ལོ་མཇུག་དུས་རིམ་ཆེན་མོའི་ཆོ་ག་གཏོང་ཚུལ་གྱི་བརྗེད་བྱང་དངོས་གྲུབ་འདོད་འཇོའི་ལྡེའུ་མིག།

From Dudjom Wiki
DJYD-KABUM-22-ZA-019
Wylie title lo mjug dus rim chen mo'i cho ga gtong tshul gyi brjed byang dngos grub 'dod 'jo'i lde'u mig DJYD-KABUM-22-ZA-019.pdf
Location bdud 'joms rin po che bka' 'bum
Volume 22, Text 19, Pages 359-374 (Folios 1a1 to 8b2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Lo mjug dus rim chen mo'i cho ga gtong tshul gyi brjed byang dngos grub 'dod 'jo'i lde'u mig. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 22: 359-374. Kalimpong: Dupjung Lama, 1979-1985.
Side notes Recto: brjed byang   Verso: sming gling gshin rje
More details More details
Tertön གཏེར་བདག་གླིང་པ་འགྱུར་མེད་རྡོ་རྗེ་ (gter bdag gling pa 'gyur med rdo rje)
Genre Mnemonics - brjed byang  ·  Notes - zin bris
Cycle གཤིན་རྗེ་དྲེགས་པ་འཇོམས་བྱེད་ (gshin rje dregs pa 'joms byed)
Deity gshin rje
[edit]
༄༅། །ལོ་མཇུག་དུས་རིམ་ཆེན་མོའི་ཆོ་ག་གཏོང་ཚུལ་གྱི་བརྗེད་བྱང་དངོས་གྲུབ་འདོད་འཇོའི་ལྡེའུ་མིག་ཅེས་བྱ་བ་བཞུགས་སོ། །


༄༅། །བླ་མ་དང་བཅོམ་ལྡན་འདས་འཇམ་དཔལ་དུས་དགྲའི་དབང་པོའི་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ལ་ཕྱག་འཚལ་ལོ། །འདིར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་ལོ་མཇུག་དུས་རིམ་ཆེན་མོའི་ཕྱག་ལེན་གནང་སྐབས་ཐུན་གྱི་ཁྲི་ཀ་གཅོད་ཚུལ་སོགས་གོ་བདེའི་ཟིན་བྲིས་སུ་འགོད་པར། རྒྱལ་ཟླའི་༡༢ཚེས་༢༠ཀྱི་དགུང་ཚོགས་ས་ཆོག་ལ། ཚིག་བདུན་གསོལ་འདེབས་དང་བརྒྱུད་འདེབས་སྔོན་དུ་འགྲོ་བས། ལས་བྱང་གི་དབུ་ནས་འོད་གསལ་དུ་འཇུག་པ་ཡན་སོང་བ་དང་། ཧཱུཾ་ཧཱུཾ་ཧཱུཾ། བདག་གི་ཐུགས་སྲོག་སོགས་ཀྱིས་ཉེར་བསྡུ་དང་། ཧྲཱིཿཥྚིས་ཐུན་མཚམས་ཀྱི་ལྷར་ལྡང་ནས། [2a] སྔོན་གཏོར་ལས་བྱང་ལྟར་རྒྱས་པར་བཏང་རྗེས། སློབ་དཔོན་གྱིས་རྡོ་རྗེ་དང་བཅས་པའི་ལག་གཡས་ས་ལ་རེག་སྟེ་ཧྲཱིཥྚི་དང་། ཨོཾ་ཧ་ན་ཧ་ན་ཀྲོ་དྷ་ཧཱུཾ་ཕཊ་ཅེས་བརྒྱ་རྩ་རེ་བཟླས་པས་སྦྱང་ཞིང་བཟུང་སྟེ། ལས་སྔགས་བཟླ་བཞིན་དུ་འཇམ་རོལ་དང་བཅས་པས་ཆག་ཆག་གདབ་བོ། །དེ་ནས་སློབ་དཔོན་གྱིས་ཐིག་ཚོན་རྣམས་བྱིན་བརླབས་ནས་ཐིག་གདབ་པ་སོགས་བྱའོ། །ཚེས་༢༢ཀྱི་ནུབ་བཅས་གཤོམ་ཚར་བ་དང་། སློབ་དཔོན་ལྟ་བུའི་བསྙེན་སོང་ཞིག་གིས་བདག་བསྐྱེད་སྔོན་འགྲོས་གཏོར་མ་བྱིན་རླབས་དང་འབྲེལ་བར་བསད་འཁོར་ལ་དགུག་བསྟིམས་ལྷ་དབྱེ་རྣམས་མཛད། [2b] ༈ དངོས་གཞི་ཚེས་༢༣ནས་ཚུགས་པར། ༼ཞོག་ཚོགས་ལ་༽ ཚིག་བདུན་གསོལ་འདེབས་དང་། རྒྱལ་བ་རྒྱ་མཚོ་མ་སྔོན་འགྲོས། རིག་འཛིན་ཐུགས་ཐིག་གི་ལས་བྱང་ཤར་ཙམ་བཏང་རྗེས། དྲེགས་འཇོམས་རང་གི་བརྒྱུད་འདེབས་སྔོན་འགྲོས་ལས་བྱང་གི་དབུ་ནས་དཀྱུས་བཞིན་བཏང་ལ། བཟླས་པའི་སྐབས། བདག་གི་ཐུགས་ཀར་འཁོར་ལོའི་དབུས་སོགས་ཀྱིས་ཛཔྲ་དམིགས་གསལ་བཏབ་ནས། མཉྫུ་ཤྲཱི་༥༠ ཧྲཱིཿཥྚི། ༡༥༠ ཨ་ཀྲོ་༣༥༠ ཡ་མར་ཙ་༢༡ རྣམས་བཟླས་མཐར། སྲུང་འཁོར་གྱི་མེ་རིའི་ནང་དུ་སོགས་ཀྱིས་སྲུང་བའི་བཟླས་དམིགས་གསལ་བཏབ་ལ། ཨ་ཀྲོའི་མཐར། མ་མ་ཀཱ་ཝཱ་ཙི་སོགས་བཏགས་པ་༢༡ སྲུང་འཁོར་གུར་ལྔའི་ནང་དུ་སོགས་ཀྱིས་ཟློག་དམིགས་གསལ་བཏབ་ལ། ཨ་ཀྲོའི་མཐར་ཡ་མནྟ་ཀ་སོགས་བཏགས་པ་༣༠དང་། ཏྲིག་ཁྲོཾ་མ་༢༡བཟླས་མཐར། ན་མོ། རིག་འཛིན་རྩ་བརྒྱུད་ཀྱི་སོགས་བདེན་སྟོབས་བརྗོད་ཅིང་ཐལ་རྡེབ་ལན་གསུམ་བྱ། བདག་མདུན་གྱི་ཐུགས་ཀའི་སོགས་ཀྱིས་བསད་དམིགས་གསལ་བས་ཨ་ཀྲོའི་མཐར་ཨེ་ཡ་མ་རཱ་ཛ་སོགས་བཏགས་པ་ཇི་ལྟར་རིགཛས་པ་བཟླས་པས་ཐུན་རྫས་ལ་ཕུལ་བཏབ་རྗེས། ཧཱུཾ། དགོངས་ [3a] ཤིག་བདེ་གཤེགས་སོགས་ནས། འོད་གསལ་དུ་འཇུག་པའི་བར་དཀྱུས་བཞིན། ༼ཚ་གུང་སྦྲེལ་མར་༽ ལས་གཤིན་གྱི་ཕྲིན་ལས་བཟླས་པ་༡༠༠དང་། བསྐང་གསོའི་མཆོད་རྫས་བྱིན་རློབ་ནས། རྡོར་ལེགས་གསོལ་ཁ་ཡན་སྤྱི་ལྟར་གཏོང་ཞིང་། མི་འདྲ་བའི་ཁྱད་པར། ཉིན་དང་པོར་ལེགས་ལྡན་གྱི་མདུན་བསྐྱེད། ཉིན་གཉིས་པར་འདས་གཏོར་རྫས་རྗེས། རང་གི་སྙིང་གའི་ཧཱུཾ་ལས་འོད་ཟེར་ལྕགས་ཀྱུའི་རྣམ་པ་ཅན་གློག་འཁྱུག་པ་ལྟར་འཕྲོས་པས་རང་བཞིན་ལྷུན་གྱིས་གྲུབ་པའི་གནས་མཆོག་སོགས་དང་ཕྱག་བཞི་པའི་མདུན་དུ་བསྐྱེད། དེ་བཞིན་དུ་ཉེར་ལྔ་ཉིན་མ་ནིང་། ཉེར་དྲུག་ལ་དྲག་པོ་སྡེ་ལྔ་དང་སྔགས་སྲུང་མ། ཉེར་བདུན་ལ་ལྷ་ཆེན་དང་གཟའ། ཉེར་བརྒྱད་ལ་རྣམ་སྲས། ཉེར་དགུ་ལ་ལྷ་མོ་རྣམས་ཀྱི་མདུན་བསྐྱེད་གཏོང་། ༈ ༼གསོལ་རྒྱབ་ཀྱི་ཚོགས་ལ་གཏེར་བདག་ནས་མངའ་གསོལ་ཡན། ༼དགུང་ཚོགས་སྔ་མར། ཚོགས་བྱིན་རློབ་ནས་ཚོགས་ཐ་མ་ཡན་སོང་བ་དང་། ཧཱུཾ། གདོད་ནས་དག་པ་སོགས་ཀྱི་ཐུགས་དམ་བསྐང་བ་དང་བསྟུན་སློབ་དཔོན་དྲག་པོའི་ཆས་སུ་ཞུགས་ཏེ་གནས་པས། ཨེ། རང་བཞིན་རྣམ་དག་སོགས་བསྐུལ་ནས་ཞལ་བསྟབ་ཀྱི་བར་དང་། [3b] ཁྱད་པར་དགུག་གཞུག་ལན་གསུམ། སྤྲོ་ན་མཁྱེན་དགོངས་དམོད་བཅོལ་ཡང་གནང་། དེ་ནས་ཆ་གསུམ་ཤར་ཙམ་རེ་བཏང་མཐར་ཚོགས་ལ་རོལ་ཞིང་ལྷག་མ་བསྔོ། སླར་ཡང་། རང་བཞིན་རྣམ་དག་སོགས་ཀྱི་བསྐུལ་སྔོན་འགྲོས་བཟློག་བྱང་གྱེར། ཨ་ཀྲོ་ལ་བཟློག་སྔགས་བཏགས་པ་༣༠དང་། ཏྲིཀ་ཁྲོཾ་མའི་༢༡མཐར་བདེན་སྟོབས་བརྗོད་ཅིང་ཐལ་རྡེབ་གསུམ་རེ་བྱ། ཧཱུཾ། ཆོས་ཀྱི་དབྱིངས་ནས་སོགས་ཀྱིས་བསྐུལ་རྗེས་དགུག་གཞུག་དང་། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་དུང་ཆེན་སོགས་ཀྱིས་བརླབ་ཅིང་། ཨ་ཀྲོའི་མཐར་གཏོར་སྔགས་བཏགས་པ་ལན་གསུམ་གྱིས་ཕུལ་ལ། ཧཱུཾ། དམར་ཆེན་གཏོར་ཟོར་སོགས་ཀྱིས་ཐུན་གཏོར་འཕང་། ༼ དགུང་ཚོགས་ཕྱི་མར་༽ དགུག་གཞུག་སོགས་ཆོས་སྐྱོང་གི་གཏོར་འབུལ་ནས་བཀྲ་ཤིས་བར་དང་། དེ་རྗེས་གཞུང་གི་ཆད་མདོ། བརྟན་སྐྱོང་། བྲོ་བརྡུང་། གཏང་རག་གི་མཆོད་བསྟོད་ནོངས་བཤགས། ཉེར་བསྡུ། བསྔོ་སྨོན། ཤིས་བརྗོད་རྣམས་བྱའོ། །ཁྱད་པར་ཚེས་༢༨ཀྱི་ཞོག་ཚོགས་ལ་གཟའི་གཏོར་ཆོག་ཡན། ༼ཚ་གུང་སྦྲེལ་མར། ༽ རྣམ་སྲས་པས་མངའ་གསོལ་ཡན། གསོལ་རྒྱབ་ལ། ཚོགས་བྱིན་བརླབ་ནས་གཤིན་རྗེའི་ [4a] བསྐང་བ་ཡན་དང་། ཆ་གསུམ། དེ་རྗེས་རྔ་འཆམས་དང་དུར་ཁྲོད་བདག་པོའི་འཆམས་སྔོན་འགྲོས། བསྐུལ་ནས་རང་དབང་མེད་པར་ཁྲིད་ལ་ཤོག་ཅེས་པའི་བར་བཏང་རྗེས་སྒོ་མ་བཞི་དང་ལྷ་དབྱེ་འཆམས་འགྲོས་བཅས་པ་བྱ། དེ་མཐར། ཧཱུཾ། དུག་ལྔའི་དབང་གྱུར་སོགས་ཀྱིས་ཉེས་པ་བསྒྲག་ལ། རིགས་བསྡུས་ཀྱི་འཆམས་དང་འབྲེལ་བར་ཐུན་ནས་ཞལ་སྟོབ་ཀྱི་བར་དཀྱུས་བཞིན་ལས་ཁྱད་པར་ཕུར་བུ་བྱིན་རླབས་ཀྱི་ཚིག་ལྷུག་མི་དགོས་ཤིང་། ཞལ་བསྟབ་ལ་དུག་གསུམ་དགྲ་བགེགས་མ་བཏང་། གདོད་ནས་ལྷུན་གྲུབ་སོགས་ཀྱི་སྨོན་ལམ་དང་ལྷག་གཏོར་ནས་བཟློག་བྱང་གྱེར་བའི་བར་དཀྱུས་ལྟར་བཏང་། དེ་ནས་བཞེངས་ཏེ་ལས་བྱང་གི་བསྐུལ་དང་ཐུན་གཏོར་འཕང་བ་ཡན་ཆད་དང་། ལྡོག་འགྲོས་ཀྱིས་སྒྲུབ་ཁང་དུ་འཇུག ༈ དགུང་ཚོགས་ཕྱི་མ་རྒྱུན་དང་འདྲ། ཚེས་ཉེར་དགུ་ཉིན་ཞོག་ཚོགས་རྣམ་སྲས་ཡན་དང་། ༼ཚ་གུང་སྦྲེལ་མར་༽ ཞིང་སྐྱོང་མ་མོའི་གཏོར་ཆོག་ནས་མངའ་གསོལ་ཡན། གསོལ་རྒྱབ་ལ། ཚོགས་བྱིན་རླབས་ནས་བཟློག་བྱང་གྱེར་བའི་བར་དཀྱུས་བཞིན་ལས། ཁྱད་པར་ཞལ་སྟོབ་དང་བསྟུན་བསད་འཁོར་མེ་ཧོམ་དུ་བསྲེག ། [4b] དེ་རྗེས་ཨོཾ་ཡ་མ་རཱ་ཛ་སོགས་ཀྱིས་ཕྱི་ནང་གི་མཆོད་པ་དང་། གདོད་ནས་སྤྲོས་བྲལ་སོགས་ཀྱིས་བསྟོད། མ་རྙེད་ཡོངས་སུ་སོགས་དང་ཡིག་བརྒྱ། ཡེ་ཤེས་པ་མདུན་གྱི་ནམ་མཁར་གཤེགས། དམ་ཚིག་པ་བདག་ཉིད་ལ་ཐིམ་པར་གྱུར། སླར་ཡང་གཏོར་ཆེན་ཟོར་རྫས་དང་བཅས་པ་སོགས་ཀྱིས་བསྐྱེད་ལ། ཨ་ཀྲོ་ལ་བཟློག་སྔགས་བཏགས་པ་༣༠དང་། ཨ་ཀྲོའི་མཐར་ཨེ་ཡ་མ་རཱ་ཛ་ཤ་ཏྲུཾ་རཱུ་པ་ཏྲིག་ནན༔ ནྲྀ་ཏྲི་ཧུར་ཐུཾ་ཛཿ མཱ་ར་ཡ་རྦད་བྷྱོཿ ཞེས་བཟླ་བཞིན་དུ་ཟོར་བསྐོར་བྱ། དེ་རྗེས་ཐལ་རྡེབ་ལན་གསུམ། དགུག་གཞུག་སྔོན་འགྲོས་ཐུན་གཏོར་བྱིན་བརླབ་བྱས་ལ་འབུལ་ཞིང་། ཧཱུཾ། བཅོམ་ལྡན་གཤིན་རྗེ་གཤེད་པོ་འཁོར་བཅས་ལ། །སོགས་དྲག་རོལ་རིམ་པ་དང་བཅས་གཏོར་ཆེན་ལ་ཕུལ། དེ་ནས་སློབ་དཔོན་དྲག་པོའི་ཆས་སུ་ཞུགས་ཏེ་སྒོ་དབྱེ། ལས་བྱང་གི་བསྐུལ་དང་ལྷན་ཅིག་གཏོར་ཆེན་སྤག །ཆད་ཐོ་བཏང་རྗེས་དྲག་རོལ་དང་བཅས་ཕྱིར་དོན་ལ་དོ་ར་འཁོར་བ་དང་། ཟོར་བ་རྣམས་དོན། དེ་རྗེས་བསྐུལ་ནས་ཐོ་བརྡུང་ཡན་དཀྱུས་ལྟར་ཟོར་འཆམས་དང་བསྟུན་ནས་གཏོང་བ་ལས་ཁྱད་པར་དགུག་གཞུག་ཚར་གཅིག་གིས་ཆོག །ཞལ་སྟོབ་དུག་གསུམ་དགྲ་བགེགས་མས་བྱེད། བྷྱོཿ [5a] གཞན་ཡང་བཟློག་ཅིང་བསྒྱུར་བ་སོགས་ཀྱིས་ཟློག་བྱང་གྱེར་ལ། གང་དུ་འཕང་བའི་སར་རྔམས་བརྗིད་དང་ལྡན་པས་བཟློག་སྔགས་ཟོར་སྔགས་བཟླ་བཞིན་དུ་སོང་ནས། གསེར་སྐྱེམས་སྔོན་འགྲོས་རོལ་མོ་དང་བསྟུན་སློབ་དཔོན་གྱིས་སྲིད་པ་ཧུའི་ཕྱག་རྒྱའི་རྒྱབ་ཡིག་ཀློག །ཧཱུཾ། ང་ནི་འཇམ་དཔལ་གཤིན་རྗེའི་གཤེད༔ སོགས་ཀྱིས་ཟོར་བསྐུལ་བྱས་ལ་ཟོར་རྣམས་རིམ་པར་འཕང་རྗེས། དམར་ཆེན་གཏོར་ཟོར་སོགས་ཀྱིས་ལས་གཤིན་གྱི་གཏོར་མ་དང་གཏོར་ཆེན་འཕང་། སློབ་དཔོན་གྱིས་ཐལ་རྡེབ་དང་། དུལ་མོ་རྡེབ། དེ་རྗེས་ཨ་ཀྲོའི་མཐར། ཨོཾ་ཡ་མནྟ་ཀ་ཤ་ཏྲུཾ་ཙིཏྟ་ཨགྣེ་ཛྭ་ལ་རཾ་ཁཱ་ཧི་ཁཱ་ཧིཿ ཞེས་ལན་གསུམ་ཙམ་བཟླ་ཞིང་། ཟློག་འཁོར་ཧོམ་ནང་དུ་བསྲེག །ཧཱུཾ། ང་ནི་འཇམ་དཔལ་སོགས་ཀྱིས་སྲུང་འཁོར་བསྒོམ། སྲུང་སྔགས་བཟླ་བཞིན་ནང་དུ་ལོག་ལ་སྒྲུབ་ཁང་གི་སྒོ་དྲུང་དུ་བརྟན་མ་བསྐྱང་། ས་ལ་ཆོས་འབྱུང་ནྲྀ་བྲིས་པར་དགུག་གཞུག་དང་། ཨ་ཀྲོའི་མཐར། ཨྱཻ་ས་མ་ཡ་དགྲ་བོའི་ཀཱ་ཡ་ཝཱ་ཀ་ཙིཏྟ་སྟྭམྦྷ་ཡ་ལཾ་ནན། བྷི་ཏཾ་སྟྭཾ༴ གརྦྷ་ནག་པོ་ཨ་མུ་ཀཾ་དགྲ་བོའི་ཙིཏྟ་ནན། སྲི་དུ་ནན་ཛ་ཏི་ནན། སྐེད་ཟེར་རྦུད་རྦད་ནན། ཏྲིག་ནན། བིགྣན། ནྲྀ་ཏྲི་མཱ་ [5b] ར་ཡ་ནན། ཞེས་བརྗོད་ལ་གཏོར་གཞོང་ཁ་སྦུབས་པའི་སྟེང་དུ་སློབ་དཔོན་གྱི་རྡོ་རྗེས་རྒྱས་བཏབ་ལ། སྟོང་གསུམ་འཇིག་རྟེན་སོགས་ཀྱིས་བྲོ་བརྡུང་། གཏོར་གཞོང་གྱེན་དུ་བསྟན་ནས། མཆོག་གསུམ་ངོ་བོ་སོགས་ཀྱིས་ཤིས་པ་བརྗོད། ཟོར་པ་རྣམས་ཀྱིས་སྣ་ཚོགས་རྡོ་རྗེ་སྔོན་འགྲོས་རྩ་གསུམ་གྱི་འཆམས་འགྲོས་བྱ་ཞིང་ལྡོག །ནང་དུ་ལོག་རྗེས། དགུང་ཚོགས་ལ། ཨ་ཀྟོའི་མཐར། ཨ་ཡུརྫྙཱ་ན་ནྲྀ་བྷྲཱུྃ་ཧཱུྃ་ཛཿ ཞེས་བཏགས་པ་༣༠བཟླས་རྗེས། ཚེ་འགུགས་དང་དངོས་གྲུབ་བླངས། བསྐང་གསོའི་གཏོར་འབུལ་ནས་བཀྲ་ཤིས་བར་དང་། རྩ་བའི་གཏང་རག་གི་མཆོད་བསྟོད་ནོངས་བཤགས་རྣམས་དཀྱུས་ལྟར་ལས་ཡིག་བརྒྱ་ལན་གསུམ་བཟླ། ཧཱུཾ། རང་རིག་ཡེ་ནས་འཇམ་དཔལ་ལྷར་སོགས་ཀྱིས་རྡུལ་ཚོན་གྱི་ཡེ་ཤེས་པ་གཤེགས། ཧཱུཾ་ཧཱུཾ་ཧཱུཾ་སོགས་ཀྱིས་བདག་བསྐྱེད་ཉེར་བསྡུ་དང་ཧྲཱིཿཥྚིས་ཐུན་མཚམས་ཀྱི་ལྷར་ལྡང་། ཨ་ཀཱ་རོ་བཟླ་བཞིན་དུ་སློབ་དཔོན་གྱིས་རྡོ་རྗེ་བཅས་ལག་གིས་དཀྱིལ་འཁོར་དབྱི། བསྔོ་སྨོན་ཤིས་བརྗོད་རྣམས་བྱའོ། །ཚེས་༣༠ཀྱི་ཞོག་པ་ཚིག་བདུན་གསོལ་འདེབས་དང་། བརྒྱུད་འདེབས་སྔོན་འགྲོས་གཤིན་རྗེའི་ལས་བྱང་འདུར་གདངས་ཁྱད་པར་བས་འོད་གསལ་དུ་འཇུག་པ་ཡན་དཀྱུས་ལྟར་གཏོང་ [6a] བ་ལས། སྲུང་ཟློག་བསད་པ་གསུམ་གྱི་སྒེར་བཟླས་མི་དགོས་ཤིང་། སྔགས་གྲངས་ཡང་ཇི་ལྟར་རིགས་པས་ཆོག །དེ་ནས་ཆོས་སྲུང་གི་བསྐང་གསོའི་མཆོད་རྫས་བྱིན་བརླབ་ནས་འདས་གཏོར་རྫོགས་པ་དང་། དམ་ཅན་སྤྱི་གཏོར་གྱི་སྤྱན་འདྲེན་ནས་བསྟོད་པ་ཡན། ལེགས་ལྡན་དང་ལྷ་མོའི་མདུན་བསྐྱེད་གཏོར་ཆོག་བསྟོད་པ་དང་བཅས་པ། དེ་རྗེས་རྗེས་འབྲང་རྣམས་དང་། ཧེ་རུ་ཀའི་ཡིག་བརྒྱ། ཨ་ཀྲོ། ལེགས་ལྡན་ང་ལྷ་མོའི་སྒེར་བཟླས། ཤ་ས་ན་རྣམས་ཅི་རིགས་བཟླ་ཞིང་། ཕྱི་ནང་གིས་མཆོད། དྲག་པོ་སྐུ་ལྔའི་རྗེས་སུ་ཚོགས་བྱིན་རློབ་ནས་ཞལ་སྟོབ་ཀྱི་བར་དང་། དེ་ནས་བསྐང་རྫས་བྱིན་བརླབ་སྔོན་འགྲོས་ཆོས་སྲུང་གཉིས་ཀྱི་སྐོང་བ། ཡོན་ཏན་ལྷུན་རྫོགས་དང་། སྤྱིའི་བཤགས་པ། མངའ་གསོལ་རྣམས་སོང་བའི་རྗེས་སུ། གདོད་ནས་ལྷུན་གྲུབ་སོགས་དང་། ལྷག་གཏོར་ལས་བྱང་གི་བསྐུལ་དང་བཅས་པ་གཏོང་། སྦྱང་ཁྲུས་ལ། སརྦ་བིགྷྣཾ་སོགས་གསུམ་གྱིས་ཞི་བ། སུཾ་བྷ་ནི་སོགས་གསུམ་གྱིས་ཕྱེད་མ། རང་ཉིད་སྐད་ཅིག་གིས་རྡོ་རྗེ་ཧཱུཾ་མཛད་ཅེས་པ་ནས་བཟུང་དྲག་པོའི་བར་རབ་གནས་ལྟར་ས་ཡི་ཕྱོགས་འདིར་སོགས་ཀྱི་དོད་དུ། དེང་འདིར་ཆོས་སྐྱོང་སྲུང་ [6b] མ་རྣམས་ཐུགས་མཉེས་པར་བྱེད་པ་ལ་བར་དུ་གཅོད་པའི་འབྱུང་པོ་འདུག་པོ་གདུག་པ་ཅན་ཞེས་བསྒྱུར་བ་ལན་གསུམ་གྱིས་སྦྱང་ཆས་ཕྱིར་དོར། གང་འདིར་སོགས་ཀྱིས་ཁྲུས་ཁང་བསྐྱེད་པ་སྔོན་འགྲོས། ཇི་ལྟར་བལྟམས་པ་ནས། ཤྲཱི་ཡེ་ཧཱུཾ། དེ་དག་སྐུ་ལ་སོགས། བི་ཤ་ངྷ་ནེ་སྭཱ་ཧཱ། དེ་བཞིན་དུ་སྦྱར་ཏེ། འདི་ནི་སྦྱིན་པའི་སོགས་ཕར་ཕྱིན་དྲུག་གི་ཚིགས་བཅད་སྦྲེལ་བ་རྣམས་བརྗོད། དེ་ནས་དེ་ལ་སོགས། རྒྱན་མཆོག་བརྒྱ་ཕྲག་དག་ཀྱང་དབུལ་བར་བགྱི། །སྣ་ཚོགས་དབང་པོ། དྲི་མེད་མཚན་ལ་སོགས་ཀྱིས་གོས་ཟུང་འབུལ། དངོས་གཞི་ལ། རྔ་འགྲོས་ཀྱིས་ཕྱིར་དོན་ཏེ་བཞུགས་ཟིན་པ་དང་། རཾ་ཡཾ་ཁཾ། སྟོང་པའི་ངང་ལས་ཡཾ་ལས་རླུང་ཞེས་པ་ནས། ཨོཾ་བཛྲ་ས་མ་ཡ་ཧ་ན་ཧ་ན་ཧཱུཾ་ཕཊ། ཅེས་པའི་བར་དམ་ཅན་སྤྱི་གཏོར་དཀྱུས་བཞིན་གཏོང་བ་ལས། སྤྱན་འདྲེན་གྱི་མཇུག་ཏུ་རྐང་གླིང་སོགས་ཀྱིས་དྲངས་པའི་རོལ་མོ་རིང་བར་སེར་སྦྲེང་སྔོན་འགྲོས། ཡུམ། ལེགས་ལྡན། ཞིང་སྐྱོང་མ་མོ་རྣམས་ཀྱི་འཆམས་སྐུ་སྤྱན་འདྲེན། དུས་གསུམ་སངས་རྒྱས་ཀྱིས་བཞུགས་སུ་གསོལ། དེ་ནས། ཇི་ལྟར་བལྟམས་པ་ནས་ཤྲཱི་ཧཱུཾ་ཞེས་རོལ་མོ་འཇམ་རོལ་དང་བཅས་པས་ཁྲུས་གསོལ། ཧཱུཾ། ཐུན་མོང་ཁྱད་པར་སོགས་མཆོད་པ་ [7a] ནས་བསྟོད་པའི་བར་དམ་ཅན་སྤྱི་གཏོར་དཀྱུས་ལྟར་གཏོང་། སླར་ཡང་། དཔལ་མ་ཧཱ་ཀཱ་ལ་ཁྲག་འཐུང་གི་རྒྱལ་པོ་ཞེས་པ་ནས། དམ་པ་ཆོས་སྐྱོང་བའི་སྲུང་མ་འཁོར་དང་བཅས་པ་ཁྱེད་རྣམས་ཐུགས་རྟེན་རུ་མཚོན་འདི་ལ་ཞེས་པ་ནས། ཐོགས་པ་མེད་པར་སྒྲུབ་པར་མཛོད་ཅེས་པའི་བར་གྱིས་ཐུགས་རྟེན་འབུལ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། སོགས་ཐུགས་རྟེན་བྱིན་རླབས་བྱ། དེ་ནས་འཇམ་རོལ་ཡུན་རིང་པོ་དང་བསྟུན་བྷུ་རུ་ཀུ་རུ་སོགས་སྒོས་སྔགས་དང་ཤ་ས་ན་བཟླ་ཞིང་། ཁྱད་པར་སློབ་དཔོན་གྱིས་བཛྲ་ཨ་བྷི་ཥིཉྩ་ཧཱུཾ། ཞེས་བཏགས་པ་བཟླ་བཞིན་དུ་ལས་རྡོར་གྱིས་གཟུངས་རྟེན་རྣམས་ཀྱི་གཏོར་མ་འཇོག་པ་སོགས་བྱ། ཧཱུཾ། མིག་སྨན་ལྟར་གནས་ཅེས་པ་ནས། འདོད་དོན་བཅོལ་བའི་ལས་ཀུན་སྒྲུབ་པར་མཛོད༔ དེ་ནས་འགུགས་གཞུག་ནས་བཟུང་། བྱང་ཆུབ་བར་དུ་བསྲུང་ཞིང་སྐྱོང་བར་མཛོད། །ཅེས་གཏོར་མ་རྣམས་ཡང་ཐོག་ཏུ་འབུལ། ཆད་ཐོ་དང་བརྟན་མ་བསྐྱང་། བཛྲ་དྷརྨ་པཱ་ལ་སོགས་ཀྱིས་མཆོད། ཧེ་རུ་ཀ་དཔལ་སོགས་ཀྱིས་བསྟོད། མ་རྙེད་ཡོངས་སུ་སོགས་དང་། གང་ཡང་བདག་ཅག་ནས་ཡིག་བརྒྱ་ལན་གསུམ། ཛཿཧཱུཾ་བཾ་ཧོཿ སུ་པྲ་ཏིཥྛ་དང་། [7b] ཡེ་དྷརྨ་བརྗོད་ཅིང་མེ་ཏོག་འཐོར་ལ་སྤྱན་དྲངས་པའི་ཡེ་ཤེས་པ་གཟུངས་རྟེན་སོགས་ལ་བསྟིམ། དེ་ནས་འཆམས་སྐུ་རྣམས་ལྡོག་ཅིང་། འཚོགས་པ་རྣམས་ཀྱིས་སྐབས་དེར། དགེ་བ་འདི་ཡིས་སོགས་ནས། དམ་ཅན་རྒྱ་མཚོའི་ཚོགས་ཀྱིས་བཀྲ་ཤིས་ཤོག་གི་བར་དཀྱུས་ལྟར་གཏོང་ཞིང་བཀྲ་ཤིས་འཁྱིལ་བའི་རོལ་མོའང་བྱས་ལ་ལྡོག་འགྲོས་ཀྱི་སྒྲུབ་ཁང་དུ་འཇུག །ནང་དུ་སླེབས་ནས་བྲོ་བརྡུང་དང་དངོས་གྲུབ་བླང་། དྷརྨ་པཱ་ལ་སོགས་ཀྱིས་མཆོད་ཅིང་། ཧེ་རུ་ཀ་དཔལ་སོགས་ཀྱི་བསྟོད་པ་ནས་བཟུང་བསྐང་གསོའི་བཀྲ་ཤིས་ཀྱི་བར་དཀྱུས་ལྟར་གཏོར་། ཨོཾ་ཡ་མ་རཱ་ཛ་ས་པ་རི་ཝཱ་ར་སོགས་ཀྱི་གོང་གནོན་ལ་གཏང་རག་གི་མཆོད་བསྟོད། ནོངས་ཤགས། ཉེར་བསྡུ། བསྔོ་སྨོན། ལས་བྱང་གི་ཤིས་བརྗོད་རྣམས་བྱས་རྗེས། ཕུན་སུམ་ཚོགས་པ་སྔོན་འགྲོས་བཀྲ་ཤིས་ཞལ་བསྐོར་བྱ་ཞིང་། འབྱུང་པོ་གང་དག །ས་ལ་འོག་མིན། སྟོན་པ་འཇིག་རྟེན། འདིར་ནི་རྒྱལ་བ་དགྲ་རྒྱལ་སོགས་ཀྱིས་དགེ་ལེགས་ཀྱི་སྣང་བ་མཁའ་ཁྱབ་ཏུ་སྤེལ་བར་བྱའོ། །ཁྲག་འཐུང་རྒྱལ་པོ་འཇམ་དཔལ་དུས་དགྲའི་གཤེད། །བསྙེན་ལས་ཕས་རྒོལ་མཐར་བྱེད་ལྡེའུ་མིག་ཏུ། །ཁྱབ་བདག་བླ་མ་མཆེད་ཀྱི་ [8a] བཀའ་བཞིན་དུ། །འགྱུར་མེད་རྒྱ་མཚོ་མཆེད་ཀྱིས་ཡི་གེར་སྤེལ ། རབ་བྱུང་བཅུ་གཉིས་པ་ཆུ་ཕག་རྒྱལ་གྱི་ཟླ་བར་ཟིན་བྲིས་སུ་བཏབ་པའོ། ། ༈ ཐིག་ཚོན་བྱིན་རླབས་ནི། བསང་སྦྱང་། སྟོང་པའི་ངང་ལས་རིགས་ལྔའི་གཤིན་རྗེ་ཡུམ་དང་བཅས་པའི་སྤྱི་བོར་ཨོཾ། མགྲིན་པར་ཨཱཿ སྙིང་གར་ཧཱུཾ། ཧཱུཾ་གི་འོད་ཟེར་གྱིས་ཡེ་ཤེས་པ་སྤྱན་དྲངས་པར་གྱུར། ཛཿཧཱུཾ་བཾ་ཧོཿ ཆུ་གཉིས་ཉེར་སྤྱོད་ཀྱིས་མཆོད། བཅོམ་ལྡན་ཁྲོ་བོའི་རྒྱལ་པོ་སོགས་ཀྱིས་བསྟོད། ཨོཾ་ཨ་ནྱེ་ནྱ་ཨ་རུ་ག་ཏེ། སརྦ་དྷརྨ་ས་རསྶ་ར་ཨ་ནུ་པྲ་བིཥྚི། སརྦ་དྷརྨ་ཨ་ཏྱནྟ་ཨ་ནུ་པྲ་བིཥྚ་སརྦ་དྷརྨ་ཨོཾ་ཨཱཿཧཱུཾ་ཛ་ཛ་ཨོཾ་བཛྲ་ས་མ་ཡ་སུ་ཀྲ་མ་ཏི་ཀྲ་མ་ཧཱུཾ། དེ་རྣམས་ཞུ་བ་ལས་བྱུང་བའི་རིན་པོ་ཆེའི་རྡུལ་ཕྲ་རབ་ཏུ་གྱུར། ༈ གཏོར་མ་བྱིན་རླབས་བཟླས་པའི་མཐར་བསང་སྦྱང་། སྟོང་པའི་ངང་ལས་གཏོར་སྣོད་སོགས་དང་། ད་ལིང་ཏ་༢༡ ཨོཾ་ཨཱཿཧཱུཾ་༡༠༠ མཐར་ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་དོ། །གཏོར་མ་བྱིན་བརླབ་བདག་བསྐྱེད་འོད་གསལ་མཇུག །ཨོཾ་ཨཱཿཧཱུཾ་ནས། ཧཱུཾ་ཧཱུཾ། བདག་གིས་ཐུགས་སྲོག་ནས། ཧྲཱིཿཥྚིས་ཐུན་མཚམས་ཀྱི་ [8b] ལྷར་ལྡངས། བྲུབ་ཁུང་བསྐྱེད་ཆོག་འགུགས་གཞུག་ལན་གསུམ། ལྷ་དབྱེ། སྟོང་པའི་ངང་ལས་གཏོར་སྣོད་དམར་གྱི་སོགས་ནས། བ་ལིངྟ་༢༡ ཨོཾ་ཨཱཿཧཱུཾ་བརྒྱ་རྩ། མཐར། ནྲྀ་ཏྲི་བཛྲ་ཨངྐུ་ཤ་ཛཿ ཛཿཧཱུཾ་བཾ་ཧོཿ ཞེས་བརྗོད་དོ།། །།