དམ་རྫས་བདུད་རྩི་སྒྲུབ་པའི་སྨན་སྦྱོར་སྡེབས་ཀྱི་ཟིན་བྲིས་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་པ།

From Dudjom Wiki
DJYD-KABUM-22-ZA-001
Wylie title dam rdzas bdud rtsi sgrub pa'i sman sbyor sdebs kyi zin bris mthong brgyud kyis gtan la phab pa DJYD-KABUM-22-ZA-001.pdf
Location bdud 'joms rin po che bka' 'bum
Volume 22, Text 1, Pages 1-18 (Folios 1a1 to 9b6)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Dam rdzas bdud rtsi sgrub pa'i sman sbyor sdebs kyi zin bris mthong brgyud kyis gtan la phab pa. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 1-18. Kalimpong: Dupjung Lama, 1979-1985.
Side notes Recto: zin bris   Verso: sman gyi sbyor sdebs
More details More details
Genre Medicinal Pills - Making and Activating Practices - sman sgrub  ·  Notes - zin bris
Colophon

།ཞེས་པའང་རྡོ་རྗེ་འཛིན་པ་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོའི་ཞལ་སྔ་ནས་གསང་ཆེན་མྱུར་ལམ་དང་དམ་པ་གོང་མའི་ཟིན་བྲིས་རྣམས་ཀྱི་སྟེང་ནས་མཐོང་བརྒྱུད་ཕྱག་ལེན་གྱིས་གཏན་ལ་ཕབ་པའི་བསླབ་ཁྲིད་ཇི་ལྟར་སྩལ་བ་རྣམས་རང་གི་བརྗེད་བྱང་ཟིན་བྲིས་སུ་སྤེལ་བ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།

zhes pa'ang rdo rje 'dzin pa o rgyan rnam grol rgya mtsho'i zhal snga nas gsang chen myur lam dang dam pa gong ma'i zin bris rnams kyi steng nas mthong brgyud phyag len gyis gtan la phab pa'i bslab khrid ji ltar stsal ba rnams rang gi brjed byang zin bris su spel ba ste 'jigs bral ye shes rdo rjes so//

[edit]
༄༅། །དམ་རྫས་བདུད་རྩི་སྒྲུབ་པའི་སྨན་སྦྱོར་སྡེབས་ཀྱི་ཟིན་བྲིས་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་པ་བཞུགས་སོ། །


༄༅། །བླ་མ་དང་གཉིས་སུ་མེད་པའི་དཔལ་ཆེན་པོ་བདུད་རྩི་ཡོན་ཏན་གྱི་ལྷ་ལ་ཕྱག་འཚལ་ལོ། །འདིར་སྔགས་བླ་མེད་ཀྱི་དམ་རྫས་བདུད་རྩི་སྒྲུབ་པའི་སྨན་སྦྱོར་སྡེབས་ཀྱི་ཟིན་བྲིས་ཕྱག་ལེན་ལྟར་འགོད་པ་ལ། དམ་རྫས་བསགས་པ་དང་། སྨན་བསགས་པ་གཉིས་ལས། དང་པོ་ནི། མཆོག་གི་བདུད་རྩི་ལྔ་དང་། གདུང་རིང་བསྲེལ། སྐུ་བལ། སྐུ་ཤ། གདུང་རུས་སོགས་གང་འཛོམ། དེ་བཞིན་དུ་ཤ་ལྔ་ཅུང་ཟད་རེ་དང་། གོང་མའི་དམ་རྫས་བདུད་རྩིའི་ཕབ་རྒྱུན་ཁྱད་འཕགས་ཕོན་ཆེ་དང་། ཚུལ་བཞིན་སྦྱར་བའི་ནུས་པ་སྨན་གྱི་རྩ་བ་བརྒྱད་དང་ཡན་ལག་གི་སྨན་སྟོང་ཕྲག་སོགས་ཀྱི་ཕབ་རྒྱུན་ [2a] རྣམས་སོ། །གཉིས་པ་ནི། གཞུང་ལས། སྣང་སྲིད་བདུད་རྩི་སྨན་དུ་བསྡུ། །ཞེས་དང་། གཉགས་ལོས། ལ་སྨན་སུམ་གཉིས་བོད་སྨན་སུམ་ཆ་ལ། །ནང་གི་སྨན་དང་ཤ་རྣམས་དེ་ཡི་ཕྱེད། །སྔོ་དང་སྤོད་ཀྱིས་སུམ་ཆ་ཐུབ་པར་སྦྱར། །ཞེས་པ་ལྟར། རྗེ་གཏེར་བླ་མས་གསང་ཆེན་མཆོག་གི་མྱུར་ལམ་དུ་སྦྱར་ཚད་གནང་བ་ལྟར་ན། གཞི་ཨ་རུ་རིགས་ལྔ་ལས་རྣམ་རྒྱལ་བྱུང་ན་མཆོག་ཡིན་ཀྱང་དེ་ནི་རྙེད་དཀའ་ལ། དེ་མིན་བདུད་རྩི་ཤ་ མཐུག །འཇིགས་མེད་ཟུར་ལྔ། འཕེལ་བྱེད་བུམ་འདྲ། སྐེམ་པོ་སུལ་མང་། ནག་ཆུང་རྣམས་རུས་ཕྲལ་བྲེ་སུམ་ཅུ་ལྟ་བུར་གཞི་བྱེད་ན། བ་རུ་ཆུང་བ་ [2b] ཉིད་བཟང་བས་དེ་རུས་ཕྲལ་བྲེ་དོ་ཕུལ་གསུམ། སྐྱུ་རུ་དམར་སྐྱ་ཉིད་ལེགས་པས་དེ་རུས་ཕྲལ་བྲེ་བདུན་ཕུལ་གསུམ་ཙམ་བཅས། འདི་གསུམ་ཚེས་བཅོ་ལྔའི་ཟླ་བ་སྤྲིན་བྲལ་ཤར་ནས་མ་འགྲིབ་བར་དེར་བསྟན་པས་ནུས་པ་བསྐྱེད། ཙནྡན་དཀར་པོ་སེར་ལ་སྣུམ་པ། དམར་པོ་སྨུག་ཅིང་མཁྲེགས་པ། ཨར་ནག་མེ་བསྲེག་པ་ན་ཁོལ་ཞིང་དྲི་བཟང་པོ་འབྱུང་བ་ཅན་ཏེ། དེ་རྣམས་བསྡོམས་པ་འདེགས་ཁལ་གཅིག །གུར་གུམ་དམར་སེར་བྲེ་དོ་ཕུལ་གསུམ། གྷི་ཝཾ་སེར་ནག་གཉེར་མ་ཅན་དྲི་བཟང་ཞིང་རོ་ཁ་བ། ན་གི་ཆང་དུ་སྦངས་ནས་མར་ཁུར་བཙོས་ཏེ་ཤ་རོ་འདོན་ཅིང་ཆང་གིས་འདམ་བཏགས་རྒྱུན་རིང་སོང་བ། ཛ་ཏི་ཤ་ལེགས་ཤིང་རུལ་མེད་པ། ལི་ཤི་བུམ་པ་ཅན་ནམ་དཀྱུས་མ་སེར་ལ་སྦོམ་པ། ཀོ་ཀོ་ལ་ལྐོག་ཕྲལ། སུཀྨེལ་རྒྱ་གར་མ་ཆེ་ཞིང་དཀར་བ་ལྐོག་ཕྲལ་རྣམས་བསྡོམས་ཉག་བཅུ་གསུམ། ཆུ་གང་ཡང་ཞིང་དཀར་བ། གནས་ཆེན་གྱི་སིནྡྷུ་ར། ཆུ་བོ་ཡ་མུ་ནའི་ལི་ཁྲི། ལྷང་ཚེར་དུལ་མ། དུ་རུ་ཀ་སེར་ནག་དྲི་བཟང་བ། སྤོས་ཆེན། ག་བུར། ན་ག །པུཥྤ། པདྨ་སྟེ་གེ་སར་རིགས་གསུམ། ན་ལེ་ཤམ། པི་པི་ལིང་། ལྒ་སྐྱ་སྨུག །བསེ་ཡབ། ཤིང་ཚ། བྱི་ཏང་ཀ །ཀོ་བྱི་མེ་མུར་དུ་བསྲེགས་ནས་སྤུ་བཞར་ཏེ་ [3a] འོ་མར་བཙོས་པ། ཤིང་མངར། སྤོས་དཀར། གུ་གུལ། སྙིང་ཞོ། མཁལ་ཞོ། གླ་ཞོ། ཨ་འབྲས། སྲ་འབྲས། འཇམ་འབྲས་མེ་མུར་དུ་བསྲེག་པ། མ་ནུ་རུ་ཏ་རྒྱ་གར་མ། ཡུང་བ། རྒྱ་མཚོའི་ལྦུ་བ། ཤུ་དག་དཀར་པོ། སྤུ་ཤེལ་ཚེ། ཁྱུང་སྡེར་དཀར་སྨུག་རྒྱ་གར་མ། སླེ་ཏྲེ། ཀཎྜ་ཀ་རིའི་འབྲས་བུ་དང་བར་ཤུན། བ་ལེ་ཀ །སྙག །གསེར་ཕྱེ་རྣམས་བསྡོམས་པ་ཁལ་གཅིག་ཉག་བཅུ། འདི་ཡན་ཆད་ལ་སྨན་དང་མན་ཆད་ཁ་ཤས་ཙམ་ལས་བོད་སྨན་སྣ་ཚོགས་ཡིན། རྟག་ངུ་རིགས་གསུམ། བྲག་ཞུན། ཨུཏྤལ། ཟི་ར་དཀར་ནག །རྩ་འབའ་ལ། ལ་ལ་ཕུད། སོ་མ་ར་ཙ། ཐལ་ཀར་རྡོ་རྗེ། གསེར་མེ། གསེར་ཕུད། ནིམ་པ། དུག་ཉུང་མེ་ཏོག །འུ་སུ། སྟར་བུ། སེ་འབྲུ། ཙི་ཏྲ་ཀ །མ་རུ་ཙེ། དཔའ་བོ་དཀར་སེར། ཏིག་ཏ་རིགས་ལྔ། བ་ཤ་ཀ །སྤྱི་བཞུར། སྐྱེར་དཀར་བར་ཤུན། སྒྲོན་ཤིང་། སེང་ལྡེང་། སོ་ཆ། ག་པེད། སྤང་རྩེ། རེ་སྐོན། ཀྱི་ལྕེ། པྲི་ཡང་ཀུ། སྲོ་ལོ། གཡའ་ཀྱི། གང་ག་ཆུང་། བྱ་རྒོད་སྤོས། སྲོལ་གོང་པ། ཡུ་མོ་མདེའུ་འབྱིན། རྟ་ལྤག །ཨ་བྷི་ཥ། སྟག་ཤ སྤང་རྒྱན་དཀར་པོ། ཨ་བྱག །ཡུ་གུ་ཤིང་། ལུག་རུ་སེར་སྨུག །སེ་བའི་ [3b] མེ་ཏོག །འབུ་སུ་ཧང་། སྒོ་སྒོས་ཐིག་པ། ཨ་ཀྲོང་། ཚར་བོང་། ཏང་ཀུན། སེ་རྒོད་འབྲས་བུ། རྒྱ་ཤུག །གྲེས་འབྲུ། ཞིམ་ཐིག་ལེ། པར་པ་ཏ། འདམ་བུ་ཀ་ར། འབྲི་ཏ་ས་འཛིན། བུ་མོ་ཟ། ད་ཏྲི་ཀ །གཡེར་ཤིང་པ། འོལ་མོ་སེ། ཧ་བོ། མྱང་རྩི་སྤྲས། འབམ་པོ། ལུག་མིག་པ། མཁན་སྐྱ། ཆུ་མ་རྩི། བྱི་ཚེར། དེ་བ། རེ་རལ། འོལ་བུ། ཞུ་མཁན། འབྲི་སྨུག །བཙོད་ལྕམ་པ། གྲ་མ། མཛོ་མོ་ཤིང་། འཕང་མ། སྲད་དཀར། མཚེ་ལྡུམ། བྲེ་ག །ལུག་ཆུང་། ལུག་ངལ། དབྱི་མོང་། བ་ལུའི་མེ་ཏོག །གོ་སྙོད་འབྲུ། ཐ་རམ། ན་རམ། བྱ་རྐང་། སོག་ཀ་པ། ལྕ་བ། ཟངས་རྩི་བ། སྐྲ་ལོ། ཤོ་མང་། པ་ཡག་རྩ་བ། བྱིའུ་ལ་ཕུག །ཨུག་ཆོས། ས་རྫི་ཀ །སྐྱི་བའི་འབྲུ། སྲུབ་ཀ །ལྕེ་ཚ། ཉེ་ཤིང་། ར་མཉེ། གཟེ་མ། རྩ་མཁྲིས། ཕུར་མ་དཀར་པོ། མོན་ཆ་ར། གོ་ཡུ། རྒྱ་སྐྱེགས། གངས་ཏིག །ཡུག་དཀར་རྣམས་སོ་སོའི་དུས་བཏུས་དུག་ཕྲལ་གྲིབ་སྐམ་རུལ་མེད་གད་གཙང་རྣམས་བསྡོམས་ཉག་བཅོ་ལྔ། ལྕང་སྐྱའི་ཐང་ཆུ་ཉག་བཅོ་ལྔ། ཤ་ཁྲག་རྣམས་ཕབ་རྒྱུན་ལ་ཡོད་པ་ལས་དངོས་བསྲེ་སྲོལ་མེད་ཅིང་། གླ་རྩི་སེར་ནག་འབྲུམ་ [4a] པ་ཅན་དང་། དོམ་མཁྲིས་སེར་ནག་མངར་ཁའི་རོ་ལྡན་གཉིས་ཅུང་རེ། དབང་རིལ་སྤྱིར་ནམ་མཁའ་མི་མཐོང་ཞིང་ཁྱི་དང་བུད་མེད་སོགས་མི་གནས་དབེན་པར་གཡའ་མེད་ཀྱི་སྣོད་དུ། དབང་རིལ་དཀར་པོ་མཛོ་མོའི་འོ་མར་དང་། དམར་པོ་ནོར་ཤའི་ཁུ་བར། སྔོན་པོ་ཆང་གི་ནང་དྲོད་བབ་བཅོ། སེར་པོ་བཙོ་ཟན་དུ་བསྟུམས་ནས་མེར་ཅུང་ཟད་བསྲེག་པས་དུག་འདོན། དེ་ལ་ངར་འདོགས་པའི་ཚུལ་ནི་དེ་ཉིད་ལེགས་བཏུལ་གྱི་ཕྱེ་མ་༠༡ ཡོད་ན་དེ་དང་མཉམ་དུ། ཁ་ཆེ། གྷི་ཝཾ། གླ་རྩི། ཛ་ཏི། ལི་ཤི་ལྔ་སོ་སོར་༠༠༡ རེ་ཕྱེ་མ་བཅས་དཀར་ཡོལ་གཙང་མར་བཞག །དེར་བྱིས་པ་གཙང་མས་ཆུ་མིག་ཁ་ཤར་བལྟའི་ཆུ་ནམ་མཁའ་མི་མཐོང་བར་བླངས་ཏེ་ལྷན་ཅིག་བསྲེས་ལ་དར་གྱིས་ཁ་བཅད་ནས་འབྲུ་དཀར་གྱི་ནང་དུ་ཞག་གཅིག་བསྙལ། འབྲུ་ལ། གྲོ་མ། འབྲས། ཁྲེ། ཁྲ་མ། གྲོ། ནས། སོ་བ། སྲེད་དང། སྲན་དཀར། མོན་སྲན། རྒྱ་སྲན། སྲན་ཆུང་། ཏིལ་དཀར་ནག །ཟར་མ་རྣམས་བསྡོམས་ཕུལ་གང་། རིན་པོ་ཆེ་ལ། གཡུ་རྙིང་། བྱུ་རུ། མུ་ཏིག །མུ་མེན། སྤོས་ཤེལ། པད་རག །དུང་། ཤེལ་གཉིས་བཅས་ཏེ་དེ་རྣམས་ཁྲོལ་ཙམ་བརྡུངས་པ་དེའི་ལྗིད་དང་མཉམ་པའི་ཟེ་ཚྭ། [4b] ཟེ་ཚྭའི་སུམ་ཆར་ལྗང་རེ་རལ། གང་ག་ཆུང་། ཨ་རུའི་རུས་པ། མགྲོན་བུའི་ཐལ་བ། གླ་རྩི་རྣམས་ཕྲན་ཚེགས་རེ་དང་། སྟར་བུའི་ཁཎྜ་མང་བར་བྱས་ཏེ་བྱིས་པའི་དྲི་ཆུར་བཏབ་ལ་བྱེ་རུའི་མདོག་འགྱུར་ཙམ་དུ་བཙོ། ཡང་དེའི་ཆ་བསྣན་ཏེ་བཙོས་རྗེས་ཆུ་གྲང་གིས་དག་པར་བཀྲུ། དེ་ནས་ཆུར་ལན་གསུམ་བཙོས་ནས་སླར་ཡང་ཆུས་བཤལ་ཏེ་སྐམ། ཅོང་ཞི་ཁྲོལ་ཙམ་བརྡུངས་ལ་དེ་ཆུ་སྔོ་སང་མ་བྱུང་བར་བཙོས་ནས་སྐམ་སྟེ་ཕྱེ་མར་བྱས་པ་མཛོ་མོ་ཡར་མའི་འོ་མས་སྐྱོང་ཞིང་འདམ་བཏགས་ལེགས་པར་བྱས་པ་ཉག་གང་། རྒྱ་ཚྭ། རྒྱ་མ་ཚྭ། ལྕེ་མྱང་ཚྭ། ཁ་རུ་ཚྭ། ཙ་བ་རུ་ཚྭ། ར་ཚྭ། མཛེ་ཚྭ། ཚྭ་དཀར། སྤང་སྤོས། བྲག་སྤོས་རྣམས་བསྡོམས་ཐུར་མགོ་གང་། དབང་ལག་གཅིག་ཆུ་གྲང་དུ་སྦང་ཞིང་བཀྲུས་ཏེ་ཆུ་གཙང་ཉིས་འགྱུར་ལ་ཁུ་བ་རང་ཐིམ་དུ་བཙོ། སླར་འོ་མར་རང་ཐིམ་དུ་བཙོས་ནས་སྐམ་པ་བྲེ་ལྔ། ལི་ག་དུར་དུས་བརྐོས་བྲེ་བཅུ། དྲི་བཟང་དམར་སེར་འོད་ཆེ་བ་འཁྲིག་ཅིང་སྐྲ་ཉག་འདྲ་བའི་སྤུས་ལེགས་སྲང་གང་། ནང་སྨན་རྣམས་བྲེ་དོ་ཕུལ་གསུམ་བཏང་བར་གསུངས་ཀྱང་མ་འབྱོར་ན་གུར་གུམ་བྲེ་དོ་ཕུལ་གསུམ་དང་ཨ་རུ་ཇི་ཙམ་མང་བ་བཟང་བར་གསུངས་པའི་བྲེ་ཁལ་གཅིག །དེ་ལྟར་གོང་སྨོས་ཀྱི་སྨན་རྣམས་ [5a] གཙང་ཞིང་ཞིབ་པར་འཐག་ལ། དེ་ལས་དབང་རིལ། རིན་པོ་ཆེ། དྲི་བཟང་དང་གུར་གུམ་གྱི་ཕྱེ་མ་རྣམས་སོ་སོར་ཟུར་དུ་ཕྱེ། རྒུན་འབྲུམ་རིགས་གཉིས། ཁ་སུར། ཨ་སྨྲ། ཁམ་བུ། ཆི་བུ་ཁ་སོགས་ཤིང་ཏོག་ཅི་འཛོམ། ཀ་ར་རིགས་གཉིས། བུ་རམ། སྦྲང་དཀར་རྣམས་བསྡོམས་ཉག་བཅུ་སྟེ་དེ་རྣམས་ཁྲོལ་ཙམ་བརྡུང་ནས་བཞག །སྤྱིར་སྨན་མང་ཉུང་དང་བསྟུན་པའི་སྦྱོར་ཚད་མ་འཁྲུལ་བར་འཕྲི་བསྣན་ཤེས་པ་དང་། དེ་དག་ཀྱང་རྙིང་ཞིང་རོ་ནུས་ཡལ་བ། དྲི་མས་སྦགས་པ། རུལ་ཞིང་འཁྱག་པ་སོགས་ཀྱི་སྐྱོན་མེད་པའི་གཙང་ཞིང་གསར་པ་དང་ལྡན་པར་བསགས་ལ་ཡང་ཤིན་ཏུ་ནས་ཀྱང་ཞིབ་པར་བཏུལ་བ་ཉིད་གལ་ཆེའོ། །གཞན་ཡང་སྨན་གྱི་བྱེ་བྲག་རྒྱས་པར་ཕྱེ་ན། ཁམས་གཉིས་ཀྱི་རིན་པོ་ཆེ་ལ་རྩ་བ་ ༥༧ ནང་གསེས་ ༡༦༦ རྡོ་སྨན་ ༦༣ ནང་གསེས་ཀྱི་དབྱེ་བས་ ༥༩༤ ས་སྨན་རྩ་བ་ ༡༧ ནང་ཚན་དབྱེ་བས་ ༣༡ རྩི་སྨན་རྩ་བ་ ༡༣ ནང་གསེས་ ༡༥༠ འབྲས་བུ་རྩ་བ ༥༡ ནང་གསེས་སྡེ་ཚན་ ༩༦ མེ་ཏོག་གི་རིགས་རྩ་བ་ ༨ ལོ་མ་ལ་རྩ་བ ༥ རིགས་བཅས་ ༨ སྡོང་པོ་རྩ་བ་ ༦ ནང་གསེས་ ༡༨ ཡན་ཕྲན་རྩ་བ་ ༡༡ ཤིང་སྨན་རྩ་བ་ ༩༨ ནང་གསེས་ ༡༨༣ ལྡུམ་སྨན་རྩ་ ༦༧ ནང་རིགས་ ༡༤༢ [5b] སྔོ་སྨན་རྩ་བ་ ༡༢༨ ནས་གསེས་ ༢༦༤ ཚྭ་རིགས་རྩ་བ་ ༣༩ ནང་རིགས་ ༥༩ བཅས་ཡོད་པ་ཇི་ཙམ་འབྱོར་བ་བཟང་ཞིང་། གནས་སྐབས་དྲི་རོ་ཁ་དོག་ལ་གནོད་པའི་སྨན་གྱི་སྤྱང་ཀི་སྤང་བྱ་ནི། དྲིའི་སྤྱང་ཀི་སྒོག་པ། ཤིང་ཀུན། ཤུ་དག་ནག་པོ། བྱིའུ་རུག་ཁ། རྩ་གླ་བ། རྩ་ཁུ་བྱུག །ཤའི་སྤྱང་ཀི་པུ་ཤུད། ཟེར་མོ། པོ་ཏོ་རོག་པོ། མཛོ་དྲེལ་གྱི་ཤ་སྣ། མེ་ཏོག་གི་སྤྱང་ཀི་སྤྲུ་མ། རི་ཤོ། སྲན་མ་རྣམས་ཀྱི་མེ་ཏོག །ནུས་པའི་སྤྱང་ཀི་དུག་རིགས་སྣ་ཚོགས། རོའི་སྤྱང་ཀི་གཞོབ་ཀྱི་རིགས། ཐལ་ཚྭ། བ་ཚྭ། བོང་ང་དཀར་དམར། ཧོང་ལེན། མདོག་གི་སྤྱང་ཀི་སྤང་རྒྱན་སྔོན་པོའི་མེ་ཏོག་རྣམས་སྤང་ངོ་། །བྱ་བས་གཙང་དགོས་པའི་རྒྱུ་མཚན་ཀྱང་སྨན་གྱི་རོ་ནུས་དྲི་བསུང་ལ་གནོད་པ་རྣམས་སྤང་བྱར་གཞུང་ལས་གསུངས་སོ། །དེ་ནས་རིགས་དང་སྡེ་ཚན་དབྱེ་བ་ལ། ཀ་པཱ་ལ་ལྔ་ཚོམས་སུ་ཤོང་བའི་རིན་པོ་ཆེའི་སྣོད་ཀྱི་དབུས་དང་ཕྱོགས་མཚམས་སུ་སྨན་དང་སྣོད་རིགས་སོ་སོར་ཕྱེ་ནས་འགོད་པའི་ཐོད་པ་དབུས་མ་མཚན་ལྡན་སྲུབ་མེད་ཚངས་སྐུད་ཅན་གྱི་ནང་དུ་བྱེ་ཀར་གྱིས་བཀང་བར། བྱང་སེམས་དཀར་པོ། མིའི་ཤ། ཀླད་རྒྱུངས། སྐྱོབ་ཐལ་ཀར་རྡོ་རྗེ། ཕྲད་གྷི་ཝཾ། དབང་རིལ། སྤོས་ཆེན། ག་བུར། ཅུ་གང་། ཙནྡན་ [6a] དཀར་པོ། བྱ་རྒོད་སྤོས། ཨ་ཀྲོང་། སྤོས་དཀར། ཕུར་མོ་དཀར་པོ། དུང་། མུ་ཏིག །ཆུ་ཤེལ། དངུལ་ཐལ། ཁྲེ། འབྲས། ཏིལ་དཀར་པོ། སྲན་དཀར། ཁྲུང་སྡེར་དཀར་པོ། བ་ལུ། དཔའ་བོ་དཀར་པོ། སྤང་རྒྱན་དཀར་པོ། སེ་བའི་མེ་ཏོག །བ་ལུ་མེ་ཏོག །ཤུ་དག་དཀར་པོ། དཀར་གསུམ། ཨ་བྷི་ཥ། གང་ག་ཆུང་། ཨ་རུ། བུ་རུ། ཀྱི་ལྕེ་དཀར་པོ། ཨུཏྤལ། སྲོ་ལོ། སྙག །ཟི་ར་དཀར་པོ། མོན་ཆ་ར། བྱིའུ་ལ་ཕུག །སྲང་དཀར། འོམ་བུ། ལུག་མུར། ལུག་མིག་པ། རྒུན་འབྲུམ་དཀར་པོ། ར་མཉེ། ཉེ་ཤིང་། ལྕ་བ། འདམ་བུ་ཀ་ར། མངར་གསུམ། ཡུངས་ཀར་རྣམས་དང་། གཞན་ཡང་སྨན་ཁ་དོག་དཀར་ཞིང་མངར་བ་རྩ་བའི་ཆ་ལས་བྱུང་བ་ཐམས་ཅད་དོ། །ཤར་གྱི་ཐོད་པ་དཀར་པོ་ཟླུམ་པོ་དབྱིངས་ཅན་གྲོས་བཀང་བར། དྲི་ཆེན། བ་གླང་གི་ཤ། ཛ་ཏི། སྐྱོབ་ཀ་ཀོལ། ཕྲད་ཨ་འབྲས། ཨ་རུ་སེར་ཆུང་། ན་གི། ཨ་ག་རུ། དུ་རུ་ཀ །འུ་སུ། ཤིང་མངར། དཔའ་བོ་སེར་པོ། ཡུང་བ། སྒྲོན་ཤིང་ལ་མོ། མྱང་རྩི་སྤྲས། ཚར་བོང་། འབུ་སུ་ཧང་། གསེར་ཐལ། གསེར་མེ། སྤོས་ཤེལ། མེ་ཏོག་དམར་སེར་གྱི་ [6b] རིགས། ཁ་སུར། ཁམ་བུ། སྟར་ཀ །ཤུ་མོ་ཟ། ནིམ་པ། ཧ་ལོ། རྩ་མཁྲིས། རྒྱ་ཏིག་ཏ། གོ་སྙོད་འབྲུ། ཤོ་རྩ། གསེར་བྱེ། ལྕང་སྐྱའི་ཐང་ཆུ། ཟའི་འབྲུ། འོམ་བུ། དུག་ཉུང་། གླ་རྩི། རུ་རྟ། ལུག་རུ་སེར་པོ། དོམ་མཁྲིས། པུ་ཤེལ་ཙེ། པར་པ་ཏ། སྐྱེར་ཤུན། ལ་ལ་ཕུད། བ་ཤ་ཀ གཡའ་ཀྱི། སྤང་སྤོས། སྤང་རྩི། གསེར་ཕུད། སེང་ལྡེང་། ཀྱི་ལྕེ། ཏིག་ཏ་རིགས་ལྔ། བྲག་སྤོས། རེ་སྐོན། གླ་རྩི་རྣམས་དང་། གཞན་ཡང་རོ་ཁ་བ་དང་ལོ་མའི་ཆ་ལས་བྱུང་བ་རྣམས་དེར་སེར་པོས་བཀབ་སྟེ་བཞག །ལྷོའི་ཐོད་པ་སུལ་མང་འབུར་བཞི་པའི་ནང་དུ་འབྲུ་སྔོན་མོས་བཀང་བར། ཤ་ཆེན་གྱི་དྭངས་མ་ཀླད་རྐང་ཚིལ་གསུམ། ཁྱིའི་ཤ། སྐྱོབ་ཕྲད་ཞོ་ཤ་གཉིས། སྔོ་སྟག་ཤ། ཨུཏྤལ་སྔོན་པོ། ཞིམ་ཐིག་ལེ། ཙི་ཏྲ་ཀ །རྒྱ་རྐང་། འབམ་པོ། སྤ་ཡག །སྔོ་དེ་བ། ཨིནྡྲ་ནི་ལ། མུ་མེན། ལྕགས་ཐལ། ལྷང་ཚེར། ཤིང་ཏོག་སྔོན་པོའི་རིགས། སེ་འབྲུ། ཟངས་རྩི་དཀར་པོ། སྟར་བུ། བསེ་ཡབ། སྐྱུ་རུ། སྤྱི་བཞུར། པྲི་ཡང་ཀུ། རྒྱ་ཤུག །འབྲས་གཉིས། ད་ཏྲིག །ཆང་རྩི་རྣམས་དང་། གཞན་ཡང་རོ་སྐྱུར་ཞིང་འབྲས་བུའི་རིགས་རྣམས་དར་སྔོན་པོས་བཀབ་ལ་བཞག ། [7a] ནུབ་ཀྱི་ཐོད་པ་ཟླ་གམ་ཤོང་བུ་གཉིས་པའི་ནང་འབྲས་དམར་པོས་བཀང་བར། པདྨ་རཀྟ། རྨ་བྱའི་ཤ། ཙན་སྨུག །ཞི་ཤི། སྐྱོབ་སྐྱུར་རུ། ཕྲད་རྒུན་ནག །སིནྡྷུ་ར། སྟར་བུ། ཆུ་མ་རྩི། གནྡྷ་བྷ་དྲ། འཕང་མའི་འབྲུ། དྲི་བཟང་། སྙ་ལོ། རྩ་འབྲས། གསེར་ཤིང་། འབྲི་སྨུག །རེ་རལ། ཨུག་ཆོས། མཛོ་མོ་ཤིང་། བཙོད། རྒྱ་སྐྱེགས། བྱེ་རུ། མེ་ཤེལ། པད་རག །ཟངས་ལ། སྲན་ཆུང་། སོ་བ། གྲོ་མ། ཟར་མ། འོལ་མོ་སེ། ཧ་ལོ། འབྲི་ཏ་ས་འཛིན། མ་རུ་ཙེ། ལུག་རུ་སྨུག་པོ། ཆི་བ་ཁ། ཨ་རུ། ཚ་བ་གསུམ། སྔོ་ཚ་བ་གསུམ་དང་། ཚ་སྣའི་རིགས། གཞན་ཡང་རོ་ཚ་བ་དང་མེ་ཏོག་གི་རིགས་རྣམས་དར་དམར་པོས་བཀབ་ལ་བཞག །བྱང་གི་ཐོད་པ་དབྱིབས་གྲུ་གསུམ་ཤོང་བུ་གསུམ་པའི་ནང་དུ་འབྲུ་སྣ་ཚོགས་ཀྱིས་བཀང་བར། དྲི་ཆུ། གླང་ཆེན་ཤ། གངས་ཏིག །ཅོང་ཞི། སྐྱོབ་བྲག་ཞུན། ཕྲད་ལྕེ་སོག་དཀར་པོ། གུར་གུམ། གཡུ། མརྒད། ཁྱུང་སྡེར་སྨུག་པོ། གསེར་ཕུད། ཡུ་མོ་མདེའུ་འབྱིན། སྲོལ་གོང་པ། ཡུ་གུ་ཤིང་། བྲེ་ག་པ། ཐ་རམ། བྲེ་ག་པ། ཐར་རམ། ན་རམ། བྱི་ཏང་ཀ །ཀོ་བྱི་ལ། གུ་གུལ། བ་ལེ་ཀ །ཟི་ཏ་ནག་པོ། སོ་མ་ར་ཙ། ཏང་ཀུན། གྲེས་འབྲུ། ཨ་ [7b] ཝ། མཁན་སྐྱ། བྱི་ཚེར། ཞུ་མཁན། ལྕམ་པ། ལུག་ངལ། སོག་ཀ་པ། །ཏིལ་ནག །རྡོ་སྨན་སྣ་ཚོགས་དང་། རོ་ཐ་དད་པའི་སྨན་སྣ་ཚོགས་དང་སྡོང་པོའི་ཆ་ལས་བྱུང་བ་ཆུ་སྣ་བཅས་དར་ལྗང་གུས་བཀབ་ལ་བཞག །མཚམས་བཞིར་ཐོད་པའམ་སྣོད་གང་རུང་དུ་རིམ་བཞིན། ཀཎྜ་ཀ་རི། གེ་སར་གསུམ། སླེ་ཏྲེ། དབང་ལག །མ་ནུ། རྒྱ་མཚོའི་ལྦུ་བ། ཤིང་ཚྭ། སེ་རྒོད་འབྲས་བུ། ལི་ག་དུར། གོང་ཐོག་པ། རིགས་གསུམ་རྟག་ཏུ་སོགས་རིགས་མ་ངེས་པའི་སྨན་དྲི་རོ་བཟང་པོ་རྣམ་ཐུམ་པར་བྱས་ཏེ་བཀོད། གོང་གསལ་སྨན་རྣམས་དངོས་གཙང་ཅུང་རེ་ལས་ཕོན་ཆེར་མེད་པ་སོ་སོར་ཐུམ་པོར་བྱས་ཏེ་བཀོད། ཐོད་པ་དབུས་མའི་ཁར་དམ་རྫས་རྣམས་སྐམ་རློན་གྱི་དབྱེ་བས་ཕྱེ་ནས་གཡའ་མེད་པའི་རིན་པོ་ཆེའི་སྣོད་དུ་ཆང་རང་ནུབ་ཙམ་དུ་སྦང་ནས་ག་བུར་དྲི་བཟང་གི་ཕྱེ་མ་འདེབས། སྐམ་རིགས་རྣམ་སགསེར་སྣོད་ལྟ་བུར་དྲི་བཟང་གི་ཁྲོད་བཞུགས་སུ་གསོལ་ཞིང་། ཐོད་པ་བཅས་ལ་དར་དཀར་པོའི་ཁེབས་དང་གཟུངས་རྡོར་བཅས་བཀོད། མཚམས་བཞིར་གཡའ་མེད་པའི་སྣོད་དུ་འོ་མ། རིན་པོ་ཆེ། ཆང་། ཆུ་རྣམས་ཁེབས་ཀྱིས་གཡོགས་ཏེ་བཞག །སྔར་གྱི་སྨན་ཕྱེ་ [8a] རྣམས་ཀྱང་སྨན་དཀྱིལ་གྱི་ནུབ་ཕྱོགས་སོགས་གང་བདེར་སྟེགས་ཁར་བཀོད་དེ་ཁེབས་ཀྱིས་གཡོགས་ལ་གཟུངས་ཐག་གིས་སྦྲེལ། ཁྲོལ་སྒྲུབ་ཉིན་གསུམ་པའི་སྐབས་སུ་ཤིང་འབྲས་རྣམས་ཆུ་བསྐོལ་རང་ནུབ་ཙམ་དུ་ཡང་ཡང་བཙོས་ཏེ་དར་ཚགས་སུ་བཅུར་ནས་བཅུད་ལོན་ངེས་བྱས་པའི་ཆུ་དེ་བསྐྱར་དུ་བསྐོལ་ཏེ་བྲེ་གང་ཙམ་དུ་བྱ། ཆུ་གཙང་མ་བྲེ་བཞིའི་ནང་དུ་གོང་གི་དྲི་བཟང་དང་གུར་གུམ་ཕྱེ་མ་འདེབས་ཏེ་སྦང་། ཤིང་འབྲས་ཀྱི་ཆུ་དང་མངར་གསུམ་ཡང་དེར་བསྲེ། ཆང་གི་རྒྱུ་གྲོ་ནས་འབྲས་གསུམ་གྱི་ཆན་ཀྱང་སྟ་གོན་བྱ། ཐོད་པའི་འབྲུ་རྣམས་ཀྱང་དེར་བསྲེ། ཁྲོལ་བུའི་མཇུག་དོན་རྫོགས་འཕྲལ་རིང་བསྲེལ་སྐུ་ཤ་སོགས་བཏུལ། ཕབ་རྒྱུན་རིགས་ལེགས་པར་མཉེ། དབུ་ལྗོན་སོགས་སྦུབས་བསྲེག་བྱས་ནས་དེ་དང་སྔར་དབང་རིལ་དང་རིན་པོ་ཆེའི་ཕྱེ་མ་རྣམས་ཀྱང་གོང་གི་དྲི་བཟང་གི་ཆུ་དང་ལྷན་ཅིག་ཏུ་བསྲེ། བཏགས་བཙག་གྲུབ་ནས་སྔ་ཕྱིའི་སྨན་ཕྱེ་རྣམས་ཕྱོགས་གཅིག་ཏུ་བསྡུས་ནས་བསྲེ་ཞིང་ལེགས་པར་མཉེར་སྟེ་འབྲུམ་མེད་པར་བྱ། དེ་ནས་ཤིང་གཞོང་ལྟ་བུར་ཁ་རས་དང་པང་རས་བཅས་པས་སྨན་ཕྱེ་བླུགས་ཏེ་ཕབ་རྒྱུན་སོགས་དང་དྲི་བཟང་བསྲེས་པའི་ཆུས་སྦོལ་ཞིང་གྲོ་ཆང་གི་ཉིང་ཁུ་ཡང་རིམ་པར་བསྣན་ཏེ་སྦོལ། གར་སླའི་ཚད་སྙིམ་ [8b] པར་བཅངས་ནས་ཆག་གང་དུ་བསྐྱུར་བས་བམ་པོ་འཇིག་ཅིང་ཕྱེ་མར་མི་འདལ་བ་ཙམ་དུ་བྱ། དེ་ནས་དྲི་བཟང་གི་ཕྱེ་མ་སྐམ་འདེབས་ཀྱིས་མདོག་བཏོན་ལ་འབྲི་མར་གསར་པ་མེར་ཞུ་ཙམ་གྱི་མར་ཁུས་ཀྱང་སྤོལ་ཏེ་ནམ་དུས་དང་བསྟུན་པའི་ཕབ་རྩི་ཞིམ་པོ་བཏབ་ནས་ནན་གྱིས་སྦོལ་གྲུབ་པ་དང་། དར་རས་སོགས་སྣོད་ཀ་པའི་ལ་བཅུ་རེ་ཤོང་བ་ཙམ་ལས་ཆེ་ན་མི་ལེགས་པས་གྲངས་ངེས་པར་བྱས་ཏེ་བླུགས་ལ། དཀྱིལ་འཁོར་དབུས་སུ་འགོད་རྒྱུའི་ཟངས་ཆུང་ནང་དུ་རུས་སྦལ་ཁོག་པ་གྱེན་བསྟན་ཁར་མོ་ཐོད་ཆན་དང་ཕབ་ལྡན་གྱི་ནང་སྨན་གྱི་སྒྱེའུ་བཞག །མཚམས་སྟེང་རྣམས་སུ་ཆན་གྱིས་མི་མངོན་པར་གཡོགས་ཤིང་སྟེང་ནས་ཕོ་ཐོད་མཚན་ལྡན་གྱིས་བཀབ་ལ་རས་གཙང་མས་ལེགས་པར་དྲིལ་ཏེ་ཟངས་ཀྱི་ཕྱི་ནས་ན་བཟའ་དབུ་རྒྱན་སྒྲོན་པ་སོགས་བྱ། ཟངས་ཆེན་དུ་སྨན་བསྙལ་ལུགས་ཀྱང་དེ་དང་འདྲ་ཞིང་། དྲོད་འབེབས་ཀྱི་མར་མེ་མང་ཉུང་སོགས་དཔྱད་མཁས་པས་ཚོད་འཛིན། མཐར་སྨན་བཏོན་ཏེ་སྤོལ་སྐབས་རྩིང་ཞིབ་འཚམས་པའི་ལག་ཚག་རུ་ང་བར་བྱ་ཞིང་། དེ་ནས་ལྷུང་བཟེད་ལྟ་བུའི་སྣོད་གཡའ་མེད་གཙང་མར་རིལ་ཆག་ཅུང་ཟད་བྱས་ནས་ཞག་གཅིག་སོང་བ་ན་རས་ཕེད་དུ་རིལ་ཆག་ལེགས་པར་བྱས་ཏེ་སྐམ་ཐག་ཆོད་ [9a] པར་བྱ། སྨིན་གླིང་སྔར་གྱི་ཕྱག་བཞེས་སུ་རིལ་ཆག་གནང་སྲོལ་མི་འདུག་པ་བདུད་རྩི་ཕྱེ་མ་ཡིན་པའི་དགོས་དོན་འདྲ་སྙམ། དེ་ལྟར་སྨན་སྦྱོར་ལེགས་པའི་ཚད་ནི། མདོག་བཟང་ལ་བརྟག་ཏུ་མི་བཏུབ་པ། དྲི་བཟང་ལ་ངོས་བཟུང་དཀའ་བ། རོ་ཞིམ་པས་སྨར་མེད་པ། ཟོས་ན་ཁ་ཟས་གཞན་གྱིས་སྨན་དང་འཕྲོག་མི་ནུས་པ་འབྱུང་ཞེས་གསུངས་སོ། །ཞེས་པའང་རྡོ་རྗེ་འཛིན་པ་ཨོ་རྒྱན་རྣམ་གྲོལ་རྒྱ་མཚོའི་ཞལ་སྔ་ནས་གསང་ཆེན་མྱུར་ལམ་དང་དམ་པ་གོང་མའི་ཟིན་བྲིས་རྣམས་ཀྱི་སྟེང་ནས་མཐོང་བརྒྱུད་ཕྱག་ལེན་གྱིས་གཏན་ལ་ཕབ་པའི་བསླབ་ཁྲིད་ཇི་ལྟར་སྩལ་བ་རྣམས་རང་གི་བརྗེད་བྱང་ཟིན་བྲིས་སུ་སྤེལ་བ་སྟེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།། །། ༈ །བདུད་རྩིའི་གཏའ་སྤེལ་ལ། གཏེར་ཆེན་གསུང་འབུམ་དྲིས་ལན་དུ། སེལ་མེད་ཀྱི་དམ་རྫས་བཟང་པོ་ལ་གཞི་བྱས་ཏེ། འབྲས་བུ་གསུམ། བཟང་པོ་དྲུག །ཙནྡན་དཀར་དམར། གྷི་ཝཾ་སོགས་སྨན་སྣ་ཚོགས་དང་། ལྔ་ཚན་ལྔ་སོགས་དྲི་རོ་བཟང་པོས་བསྒྱུར་བའི་འགྲོས་བརྩིས་ནས། ཞེས་གསུངས་པས། བཤད་མ་ཐག་པའི་དམ་རྫས་ཚན་གཅིག་ལ་གཞིར་བཞག་ནས། ཨ་རུ་བྲེ་གང་། བ་རུ་ཕུལ་ཕྱེད། སྐྱུ་རུ་ཕུལ་ཕྱེད་དོ། བཟང་པོ་དྲུག་བསྡོམ་ [9b] ཕུལ་གང་། ཙནྡན་དཀར་དམར་ཨར་ནག་གསུམ་ཕུལ་གང་། གུར་གུམ་ཕུལ་ཕྱེད། ན་གི་དུལ་མ། གྷི་ཝཾ། ཐལ་ཀར་རྡོ་རྗེ། གླ་ཞོ། མཁལ་ཞོ། དུ་རུ་ཀ །རྒུན་འབྲུམ། བྲག་ཞུན། གུ་གུལ་དཀར་པོ། ཀ་ཀོ་ལ། ཨ་འབྲས། གླ་རྩི། ག་བུར། ཅོང་ཞི་རྣམས་བསྡོམས་ཕུལ་གང་། ལྕང་སྐྱའི་ཐང་ཆུ་ཕུལ་ཕྱེད། དབང་ལག་ཕུལ་གང་། ལི་ག་དུར་ཕུལ་དོ། ལྔ་ཚན་ལྔ་ཕུལ་ཕྱེད། སྦྲང་བུར་ཀ་ར་ཕུལ་དོ། དྲི་བཟང་བཅས་སྦྱར་ཏེ་ཆང་གིས་སྦོལ་ཞིང་ཅང་རྩི་ནོན་ཙམ་བླུགས་ནས་ཆན་དབུས་བདེ་སྐྱོང་ཁ་སྦྱོར་དུ་བཞག་ནས་བསྙལ་ལོ།། །། ༈ །ཡང་བདུད་རྩི་ལྔ་རེ་རེ་ཡང་རྩ་བརྒྱད་ཡན་ལག་སྟོང་དང་ལྡན་པ་ཞེས་གསུངས་པས། དཔེར་ན་ཚད་ལྡན་གྱི་བྱང་སེམས་དཀར་པོ་ལ། ག་བུར། ཙནྡན། ཐལ་དཀར་རྡོ་རྗེ། ཅུ་གང་། གྷི་ཝཾ། ཅོང་ཞི། ཀ་ར། དཀར་གསུམ། ཨ་རུ། རྒུན་འབྲུམ། བུ་རམ་སོགས་མདོག་དཀར་ལ་རོ་མངར་ཞིང་བསྐ་བའི་རིགས་ཐམས་ཅད་སྦྱར་བས་བདུད་རྩི་བྱང་སེམས་ཀྱི་ཕབ་རྒྱུན་ལེགས་པར་གྲུབ་པ་བླ་མའི་མན་ངག་གོ། །།