིམ་པ་ལེགས་པར་གྲུབ་པ་ཡིན་པས་རྡོ་རྗེ་ཐེག་པའི་དམ་ཚིག་སྤྱི་དང་བྱེ་བྲག་གིས་བསྡུས་པ་མཐའ་དག་ཚུལ་བཞིན་དུ་བསྲུང་སྙམ་པས་འདིའི་རྗེས་ཟློས། ཧོཿ རྒྱལ་ཀུན་ཐུགས་རྗེའི་རང་གཟུགས་སྤྱན་རས་གཟིགས༔ རང་བྱུང་པདྨ་ལས་འཁྲུངས་སྐྱེ་འཆི་མེད༔ བཀའ་དྲིན་སངས་རྒྱས་ཀུན་ལས་ལྷག་པ་ལ༔ རྟག་ཏུ་གསོལ་འདེབས་རྡོ་རྗེའི་ཚིག་བདུན་དང་༔ བདེ་གཤེགས་ཡོངས་འདུས་སྙིང་པོ་སིདྡྷི་མཆོག༔ རྟག་ཏུ་བཟླ་ཞིང་ཡི་དམ་མཆོག་ཏུ་བཟུང་༔ རྩ་གསུམ་ནོར་ལྷ་བཀའ་སྲུང་ཡོངས་འདུས་དཔྱིད༔ ཀུན་འདུས་རིན་ཆེན་ཡིད་བཞིན་ནོར་བུའི་ཚུལ༔ ནམ་ཡང་མི་འབྲལ་སྲོག་གི་གཏའ་རུ་བཟུང་༔ སོ་བྱང་སྔགས་ཀྱི་དམ་ཚིག་མ་ལུས་པ༔ ཀུན་བཟང་གུ་རུ་སྐྱབས་གཅིག་བླ་མེད་ཀྱི༔ གསང་གསུམ་རྡོ་རྗེའི་བྱིན་རླབས་སྒོ་གསུམ་དུ༔ མྱུར་འཇུག་ཚེ་འདིར་གྲོལ་བར་མཛད་དུ་གསོལ༔ ལན་གསུམ། གཏང་[8b] རག་གི་མཎྜལ་དང་ལུས་དབུལ་དགེ་བསྔོ་སྤྱི་ལྟར་བྱས་ལ་སློབ་མ་གྲོལ། སློབ་དཔོན་གྱིས་དཀྱིལ་འཁོར་བསྡུ་ཆོག་ཀྱང་སྤྱི་ལྟར་བྱས་པས་གྲུབ་བོ། །འདིས་ཀྱང་ཟབ་ལམ་ཕྲིན་ལས་རྒྱུན། །ཕྱོགས་མཐར་འདྲེན་པའི་རྒྱུར་གྱུར་ཏེ། །འབྲེལ་ཚད་པདྨ་འོད་ཞིང་དུ། །སྟོན་འཁོར་དགོངས་པ་རོ་གཅིག་ཤོག །ཅེས་པའང་གཏེར་ཆེན་ཉིད་ཀྱི་དངོས་སློབ་ཆོས་བདག་བླ་མ་བྱང་ཆུབ་རྡོ་རྗེའི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཚམས་སྦྱོར་མདོར་བསྡུས་བཀླག་ཆོག་ཏུ་བསྡེབས་པ་་སིདྡྷི་རསྟུ༎ །།