བཀའ་བརྒྱད་བདེ་འདུས་དང་འབྲེལ་བའི་བདུད་རྩི་སྨན་སྒྲུབ་ལག་ལེན་གྱི་ཟིན་ཏིག་དམ་པའི་ཞལ་རྒྱུན་གྲུབ་གཉིས་མཆོག་སྦྱིན།

From Dudjom Wiki
DJYD-KABUM-22-ZA-007
Wylie title bka' brgyad bde 'dus dang 'brel ba'i bdud rtsi sman sgrub lag len gyi zin tig dam pa'i zhal rgyun grub gnyis mchog sbyin DJYD-KABUM-22-ZA-007.pdf
Location bdud 'joms rin po che bka' 'bum
Volume 22, Text 7, Pages 129-157 (Folios 1a1 to 15a5)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bka' brgyad bde 'dus dang 'brel ba'i bdud rtsi sman sgrub lag len gyi zin tig dam pa'i zhal rgyun grub gnyis mchog sbyin. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 129-157. Kalimpong: Dupjung Lama, 1979-1985.
Side notes Recto: sman zin   Verso: nyang gter bka' brgyad
More details More details
Tertön ཉང་རལ་ཉི་མ་འོད་ཟེར་ (nyang ral nyi ma 'od zer)
Genre Medicinal Pills - Making and Activating Practices - sman sgrub  ·  Notes - zin bris
Cycle བཀའ་བརྒྱད་བདེ་གཤེགས་འདུས་པ་ (bka' brgyad bde gshegs 'dus pa)
Colophon

།ཅེས་བཀའ་བརྒྱད་བདེ་འདུས་དང་སྦྱར་བའི་བདུད་རྩི་སྨན་སྒྲུབ་ཀྱི་ལག་ལེན་ཟིན་ཏིག་འདི་ཡང་། རྗེ་གཏེར་ཆེན་བླ་མའི་དགོངས་དོན་བཞིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་འདུ་བའི་རིག་པ་འཛིན་པའི་ཚོམ་བུ་རྣམས་ཀྱི་ཕྱག་ལེན་འཁྲུལ་མེད་ཀྱི་རྒྱུན་ཉིད་མི་ཉམས་ཤིང་འཕེལ་བའི་ཕྱིར་གཙང་དག་ཏུ་སྨིན་གླིང་གྲྭ་ཐ་རྨོངས་བརྟུལ་པྲ་ཛྙཱའི་མིང་གིས་ཡོན་ཏན་རྒྱ་མཚོའི་འབྱུང་གནས་ཆོས་གྲྭ་ཆེན་པོ་དེ་ཉིད་དུ་བཀོད་པ་དགེ་ལེགས་འཕེལ། སླར་ཡང་མཚུངས་མེད་བླ་མ་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་ཞལ་སྔ་ནས་ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་གསང་ཆེན་མྱུར་ལམ་གྱི་སྟེང་ནས་དམིགས་པའི་གོ་དོན་དང་ཕྱག་ལེན་གྱི་གནད་སོགས་པ་བསླབ་ཁྲིད་ཀྱི་རིམ་པ་དཔྱིས་ཕྱིན་པར་བཀའ་དྲིན་དུ་སྩལ་བའི་སྐབས་སུ་དཔྱད་ཞུས་རྣམ་པར་དག་པས་གཏན་ལ་ཕབ་པ་སིདྡྷི་རསྟུ།།

ces bka' brgyad bde 'dus dang sbyar ba'i bdud rtsi sman sgrub kyi lag len zin tig 'di yang /___rje gter chen bla ma'i dgongs don bzhin o rgyan smin grol gling nges pa don gyi dga' ba'i tshal chen por 'du ba'i rig pa 'dzin pa'i tshom bu rnams kyi phyag len 'khrul med kyi rgyun nyid mi nyams shing 'phel ba'i phyir gtsang dag tu smin gling grwa tha rmongs brtul pra dz+nyA'i ming gis yon tan rgya mtsho'i 'byung gnas chos grwa chen po de nyid du bkod pa dge legs 'phel/___slar yang mtshungs med bla ma rdor 'dzin rnam grol rgya mtsho'i zhal snga nas kho bo 'jigs bral ye shes rdo rje la gsang chen myur lam gyi steng nas dmigs pa'i go don dang phyag len gyi gnad sogs pa bslab khrid kyi rim pa dpyis phyin par bka' drin du stsal ba'i skabs su dpyad zhus rnam par dag pas gtan la phab pa sid+d+hi rastu//

[edit]
༄༅། །བཀའ་བརྒྱད་བདེ་འདུས་དང་འབྲེལ་བའི་བདུད་རྩི་སྨན་སྒྲུབ་ལག་ལེན་གྱི་ཟིན་ཏིག་དམ་པའི་ཞལ་རྒྱུན་གྲུབ་གཉིས་མཆོག་སྦྱིན་བཞུགས་སོ། །


༄༅། །ན་མོ་གུ་རུ་ཨ་མྲྀ་པདྨ་རཱ་ཛ་ཡ། འགྱུར་མེད་རྡོ་རྗེའི་ཕྱག་རྒྱས་བརྟན་གཡོའི་ཁམས། །བདུད་རྩིར་བསྒྱུར་མཛད་རང་བྱུང་ཧེ་རུ་ཀ །རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་སྤྱི་དཔལ་མཆོག །དད་བརྒྱའི་སྙིང་དབུས་དགྱེས་བཞུགས་བྱིན་རླབས་སྩོལ། །རྒྱལ་ཀུན་ཐུགས་བཅུད་རིག་འཛིན་རྒྱ་མཚོ་ཡི། །དཔལ་བེའུར་འཁྱིལ་བ་རྣལ་འབྱོར་གཅེས་པའི་དབྱིག །གསང་ཆེན་མྱུར་ལམ་བདུད་རྩི་སྨན་གཞུང་བཞིན། །བསྒྲུབ་ཚུལ་ཕྱག་བཞེས་ཟིན་ཏིག་འདིར་གསལ་བྱ། །དེའང་གསང་སྔགས་སྔ་འགྱུར་བའི་རིང་ལུགས་སྒྲུབ་སྡེ་ཆེན་པོ་བརྒྱད་ཀྱི་ནང་ཚན་བདུད་རྩི་ཡོན་ཏན་གྱི་རྒྱུད་རྣམས་དང་། བི་མ་ལ་དང་ [2a] གཉགས་ལོ་ཆེན་པོ་དང་གནུབས་ཆེན་གྱི་བདུད་རྩིའི་གཞུང་། རོང་ཟོམ་ཆེན་པོའི་ལས་ཐོ་སོགས་དང་། གཏེར་བྱོན་བཀའ་བརྒྱད་རྣམ་པ་བཞིའི་དགོངས་པ་གུང་མཐུན་ཆོས་རྒྱལ་གཏེར་བདག་གླིང་པས་མཛད་པའི་གསང་ཆེན་མཆོག་གི་མྱུར་ལམ་གྱི་ཟབ་ཁྲིད་ཕྱག་བཞེས་དང་བཅས་པའི་རྒྱུན་ཉམས་མེད་དུ་བཞུགས་པ་ལས་ལག་ལེན་ཟིན་བྲིས་ཅུང་ཟད་འབྲི་བ་ལ་གསུམ། རྩ་བརྒྱད་ཡན་ལག་སྟོང་གི་རྣམ་བཞག་མདོ་ཙམ་སྤྱིར་སྨོས་པ། ཇི་ལྟར་སྒྲུབ་པའི་ལག་ལེན་སྤྱི་ཆིངས་དངོས་བསྟན་པ། ཞར་ལ་སྒྲུབ་ཚུལ་གྱི་དབྱེ་བསྡུ་གཞན་བཤད་པའོ། ། དང་པོ་ནི། སྤྱིའི་དོན་རྣམ་གྲངས་བདུན་གྱིས་བསྟན་ [2b] པ་གཞུང་དུ་གསལ་བ་ལྟར་ལས། དབྱེ་བའི་སྐབས་སུ། རྒྱུད་ལས། རང་བྱུང་གྲུབ་པའི་བདུད་རྩི་ལྔ། །རྩ་བརྒྱད་ཡན་ལག་སྟོང་དང་ལྡན། །ཅེས་པས། བདུད་རྩི་ལྔ་རེ་རེ་ལའང་རྩ་བ་བརྒྱད་ཡན་ལག་སྟོང་དང་ལྡན་པར་བསྟན་ལ། འདི་ལྟར་ཁུ་བ། ཤའི་དྭངས་མ་ཀླད་རྐང་ཚིལ་གསུམ་གང་རུང་། རྡུལ། དྲི་ཆུ། དྲི་ཆེན་རྣམས་བདུད་རྩི་རྩ་བ་ལྔའམ་གཙོ་བོ་ལྔ་ཞེས་བྱ་སྟེ་དབྱེ་གཞི་ཡིན་ནོ། །དེ་རེ་རེ་ལ་དབྱིབས། ཁ་དོག དྲི། རོ་སྟེ་ཁྱད་པར་ཞི། ནད་ཞི། གདོན་འཇོམས། དུག་སེལ། སྟོབས་བསྐྱེད་དེ་ནུས་མཐུ་བཞི་ཚང་བས་རྩ་བ་བརྒྱད་དོ། །རྩ་བརྒྱད་རེ་རེ་ལའང་འབྱུང་བའི་དྭངས་བཅུད་ཀྱི་ཆ་རེ་ཚང་བས་དྭངས་མ་ཁམས་ཀྱི་བདུད་རྩི། སོ་སོའི་ཆོས་ཅན་སྣང་བའི་ཆ་རྣམས་འགག་མེད་ཡབ་ཀྱི་བདུད་རྩི། ཆོས་ཉིད་སྟོང་པའི་ཆ་རྣམས་སྐྱེ་མེད་ཡུམ་གྱི་བདུད་རྩི། སྣང་སྟོང་ཟུང་འཇུག་གི་ཆ་རྣམས་གཉིས་མེད་བདེ་བའི་བདུད་རྩི། དེ་བཞིན་གཤེགས་པ་དང་གྲུབ་པའི་དབང་ཕྱུག་རྣམས་ཀྱི་བྱིན་གྱིས་བརླབས་པའི་ཆ་རྣམས་ཐུགས་རྗེ་ཡེ་ཤེས་ཀྱི་བདུད་རྩི་སྟེ། དེ་ལྟར་ལྔ་རེ་ཚང་བས་བདུད་རྩི་བཞི་བཅུ་ཐམ་པ། དེ་དག་རེ་རེ་ལ་ཆགས་སོགས་དུག་ལྔ་འཇོམས་པའི་སྟོབས་རེ་ཡོད་པས་སྟོབས་ཉིས་བརྒྱ་ཐམ་པ། སྟོབས་རེ [3a] རེ་ལ་དེ་བཞིན་གཤེགས་པའི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ལྔ་ཐོབ་བྱེད་ཀྱི་ཡོན་ཏན་རེ་ཡོད་པས་ཆེ་བའི་ཡོན་ཏན་གྱི་ཡན་ལག་སྟོང་དང་ལྡན་པའོ། །གཉིས་པ་ཇི་ལྟར་སྒྲུབ་པའི་ལག་ལེན་གྱི་ཆིངས་དངོས་བསྟན་པ་ལ་གཉིས། སྨན་གྱི་ལག་ལེན་དང་། ཆོ་གའི་ལག་ལེན་ན། །དང་པོ་ལ་གསུམ་ལས། ཐོག་མར་རྫས་བསགས་པ་ནི། རང་བྱུང་གདོད་ནས་རྣམ་པར་དག །རྩ་བརྒྱད་སྟོང་ལས་སྦྱར་བའི་སྨན། །ཞེས་པས་བདུད་རྩི་ལྔ་པོ་དང་རྩ་བརྒྱད་ཡན་ལག་སྟོང་གི་ཚོགས་རྣམས་སྦྱར་དགོས་པར་བསྟན། ར་སཱ་ཡ་ནའི་སྒྲུབ་རྫས་ཀྱི་གཙོ་བོ་ལྔ་ནི་གོང་མ་རྣམས་ཀྱིས་བསྒྲུབས་པའི་ཕབ་རྒྱུན་སེལ་མེད་དང་། གཏེར་བྱོན་ཁུངས་བཙུན་ཡོངས་སུ་དག་པ་རྣམས་ཀྱི་བདུད་རྩི་ལྔ་ལ་གཞི་བྱེད། སྙིང་པོ་ལྔ་ཐུགས་ལྗགས་སྤྱན་གདུང་སོགས་དང་། འབྲས་བུ་ལྔ་འདིར་ཤ་ལྔས་འཐུས། ཡོན་ཏན་ལྔ་ནི། ཅུ་གང་། སིནྡྷུ་ར། ཨ་རུ་ར། གུ་གུལ་ལམ་གླ་རྩི། ལྷང་ཚེར་རམ་ཅོང་ཞིའོ། །སྡུད་པ་ལྔ་ནི། ནུས་ལྡན་གྱི་རྣམ་སྣང་དང་ཨ་མྲྀ་ཏའི་ཕབ་རྒྱུན། ག་བུར། དྲི་བཟང་། ཛ་ཏི། ཙནྡན་དཀར་པོའོ། །དུལ་བ་ལྔ་ནི། ཨ་གར་ནག་པོ། དུ་རུ་ཀའམ་ཨར་ནག་གི་རྩ་བ། ལི་ག་དུར། དབང་ལག ། [3b] སུགྨེལ། གཤང་གསལ་སྐྱོབ་ལྔ་དང་ཕྲད་ལྔ་སྟེ་བདུད་རྩི་བཞི་བཅུའོ། །དེ་སྟེང་ནུས་པ་སྨན་གྱི་རྩ་བ་བརྒྱད་ལ། ཙནྡན་དམར་པོ། མ་ནུའམ་རུ་རྟ། ལི་ཤི། རྒྱ་ཤུག་ལོ་མ། ཁ་ཆེའ་གུར་གུམ། ཛ་ཏཱི། ག་བུར། ཤིང་ཚ་རྣམས་སོ། །ཡན་ལག་སྟོང་ལ་རོལ་ལྔའི་ནང་ཚན་བསྐ་ལ་ ༣༦ ཁ་བའི་རིགས་ ༤༣ སྐྱུར་བའི་རིགས་ ༡༩ མངར་བའི་རིགས ༣༡ ཚ་བའི་རིགས་ ༡༧ ལན་ཚ་ ༡༧ རོ་དྲུག་བསྲེས་པའི་སྡེ་ལས་རིན་པོ་ཆེའི་རིགས་མི་བཞུ་བའི་ཁམས་༣༧ བཞུ་བའི་ཁམས་ ༡༥ རྡོ་སྨན་༧༤ ས་སྨན་ ༢༢ ཤིང་སྨན་རིགས་ལས་འབྲས་བུ་༣༤ མེ་ཏོག ༡༠ ལོ་མ་༧ སྡོང་པོ་ ༧ ཡལ་ག་ ༦ པགས་པ ༨ ཐང་ཆུ་ ༦ སྔོ་སྨན་རིགས་རྩ་ལོ་མེ་འབྲས་ཁྱོན་བསྡོམས་ ༢༥༨ དཀར་འོ་མ་སོགས་ ༡༧ འབྲུ་རིགས་ ༣༥ ཆུ་རིགས་ ༨ མེས་བསྐོལ་སྦྱོར་སྨན་ ༥ རྒྱ་ནག་གི་སྨན་ ༢༡༨ རྒྱ་དཀར་ནག་བལ་འབྲུག་མོན་བོད་ཁམས་སོགས་ཕྱོགས་བཞི་དབུས་བཅས་ནས་བཙལ་བའི་སྨན་ཤིང་འབྲས་འབྲུ་སྣ་སོགས་ ༧༠ བཅས་སྦྱོར་བས་གཙང་མ་སྨན་གྱི་ལུགས་ཀྱི་ཕྱིའི་ཡན་ལག་ [4a] སྟོང་ཚང་ལ་ཐམས་ཅད་མ་འཛོམ་ཀྱང་གང་འབྱོར་བསགས་ཤིང་ཡན་ལག་སྟོང་གི་ཕབ་ཀྱི་བརྡ་ལ་བརྟེན་པ་ཙམ་མེད་ཐབས་མེད་པའོ། །གང་ལྟར་ན་ཤ་ཆང་གཙོར་བྱས་པ་གཞུང་ལས་གསུངས་པ་ལྟར་སེང་གེ་སོགས་སྡེར་ཆགས། གཡག་སོགས་རྨིག་པ་ཁ་ཕྲག །རྟ་སོགས་རྨིག་ཟླུམ། ཁྱུང་སོགས་འདབ་ཆགས། མི་དང་ཆུ་གནས་སོགས་གདོང་ཅན་ནམ་རྐང་ལེབ་སྟེ་སྲོག་ཆགས་དེ་དག་གི་ཤ་དངོས་སམ། ཡང་ན་མར་ཟན་ལ་གཟུགས་དེ་རྣམས་རེ་རེ་ནས་སུམ་ཅུ་སོ་དྲུག་རེ་བྱས་པས་སེམས་ཅན་བརྒྱ་དང་བརྒྱད་ཅུ་ཚང་ལ། དེ་དག་གི་ཀླད་པ། རྒྱུ་མ། ཁྲག །མཁྲིས་པ། ཀེང་རུས་རྣམས་ཀྱང་ཤུགས་ཀྱིས་ཚང་བས་རྫས་སྣ་དགུ་བརྒྱ་ཐམ་པ། ཆང་རྒྱུ་གྲོ་ནས་འབྲས་གསུམ་ཡུལ་གྲུ་ཉི་ཤུའམ། ཞིང་པ་ཉི་ཤུ་རེ། མ་རྙེད་ན་མི་ཉི་ཤུའི་ལག་ནས་བྱུང་བ། དེའང་མ་འབྱོར་ན་ཕུལ་གྲངས་ཉི་ཤུ་རེའི་ཆང་གསུམ་ལ་ཐ་དད་པའི་འབྲུ་སྣ་དྲུག་ཅུའི་ཉིང་ཁུ་ཚང་ལ། སྔར་གྱི་ཡན་ལག་བཞི་བཅུ་དང་བསྡོམས་པས་སྟོང་ཚང་བའོ། །དེ་ཙམ་མ་ཟད་ཕྱི་ནང་གི་སྨན་ལྔ་རེ་ལའང་རྩ་བ་བརྒྱད་དང་ཡན་ལག་སྟོང་དབྱེར་ཡོད་པས་རྩ་བ་འབུམ་ཕྲག་ཡངས་པའི་བཅུད་གྲུབ་བོ། །དེ་ལྟར་འདུ་བྱས་པའི་སྨན་རྣམས་རྙིང་པ་དང་རུལ་བ་སོགས་ [4b] ཀྱིས་རོ་ནུས་དྲི་བསུང་རྣམས་ཉམས་པ་དང་། རྐུ་འཕྲོག་སོགས་ཀྱི་སྐྱོན་མེད་པར་དཔའ་བོའི་རིན་གྱིས་ཉོས་ནས་ཁུངས་དང་རྒྱུ་དག་པར་བྱའོ། །གཉིས་པ་སྦྱར་ཚད་ནི། ཨ་རུ་གསེར་མདོག་ཕྱེ་མ་བྲེ་དོའི་ཚེ་ན། བ་རུ་ཕུལ་ཕྱེད། སྐྱུ་རུ་ཕུལ་ཕྱེད་དོ། གསུམ་ཀ་རུས་པ་ཕྲལ་བ། ཙནྡན་དཀར་པོ། །ཨ་ག་རུ་ནག་པོ། བཟང་པོ་དྲུག་རྣམས་བསྡོམས་པ་ཕུལ་ཕྱེད་དོ། མ་ནུ། རུ་རྟ། ལི་ག་དུར། སྒ་སྐྱ། ཡུང་བ། བྲག་ཞུན། ཅོང་ཞི་འདམ་བཏགས་ཅན། ཞོ་ཤ་གསུམ། གེ་སར་གསུམ་སོགས་བསྡོམས་པ་ཕུལ་གང་། སྔོ་སྨན་སོགས་སྨན་གཞན་རྣམས་ཕུལ་ཕྱེད། ལྕང་སྐྱའི་ཐང་ཆུ་སྤོར་གང་། རིན་པོ་ཆེ་མང་དུ་བཏང་ན་གསོ་རིག་གི་གཞུང་ལྟར་བཙོ་བཀྲུ་ལེགས་པར་བྱ་བ་གལ་ཆེ་ཞིང་། ཉུང་ན་བུལ་ཏོག་གིས་མདོག་འགྱུར་ཙམ་བཀྲུས་པས་ཁྱབ། བཞི་མཉམ་སྐྱེས་མང་དུ་བཏང་ན་བདུད་རྩི་མར་ཁུར་བསྒྲུབ་པ་ལག་ལེན་ལྟར་བྱ། རྡོ་སྨན་སོགས་ནི་མཚོན་ཙམ་རེ་ལས་མང་པོ་མི་བཏང་། དམ་རྩི་དབང་ལག་ཕུལ་གང་། བུར་སྦྲང་ཀ་ར་ཉག་གང་རྣམས་དང་། མདོག་སེར་པོ་གཙོར་བྱ་ན་ཁ་གུར་དང་། སྨུག་པོ་ལ་ཙནྡན་དམར་པོ་རྣམས་འདམས་བཏགས་བྱས་པ་མདོག་འགྱུར་བའི་ཚོད་ཙམ། གི་ཝཾ། གླ་རྩི། ནཱ་གི [5a] རྣམས་འདམ་བཏགས་བྱས་པ་དྲི་ཐོན་ཙམ། ཆང་རྩི་ཅུང་ཟད་བཅས། དེ་ལྟར་སྦྱོར་ཚད་རགས་པ་ཙམ་སྐབས་འདིར་ངེས་པར་བྱ་དགོས་ཤིང་། དམ་རྫས་ཀྱི་དྲི་རོ་ཁ་དོག་སྨན་གཞན་གྱི་སྤྱང་ཀིས་ཁྱེར་བའི་སྐྱོན་དང་བྲལ་བར་སྨན་ཕྱེ་རྣམས་བསྲེས་ནས་འདྲེས་ངེས་པར་འཕུར། སྦྱར་ཟིན་པའི་ཁ་དོག་སེར་པོ་ལ་དམར་མདངས་ཆགས་པ་དྲི་བཟང་པོས་ཁྱབ་ཅིང་རོ་ངོས་བཟུང་མེད་པ། ཨ་རུ་ར་གསེར་མདོག་ཆང་བཟང་པོ་དང་བསྲེས་པ་ལྟ་བུའི་རོ་བྲོ་བ་དགོས། བྱིན་རླབས་ཀྱི་ཕབ་རྒྱུན་ཡང་གཏེར་བྱོན་དམ་རྫས་ཁུངས་ཐུབ་གཙོ་བོར་བྱས་པའི་རིག་འཛིན་གོང་མ་རྣམས་ཀྱི་བྱིན་རྟེན་དང་བསྒྲུབས་སྨན་སོགས་སེལ་མེད་ཁོ་ན་གཙོ་བོར་བྱེད་པ་ལས། རང་རང་གི་མོས་ཞེན་འདོད་པས་གསར་རྙིང་གི་བྱིན་རྟེན་གང་རྙེད་བསྲེ་བ་ནི་དགོས་པ་ཆུང་ལ། རྟགས་འབྱིན་པའི་ཕབ་ཅེས་སྨན་ཕྱེ་ཁལ་གཅིག་ཙམ་ལ་ཕབ་རྒྱུན་ཆོས་སྨན་ཕུལ་དོ་ཙམ་ནི་མཐའ་བྱེད་དགོས་པ་སོགས་སྤྱན་རྒྱུན་ལ་ཞིབ་མོར་དཔྱོད་པའི་བློ་དང་ལྡན་པས་ལག་ལེན་ལ་འཇུག་གོ །གསུམ་པ་དཀྱིལ་འཁོར་དུ་འགོད་པའི་ཚུལ་ནི། རིན་པོ་ཆེའི་གཞོང་པ་འབྲུས་བཀང་བའི་ནང་དུ་དབུས་ཐོད་ནང་། བྱང་སེམས། སྐུ་ཤ ། སྐྱེ་བདུན་ཤ ། གདུང་རིང་བསྲེལ། [5b] སྐྱོབ་ཅུ་གང་དང་། ག་བུར། ཙནྡན་དཀར་པོ། ཕྲད་ཐལ་དཀར་རྡོ་རྗེ་སོགས་དབུས་སུ་འོས་པའི་སྨན་རོ་བསྐ་བ་དང་མངར་བ་རྣམས་དང་། རྩ་བརྒྱད་ཡན་ལག་སྟོང་གི་སྨན་ཕབ་རིལ་བུ་སོགས་བཞག །ཤར་ཐོད་ནང་། དྲི་ཆེན། གླང་ཤ ། སྐྱོབ་ཛ་ཏི་དང་། ཨ་རུ་ར། ཨ་ག་རུ། ཕྲད་གུར་གུམ་སོགས་རོ་ཁ་བ་དང་སེར་པོ་བཞག །ལྷོ་ཐོད་ནང་། ཤ་ཆེན། ཁྱི་ཤ། སྐྱོབ་ཞོ་ཤ་གསུམ་དང་། ཙི་ཏྲ་ཀ །ཕྲད་ཀ་ཀོ་ལ་སོགས་རོ་སྐྱུར་བ་དང་སྔོ་བའི་སྨན་རྣམས་བཞག །ནུབ་ཐོད་དུ། རཀྟ། རྟ་ཤ ། རྨ་བྱའི་ཤ ། སྐྱོབ་སྐྱུ་རུ། ཙནྡན་དམར་པོ། ལི་ཤི། ཕྲད་སིནྡྷུ་ར་སོགས་རོ་ཚ་བ་དང་དམར་བའི་རིགས་རྣམས་བཞག །བྱང་ཐོད་དུ། དྲི་ཆུ། གླང་ཆེན་ཤ་དང་ཕ་ཝཾ་ཤ ། སྐྱོབ་ཅོང་ཞི་དང་། གུར་གུམ། གླ་རྩི། སྤོས་དཀར། ཕྲད་བྲག་ཞུན་སོགས་རོ་ཐ་དད་པ་དང་ལྗང་ཁུའི་རིགས་རྣམས་བཞག །འདིར་བཀོད་དེང་སང་ཕྱག་བཞེས་ལྟར་སྨན་རིགས་ལྔ་སོ་སོར་ཕབ་རྒྱུན་ལེགས་པར་བཞུགས་པའི་དབང་གིས་སྟབས་བདེར་བྱས་ཀྱི། སྨན་སྒྲུབ་གཞུང་ལྟར་ཚང་བར་བཀོད་པ་ལེགས། མཚམས་རྣམས་སུ་ཐོད་པའི་སྣོད་བཟང་པོར་སྨན་འབྲུ་ཤིང་ཏོག་སོགས་དང་། ཤར་ལྷོ་ནས་རིམ་བཞིན་འོ་མ། རིན་ཆེན་ཕྱེ་མ། [6a] ཆང་། ཆུ་རྣམས་བཞག །ཐོད་པ་དབུས་མའི་ཁར་ཕབ་རྒྱུན་རྣམས་ལེགས་པར་བཏུལ་ནས་ཆང་དང་སྦྱར་བ་གསེར་སོགས་རིན་པོ་ཆེའི་སྣོད་བཟང་པོར་བཞག །ཐོད་པ་ལྔ་སྨན་ཕྱེས་བཀང་ཞིང་། སྨན་མང་ན་རས་ཕེད་སོགས་སུ་བླུགས་ནས་ཐོད་པ་སོགས་སྣོད་རྣམས་དང་སྨན་ཕྱེ་བཅད་དར་ཕྱོགས་མདོག་གིས་བཀབ། གྲོ་ནས་འབྲས་རྣམས་ཀྱི་ཆང་སྣོད་ཀྱང་འདུ་བྱ། དཀྱིལ་འཁོར་སྟེང་དུ་སྨན་སྲུང་ཕོ་བྲང་གཞུང་གསལ་ལྟར་དང་དམུ་ཐག་དར་ཚོན་སྣ་ལྔ་བཅས། སྒྲུབ་རྫས་རྒྱན་བཀོད་མཆོད་གཏོར་སོགས་དགོས་ཆས་ལྔ་རྣམས་སྒྲུབ་གཞུང་ལྟར་ཚང་བར་བསགས་དགོས་སོ། ། ༈ གཉིས་པ་སྒྲུབ་ཆེན་གྱིས་ཁོག་ཕུབ་ནས་སྨན་སྒྲུབ་ཆོ་གའི་ལ་དང་པོ་ནི། སྒྲུབ་པའི་གེགས་སེལ་དུ་ལྷ་བསང་རྒྱག་བརྔན། བསྐང་གསོ། གསེར་སྐྱེམས། བརྒྱ་བཞི་སོགས་མདོས་གླུད། ཕུར་ཟློག །ལམ་བཅོས། སཱཙྪ། སྦྱིན་གཏོང་། སྲོག་བསླུ། ཉེའུ་འདོན། འབུམ་སྡེ་ལྔའམ་མི་འགྲུབ་ན། ལྟུང་བཤགས། འདའ་དཀའ་ཡེ་ཤེས། ཤེར་སྙིང་། བཟང་སྤྱོད། རྣམ་འཇོམས་ལྔ་དང་། [6b] སྟོབས་པོ་ཆེ། ལང་གཤེགས། བརྒྱད་སྟོང་། གཙུག་ལག་མདོ་བཞི་རྣམས་བཀླག །ཕུན་སུམ་ཚོགས་པ་ལྔས་སྒྲུབ་གཞི་བཟུང་བ་སྤྱི་ལྟར་ལ། དུས་སྟོན་དཔྱིད་ཉིན་མཚན་མཉམ་སྟབས་རུལ་འཁྱག་གི་སྐྱོན་མི་འབྱུང་ཞིང་ཡར་ངོའི་ཚེས་བརྒྱད་ལ་ཁྱད་པར་གྱི་དུས་སུ་བཤད་དོ། །དགོས་དོན་ལྔ་ཚང་བའི་སྒྲུབ་མཆེད་ནང་ཕན་ཚུན་དམ་སེལ་མཁོན་ཟློས་མ་ཞུགས་ཤིང་། ལྟ་སྤྱོད་ལ་ཐེ་ཚོམ་ལོག་ལྟ་མེད་པ། དད་མོས་བརྩོན་འགྲུས་དང་ལྡན་པ་གལ་ཆེ་ཞིང་། ཉམས་པ་ཆུང་ངུ་སོགས་ལ་སྤྱི་ཁྲུས་དང་སྔགས་ཀྱི་ཕྱིར་བཅོས་ངེས་པར་བྱའོ། །དེ་ནས་ཉིན་དང་པོར་བཀའ་བརྒྱད་སྒྲུབ་ཁོག་ལྟར་ས་ཆོ་ག །ཕྱི་ནང་མཚམས་གཅོད། གོ་མ་ཡེ་བཏང་བ་ཡན་གྲུབ་པ་དང་། ཡེ་ཐིག་ཙམ་བཏབ་ནས་རས་བྲིས་བཀྲམ། ཁྲུས་སྒྲུབ་སྔོན་དུ་འགྲོ་བའི་བུམ་པས་སྨན་སོགས་ལ་སྦྱང་ཁྲུས་རྒྱས་པར་མཛད་སྐབས། དེང་འདིར་བདུད་རྩི་སྨན་གྱི་དངོས་གྲུབ་བསྒྲུབ་པ་ལ་བར་དུ་གཅོད་པའི་ཞེས་བསྒྱུར། ཧཱུྃ། འཁྲུལ་བཞད་ཡིད་བཞིན་སོགས་ཡིག་བརྒྱ་བཅས་པར་སྟེགས་དབུས་ཞི་དཀྱིལ་ཁར་སྨན་ཐོད་རྣམས་བཀོད་ནས་མཆོད་པ་བཞི་བསྣོལ་བསྒྲིག །དེ་ནས་སྒྲུབ་རྫས་གཞན་རྣམས་འགོད་པ་དང་། ལས་ཚན་བསྐོ་བཞག །ཆས་གསོལ། [7a] བརྡ་སྒོ་ཕྱག །ལྷ་སྐོས་ལ་གདབ་པ་རྣམས་སྒྲུབ་ཆེན་འདྲ་འབག་ཟིན་བྲིས་ལྟར་གྲུབ་པར་བྱའོ། །གཉིས་པ་དངོས་གཞི་ལ་གཉིས། ཁྲོལ་སྒྲུབ་དང་། ཕྱེ་སྒྲུབ་བོ། །དང་པོ་ནི། ཉིན་གཉིས་པའི་ཞོག་པར་ལས་བྱང་བདེ་རོལ་གཞུང་བཟླས་པའི་བར་བསྲང་རྗེས་ཚེ་ཛཔྲ་ཅུང་ཟད་མཐར། སྔ་ཐུན་ལ་རིགས་བརྒྱའི་ཁྲོལ་སྒྲུབ། རྣམ་དག་ཆོས་དབྱིངས་སོགས། གང་བར་གྱུར། ༼རཌདརྒྱ༽ ན་མཿས་མནྟ་དང་བཞི་བསྣོལ་སྔགས་ལ་རྒྱ་བཅས་དྲིལ་སེ་གོལ་མེད། ཧཱུྃ། ཆོས་རྣམས་ཐམས་ཅད་སོགས་ཀྱིས་སྨན་དམ་ཚིག་པར་བསྐྱེད། བསྐུར་བརླབས་དྲངས་བསྟིམ། རིག་མེ་དོར། སྒྱུ་འཕྲུལ་ཞི་ཁྲོ་ལྟར་ཀུན་བཟང་ཞབས་བསིལ་བཞི་བསྣོལ་སྨན་རཀ་གཏོར་སྔགས་རྒྱ་བཅས་པས་མཆོད། བརྗོད་མེད་ཤེས་རབ་སྤྱི་གདངས་ཆེ་བ་སྤྱི་ཕྱག་བཅས་བསྟོད། སློབ་དཔོན་གྱིས་མདའ་དར་སྣ་ལྔ་དང་། ལས་རྡོར་གྱིས་གཡབ་དར་བཅས་སྤོས་དཀར་འཐུལ་ཞིང་། བྱིངས་ཀྱི་རྡོ་རྗེ་གསོར། གོང་གི་སྤྱན་འདྲེན་དང་། ཚངས་དང་དྲང་སྲོང་གཉིས་ཀ་ལ་ལྷ་དབང་གདངས་དང་ཡོ་ག་རེ་མོས། བདུད་རྩི་འཐོར་ཞིང་རྟོག་བསྲེ་པད་གླིང་ཚེ་འགུགས་རྟ། ལྷ་ཛཔྲ། སྨན་ཛཔྲ་རྣམས་བཀའ་བརྒྱད་ཛནྲ་བསྐུལ་རྟ་དང་། རུ་ལུ་འབྲུ་བརྒྱད་ལན་ [7b] གཅིག་བརྗོད་པས་ཁྲོ་བོར་ཞལ་བསྒྱུར། བཟླས་པ་དངོས་གཞི་སྨན་ཛཔྲ་སྟོང་ཚང་བས་སྔགས་རྒྱུན་པར་གཏད་རྗེས་སྟོང་ཚིག་དང་བཞུ་བཏུལ་བྱས་ལ། ཨེ་ཡཾ་རཾ་སོགས། བྲུབ་ཁུང་སོགས། འགུགས་རོལ། ཆོས་ཀྱི་དབྱིངས། ང་ནི་ཆེ་མཆོག ༼རརྒྱ༽ །དུས་གསུམ་བདེ་གཤེགས་རྣམས་དྲིལ་ཆོག་ཁོ་ན། ༼རརྒྱཌ ཀད༽ སྨན་ཛཔྲ་ཉེར་གཅིག སྨོན་ལམ་བཅས། དེ་ནས་གུང་ཐུན་དང་། དགོང་ཐུན་ཀྱང་དེ་དང་འདྲ་བ་ལས། ཁྱད་པར་དགོང་ཐུན་གྱི་བཞུ་བཏུལ་མཐར། སྔགས་རྒྱུན་པར་མ་གཏོགས་པ་རྣམས་ཀྱིས་དམ་ཅན་སྤྱི་གཏོར། སྡེ་དཔོན། གཏེར་གཞི། ཚོགས་བརླབ་འབུལ། རོལ་མཐར་ལྷག་མ་བསྔོས་ལ་བྱང་ཤར་དུ་གསོག །བསྐུལ། ཆད་ཐོ་དང་སྦྲེལ་ནས་དམ་ཅན་ཐུན་གཏོར་ཀྱང་འབུལ། བརྟན་མ་བསྐྱང་། མཆོད་བསྟོད་ནོངས་བཤགས་བརྟན་བཞུགས་དང་། ཧཱུཾ་ཧཱུཾ་སོགས་ཀྱིས་བདག་བསྐྱེད་བསྡུ་ཞིང་ལྡང་། འདི་དུས་ཉུ་ལེ་སྐྲོད་པ་རྒྱས་པར་བྱ། བྱིན་འབེབས། སྨན་ཛཔྲ། སྨོན་ལམ་མི་གནས་ཡེ་ཤེས་སྔར་བཞིན་དང་། སྲོད་ཐུན། གུང་ཐུན། ཐོར་ཐུན་རྣམས་ཀྱང་དེ་བཞིན་ལས། ཐོར་ཐུན་མཐར་ཉུ་ལེ་སྐྲོད་པ་སོགས་མི་དགོས་པས་སྟོང་ཚིག་གི་རྗེས་སུ་བཞུ་བཏུལ་བྱས་ནས། ལས་བྱང་གི་བསྔོ་ཤིས་བྱས་ཏེ་ [8a] རིགས་བརྒྱའི་ཐུན་གྲོལ། སྔགས་རྒྱུན་མི་བཅད།

༈ དེ་ནས་སྨན་སྡེ་ཚན་ལྔར་བསྡུ་ཚུལ་མཚོན་བྱེད་ཙམ་བྱས་ལ། བདག་བསྐྱེད་ནས་བཟུང་མདུན་བསྐྱེད་རིགས་ལྔའི་ཆོ་གས་བརྗེ་བ་མ་གཏོགས་ཆིངས་གཞན་ཉིན་སྔ་མ་དང་འདྲ་བ་ལས། ཁྱད་པར་སྔགས་རྒྱུན་བརྗེ། འོད་ཞུའི་མཐར་ཆང་འོ་མ་རིན་ཆེན་ཆུ་རྣམས་ཀྱི་སྔགས་སོ་སོ་དང་། སྤྱི་སྔགས་བཅས་བརྒྱ་རེ་ཙམ་བཟླ། ཐུན་གྲོལ་བ་སྔར་དང་འདྲ། དེ་ནས་ཕྱོགས་བཞིའི་སྨན་རྣམས་དབུས་ཀྱི་ཐོད་པར་བསྡུ་ཚུལ་མཚོན་བྱེད་ཙམ་བྱས་ལ ཆོ་ག་རིགས་གཅིག་གིས་འབྲང་བ་མ་གཏོགས་འདྲ་བ་ལས། ཁྱད་པར་ཚོགས་བསྒྲལ་སྐབས་སྲོག་ཆགས་ཟན་སྤར་རྣམས་ལ་འགུག་བསྒྲལ་ལྷན་དུ་མཛད་ནས་ཆུར་སྦྱང་། ཐོར་ཐུན་ལ་དཔོན་སློབ་སྡེབས་ཚོགས་ཀྱིས་ལས་གཞུང་བསྲང་། རིགས་གཅིག་གི་ལས་བྱང་ཛཔྲ་བཅས་བཟླས་ནས་ཐུན་པ་རྣམས་དང་བཞུ་བཏུལ་ལྷན་ཅིག་ཏུ་བྱས་རྗེས་སྔགས་རྒྱུན་གྲོལ། ཁྲོལ་བུའི་མཇུག་དོན་བཀའ་བརྒྱད་སྨན་མཆོད་རྒྱས་པ། དོན་དམ་ཐིག་ལེ་མི་དགོས། དྲིལ་སྟབས་སྔོན་འགྲོས། ཨེ་མ་ཧོཿ སངས་རྒྱས་སོགས་ཡོ་ག་བཞི་དྲིལ། བྱིངས་ནས་ཞབས་བརྟན་སོགས་གསུངས། རྡོ་རྗེ་རྒྱལ་པོའི་མདུན་དུ་སྟེགས་ཁེབས་ [8b] ཁར་འཁོར་ལོ་རྩིབས་བརྒྱད་པའི་སྟེང་དུ་སྨན་དཀྱིལ་བཀྲམ། མཆོད་དཔོན་ནས་སྟེག་ཁེབ་སཕྲག་པར་གཟར་བའི་སྨན་གཞོང་བཏེགས་ཏེ་རྡོ་རྗེ་རྒྱལ་པོ་ལ་འབུལ་ཚིག་གིས་ཕུལ། དེས་ཀྱང་སྔགས་ཀྱིས་བླངས་ནས་སྨན་དཀྱིལ་སྟེང་བཞག །ཚོགས་གྲོལ། སྨན་སྦོལ་བའི་ཡོ་བྱད་སྣོད། འཕྱར་གདན། སྨན་ཕྱེ་རྣམས་ཚོགས་གཞོང་ཆེ་བར་སྤུངས་ལ་ཁེབས་སྒྲོན། ཟངས་ཆེན་ལ་ཡོལ་བ་སོགས་ཀྱིས་དཀྲི། ཆང་སྣ་བཞིའི་ཉིང་ཁུ། མདོག་འདོན་རྫས་སོགས་ཐམས་ཅད་འདུ་བྱ་བས་སྨན་ཁྲོལ་བུའི་བྱ་བ་རྫོགས་ཟིན་ཏོ། །གཉིས་པ་རློན་སྒྲུབ་ལ་སྦྱོར་དངོས་གཉིས་ཀྱི། དང་པོ་སྔོན་འགྲོ་ལ། གཏོང་ཐུན་བཅས་རྟགས་གདབ། ཆས་གསོལ། རྡོ་རྗེ་རྒྱལ་པོ་དཀྱིལ་འཁོར་གྱི་གཡས་ངོས་སུ་ཧསྟི་དང་དྲིལ་བུ། ཡུམ་གཡོན་ངོས་སུ་གཡབ་དྲིལ། ཐམས་ཅད་བཞེངས་ནས་ཞྭ་བཅས་དང་། གུ་གུལ་ལྡེམ་སྤོས་སུ་བསྲེག་ནས་བཞག །རུ་ལུའི་དབྱངས་གསུམ་འཐེན་རིང་བཤུགས་པ་ལྔ་འབུད་མཆོད་སེལ་རིང་བར་བྱིངས་དྲིལ་གསིལ། ༼ཀརྒྱཤད༽ རྡོ་རྗེ་རྒྱལ་པོ་གཡས་དང་། ཡུམ་གཡོན་དུ་དཀྱིལ་འཁོར་ལ་བསྐོར་བ་གསུམ་མཛད་བསྟུན་སྔར་བཞིན་བཞུགས། རོལ་ཆེན་གྱིས་བསྐུལ་ལྷུ་གཅིག་དང་། ༼ཀརྒྱ༽ དགོངས་ཤིག་མཁའ་འགྲོ་ལྷུ་གཅིག་གདངས་དང་བཅས་འཕྲོས་ལྷུག་ [9a] མཐར་རོལ་ཟིལ་འབེབས་ལ་སྔར་བཞིན་བསྐོར་བ་གཅིག་མདུན་ནས་གཡབ་མོ་གསུམ་དང་། ༼རྐརྒྱད༽ བྱིངས་རང་གྲལ་དུ་བཞུགས། དཀྱིལ་འཁོར་གྱི་ཤར་དུ་ཞིང་ཆུང་སྟག་ལྤགས་དང་། ཞིང་ཆེན་མིའི་པགས་པར་གུ་གུལ་བྱུག་ཅིང་ཁྲག་གི་ཐིག་ལེ་ཧཱུཾ་གིས་མཚན་པ་དགུ་བཀོད་པ་བདུད་རྩིའི་རྒྱུད་གཞུང་གི་དགོངས་པ་དང་། དེའི་ཁར་ལྕགས་ཀྱི་གཏན་གཏུན་བཞག །རྡོར་རྒྱལ་ཞལ་དཀྱིལ་འཁོར་ལ་ཕྱོགས་པ་དང་། གཟུངས་མ་སློབ་དཔོན་ལ་ཞལ་གཏད་ནས་བཞུགས་སྟངས་བཅས་བཞུགས། སྨན་གཞོང་སྟེགས་བཅས་གཡས་སུ་བཀོད་ནས་དེས་སྨན་རྣམས་གཏུན་བུར་བླུགས། ཡུམ་གྱིས་མཁའ་དབྱིངས་རྒྱས་བཟུང་། ཡབ་ཀྱིས་བྱིན་འབེབས་པའི་རྒྱས་ཐོ་བས་བརྡུང་། ཧ་ནའི་དབྱངས་གསུམ་དང་བཟླས་པ་བྱ་བ་མ་ཟིན་བར་དུ་དགོས། ཡབ་ཡུམ་ལྷོར་བཞེངས་ཤིང་བར་དུ་དོ་ལི་བཟུང་བར་འཚག །ནུབ་ཏུ་ཆང་འོ་མ་རིན་པོ་ཆེ་ཆུ་རྣམས་སྔགས་བཅུ་རེ་དང་བསྟུན་ནས་འདེབས། བྱང་དུ་སྦོལ་ཞིང་ཕབ་བཏབ་ནས་དྲིལ་བུར་གཞལ། ཟངས་ཆུང་དུ་ཆང་ཅུང་ཟད་བླུགས་ཏེ་ཚོན་སྐུད་སྣ་ལྔ་རྒྱ་གྲམ་དུ་བཞག །དེ་སྟེང་ཆེན་དང་སྨན་ཁུག་བཞག །ཚོན་སྐུད་རྒྱ་གྲམ་དུ་བཅིང་ལ་ཧྲཱིཿཧཱུཾ་སོགས་ཀྱིས་ཐམ་ཀས་མནན་པ་ཁེབས་ཀྱིས་གཡོགས་པའི་ཁར་ [9b] སྟེགས་ཁེབས་དབུ་རྒྱན་དར་དཔྱངས་སྐྲ་ཅོན་རྡོ་དྲིལ་གཟུངས་ཐག་བཅས་བཏགས། དེར་རྡོ་རྗེ་རྒྱལ་པོ་བཞེངས་ནས་རྡོ་དྲིལ་བཟུང་བཞིན་རྡོ་རྗེས་རྒྱ་མཛད་པ་དང་། དང་པོ་ཆོས་སོགས་ཚེ་འགུགས་རྟ། དེ་རྗེས་སྨན་སྣོད་དཀྱིལ་འཁོར་ཤར་དུ་རྐང་གསུམ་ཁར་བཀོད་བཞིན་པ་ལ་དྲིའི་རྒྱལ་པོ་ལྔ་ནི། ཛ་ཏཱི། ག་བུར། ཙན་དཀར། གླ་རྩི། ཨ་ག་རུ་ནག་པོའི་རྩ་བ་རྣམས་དང་། གུ་གུལ་ཚིལ་ཆེན་སོགས་ཀྱིས་བདུག །བི་ཤྭ་དང་སུམྦྷ་ནི་ལ་རོལ། ཐམས་ཅད་བཞེངས། རྡོ་རྗེ་རྒྱལ་པོས་རྡོ་དྲིལ་སྤོས། རྒྱལ་ཚབ་པས་སྨན་སྣོད། ཡུམ་གྱིས་མར་མེ་ཐོགས་ཏེ་ཆེ་མཆོག་སྔགས་དབྱངས་གསུམ་རྗེས་རྒྱ་གླིང་གི་སྣ་དྲངས་པའི་རོལ་འོག་བསྐོར་བ་གསུམ་ནས་མདུན་དུ་བཞུགས། དུར་ཁྲོད་གསང་བར་འཕགས་མཆོག་ཐུགས་རྗེའི་གདངས་ཆེ་ཆུང་རྗེས་དཀྱིལ་འཁོར་དབུས་སུ་བཀོད། དེ་ནས་རྡོ་དྲིལ་འཛིན་པས་སྨན་གྱི་ཆེ་བ་བརྗོད་པ་ཚིག་བཅུ་གཅིག་གི་རྗེས་རོལ་སྐབས་དཀྱིལ་འཁོར་ལ་བསྐོར་བ་གཅིག་བཅས་རང་གྲལ་དུ་ཐམས་ཅད་བཞུགས། དེ་ནས་རབ་ཡངས་བདུད་རྩི་སོགས་སྔགས་བརྒྱ་རྩ་བརྗོད་ལ་ཚོགས་གྲོལ། བར་འདིར་ཟངས་ཆེན་གྱི་སྨན་བསྙལ་ལུགས་སོགས་གོང་བཞིན་ལ། ཟངས་ཆེ་ཆུང་གཉིས་ཀར་ཕོ་མོའི་ཐོད་པ་འཁོར་ལོ་ཅན་རུས་སྦལ་ཁོག་པ་རྣམས་ [10a] དགོས་ཤིང་། དྲོད་འབེབས་མར་མེ་ལ་གདུང་རས་དང་ཚིལ་ཆེན་སྦྱར། རྒྱལ་ཚབ་གཙོས་ཞི་སྦྱིན་མཛད། ཚོམ་བུ་ཕྱིར་གཤེགས་སྐབས་སྦྱིན་སྲེག་མེར་དཔལ་འབར་སྦར་བས་དྲོད་འབེབས་སྒྲོན། དེ་རྗེས་ཚོགས་ཐེང་གཅིག་ལ་བསྐང་གསོ་ནས། དེ་ལྟར་འགྲུབ་པ་ཡན་སྔར་བཞིན་ནོ། །གཉིས་པ་ཕྱེ་མ་འཇུ་འདུལ་གྱི་ལས་རིམ་དངོས་ནི། ཉིན་དང་པོར་ལས་གཞུང་སྔར་ལྟར་བསྲང་ནས། བྷྲུཾ་བི་ཤྭ་བི་ཤུདྡྷེ་ཧཱུཾ་དགུའི་མཐར་ཕཊ་ཛཿས་མདུན་བསྐྱེད་ཕྱེས་ལ། ཧཱུཾ། མཚན་ཉིད་ཡོངས་རྫོགས་སོགས་ཀྱིས་བདག་རང་བཞིན་དང་། ཕོ་བྲང་ལྟར་བར་ཡཾ་ལས་རླུང་གཞུའི་དབྱིབས། །ཞེས་པ་ནས། འོད་ཟེར་བཞིན་དུ་གསལ་བརྟན་འབར་བར་གྱུར། །ཞེས་པའི་བར་གྱིས་སྨན་དཀྱིལ་གསལ་གདབ་ཡོ་ག་བཞི་དྲིལ། སྨན་སྲུང་སྤྱན་འདྲེན་ལ་སློབ་དཔོན་ནས་མཆོག་ལག་གཡབ། རྟོག་བསལ་སྔར་ལྟར་བྱས་ལ། ཤེས་རབ་སྒྲོག་གི་སོགས་རང་གདངས། བདག་ཉིད་རང་བཞིན་ཛཔྲ་བསྐུལ་རྟ། བཟླས་པ་ལ་ཆིག་སྒྲིལ་དང་། སྔགས་རྒྱུན་པ་ལ་སརྦ་པཉྩའི་ཛཔྲ་གཏད་ནས་སྟོང་ཚིག་མཐར། འཆི་མེད་རྡོ་རྗེའི་སོགས་ཀྱིས་བསྡུས་ལ། ཉུལ་བསྐྲད། བྱིན་འབེབས། ཛཔྲ་ཅུང་ཟད་བཟླ། སྨོན་ལམ་རྣམས་བྱའོ། ། [10b] དེ་ནས་གུང་ཐུན་དང་། དགོང་ཐུན་ལ་མདུན་བསྐྱེད་བྱེད་མི་དགོས་པས། ཧཱུཾ། མཚན་ཉིད་ཡོངས་རྫོགས་སོགས་ཀྱིས་དཀྱིལ་འཁོར་གསུམ་གསལ་འདེབས་ནས་བཟུང་སྟེ་བསྡུ་བའི་བར་སྔར་ལྟར་ལས། དགོང་ཐུན་མཐར་དམ་ཅན་སྤྱི་གཏོར་སོགས་ཁྲོལ་བུའི་དུས་བཞིན་དང་། དེ་བཞིན་དུ་མཚན་མོའི་སྲོད་གུང་ཐོར་གསུམ་གྱི་ཐུན་ཀྱང་ཉིན་ཐུན་ཕྱི་མ་གཉིས་དང་ཆ་འདྲ་ལས། ཁྱད་པར་ཐུན་འགོར། རྡོ་རྗེ་སློབ་དཔོན། རྣམ་དག་ཆོས་དབྱིངས་མའི་མཐར་ཨརྒྷཾ་ནས་ཤཔྡའི་བར་གྱིས་མཆོད་པ་བྱིན་བརླབ། མཚན་ཉིད་ཡོངས་རྫོགས་སོགས་ཀྱིས་དཀྱིལ་འཁོར་གསལ་བཏབ་རྗེས་བརླབ་བསྐུར་དྲངས་བསྟིམ་ནས། འོག་མིན་ཆོས་དབྱིངས་མཐའ་བྲལ་གྱིས་མཆོད། བདག་མེད་ཕྱོགས་བྲལ་དང་། ཡང་དག་འཇམ་དཔལ་གྱི་བསྟོད་པ་རྣམས་བསྣན་ཅིང་། འོད་ཞུ་ནས་བཟུང་གོང་ལྟར་རོ། །ཉིན་གཉིས་པའི་ཉིན་མཚན་གྱི་ཐུན་དྲུག་སྔར་དང་འདྲ། ༈ ཉིན་གསུམ་པར་ཡང་བདག་མདུན་ལས་གཞུང་བསྲང་ནས་སྨན་ཛཔྲ་སུམ་བརྒྱ་ཙམ་དང་། སྟོང་ཚིག་གིས་མཆོད་རྗེས་འོད་ཞུ་མི་མཛད་པར་བསྐྱིལ་བའི་དགོངས་པ། བྷཉྫ་གཞལ་ཡས་ཁང་སོགས་ཛཔྲ་བསྐུལ་རྟ་དང་སྔགས་དབྱངས་བཅས་ཛཔྲ་སྟོང་ཚང་བར་བཟླ། བདག་ཅག་སྐལ་ལྡན་སོགས་ཡོ་ག་ [11a] བཞི་དྲིལ་རོལ་བཅས། དབབ་པའི་དགོངས་པ། དཀྱིལ་འཁོར་ལྷ་ཚོགས་སོགས་ཛཔྲ་བསྐུལ་རྟའམ་ཡོ་ག །སྔགས་ལྔ་བརྒྱ་ཙམ་མཐར་སློབ་དཔོན་གྱིས་འབེབས་རྒྱ་མཛད། འདས་པའི་དུས་ན་སོགས་ཚིག་བཅུ་གཅིག་ལ་ཁྱབ་པའི་བཤུགས་གླུ་དང་རྐང་གླིང་ལྔ་འབུད་རེ་ཧསྟ་གཡབ། ཡོ་ག་བཞི་དྲིལ་རྗེ་རོལ། ༼རྐརྒྱཤད༽ འཆི་མེད་རྡོ་རྗེ་སོགས་འོད་ཞུ་སྦྱར། ཉུ་ལེ་སྐྲོད་པ་སོགས་དང་ཉིན་མཚན་གྱི་ཐུན་ཀྱང་དེ་བཞིན་ལ། བསྐྱིལ་དབབ་ཀྱི་དགོངས་པ་སྔགས་རྒྱུན་བཅས་ཉིན་ཞག་གཅིག་མཛད་པར་གཞུང་དུ་གསལ་བས་མ་ཆད་པ་ལེགས་ཤིང་སྐྱོ་མ་སྔ་བཙན་དབང་དུ་མི་བཏང་བར་ཞུ། གསུམ་པ་རྗེས་ཀྱི་ལས་རིམ་ནི། དངོས་གྲུབ་ཀྱི་རྫས་དང་མཆོད་པ་རྣམས་ཞལ་གསོ། གསར་པའང་ལེགས་པར་བཤམ་ལ། ཉིན་བཞི་པར་སྔ་ཚོགས་ཀྱིས་ལས་བྱང་བཟླས་པའི་བར་དང་། མདུན་བསྐྱེད་ཕྱེས་ནས་སྨན་གྱི་ལས་གཞུང་བསྲང་སྟེ། འདས་པའི་དུས་ན་སོགས་མ་མོ་བརྒྱད་བསྐུལ་ཡན་སྔར་བཞིན་མཛད་ནས་རུ་ལུ་ཉེར་གཅིག་ཙམ་བཟླས་རྗེས། སྨན་གྱི་ཕོ་བྲང་ནང་དུ་སོགས་དབང་དུ་བྱ་བའི་དགོངས་པས་བཟླས་པ་བརྒྱ་ཙམ་དང་། ང་ནི་དཔལ་ལྡན་སོགས་གནད་དབབ་རྣམས་ཏེ། འདི་ཉིན་ཡོ་ག་བཞི་དྲིལ་ཁོ་ན་དང་གཏོར་བསྔོ་རྗེས་ཚོགས་ [11b] གྲོལ། བར་འདིར་རྡོ་རྗེ་རྒྱལ་པོའི་མདུན་དུ་སྟེགས་ཁེབས་བཀྲམ་དབུས་རྐང་གསུམ་བཞག །དེའི་གཡས་སུ་དཔའ་ཐོད་དང་། རཀྟ་སྦྱར་བའི་དུང་ཆོས་སྦྲེང་ཐུང་བཅས། གཡོན་དུ་མི་ཐོད་དངུལ་ནང་མ་ཁེབས་སྟེགས་འབྱར་བ་ཆང་གིས་བཀང་ལ་བཞག །དཀྱིལ་འཁོར་མདུན་བཀའ་བརྒྱད་དངོས་གྲུབ་ལེན་པའི་ཡོ་བྱད་སྤྱི་འགྲེ་ལྟར་དང་སྨན་གྱི་ཟངས་ཆུང་ཡང་བསྒྲིག །ཐམས་ཅད་ཚོགས་ནས། བདག་ཉིད་དཀྱིལ་འཁོར་ལས་རྟ་མགྲིན་གྱི་རྣམ་པས་ལོགས་སུ་ཕྱེས་ནས་ཤར་ཕྱོགས་སུ་འཁོད་པ་དངོས་གྲུབ་པ་ལེན་པ་པོར་བྱས་ཏེ། དེ་རིང་དུས་འདིར་སོགས། རྒྱལ་ཚབ་པས་དཔལ་ཆས་ཙཀླི་བཞེས་ནས་བརྒྱན་ཚུལ་མཛད་རོལ། དེ་རྗེས་བགེགས་བསྐྲད་སྲུང་འཁོར་བཤགས་དམ་བྱིན་དབབ། དངོས་གྲུབ་ཀྱི་རྫས་བདུད་རྩིར་བརླབསནས། རྩ་བའི་དཀྱིལ་འཁོར་གྱི་ཞེས་པ་ནས། དེ་ལྟར་གསོལ་བའི་དངོས་གྲུབ་བར་བཀའ་བརྒྱད་སྒྲུབ་མཆོད་དང་འདྲ། དེ་ནས་སྨན་མཆོད་རྒྱས་པ་ཙིཏྟ་སིདྡྷིའི་བར་དང་། འདི་སྐབས་ཐིག་ལེ་མི་བཀོད། སྨན་གཞུང་གི་དཀྱིལ་འཁོར་ལྷ་ཚོགས་སོགས་དང་བཟླས་པ། ནམ་མཁའི་མཐའ་ཀླས་སོགས་བཞི་དྲིལ་རོལ་སྐབས་རྒྱལ་ཚབ་པ་བཞེངས་ལ་ཨ་ཧོ་སོགས་ཀྱི་སྔགས་རིང་། ལག་གཡོན་པ་མཐེབ་སྲིན་སྦྱར། གཞན་གསུམ་བརྐྱང་པ་སྨན་ [12a] གྱི་ཕོ་བྲང་ཟངས་ཆུང་ལ་གཏད་རྗེས། རྒྱལ་ཚབ་པས་རྟེན་ཁེབས་བཀལ་ལ་ཞྭ་བཞེས། བདུད་རྩི་སྒྲུབ་པའི་ཞག་གྲངས་ལ་ཐལ་སྦྱར་བཅས་བདེ་མཆོག་བདེ་སྤྱོད་རྟ། །འཆི་མེད་བདུད་རྩི་ལ་ཁྲུས་གདངས་རྗེས་སྨན་རྡོ་རྗེ་རྒྱལ་པོར་ཕུལ། སརྦ་པཉྩའི་སྔགས་དབྱངས་གསུམ་དང་ཅུང་ཟད་བཟླ་སྐབས་སློབ་དཔོན་གྱིས་དབང་བཞེས་ནས་ཕོ་བྲང་རྐང་གསུམ་ཁར་བཞག །རུ་ལུའི་དབྱངས་ལན་གསུམ་རྗེས་རོལ་བཅས། རྡོར་རྒྱལ་དབུ་ཞྭ་བཞེས་ནས་དབང་བཤད་དང་མེ་ཏོག་འབུལ་བ་འཆི་མེད་བདུད་རྩི། གསོལ་བ་འདེབས་པ་དུར་ཁྲོད་གསང་བ་གཉིས་རྗེས་ཟློས། གདོད་ནས་མ་སྐྱེས་ལ་རྒྱལ་ཚབ་པས་དབང་ཞུ། རྒྱལ་པོ་རྒྱལ་ཚབ་གང་བྱུང་གིས་ཐམས་ཅད་ལ་འབྲིམས་དུས་ཚོགས་པས་དགུ་པའི་སྔགས་བཟླ། སྨན་དཀྱིལ་འཁོར་མདུན་བཀོད་ནས་ཕན་ཡོན་རྣམས་གསུངས། ཚོགས་པས་མཉྫུའི་སྔགས་འདོན་རིང་ལས་རྡོར་གྱིས་རྟེན་ཁེབས་བཅས་ཞྭ་གྱོན་ནས་སྨན་འབུལ་ཚིག་བཅས་སློབ་དཔོན་ལ་འབུལ། ཨ་ཧོ་སོགས་ཀྱིས་བཞེས། སྲད་བུ་འགྲོལ་སྐབས་ཐམས་ཅད་ཀྱིས་བཛྲ་པྲ་བེ་ཤ་དང་། ཞལ་དབྱེ་སྐབས་ཨ་མྲྀ་ཏ་བཟླ། ཐོད་པ་དངུལ་ནང་མ་དང་དཀྱིལ་འཁོར་སྨན་ཐོད་གཉིས་ཀར་སྦྲེང་ཐུར་གྱིས་སྨན་གསར་པ་དེའི་ཕུད་བླུགས་ [12b] ནས་སྨན་མཆོད་རྒྱས་པའི་རྗེས། རང་གི་ལྕེ་ཉི་མ་ལ་གནས་པའི་རྡོ་རྗེའི་ལྟེ་བར་ཧཱུཾ་གིས་མཚན་པར་གྱུར། ཞེས་གསུངས་ནས། ཨོཾ་ཨཱཿཧཱུཾ། རྡོ་རྗེ་ལྕེ་ཡི་སོགས། ཙིཏྟ་སིདྡྷིའི་རྗེས་ཆེ་མཆོག་སྔགས་དབྱངས་གསུམ། སྨན་དེ་ནས་དུང་ཞལ་དུ་བླུགས། རྒྱལ་ཚབ་པས་ཐིག་ལེ་བཀོད་པར་ཕྱིན། དེ་ནས་སྒྲུབ་ཁོག་གི་སྐུ་གསུང་ཐུགས་ཀྱི་སོགས་འདྲ། ནད་དབང་ཡོངས་རྫོགས་གྲུབ་ནས་ཚོགས་གྲོལ། དེ་ནས་ཞི་རྒྱས་སྦྱེན་སྲེག་བྱ། སླར་ཚོགས་ནས་ཚོགས་མཆོད་ནས་མར་མེའི་སྨོན་ལམ་བར་དང་། གཞན་ཡང་བསྔོ་ཤིས་རྒྱས་པར་བྱས་ལ་གནས་བསྲུང་བ་རྣམས་བཅས་སྒྲུབ་ཆེན་འདྲ་འབག་ཕྱག་བཞེས་ལྟར་མཛད་དོ། ། ༈ གསུམ་པ་ཞར་བྱུང་སྒྲུབ་ཚུལ་གྱི་དབྱེ་བསྡུས་གཞན་བསྟན་པ་ནི། སྤྲོས་བཅས་སྒྲུབ་རྟེན་སོགས་མི་འབྱོར་བའི་སྐབས་སུ་སྨན་ཁོ་ནའི་རྐང་སྒྲུབ་བྱེ་བྲག་ཏུ་བཤད་པ་ལ། དབེན་པའི་གནས་སུ་དུས་དགེ་བ་ལ་སྤྱི་བཤགས་ཀྱི་ཚོགས་བསགས་འགྲུབ་ཚོད་བྱ། གཞི་བདག་ལ་གཏོར་མ་འབུལ། ལས་བྱང་བཀའ་བསྒོའི་གོང་དུ་ཆ་གསུམ་བཏང་ནས་བགེགས་བསྐྲད། གུལ་ཡུངས་འཚམས་རྔམས་བཅས་ཕྱི་ཐོ་ནས་སྒོ་དྲུང་དུ་རྒྱལ་ཆེན་ཐོ་སྡོམ་བྱ། སྒྲུབ་གྲོགས་བཅས་མཚམས་དམ་དུ་བཅད། སྟེགས་ [13a] བུའི་ཁར་ཞི་དཀྱིལ་བཀྲམ། དེར་སྨན་རྣམས་ལ་སྦྱང་ཁྲུས་སྔོན་འགྲོས་གཞུང་བཞིན་བཀོད། མཆོད་གཏོར་སོགས་ཉེར་མཁོའི་ཡོ་བྱད་རྣམས་ཀྱང་ཚོགས་པར་བཤམ་མོ། །དེ་ནས་བཛྲ་མ་ཧཱ་ཤྲཱི་སོགས་བཀའ་བསྒོ་བ་ནས་བཟུང་བཟླས་པ་ཚེ་ཛཔྲ་བར་བྱས་ལ། རིགས་བརྒྱ། རིགས་ལྔ། རིགས་གཅིག་གི་ཁྲོལ་སྒྲུབ་རྣམས་ལ་ཉིན་ཞག་རེ་རེ་སྔགས་རྒྱུན་བཅས་བྱ། ཉིན་བཞི་པར་ཁྲོལ་བུའི་མཇུག་དོན་དང་། བཏགས་བཙག་སྦོལ་གཞལ་སྟེགས་བུའི་དཀྱིལ་འཁོར་སྨན་སྒྲུབ་རྒྱུད་གཞུང་ནས་གསུངས་པའི་ཁྲོ་དཀྱིལ་གྱིས་བརྗེས་ནས་མཆོད་པ་སྣ་བདུན་སྒོར་མོར་བསྒྲིགས། སྨན་མངའ་གསོལ་སོགས་ཀྱིས་བཀོད་ནས་དེ་ཉིན་གྱི་དགོང་ཐུན་ནས་བཟུང་ཏིང་འཛིན་གསུམ་དང་རྟེན་གཞལ་ཡས་ཁྲོ་དཀྱིལ་དུ་ཞལ་བསྒྱུར་ནས་སྨན་དཀྱིལ་འཁོར་དྲུག་བརྩེགས་དམ་ཚིག་པར་བསྐྱེད་པའི་ངག་འདོན་ནི། བདག་རང་བཞིན་གྱི་དཀྱིལ་འཁོར་དར་ཉིད་སླར་ཡང་གསལ་གདབ་སྟེ། ཧཱུཾ། མཚན་ཉིད་ཡོངས་རྫོགས་སོགས་རྐང་པ་བརྒྱད་སོང་མཚམས། གཞུང་ཞི་བའི་ལྷ་ཡིན་ན་ཚིག་བསྒྱུར། ཧཱུཾ། ཆོས་རྣམས་ཐམས་ཅད་སྟོང་ཞིང་བདག་མེད་དབྱིངས། །རང་བཞིན་སྤྲོས་བྲལ་ཀུན་ཁྱབ་སྙིང་རྗེའི་གདངས། འགྱུར་མེད་ཧཱུཾ་མཐིང་རྒྱུ་ཡི་ [13b] ཐིག་འདི་ཤར། །དེ་ལས་ཨེ་ཡཾ་ར་སུཾ་ཀེཾ་རཾ་བྷྲཱུཾ། །འཕྲོ་འདུས་འབྱུང་ལྔ་རི་རབ་རིམ་བརྩེགས་སྟེང་། །མེ་དཔུང་རྡོ་ར་དུར་ཁྲོད་པད་ཕྲེང་དབུས། །བྷྲཱུྃ་ལས་དུར་ཁྲོད་རབ་འཇིགས་གཞལ་ཡས་ཁང་༴ །འོག་མིན་གསང་ཆེན་རོལ་པའི་ཕོ་བྲང་ཆེའི། །མཚན་ཉིད་ཀུན་རྫོགས་ལྟེ་བར་ཟླ་གམ་དམར། །ནུབ་བསྟན་འཁོར་ལོ་ནག་པོ་རྩིབས་བརྒྱད་པའི། །ཕོ་བྲང་ལྟེ་བར་ཡྃ་ལས་རླུང་སྔོན་དང་། །བྱིལ་རོལ་ཟིབས་ནང་སྒྲུབ་སྡེ་བརྒྱད་ཀྱི་ལྷ། །ཞེས་བསྒྱུར། བསྐུར་བརླབ་དྲངས་ནས་རིག་མེ་དོར། འོག་མིན་ཆས་དབྱིངས། མཆོད་པ་རྐང་པ་གཉིས་པར། རྡོ་རྗེ་བདུད་རྩི་དཔལ་ཆེན་ཧེ་རུ་ཀ །ཞེས་བསྒྱུར་བས་མཆོད། ཧཱུཾ། རང་བྱུང་བདེ་ཆེན་བདུད་རྩིའི་ཕོ་བྲང་དུ། །སྦྱོར་བ་བརྒྱད་ལྡན་ཡེ་ཤེས་དཀྱིལ་འཁོར་ལྷ། །སངས་རྒྱས་ཀུན་དང་མཉམ་སྦྱོར་དཔལ་ཆེན་པོ། རབ་འབྱམས་ཧེ་རུ་ཀ་ལ་ཕྱག་འཚལ་བསྟོད། །ཅེས་དང་། ཡང་དག་འཇམ་དཔལ་སོགས་སྦྱར་བས་བསྟོད་ནས། སྨན་སྲུང་སྤྱན་འདྲེན་རྟོག་བསལ་སྨན་ཛཔྲ་རྣམས་དང་། སྟོང་ཚིག་གིས་མཆོད། བཞུ་བཏུལ་བྱ་བ་སོགས་ཉིན་ཞག་གསུམ་སྔགས་རྒྱུན་བར་མ་ཆད་པས་བསྒྲུབ། དེའི་སྐབས་རྣམས་སུ་ཉུལ་བསྐྲད་ཅིང་བྱིན་དབབ། འགྲུབ་ན་དུས་དྲུག་རུ་ཚོགས་མཆོད་འབུལ། [14a] སྲུང་མར་གཏོར་མཆོད་དང་། ཆ་གསུམ། ཆོ་གའི་རྗེས་ཀྱི་ལས་རིམ་རྣམས་ཉིན་རེ་བཞིན་བྱེད། ཉིན་དྲུག་པར་བསྐྱིལ་དབབ་སྦྱར། ཉིན་བདུན་པར་དབང་དུ་བྱ་བ་དང་གནད་དབབ་མཇུག་སྲུང་མའི་གཏོར་མཆོད། ཆ་གསུམ། ཚོགས་མཆོད་རྒྱས་ཙམ་སྔོན་དུ་འགྲོ་བས་ཞལ་སྟོབ་བར་སོང་ནས། བདག་ཉིད་རང་བཞིན་གྱི་དཀྱིལ་འཁོར་རྟ་མགྲིན་གྱི་རྣམ་པར་བསྒྱུར་བས་སྣང་སྲིད་རྣམ་དག་བདུད་རྩི་བདེ་བ་ཆེན་པོའི་དཀྱིལ་འཁོར་གྱི་མདུན་འཁོད་ནས་མཆོད་པ་དང་དངོས་གྲུབ་བླང་བའི་ལས་ཀྱི་རིམ་པ་ལ་འཇུག་པར་གྱུར་པར་བསམ་ལ། སྨན་མཆོད་རྒྱས་པར་འབུལ། དཀྱིལ་འཁོར་ལྷ་ཚོགས་སོགས་དངོས་གྲུབ་ཛཔྲ། གསོལ་གདབ། དངོས་གྲུབ་ལེན་པ་དངོས། མེ་ཏོག་འཐོར་བ། དབང་ནོད་ཅིང་བསྐུར་བ། གཏད་ཅིང་རྒྱ་འགྲོལ་བ་བཅས་སོང་ནས། ཐོད་པ་བཟང་པོ་མྱོས་བྱེད་ཀྱིས་བཀང་བར་སྨན་གསར་པ་འདེབས་ལ་ལས་བྱང་ལྟར་སྨན་མཆོད་རྒྱས་པ་སྦྱར། རྡོ་རྗེ་ལྕེ་ཡི་སོགས་གནས་རྣམས་སུ་ཐིག་ལེ་བྱ། བདུད་རྩི་དང་ཚོགས་ཚེ་གལ་བཅས་ལ་རོལ། རྒྱས་པའི་སྦྱིན་སྲེག་སྐབས་གཏོར་མ་དང་བདུད་རྩིའི་ཕུད་འབུལ། སྔར་བཏགས་བཙག་སྐབས་ཞི་བའི་སྦྱིན་སྲེག་བྱས་ནས་དྲོད་འབེབས་ཀྱི་མར་ [14b] མ་སྦར། དེ་ནས་ལྷག་མ་དང་གཏོར་མ་གཏོང་བ་སོགས་རྗེས་ཆོག་རྣམས་དང་། ཐོ་འགྲོལ་ཞིང་དགའ་སྟོན་གཏང་རག་འབུལ་བ་སོགས་ཀྱིས་གྲུབ་བོ། །སྒྲུབ་པ་པོའི་གྲངས་ནི་སྤྲོས་བཅས་སྒྲུབ་ཆེན་དང་འབྲེལ་བར་རབ་དཀྱིལ་འཁོར་གྱི་ལྷ་གྲངས་སམ་གང་འབྱོར། དེ་མིན་གྲངས་ཞེ་བཞི་ཙམ་ནི་ཅིས་ཀྱང་ཚོགས་དགོས་པར་སྒྲུབ་ཁོག་ཏུ་གསུངས་ལ། རྣལ་འབྱོར་པ་ཕོ་མོ་དངོས་སུ་མ་འཛོམ་ཀྱང་དེར་བཏགས་པས་རུང་བར་ཡང་གསུངས། སྤྲོས་མེད་རྐྱང་སྒྲུབ་ལ་གྲངས་གཞུང་མཐུན་མ་འབྱོར་ཀྱང་ཆོ་ག་བ་བདུན་དང་། སྔགས་རྒྱུན་པ་བཅུ་གཅིག་ཙམ་ནི་ངེས་པར་ཚང་དགོས་ཤིང་། ཟབ་པ་ནད་ཞིབ་པར་སྒྲུབ་གཞུང་གསང་ཆེན་མྱུར་ལམ་གྱི་དགོངས་དོན་བཞིན་བླ་མའི་མན་ངག་དང་ཞལ་ཁྲིད་ལས་ཤེས་པར་བྱ་བ་ཁོ་ནའོ། །རྒྱུད་ལུང་ཁུངས་ལྡན་ཕྱག་བཞེས་མ་འདྲེས་གསལ། །རང་བཟོས་མ་བསླད་མཁས་གྲུབ་ཞལ་ལུང་བཅུད། །ལེགས་མྱང་སྐྱེས་སྦྱངས་བློ་གྲོས་དམན་ན་ཡང་། །དད་བརྩོན་སྣང་བ་རྒྱས་པས་འདི་བཀོད་དོ། །ཚུལ་བཞིན་བསྒྲུབ་པས་ས་ཆེན་ཡོངས་ལ་ཁྱབ། །འཁོར་འདས་ཞིང་ཀུན་བདུད་རྩིའི་ཕྱག་རྒྱས་ཐེབས། །འབྲེལ་བཅས་འགྲོ་ཀུན་གྲུབ་གཉིས་དཔལ་གྱིས་ཕྱུག །མཆོག་གསང་བསྟན་པ་རྒྱས་པའི་དགེ་ལེགས་སྩོལ། །ཅེས་ [15a] བཀའ་བརྒྱད་བདེ་འདུས་དང་སྦྱར་བའི་བདུད་རྩི་སྨན་སྒྲུབ་ཀྱི་ལག་ལེན་ཟིན་ཏིག་འདི་ཡང་། རྗེ་གཏེར་ཆེན་བླ་མའི་དགོངས་དོན་བཞིན་ཨོ་རྒྱན་སྨིན་གྲོལ་གླིང་ངེས་པ་དོན་གྱི་དགའ་བའི་ཚལ་ཆེན་པོར་འདུ་བའི་རིག་པ་འཛིན་པའི་ཚོམ་བུ་རྣམས་ཀྱི་ཕྱག་ལེན་འཁྲུལ་མེད་ཀྱི་རྒྱུན་ཉིད་མི་ཉམས་ཤིང་འཕེལ་བའི་ཕྱིར་གཙང་དག་ཏུ་སྨིན་གླིང་གྲྭ་ཐ་རྨོངས་བརྟུལ་པྲ་ཛྙཱའི་མིང་གིས་ཡོན་ཏན་རྒྱ་མཚོའི་འབྱུང་གནས་ཆོས་གྲྭ་ཆེན་པོ་དེ་ཉིད་དུ་བཀོད་པ་དགེ་ལེགས་འཕེལ། སླར་ཡང་མཚུངས་མེད་བླ་མ་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་ཞལ་སྔ་ནས་ཁོ་བོ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་གསང་ཆེན་མྱུར་ལམ་གྱི་སྟེང་ནས་དམིགས་པའི་གོ་དོན་དང་ཕྱག་ལེན་གྱི་གནད་སོགས་པ་བསླབ་ཁྲིད་ཀྱི་རིམ་པ་དཔྱིས་ཕྱིན་པར་བཀའ་དྲིན་དུ་སྩལ་བའི་སྐབས་སུ་དཔྱད་ཞུས་རྣམ་པར་དག་པས་གཏན་ལ་ཕབ་པ་སིདྡྷི་རསྟུ།། །།