གུ་རུ་ཆོས་དབང་གི་ཕུར་པ་དང་ཐུགས་ཆེན་ཐོབ་ཡིག།

From Dudjom Wiki
DJYD-KABUM-19-DZA-013
Wylie title gu ru chos dbang gi phur pa dang thugs chen thob yig DJYD-KABUM-19-DZA-013.pdf
Location bdud 'joms rin po che bka' 'bum
Volume 19, Text 13, Pages 547-554 (Folios 273a1 to 276b3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Gu ru chos dbang gi phur pa dang thugs chen thob yig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 19: 547-554. Kalimpong: Dupjung Lama, 1979-1985.
Side notes Recto: thob yig   Verso: chos dbang phur pa dang thugs chen skor
More details More details
Genre Records of Teachings Received - thob yig - gsan yig
Cycle ཟབ་པ་དང་རྒྱ་ཆེའི་དམ་པའི་ཆོས་ཀྱི་ཐོབ་ཡིག་རིན་ཆེན་སྒྲོན་མེ། (zab pa dang rgya che'i dam pa'i chos kyi thob yig rin chen sgron me)
[edit]
༄༅། ། [273a] ཨོཾ་སྭསྟི། མངའ་བདག་ཚངས་པ་ལྷའི་མེ་ཏོག་གི་གསུང་གི་སྤྲུལ་པ་གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་གིས་རིན་ཆེན་ཀླུ་བདུད་ཀྱི་དབུ་གཙུག་ནས་སྤྱན་དྲངས་པའི་ཡང་གཏེར་ངེས་དོན་གྱི་སྒྲུབ་སྐོར་ལས་ཚོགས་ཀྱི་ཆོས་སྡེ། ཨོ་རྒྱན་རིན་པོ་ཆེའི་ཐུགས་དམ་སྐོར་གསུམ་གྱི་ནང་ཚན། བཀའ་གཏེར་ཕུར་པ་ཐམས་ཅད་ཀྱི་ནང་ནས་ཟབ་པ། ཨོ་རྒྱན་ཆེན་པོའི་ཐུགས་ཀྱི་བརྣག་པ་མཐར་ཐུག་ཡང་གསང་སྤུ་གྲི་འབར་བའི་ཆོས་སྐོར་ཐོབ་པ་ལ། ཐོག་མར་རྒྱལ་སྲས་རིན་ཆེན་རྣམ་རྒྱལ་གྱིས་མཛད་པའི་དབང་ཆོིག་སྐལ་བཟང་རེ་སྐོང་ལྟར་རས་བྲིས་ཀྱི་དཀྱིལ་འཁོར་དུ་སྨིན་པར་མཛད་ནས། ལུང་གི་སྐོར་ལ། རྒྱུད། སྒྲུབ་ཐབས། ཁ་སྐོང་། ཕྲིན་ལས། སྨིན་བྱེད་ཀྱི་དབང་། གྲོལ་བྱེད་ཀྱི་ཁྲིད་དང་དྲུག་ལས། དང་པོ་ནི། བིདྱོཏྟ་མ་ལ་འབུམ་སྡེ་ནས་ཁོལ་དུ་ཕྱུང་བའི་ཁོང་སྙིང་ཀལྤ་དུམ་བུའི་རྒྱུད་ཕུར་གཅིག་མར་གྲགས་པ། གཉིས་པ་ལ། རྡོ་རྗེ་ཕུར་པའི་སྙིང་ཏིག་ཡང་གསང་སྤུ་གྲི་འབར་བའི་སྒྲུབ་ཐབས་རྩ་ཐོ་རང་དོན་བྱང་ཆུབ་ནར་མར་སྒྲུབ་པ། གཞན་དོན་ཚོམ་འབུམ་སྒྲུབ་བར་གཅོད་འདུལ་བའི་སྒྲུབ་ [273b] ཐབས། གློ་བུར་ཅོག་བརྡུང་ལས་སྦྱོར་གྱི་ཚུལ་དུ་སྒྲུབ་པ་རལ་གྲི་ཕྱུང་རྡེག ། ཕུར་པའི་ཁོག་འབུབ་གཏེར་སྟོན་གྱིས་མཛད་པ་རྣམས། གསུམ་པ་ལ། དྲག་སྔགས་སུ་འགྲེལ་པ་ཡང་སྙིང་གསང་སྒྲུབ་ཀྱི་ལས་གཞུང་ཡང་གསང་སྤུ་གྲིའི་ཕྲིན་ལས། རྩ་སྙིང་དྲག་སྔགས་སུ་འགྲེལ་པ་ཡང་གསང་ཕུར་པའི་ལས་གཞུང་གི་ཐོ། ཡི་དམ་ནར་མ་སྔགས་སྒྲུབ་ཤིན་ཏུ་སྤྲོས་མེད་ཉམས་ལེན་ཁྱད་པར་ཅན། འགྲོ་ཉལ་འདུག་ལྡང་རྒྱུན་གྱི་ཏིང་འཛིན་ཡི་དམ་ནར་མ། ཁྲོ་བཅུའི་མཚམས་གཅོད་སྟེང་ཕྱོགས་མ། ཁྲོ་བཅུའི་བསྐྱེད་པ་གྲུ་གསུམ་མཐིང་ནག་མ། འཛབ་བསྟོད་ཡེ་ཤེས་ཁྲོ་བོ། རྒྱུན་གཏོར་མཆོག་ཐུན་དངོས་གྲུབ་ཐོབ་པ། ཚོགས་སྐོང་སྣང་སྲིད་མ། མན་ངག་དྲུག་པའི་བཤགས་པ་བསྐལ་པ་དཔག་མེད་མ། བསྟོད་པ་ཁྲག་འཐུང་མ། ཕོ་ཉ་འགུགས་འདྲེན་གྱི་བསྐུལ་གྲུ་གསུམ་མཐིང་ནག་མ། ཕུར་སྲུང་བསྐུལ་སྔོན་ཚེ་མ། དབང་ཕྱུག་ཉེར་བརྒྱད་དཔལ་གྱི་བཀའ་ཉན། དངོས་གྲུབ་བསྐུལ་བ་དབུས་ཕྱོགས་གྲུ་གསུམ། ལས་བྱང་འགྲེལ་པ་ཤིན་ཏུ་རྒྱས་པ་མངོན་རྟོགས་ཡིད་བཞིན་ཕྲེང་བ་བླ་མ་ཨཱ་ཡུར་བཛྲ་གྱིས་མཛད་པ་ [274a] རྣམས། བཞི་པ་ལ། རྡོ་རྗེ་ཕུར་པའི་རིམ་པ་དབང་གི་མན་ངག་གཅེས་པ་ཁོ་ནའོ། །ལྔ་པ་ལ། ནང་གསེས་ཀྱི་དབྱེ་བས་ལྟ་བས་ཐག་བཅད་པ། སྒོམ་པ་དྲོད་དང་ལྡན་པ། སྤྱོད་པས་བོགས་དབྱུང་བ། དབང་གི་གདིང་བཙལ་བ། དམ་ཚིག་གི་དོན་ལས་མི་འདའ་བ། འབྲས་བུ་ལ་བཟླ་བ་དང་དྲུག་གི་སྒོ་ནས་སྐྱེ་མེད་བྱང་ཆུབ་སྒྲུབ་ཐབས་ཡང་གསང་སྤུ་གྲིའི་རྫོང་འཕྲང་བསྡུས་དོན་རྣམས། དྲུག་པ་ཁ་ཚར་གྱི་ནང་གསེས་ལོངས་སྤྱོད་སྒྲུབ་པ། སེར་སྲུང། ངག་གྲོལ། སེར་བ། ལྟས་ངན། སེངྒེ་ཁ་བསྒྱུར། མུ་སྟེགས་ངག་གནོན། ཇག་ཆིངས། དགྲ་བོ་དམ་སྲི་གནོན་པ། གདོན་ནད་གསོ་ཐབས། བདུད་འདུལ་གླུ་དབྱངས་སྲིན་པོའི་ངུར་སྒྲ་རྣམས། ཕུར་པ་ཐོལ་འབྱིན་གྱི་མན་ངག་ཚེ་ཁྲུས་དགོངས་པ། དྲེགས་པ་མིང་སྲིང་སྲོག་གི་སྤུ་གྲིའི་སྒྲུབ་ཐབས། ཡེ་ཤེས་ལྷ་གནད་བསྐུལ། དམ་ཅན་འབབ་པ། དགྲ་བགེགས་བསྒྲལ་བ་སྟེ་འཁོར་ལོ་གསུམ་གྱི་ཞར་བྱུང་དགྲ་བོ་ངེས་པར་སྒྲོལ་བ་ཟབ་གནད་གུད་བསྟན་རྣམས། སྲོག་གི་སྤུ་གྲི་ལས་ཐམས་ཅད་ཀྱི་དོན་བསྡུས་པའི་རྩ་བ། སྤུ་གྲིའི་ [274b] ཏི་ཀ་བསེ་སྒྲོམ་ནག་པོ་ལ། བླ་རྟགས་དང་བསྟུན་ནས་ཕུར་གདབ་བྱ་བ་སྲོག་གི་སྤུ་གྲི་དང་གསུམ། ཕུར་པ་ཁྲོ་བོ་རོལ་པའི་གཏོར་བཟློག ། དེའི་ལྷན་ཐབས་ཕུར་བཟློག ། རྡོ་རྗེ་ཚེའི་སྒྲུབ་པ་རྒྱུན་ཁྱེར་ནར་མ། བཅུད་ལེན་ཚེ་སྒྲུབ། ཚེ་འགུགས་དང་བཅས་སོ། །དེ་ལྟར་ཐོབ་པའི་བརྒྱུད་པ་ནི། ཆོས་སྐུ་ཀུན་ཏུ་བཟང་པོ། ལོངས་སྐུ་རྒྱལ་བ་རིགས་ལྔ། རིག་འཛིན་རྡོ་རྗེ་ཆོས། མཁའ་འགྲོ་ལས་ཀྱི་དབང་མོ་ཆེ། ཨོ་རྒྱན་གྱི་སློབ་དཔོན་རྡོ་རྗེ་ཐོད་ཕྲེང་རྩལ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། གནུབས་ནམ་མཁའི་སྙིང་པོ། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ། གཏེར་ཆེན་གུ་རུ་ཆོས་དབང་། སྐལ་ལྡན་ཡར་ཀླུང་སྤྲུལ་སྐུ་ཤཱཀྱ་པྲ་བྷའམ་མི་བསྐྱོད་རྡོ་རྗེ། དྭགས་སྟོན། གཉན་སྟོན། སེ་ལྡིང་ཡབ་སྲས། གུ་རུ་ཆོས་འོད། དྭགས་པོ་སྤང་ལུང་པ་དཔལ་འབྱོར་དབང་ཕྱུག ། སྤྲུལ་སྐུ་ཆོས་ཀྱི་དབང་པོ། ལེགས་ལྡན་བདུད་འཇོམས་རྡོ་རྗེ། མཁྱེན་བརྩེའི་དབང་ཕྱུག ། དབང་ཕྱུག་རབ་བརྟན། བསོད་ནམས་མཆོག་ལྡན། ཕྲིན་ལས་ལྷུན་གྲུབ། གཏེར་ཆེན་ཆོས་ཀྱི་རྒྱལ་པོ་གཏེར་བདག་གླིང་པ། རྒྱལ་སྲས་ [275a] རིན་ཆེན་རྣམ་རྒྱལ། གྲུབ་ཆེན་ཀློང་ཡངས་འོད་གསལ། པད་སྤྲུལ་པདྨ་དབང་རྒྱལ། དེ་ལས་ཁྲི་ཆེན་པདྨ་དབང་རྒྱལ། དཔལ་སྤྲུལ་པདྨ་དབང་རྒྱལ་རྡོ་རྗེ། རྗེ་བཙུན་ཕྲིན་ལས་ཆོས་སྒྲོན། གསུམ་ཀས་ཁྲི་ཆེན་སངས་རྒྱས་ཀུན་དགའ། དེས་འཇམ་དབྱངས་མཁྱེན་བརྩེའི་དབང་པོ། མཆོག་གླིང་ཐུགས་སྲས་ཚེ་དབང་ནོར་བུ། སྨིན་གླིང་རྡོར་འཛིན་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །གཏེར་བརྒྱུད་གཉིས་པ་པད་གླིང་ཕུར་པའི་ཆོས་སྐོར་ཡང་འདི་དང་ཚིག་དོན་མཚུངས་ཤིང་སྨིན་གྲོལ་གྱི་ཆུ་བོ་གཅིག་འདྲེས་སུ་བཞུགས་པའི་བརྒྱུད་པ་ནི། པད་གླིང་། རྒྱལ་བ་དོན་གྲུབ། སྣ་ཚོགས་རང་གྲོལ། བསྟན་འཛིན་གྲགས་པ། མདོ་སྔགས་བསྟན་འཛིན། ཕྲིན་ལས་ལྷུན་གྲུབ་མན་གོང་ལྟར་རོ། །ཉེ་བརྒྱུད་གསུམ་པ་ནི། ཨོ་རྒྱན་གཏེར་བདག་གླིང་པར་གུ་རུ་ཆོས་ཀྱི་དབང་ཕྱུག་གི་ཡེ་ཤེས་ཀྱི་སྐུས་རྗེས་སུ་བཟུང་སྟེ་ཆོས་བཀའ་སྤྱི་དང་ཁྱད་པར་ཕུར་པའི་ཆོས་སྐོར་གྱི་བཀའ་བབ་གཏད་པ་ཡིན་ནོ། ། ༈ ། ཡང་གུ་རུ་རིན་པོ་ཆེ་ཆོས་ཀྱི་དབང་ཕྱུག་གིས་མཁར་ [275b] ཆུ་དཔལ་གྱི་ཕུག་རིང་གི་དཀྱིལ་འཁོར་འོག་ནས་སྤྱན་དྲངས་པའི་ཆོས་འདུས་པ་སྐོར་དགུའི་ནང་ཚན་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྐོར་ཐོབ་པ་ལ་དབང་ལུང་གཉིས་ལས། དང་པོ་ནི། རྗེ་གུ་ཎའི་ཞབས་ཀྱིས་ཆོག་བསྒྲིགས་ཐུགས་རྗེ་ཆེན་པོ་ཡང་སྙིང་འདུས་པའི་སྨིན་བྱེད་ཀྱི་ཆོ་ག་འགྲོ་བ་ཀུན་འདུལ་ལྟར་སྨིན་བྱེད་ལེགས་པར་ནོས། གཉིས་པ་ལུང་ལ། ཐུགས་རྗེ་ཆེན་པོ་ཐམས་ཅད་ཀྱི་ཡང་སྙིང་འདུས་པ་རིག་པ་མཆོག་གི་རྒྱུད་ཅེས་བྱ་བ་ལེའུ་བདུན་པ། དེའི་དོན་འགྲེལ་ཉི་མའི་སྙིང་པོ། རྩ་བའི་སྒྲུབ་ཐབས་གཙུག་གི་ནོར་བུ། བསྙེན་སྒྲུབ་གཞུང་སྲོང་ལས་བྱང་། བསྙེན་སྒྲུབ་དབང་གི་སྒྲུབ་ཁྲིགས། དེའི་ལྷན་ཐབས། ཐུགས་ཁྲིད་ཆེན་མོ་རྒྱུད་ཀྱི་བཅུད་བསྡུས། ཐུགས་ཁྲིད་ལ་ཟླ་བདུན་པ་གབ་པ་མངོན་ཕྱུང་ཐབས་ཀྱི་ལམ་མཆོག་མཐར་ཐུག ། ཐུགས་རྗེ་ཆེན་པོའི་ཐུགས་ཁྲིད་བླ་མ་དྷརྨ་ཤྭ་རས་མཛད་པ། ཁྱད་པར་ལས་ཚོགས་བདུན་ལ་ཚོགས་ལས་དོན་བརྒྱད་པ། བསྲུང་འཁོར་བཏགས་ཆོག ། འཆི་མེད་ཚེ་སྒྲུབ་རྣམ་གསུམ། འགྲོ་འདུལ་ཕྱི་ནང་གསང་བའི་རྟེན་གསུམ་ [276a] བཞེངས་ཐབས། རྟེན་གསུམ་རབ་གནས་ཀྱི་ཆོ་ག ། སྐྱེ་བདུན་སྒྲུབ་ཐབས། རིག་པའི་རྩལ་དབང་རྣམས། མན་ངག་དགོས་པ་ཀུན་འབྱུང་ལས་ཚོགས་བཅུ་གཉིས་ལམ་གྱི་ཆ་རྐྱེན་རྣལ་འབྱོར་ཉེར་གཅིག་པ་རེ་རེའང་ཕྱི་ནང་གསུམ་དུ་ཕྱེ་བས་དྲུག་ཅུ་རྩ་གསུམ་པ། བྲང་ཟེར་སྐྱེ་བ་བདུན་པ་དྲང་སྲོང་དྲི་མེད་སྙིང་པོའི་གདུང་གི་ལོ་རྒྱུས། སྐྱེ་བདུད་ལུང་བྱང་ཕན་ཡོན་དང་བཅས་པ། རྒྱུད་ཀྱི་ཡང་སྙིང་ཡང་དག་དོན་གྱི་བཏགས་གྲོལ་བསྐང་བ། མཁན་ཨོ་ཌི་ཡ་ནས་མཛད་པའི་ལས་བྱང་། སྒྲུབ་ཁོག་བཅས་པའི་བརྒྱུད་པ་ནི། ཆོས་སྐུ་སྣང་བ་མཐའ་ཡས། ལོངས་སྐུ་ཐུགས་རྗེ་ཆེན་པོ། སྤྲུལ་སྐུ་པདྨ་འབྱུང་གནས། མཁའ་འགྲོ་མཚོ་རྒྱལ། གུ་རུ་ཆོས་དབང་། མ་ཎི་རིན་ཆེན། རྒྱལ་མཚན་སེང་གེ ། ཐུགས་རྗེ་དཔལ། ཚུལ་ཁྲིམས་འབུམ། དྷརྨ་ལཀྵ། ཡེ་ཤེས་རྒྱལ་མཚན། བྱང་སེམས་ཆོས་རྗེ། ཤེས་རབ་དབང་ཕྱུག ། ཆོས་ཀྱི་དབང་པོ། ཀརྨ་གུ་རུ། པདྨ་རྒྱལ་མཚན། པདྨ་རྡོ་རྗེ། ཁྱབ་བདག་ལྷུན་གྲུབ། ཀུན་བཟང་རྣམ་རྒྱལ་ [276b] རྡོ་རྗེ་དཔའ་བོ། སྟོབས་ལྡན་མཆོག་གྲུབ་རྩལ། ངེས་དོན་བསྟན་འཛིན་བཟང་པོ། བསྟན་འཛིན་ནོར་བུ། མི་འགྱུར་ནམ་མཁའི་རྡོ་རྗེ། ཀུན་བཟང་ཐེག་མཆོག་རྡོ་རྗེ། ཀུན་མཁྱེན་ཚེ་དབང་ནོར་བུ། བཤེས་གཉེན་ཤེས་རབ་བསྟན་དར། རྡོ་རྗེ་འཛིན་པ་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོ། དེས་བདག་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལའོ། །དབང་གི་བརྒྱུད་པ་ནི་རིན་ཆེན་གཏེར་མཛོད་ལྟར་རོ།། །།