བླ་མའི་ཐུགས་སྒྲུབ་པདྨ་གསང་བའི་ཐིག་ལེ་ལས། རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་བཀླག་ཆོག་ཏུ་བསྡེབས་པ་ཡེ་ཤེས་ཆུ་རྒྱུན།

From Dudjom Wiki
DJYD-KABUM-24-YA-012
Wylie title bla ma'i thugs sgrub pad+ma gsang ba'i thig le las rtsa ba'i dbang bskur rgyas pa'i cho ga bklag chog tu bsdebs pa ye shes chu rgyun DJYD-KABUM-24-YA-012.pdf
Location bdud 'joms rin po che bka' 'bum
Volume 24, Text 12, Pages 121-145 (Folios 1a1 to 13a6)
Author བློ་གསལ་དགེ་སློང་གྲགས་པ་བསྟན་བཟང་
Citation Blo gsal dge slong grags pa bstan bzang. Bla ma'i thugs sgrub pad+ma gsang ba'i thig le las rtsa ba'i dbang bskur rgyas pa'i cho ga bklag chog tu bsdebs pa ye shes chu rgyun. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 121-145. Kalimpong: Dupjung Lama, 1979-1985.
Side notes Recto: dbang chog   Verso: pad+ma gsang thig
More details More details
Tertön རྗེ་དྲུང་ཕྲིན་ལས་བྱམས་པ་འབྱུང་གནས་ (rje drung phrin las byams pa 'byung gnas)
Genre Empowerment Ritual - dbang chog - dbang skur
Cycle པདྨ་གསང་བའི་ཐིག་ལེ་ (pad+ma gsang ba'i thig le)
Colophon

།ཅེས་པའང་དད་ཤེས་ཀྱི་ནོར་ཅན་ཐུབ་བསྟན་འཇིགས་མེད་ཀྱིས་བསྐུལ་བ་དང་། མཚུངས་མེད་མཆོག་གི་སྤྲུལ་པའི་སྐུ་གང་གི་ཐུགས་ཀྱི་བཞེད་པ་སྐོང་བའི་སླད་དུ། བདུད་འཇོམས་ནམ་མཁའི་རྡོ་རྗེས་ངག་ནས་སྨྲས་རིམ་བཞིན་བློ་གསལ་དགེ་སློང་གྲགས་པ་བསྟན་བཟང་གིས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག།

ces pa'ang dad shes kyi nor can thub bstan 'jigs med kyis bskul ba dang /____mtshungs med mchog gi sprul pa'i sku gang gi thugs kyi bzhed pa skong ba'i slad du/___bdud 'joms nam mkha'i rdo rjes ngag nas smras rim bzhin blo gsal dge slong grags pa bstan bzang gis bris pa dge zhing bkra shis par gyur cig/

[edit]
༄༅། །བླ་མའི་ཐུགས་སྒྲུབ་པདྨ་གསང་བའི་ཐིག་ལེ་ལས། རྩ་བའི་དབང་བསྐུར་རྒྱས་པའི་ཆོ་ག་བཀླག་ཆོག་ཏུ་བསྡེབས་པ་ཡེ་ཤེས་ཆུ་རྒྱུན་ཞེས་བྱ་བ་བཞུགས་སོ། །


༄༅། །ན་མོ་རཏྣ་གུ་རུ་པདྨ་ཀཱ་ར་ཡེ། ཀུན་ཁྱབ་ཆས་ཀྱི་སྐུ་ལས་དགོངས་བརྒྱུད་དང་། །ལྷུན་གྲུབ་ལོངས་སྤྱོད་རྫོགས་ལས་བརྡའ་ཡི་བརྒྱུད། །ཐུགས་རྗེའི་རིག་རྩལ་གང་ཟག་སྙན་བརྒྱུད་དེ། །བརྒྱུད་གསུམ་རིག་འཛིན་བླ་མས་ཤིས་པ་སྩོལ། །རྩ་གསུམ་ཀུན་འདུས་པདྨ་སམྦྷ་བའི། །དགོངས་བཅུད་མཐར་ཐུག་པདྨ་ཟབ་པ་ཡི། སྤྲོས་བཅས་སྤྲོས་མེད་ཤིན་ཏུ་རབ་སྤྲོས་མེད། །སྨིན་བྱེད་ཡེ་ཤེས་ཆུ་རྒྱུན་ཁྲིགས་སུ་བསྡེབས། །འདི་ལ་གསུམ། །སྦྱོར་དངོས་རྗེས་སོ། །དང་པོ་ལའང་ཆོ་གར་མ་གཏོགས་དང་གཏོགས་པའོ། །དང་པོ་ནི་དུར་ཁྲོད་སོགས་གནས་དབེན་ཅིང་ཟིལ་དང་ལྡན་པར་རྩ་བ་གསུམ་གྱི་སྣང་བརྙན་བཀྲམ་པའི་མདུན་གཞི་མ་དུལ་བ་ཡིན་ན། སའི་ཆོ་ག་སྤྱི་ལྟར་བྱ། སྒྲུབ་ཁང་རྙིང་པ་སོགས་ལ་མི་དགོས། གང་ [2a] ལྟར་ཡང་སྟེགས་བུ་འཁོད་སྙོམས་པར་དྲི་ཡིས་ཆག་ཆག་གདབ་པའི་ཁར་རྡུལ་ཚོན་ནམ་རས་བྲིས་ཀྱི་དཀྱིལ་འཁོར་གཞལ་ཡས་སྒོ་རྫོགས་ཀྱི་དབུས་སུ་པདྨ་འདབ་བརྒྱད་གེ་སར་དང་བཅས་པར་ལྷ་ཡི་མཚན་མར་རང་མདོག་དང་མཐུན་པར་གྲངས་མཉམ་བཀོད་པའམ། ཡང་ན་མཎྜལ་དུ་འབྲུའི་ཚོམ་དུ་ལྷ་གྲངས་བཀོད་པས་ཀྱང་རུང་ལ། གང་ལྟར་དཀྱིལ་འཁོར་གྱི་དབུས་སུ་མཉྫིའི་ཁར་བུམ་པ་བཅུད་ལྡན་ཆས་ཀྱིས་སྤྲས་པའི་ཁར་ཐོད་པ་མཚན་ལྡན་གསང་རྫས་ཨ་མྲྀ་ཏ་སྦྱར་བས་བཀང་བ་དར་དམར་གྱིས་ཁ་བཀབ་པའི་སྟེང་དུ་མན་ཤེལ་དང་། གཞན་ཡང་རིག་ཙཀ། གཙོ་འཁོར་སྒོ་མ་དང་བཅས་པའི་ཙཀླི། སྔགས་ཕྲེང་། མེ་ལོང་། རྡོ་དྲིལ། སྨན་རཀ་གཏོར་གསུམ། མེ་ཏོག །མིག་དར། བགེགས་གཏོར། ཞལ་ཟས་སོགས་འོག་ཏུ་དགོས་པའི་ཡོ་བྱད་རྣམས་མ་ཚང་བ་ [2b] མེད་པར་འདུ་བྱའོ། །གཉིས་པ་ནི། བརྒྱུད་འདེབས་ནས་བརྩམ་ཚེ་ཡི་ཕྲིན་ལས་བཏང་ཞིང་བཟླས་པའི་ཐོག་མར། རྩ་སྔགས་མཐར་ ཕཊ་ཛཿཞེས་པས་ཛཔྲ་ཁང་དབྱེ་ལ། རང་སྣང་ཡེ་ཤེས་ཀྱི་འཁོར་ལོ་ལས་གཉིས་པ་ཞིག་འཕྲོས་ཏེ་མདུན་གྱི་ནམ་མཁའ་མེ་རི་འདབ་འབྱོར་གྱི་ཚུལ་དུ་བཞུགས་པར་མོས་ལ། བདག་མདུན་ལྷ་ཡི་སྐུར་གསལ་བའི༔ སྙིང་དབུས་དག་པའི་ཐིག་ལེ་རུ༔ བདེ་ཆེན་ཆོས་སྐུ་ཚེ་དཔག་མེད༔ དམར་གསལ་མཉམ་བཞག་ཚེ་བུམ་འཛིན༔ དེ་ཡི་ཐུགས་ཀར་ཉི་ཟླ་ཡི༔ ཐབས་ཤེས་གྭའུ་འབར་བའི་དབུས༔ མི་འགྱུར་ཐུགས་སྲོག་ཧྲཱིཿཡིག་མཐར༔ རྡོ་རྗེའི་སྔགས་ཀྱིས་བསྐོར་བ་ལས༔ གསལ་ཞིང་འབར་བའི་འོད་ཟེར་གྱིས༔ སྣོད་བཅུད་སྐྱེ་འགྲོའི་རྒུད་པ་སྦྱངས༔ འཁོར་འདས་དྭངས་བཅུད་ཚུར་འདུས་པས༔ བདེ་ཆེན་རྡོ་རྗེའི་སྐུ་རུ་བསམ༔ ཨོཾ་ཨཱཿཧཱུཾ་བཛྲ་གུ་རུ་པདྨ་སིདྡྷི་ཛྙཱ་ན་ཨ་ཡུ་ཥེ་ཧཱུྃ་བྷྲཱུྃ་ནྲྀ་ཛཿདམིགས་གནད་དང་ལྡན་པས་བཟླས་པ་ཅི་ནུས་མཐར། དབྱངས་གསལ་རྟེན་སྙིང་ལན་གསུམ་བརྗོད་ལ་ལྷག་ཆད་ཁ་བསྐང་། བུམ་པ་ ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། བུམ་པ་བྷྲཱུྃ་ལས་གཞལ་ཡས་ཁང་༔ ཚད་དང་མཚན་ཉིད་ཡོངས་སུ་རྫོགས༔ རྩ་གསུམ་ཚེ་ཡི་ལྷ་ཚོགས་རྣམས༔ ཆུ་ཟླ་འཇའ་ཚོན་ལྟ་བུར་བསམ༔ རང་སྲོག་སྔགས་ཀྱི་འོད་ཟེར་ [3a] ནི༔ གཟུངས་ཐག་ལ་འཁྲིལ་བུམ་ནང་སོང་༔ བུམ་ལྷའི་སྐུ་ལས་བདུད་རྩིའི་རྒྱུན༔ བབ་པས་བུམ་པ་ཡོངས་གང་གྱུར༔ སྔགས་མཐར། ཀཱ་ལ་ཤ་ཨ་བྷི་ཥིཉྩ་བྷྲཱུྃ༔ ཞེས་སྟོང་དུ་ཚང་བར་བཟླས་མཐར། ཡེ་ཤེས་ལྷ་ཚོགས་སོགས་བརྗོད་ལ་སྟོང་ཚིག་འབུལ། ཨོཾ་ཨཱཿཧཱུྃ། ཞེས་པས་མཆོད་ཡོན་ཕུལ་བས། བུམ་པའི་ལྷ་བདེ་སྟོང་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་བུམ་ཆུ་དང་རོ་གཅིག་ཏུ་གྱུར་པར་བསམ་ལ། ལས་བུམ་ལ་གཟུངས་ཐག་བཀོད་དེ། ཨ་མྲྀ་ཏས་བསང་། སྭ་བྷཱ་ཝས་སྦྱང་། ལས་བུམ་ནང་དུ་པད་ཉིའི་སྟེང་༔ ཁྲོ་ཆེན་རྟ་མགྲིན་སྐུ་མདོག་དམར༔ དབྱུག་ཐོ་ཞགས་འཛིན་དེའི་སྐུ་ལས༔ བབས་པའི་བདུད་རྩིས་བུམ་པ་གང་༔ ཨོཾ་ཧྱ་གྲཱི་ཝ་ཧཱུཾ་ཕཊ༔ ཅེས་བརྒྱ་རྩ་བརྒྱད་བཟླས་མཐར། ཨོཾ་ཨཱཿཧཱུྃ། ཞེས་པས་མཆོད་ཡོན་ཕུལ་བས། བུམ་ལྷ་འོད་དུ་ཞུ་བ་བདུད་རྩིའི་ཆུར་གྱུར་པས་དངོས་པོ་གང་ལ་འཐོར་བས་ཉེས་སྐྱོན་ཐམས་ཅད་སྦྱངས་པའི་ནུས་པ་དང་ལྡན་པར་བསམ། ཚེ་དབང་དང་འབྲེལ་ན་བཅས་བཤོམ་སྐབས་བུམ་པ་དང་ཚེ་རྫས་སོགས་བཤམས་ལ་སྐབས་འདིར་ཚེ་འགུགས་བརྗོད་ཅིང་རྩ་སྔགས་གང་མང་བཟླས་པ་དམིགས་པས་ཁྱབ་པརབྱ། དེ་ནས་བཀའ་གཏེར་སྲུང་མའི་གཏོར་བསྔོས་དང་གཞུང་གི་ཚོགས་བྱིན་བརླབ་ནས་བརྩམ་བསྟབ་པའི་མཐར་ཐུག་པའི་བར་གཏང་ཞིང་། བདག་ཉིད་འཇུག་པ་ལ་ཁྲུས་དང་མཎྜལ་ནས་ [3b] གཏང་རག་གི་བར་འོག་ཏུ་བཤད་པའི་དབང་རྣམས་ཁ་བསྒྱུར་འདོར་ལེན་ཕྲན་བུ་དང་བཅས་བརྗོད་པའམ། ཅིས་ཀྱང་མི་ལྕོགས་ན་རིག་པའི་མེ་ཏོག་དོར་བས་བདག་ཉིད་འཇུག་ཅིང་སློབ་མ་གཞུག་པར་གནང་བ་ནོས་པ་བཅས་སྤྱི་ལྟར་བྱ་ཞིང་དཀྱིལ་འཁོར་ཡོལ་བས་སྒྲིབ་བོ། །གཉིས་པ་དངོས་གཞི་དབང་བསྐུར་བ་ལ་འཇུག་པའི་ཆོས་དང་། དབང་བསྐུར་བ་གཉིས་ལས། དང་པོ་ནི་སློབ་མ་རྣམས་ཕྱི་རོལ་ཏུ་ལས་ཁྲུས་བྱ། ཏིང་ལོ་ཆང་བུ་གཏོར་མ་རྣམས་བཤམས་ལ། རྃ་ཡྃ་ཁྃ་གིས་སྦྱང་། སྟོང་པའི་ངང་ལས་བྷྲཱུྃ་ལས་རིན་པོ་ཆེའི་སྣོད་དུ་གཏོར་མ་འདོད་པའི་ཡོན་ཏན་ལྔ་དང་ལྡནཔར་བསམ་ལ། ཨོཾ་ཨཱཿཧཱུྃ་གིས་བརླབ། ཨོཾ་སརྦ་བིགྷྣཱ་ན་ན་མཿསརྦ་ཏ་ཐཱ་ག་ཏ་སོགས་ལན་གསུམ་གྱིས་ཞི་བ། སུམྦྷ་ནི་སོགས་ལན་གསུམ་གྱིས་ཞི་དྲག་ཕྱེད་མ། ཧཱུཾ༔ ང་ནི་ཡེ་ནས་ངང་གིས་ཁྲོ༔ ཁྲོ་ལ་ཁྲོས་པས་ཞི་མཛད་པའི༔ ཐུགས་རྗེ་ཁྲོས་དཔལ་རྟ་ཡི་རྒྱལ༔ རིག་རྩལ་འཕྲོ་འདུ་འབར་བའི་སྤྲིན༔ ཡེ་ཤེས་རོལ་པའི་རྒྱན་དུ་ཤར༔ ཉོན་ཅིག་མ་རིག་བདུད་དགྲའི་དཔུང་༔ ཀུན་ཏུ་བརྟག་པའི་གདོན་ཚོགས་ཀུན༔ ཡེ་ཤེས་རྒྱན་གྱི་གཏོར་མ་ལོངས༔ ཡོངས་གྲུབ་ཆོས་སྐུའི་ཀློང་དུ་དེངས༔ འཕོ་འགྱུར་མེད་པར་མཚམས་བཅད་དོ༔ ཞེས་དང་། རྟ་སྔགས་ལན་གསུམ་དང་ཡུངས་ཐུན་བཅས་ཀྱིས་དྲག་པོས་སྦྱང་ནས། ཨོཾ་ཧྲཱིཿབཛྲ་ཀྲོ་དྷ་རཀྵ་རཀྵ་ཧཱུྃ་ཕཊ་ཀྱིས་སྲུང་བའི་འཁོར་ལོས་ཕྱོགས་མཚམས་གཏམས་པ་སོང་ནས། སེམས་བསྐྱེད་གསལ་གདབ་སྔོན་དུ་འགྲོ་བས་ཆོས་བཤད་ཀྱི་ [4a] ཁྱད་པར། དེ་ལ་འདིར་བསྐལ་བཟང་སྒྲོན་མེ་སྟོང་རྩའི་ནང་ནས་ཐུགས་བསྐྱེད་ཀྱི་གོ་ཆ་སུས་ཀྱང་འགྲན་དུ་མི་བཟོད་པ་སྟོན་མཆོག་མཉམ་མེད་ཤཱཀྱའི་རྒྱལ་པོ་དེ་ཉིད་ཀྱིས་ཆོས་འཁོར་མཐའ་ཀླས་པ་ཞིག་བསྐོར་བ་ཐམས་ཅད་ཕུང་པོར་བསྡུས་ན་ཉོན་མོངས་པའི་རྟོག་ཚོགས་བརྒྱད་ཁྲི་བཞི་སྟོང་གི་གཉེན་པོར་ཆོས་ཀྱི་ཕུང་པོ་ཡང་དེ་ཉིད་ཀྱི་གྲངས་དང་མཉམ་ཞིང་། སྡེ་ཚན་དུ་བསྡུས་ན་གླེང་གཞི་དང་སྐྱེས་རབས་ལ་སོགས་པས་མཚོན་སྡེ་སྣོད་རྣམ་པ་བཅུ་གཉིས་ཀྱི་ཚུལ་དང་། དབང་པོའི་རིམ་པ་དང་མཚུངས་པར་བསྡུས་ན། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། འབྲས་བུ་རྡོ་རྗེའི་ཐེག་པ་རྣམ་པ་གཉིས་སུ་འདུ་བ་ཡིན་ཏེ། ཀུན་བྱེད་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་དང་། །འབྲས་བུ་སྔགས་ཀྱི་ཐེག་པའོ། །ཞེས་གསུངས་པ་ལྟར་ཐེག་པ་གཉིས་སུ་དབྱེ་བ་དང་དགུར་དབྱེ་བ་སོགས་རྣམ་གྲངས་མང་དུ་མཆིས་པ་ལས། ད་ལམ་གྱི་སྐབས་སུ་བབ་པ་ལ་སློབ་དཔོན་མ་ཏི་ཙི་ཏྲའི་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་ནས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་གསུངས་པ་ལྟར་མཚན་ཉིད་རྒྱུ་ཡི་ཐེག་པ་རིང་བའི་དབང་དུ་བཏང་སྟེ་ཉེ་ལམ་ [4b] གསང་སྔགས་རྡོ་རྗེ་ཐེག་པའི་འཇུག་སྒོ་དབང་བསྐུར་བའི་སྐབས་སུ་བབ་པ་ཡིན། དེ་ལའང་གསང་སྔགས་གསར་རྙིང་གཉིས་ལས། འདིར་གསང་སྔགས་རྙིང་མ། དེ་ལའང་བཀའ་གཏེར་དག་སྣང་སྟེ་བབ་སོ་གསུམ་དུ་མཆིས་པ་ལས། འདིར་ནི་ཟབ་མོ་གཏེར་གྱི་ཕྱོགས་སུ་གཏོགས་པ་ཡིན། དེ་ལའང་རྒྱུད་དང་སྒྲུབ་ཐབས་གཉིས་སུ་བཞུགས་པ་ལས། ད་ལམ་གྱི་སྐབས་སུ་བབ་པ་གསུང་རྡོ་རྗེ་པདྨ་གར་དབང་གི་རྒྱུད་དང་། དེ་ཉིད་དཀྱིལ་འཁོར་ཡོངས་ཀྱི་གཙོ་མཆོག་ཏུ་བཞེངས་པ་མ་ཧཱ་གུ་རུ་སྣང་སྲིད་ཟིལ་གནོན་རྩལ། ངོ་བོའི་ཆ་ལས་དཔལ་ཆེན་ཆེ་མཆོག་ཡང་དག་ཧེ་རུ་ཀ་གོའུ་རི་ལྷ་མོ་བརྒྱད་ཀྱི་སྣང་ཆར་བཞེངས་པ་སྟེ་མདོར་ན་དཀྱིལ་འཁོར་ཡོངས་ཀྱི་གཙོ་མཆོག་བདེ་བ་ཆེན་པོ་པདྨ་སམྦྷ་ཝ། ལོངས་སྐུ་ཚེ་དཔག་མེད་ཀྱི་སྣང་ཆར་ཤར་བའི་སྒྲུབ་ཐབས་ཟབ་མོ་འདི་ཉིད་ཁོ་བོ་བདུད་འཇོམས་ནམ་མཁའི་རྡོ་རྗེས་མདོ་ཁམས་ཡེ་བྲག་ནམ་མཁའ་མཛོད་ཀྱི་གུ་རུའི་གསང་ཕུག་ནས་དངོས་གྲུབ་ཏུ་ཐོབ་པ་འདི་ཉིད་དཀྱིལ་འཁོར་དུ་རྩ་བའི་སྨིན་བྱེད་རྒྱས་པ་བསྒྲུབ་པར་བགྱི་བ་ལ། དཀྱིལ་འཁོར་དུ་འཇུག་པའི་ཆོས་དང་། ཞུགས་ནས་མངོན་པར་དབང་བསྐུར་བ་གཉིས་ལས། དང་པོ་དཀྱིལ་འཁོར་དུ་འཇུག་པའི་ཆོས་རྣམས་ཞུ་ [5a] བའི་ཡོན་དུ་མཎྜལ་ཞེས་མཚམས་སྦྱར་ལ་འབུལ་དུ་གཞུག །དེ་ནས་བླ་མ་དཀྱིལ་འཁོར་གྱི་གཙོ་བོར་བཞེངས་པ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཀྱེ་ཧོ་རྡོ་རྗེ་འཛིན་རྒྱལ་པོ༔ བདག་ལ་དགོངས་པར་མཛད་དུ་གསོལ༔ ཁམས་གསུམ་འཁོར་བའི་གཡང་ས་ལས༔ སྒྲོལ་ཕྱིར་དབང་མཆོག་སྩལ་དུ་གསོལ༔ ལན་གསུམ། སྔོན་ཆད་བརྡ་དང་བརྡ་ཅན་གྱི་དཀྱིལ་འཁོར་མ་མཐོང་བ་ལ་མཚོན་བྱེད་མིག་དར་འཆིང་བར་ཞུ། ཨོཾ་ཙཀྵུ་བྷནྡྷ་ཝ་ར་མ་ཎ་ཡེ་ཧཱུྃ། ཞེས་མིག་དར་བཅིངས། རིགས་ཀྱི་ལྷ་དང་དངོས་གྲུབ་ཀྱི་མཚན་མ་ངེས་པར་བྱ་བའི་ཕྱིར་མེ་ཏོག་པདྨའི་ཆུན་པོ་རེ་ཐོགས་པར་བསམ་ལ། ཨ་ཁྃ་ཝི་ར་ཧཱུྃ་གིས་མེ་ཏོག་བཀྱེ། མདུན་གྱི་ནམ་མཁར་བླ་མ་དང་གཉིས་སུ་མེད་པའི་སྐྱབས་ཡུལ་ནམ་མཁའ་གང་བར་བཞུགས་པའི་སྤྱན་སྔར་སྐྱབས་སུ་འགྲོ་བའི་འདུན་པས་འདིའི་རྗེས་ཟློས ན་མོ༔ གདོད་ནས་དག་པ་གཉུག་མའི་བབས༔ འོད་གསལ་འདུས་མ་བྱས་པའི་གདངས༔ འཕོ་འགྱུར་མེད་པ་དོན་གྱི་ལྷར༔ གཉིས་མེད་ངང་ནས་སྐྱབས་སུ་མཆི༔ ལན་གསུམ། ཡུལ་མཆོག་དེ་དག་གི་སྤྱན་སྔར་སྨོན་པ་དང་འཇུག་པའི་བདག་ཉིད་ཅན་གྱི་བྱང་ཆུབ་ཀྱི་མཆོག་ཏུ་སེམས་བསྐྱེད་པ་འདིའི་རྗེས་ཟློས༔ [5b] ཧོཿ མེད་བཞིན་སྣང་བ་འཁྲུལ་པའི་འགྲོ༔ རང་རིག་ཆེན་པོར་རོ་མཉམ་ཀྱང་༔ གསང་ཆེན་ཐབས་ཀྱིས་ཆོད་པ་རྣམས༔ ཡེ་ཤེས་དབྱིངས་སུ་འགོད་པར་བྱ༔ གསུམ། ཚོགས་བསགས་ཡན་ལག་བརྒྱད་པ་འདིའི་རྗེས་ཟློས། འཆི་མེད་ཚེ་ཡི་ལྷ་ཚོགས་ལ༔ དག་མཉམ་ཆེན་པོར་གུས་ཕྱག་འཚལ༔ ཡུལ་དབང་མཉམ་སྦྱོར་མཆོད་སྤྲིན་འབུལ༔ ཀུན་བརྟགས་འཁྲུལ་པ་དབྱིངས་སུ་བཤགས༔ བློ་བྲལ་ཟབ་མོར་རྗེས་ཡི་རངས༔ བདེ་ཆེན་བརྡ་ཡི་ཆོས་འཁོར་བསྐོར༔ འཕོ་བྲལ་ཆེན་པོར་བཞུགས་གསོལ་འདེབས༔ དགེ་ཚོགས་གཞོན་ནུ་བུམ་སྐུར་བསྔོ༔ ལན་གསུམ། དེ་ནས་ཀུན་རྫོབ་དོན་དམ་གྱི་སེམས་གསལ་གདབ་པ་ནི། ཁྱེད་རང་རྣམས་ཀྱི་སྙིང་གར་ཀུན་རྫོབ་བྱང་ཆུབ་སེམས་ཀྱི་ངོ་བོ་ཟླ་བའི་དཀྱིལ་འཁོར་ཉ་གང་བ། དེའི་སྟེང་དུ་དོན་དམ་བྱང་ཆུབ་སེམས་ཀྱི་རང་བཞིན་རྡོ་རྗེ་དཀར་པོ་རྩེ་ལྔ་པ་བསྒོམ་ལ། སྟོང་ཉིད་སྙིང་རྗེའི་སྙིང་པོ་ཅན་གྱི་སེམས་བཟུང་བ་འདིའི་རྗེས་ཟློས། ཨོཾ་སརྦ་ཡོ་ག་ཙིཏྟ་ཨུ་པ་དའ་ཡ་མིཿ ཞེས་ལན་གསུམ་རྗེས་ཟློས་བྱར་གཞུག །སྔགས་དེ་ཉིད་བརྗོད་བཞིན་དུ་རྡོ་རྗེ་སྙིང་གར་བཞག་སྟེ་བརྟན་པར་བྱ། གསང་སྔགས་དབང་གི་དམ་ཚིག་ཁོ་ན་ལ་རག་ལས་པས་དམ་ཚིག་གི་གནས་སུ་བཀོད་པ་ལ། རྡོ་རྗེའི་ཆུ་ནན་གྱི་ཁེ་ཉེན་བསྒྲགས་པ་ནི། མནའ་ཆུ་བླུད་ལ། [6a] ཧཱུྃ༔ འདི་ནི་དམ་ཚིག་རྡོ་རྗེའི་ཆུ༔ དམ་ཚིག་ཉམས་ན་སྲེག་པར་བྱེད༔ དམ་ཚིག་སྲུང་ན་དངོས་གྲུབ་ནི༔ རྡོ་རྗེ་བདུད་རྩིའི་ཆུ་འདིས་འགྲུབ༔ ཨོཾ་པཉྩ་ཨ་མྲྀ་ཏ་ཨུ་དཱ་ཀ་ཋ་ཋ་ཧཱུཾ། ཞེས་སྦྱིན། རྡོ་རྗེ་མགོར་བཞག་ལ། སློབ་དཔོན་བཀའ་གཉན་པར་གདམས་པ་ནི། བདག་ནི་རྡོ་རྗེ་སློབ་དཔན་ཏེ༔ ཁྱེད་ཀྱིས་ང་ལ་བརྙས་མ་བྱེད༔ གལ་ཏེ་བརྙས་པར་བྱེད་པ་ན༔ དམྱལ་བ་ཆེན་པོ་ལྟུང་ཏ་རེ༔ རྡོ་རྗེ་སྙིང་གར་བཞག་སྟེ་གསང་བ་མི་སྨྲ་བར་གདམས་པ་ནི། འདི་ནི་དམ་ཚིག་རྡོ་རྗེ་སྟེ༔ ཁྱེད་ཀྱི་སྙིང་ལ་ཡང་དག་ཞུགས༔ གལ་ཏེ་ཚུལ་འདི་སྨྲས་ན་ནི༔ དེ་མ་ཐག་ཏུ་དྲལ་ཏེ་གཤེགས༔ བཛྲ་ས་མ་ཡ་རཀྵནྟུ༔ དེ་ནས་ནང་འཇུག་གི་ཐོག་མར་ཡེ་ཤེས་པ་དབབ་པ་ནི། སློབ་མ་ལངས་ཏེ་རྐང་པ་གཤིབ། ལག་པ་སྤྱི་བར་ཐལ་མོ་སྦྱར། རླུང་བུམ་པ་ཅན་འཛིན་དུ་བཅུག །དམིགས་པ་འདི་ལྟར་གསལ་གདབ་བོ། །ལས་སྔགས་ཀྱིས་བསང་། སྭ་བྷཱ་ཝས་སྦྱང་། སྒོ་གསུམ་དངོས་འཛིན་མི་དམིགས་པར༔ སློབ་མ་དཔལ་ཆེན་ཧེ་རུ་ཀ༔ རྟ་མཆོག་རྒྱལ་པོར་གསལ་བ་ཡི༔ སྙིང་ཁར་ཆུ་སྐྱེས་ཉི་ཟླའི་དབུས༔ འཆི་མེད་ཡེ་ཤེས་ཚེ་དཔག་མེད༔ དེ་ཡི་ཐུགས་ཀར་མཁའ་འགྲོ་མ༔ གསང་བ་ཡེ་ཤེས་དམར་གསལ་མདངས༔ ཌཱ་རུ་དཀྲོལ་ཞིང་ཐོད་ཅང་བསྣམས༔ འོད་དམར་ཞགས་པས་བསྐོར་ [6b] བ་ཡི༔ གསང་བར་གཡུང་དྲུང་རིས་དམར་པོ༔ གཡོན་ཕྱོགས་དྲག་ཏུ་འཁོར་བ་ལས༔ མཁའ་འགྲོ་བདེ་བའི་གར་དང་སྒྲས༔ སྲས་བཅས་རྒྱལ་རྣམས་དབང་མེད་བཀུག༔ སློབ་མའི་ལུས་ལ་ཐིམ་པར་བསམ༔ སྤྲོ་ན་སྦྱིན་འབེབས་དབྱངས་དང་བཅས་གྱེར་བ་ནི། ཧཱུྃ༔ རང་བཞིན་གདོད་ནས་རྣམ་དག་པ༔ ཞི་བ་ཆེན་པོའི་བྱིན་ཕོབ་ཅིག༔ ལོངས་སྤྱོད་ཡོངས་རྫོགས་རོལ་པའི་སྤྲིན༔ བདེ་བ་ཆེན་པོའི་བྱིན་༴ སྣ་ཚོགས་འགྲོ་འདུལ་སྤྲུལ་པའི་གར༔ བསམ་མི་ཁྱབ་པའི་བྱིན་༴ ཧཱུྃ༔ ལྷོ་ནུབ་རྔ་ཡབ་སྤྲུལ་པའི་ཞིང་༔ འཆི་མེད་དག་པའི་གྲོང་ཁྱེར་ནས༔ བདེ་ཆེན་ཆོས་སྐུ་པདྨ་འབྱུང་༔ རབ་འབྱམས་ཚེ་ལྷའི་ཚོགས་དང་བཅས༔ མི་མངོན་དབྱིངས་ནས་སྐུར་བཞེངས་ཤོག༔ གསང་བའི་གནས་འདིར་བྱིན་ཆེན་ཕོབ༔ ཚེ་མདའ་འདི་ལ་ཚད་ཅིག་སྟོན༔ སྒྲུབ་རྫས་འདི་ལ་ཞག་ཅིག་བསྐྱིལ༔ འཆི་མེད་ཚེ་ཡི་དངོས་གྲུབ་སྩོལ༔ རྩ་སྔགས་མཐར། སྟྭམྦྷ་ཡ། སྟྭམྦྷ་ཡ། ར་ར། ར་ར། ཙ་ལ་ཡ། ཧྲིཾ་ཧྲིཾ། ཕེཾ་ཕེཾ། ཧཱུྃ་ཧ་ཨ་ཛྷཱེཿ ཞེས་དྲག་ཏུ་བརྗོད་ཅིང་རོལ་མོའི་སྒྲ་དལ་བྲེལ་སྤེལ་མ་དང་བཅས་ཏེ་ཡེ་ཤེས་འབེབས་པའི་རྫས་གཞུང་མཐུན་བདུག །ཡེ་ཤེས་ཕེབས་པའི་རྟགས་བྱུང་ན། དེ་ཉིད་བྱང་ཆུབ་སྙིང་པོའི་བར་བརྟན་པར་བསམ་ལ། ཏིཥྛ་བཛྲ་ཞེས་རྡོ་རྗེ་ [7a] མེ་ཏོག་དང་བཅས་པ་སྤྱི་བོར་བཞག །དེ་ནས་དཀྱིལ་འཁོར་ནང་དུ་གཞུག་པར་གསོལ་བ་གདབ་པ་འདིའི་རྗེས་ཟློས། ཀྱཻ་ཧོཿ རྣལ་འབྱོར་ཆེན་པོ་བདེ་བ་ཆེ༔ ཡེ་ཤེས་ཆེན་པོ་གསལ་བ་ཆེ༔ དཀྱིལ་འཁོར་ཆེན་པོ་བདག་འཚལ་ན༔ དཔའ་བོ་ཆེན་པོས་གནང་དུ་གསོལ༔ ལན་གསུམ། སློབ་དཔོན་གྱི་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་གསེར་གྱི་ཐུར་མ་ལྟ་བུ་འཕྲོས་མ་རིག་པའི་སྒྲིབ་གཡོགས་མིག་དར་དང་ལྷན་ཅིག་བསལ་བར་བསམ་ལ། ཨོཾ་བཛྲ་ཙཀྵུ་པྲ་ཝེ་ཤ་ཡ་ཕཊ། ཅེས་པས་མིག་དར་དབྱེ། ལྷ་ངོ་བསྟན་པ་ནི། འདི་ན་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཆེན་པོ་ཚད་དང་མཚན་ཉིད་ཐམས་ཅད་ཡོངས་སུ་རྫོགས་པའི་དབུས་སུ་པདྨ་འདབ་བརྒྱད་གེ་སར་དང་བཅས་པའི་ལྟེ་བར་ཉི་མ་དང་ཟླ་བའི་སྟེང་དུ་བདེ་བ་ཆེན་པོ་པདྨ་སམྦྷ་ཝ། གཟུངས་མ་མེ་ཏོག་མནྡྷ་ར་བ་དང་མཉམ་པར་སྦྱོར་བ། ཕྱོགས་མཚམས་ཀྱི་འདབ་མར་སྒེག་སོགས་མཆོད་པའི་ལྷ་མོ། སྒོ་མ། མགྱོགས་མ་བཞི་དང་བཅས་པ་དག་པ་རབ་འབྱམས་ལྷ་ཡི་དཀྱིལ་འཁོར་ཆེན་པོར་མངོན་སུམ་དུ་མཐོང་བའི་མོས་པ་གྱིས་ལ་དད་མོས་སྤྲོ་བ་རྒྱ་ཆེན་པོ་བསྐྱེད་ཅིང་། དེ་ནས་སྔར་བྱིན་པའི་མེ་ཏོག་དེ་ཉིད་རང་རིགས་ཀྱི་ལྷ་གང་ཡིན་པ་ལ་འབབ་པར་ཤོག་ཅིག་སྙམ་ [7b] པའི་མོས་པ་དང་བཅས་ཏེ་ཚིག་འདིའི་རྗེས་ཟློས་གྱིས་ལ་ཚོམ་བུའི་དཀྱིལ་འཁོར་དུ་འདོར་བར་ཞུ། ཧོཿ སྔོན་ནས་འབྲེལ་བའི་ལྷ་མཆོག་ལ། །རིག་པའི་མེ་ཏོག་འདི་དོར་བས། །སྔོན་ནས་ལས་འཕྲོ་གང་ཡོད་པའི། །ཡི་དམ་ལྷ་ལ་བབས་པར་ཤོག །པུཥྤེ་པྲ་ཏཱིཙྪ་གྲྀ་ཧྣ་ཧོཿ ཞེས་པས་མེ་ཏོག་དོར་ལ་རིགས་བརྟག །མེ་ཏོག་རང་རིགས་ཀྱི་ལྷས་བཟུང་སྟེ་དངོས་གྲུབ་ཅོད་པན་གྱི་ཚུལ་དུ་སྤྱི་བོར་བཅིངས་པར་མོས་ལ། ཨོཾ་པྲ་ཏི་གྲིཧྣ་སྟྭཾ་ཨི་མཾ་སཏྭ་མ་ཧཱ་བཱ་ལ། ཞེས་མེ་ཏོག་སྤྱི་བོར་བཀོད། དེ་དག་གིས་འཇུག་པའི་ཆོས་འཁོར་དང་བཅས་པ་གྲུབ་ནས། གཉིས་པ་ཞུགས་ནས་མངོན་པར་དབང་བསྐུར་བ་ལ། ཐོག་མར་སྤྲོས་བཅས་བུམ་པའི་དབང་གསན་པའི་ཆེད་དུ་མཎྜལ། གསོལ་བ་འདེབས་པ་འདིའི་རྗེས་ཟློས། བྱང་ཆུབ་རྡོ་རྗེའི་སངས་རྒྱས་ལ། །སོགས་གསུམ། དེ་ནས་སློབ་དཔོན་དཀྱིལ་འཁོར་གྱི་གཙོ་བོར་གསལ་བའི་ཐུགས་ཀ་ནས་འོད་ཟེར་འཕྲོས། གདན་གསུམ་ཚང་བའི་དབང་གི་ལྷ་ཚོགས་ནམ་མཁའ་གང་བར་སྤྱན་དྲངས། དེ་རྣམས་ཀྱི་ཕྱག་ན་རིན་པོ་ཆེའི་བུམ་པ་བདུད་རྩིའི་ཆུ་རྒྱུན་གྱིས་གང་བ་ཐོགས་ཏེ་མངོན་པར་དབང་བསྐུར་བར་བསམ་ལ། ཧཱུྃ༔ བུམ་པ་ཟླུམ་པོ་ཆོས་སྐུའི་གཞལ་ཡས་ཁང་༔ བུམ་རྫས་སྣང་བ་ལོངས་སྤྱོད་ [8a] རྫོགས་པའི་དཔལ༔ གཉིས་མེད་ཟུང་འཇུག་འཆི་མེད་བདུད་རྩིའི་ཆུས༔ སྐལ་ལྡན་རིགས་ཀྱི་བུ་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་དག་ཕུང་ཁམས་ལྷ་སྐུར་སྨིན༔ རིགས་ལྔ་རྒྱལ་བའི་དབང་མཆོག་ཡོངས་རྫོགས་ཏེ༔ རྣམ་སྨིན་རིག་འཛིན་ས་བོན་ཉེར་ཐེབ་ཤོག༔ བུདྡྷ་ཀཱ་ལ་ཤ་ཨ་བྷི་ཥིཉྩ་ཧཱུྃཿ བཛྲ༴ རཏྣ༴ པདྨ༴ ཀརྨ༴ ཞེས་སྦྱར་ལ་མགོ་བོའི་གནས་ལྔར་བཞག་ཅིང་དབང་བསྐུར་ཏེ་བུམ་ཆུ་ངག་ཏུ་བླུད། དེའི་རྗེས་འབྲེལ་དུ་སྐུ་གསུང་ཐུགས་ཀྱི་དབང་བསྐུར་བ་ལ། དང་པོ་ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བ་ནི། དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་ཀྱི་སྐུ་ལས་ཡེ་ཤེས་ཀྱི་སྐུ་གཉིས་པ་རེ་སྤྲོས་ཏེ་ཁྱེད་རང་རྣམས་ཀྱི་དཔྲལ་བར་ཐིམ་པས་རྡོ་རྗེ་སྐུ་ཡི་བྱིན་རླབས་ལུས་ལ་ཞུགས་པར་མོས་ཤིག །ཨོཾ་ཨཱཿཧཱུཾ༔ ཆོས་སྐུ་སྟོང་གསལ་མ་བཅོས་སྤྲོས་དང་བྲལ༔ ལོངས་སྐུ་གསལ་ལ་མ་འདྲེས་གུ་རུའི་སྐུ༔ སྤྲུལ་སྐུ་སྣ་ཚོགས་ཐབས་ཀྱིས་འགྲོ་དོན་མཛད༔ སྔོན་ཚེ་པད་འབྱུང་ཁྱེད་དང་སྨོན་ལམ་གཅིག༔ ད་ལྟ་བདག་དང་སློབ་མའི་སྟངས་བཟུང་སྟེ༔ སྲོག་གི་ཕྱིར་ཡང་མི་གཏོང་སྒྲུབ་ལགས་ན༔ ཡེ་ཤེས་རབ་འབྱམས་དབང་མཆོག་བསྐུར་དུ་གསོལ༔ ཀཱ་ཡ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ༔ གཉིས་པ་གསུང་བཟླས་པ་སྔགས་ [8b] ཀྱི་ལུང་བླང་བ་ནི། ལྷ་ཚོགས་རྣམས་ཀྱི་མགྲིན་པ་ནས་སྔགས་ཀྱི་ཕྲེང་བ་དཔག་ཏུ་མེད་པ་བྱུང་ཁྱེད་རང་རྣམས་ཀྱི་མགྲིན་པར་ཐིམ་པས་གསུང་གི་བྱིན་རླབས་རྒྱུད་ལ་ཞུགས་པར་བསམ་ལ། ཕྲེང་བ་སྦྲེལ་ཏེ་རྩ་སྔགས་ལན་གསུམ་རྗེས་ཟློས་བྱར་བཞུག །དེ་བརྟན་པར་བྱ་བའི་སླད་དུ་སྔགས་ཕྲེང་མགྲིན་པར་བཞག་སྟེ་དབང་བསྐུར་བར་བསམ་ལ། ཨཱཿ བརྗོད་པ་ཀུན་གྱི་གཞི་རུ་གནས་གྱུར་པའི༔ ངག་ལ་རྡོ་རྗེའི་སྔགས་ཀྱི་དབང་བསྐུར་བས༔ གྲགས་སྟོང་རྡོ་རྗེའི་རོལ་མོར་འབྱམས་ཀླས་པ༔ མི་འགགས་གསུང་གི་དབང་མཆོག་ཐོབ་པར་ཤོག༔ ཝཱ་ཀ་བཛྲ་ཨ་བྷི་ཥིཉྩ་ཨཱཿ ཐུགས་འོད་གསལ་གྱི་དགོངས་པ་ངོ་སྤྲད་པའི་སླད་དུ་དྭངས་གསལ་མེ་ལོང་སྙིང་གར་བཞག་སྟེ། སྤྲོས་བྲལ་དོན་གྱི་ཡེ་ཤེས་རྒྱུད་ལ་འཕོས་པའི་མོས་པ་མཛོད་ཅིག །ཧཱུྃ༔ མ་བཅོས་སྤྲོས་དང་བྲལ་བའི་རང་རིག་པ༔ འོད་གསལ་ཀ་ནས་དག་པ་གདོད་མའི་གཤིས༔ ཡེ་གྲོལ་ལྷུན་འབྱམས་དགོངས་པའི་དྲོད་གཏད་པས༔ མི་ཤིགས་ཐུགས་ཀྱི་དབང་མཆོག་ཐོབ་པར་ཤོག༔ ཙིཏྟ་བཛྲ་ཨ་བྷི་ཥིཉྩ་ཧཱུྃ། དེ་ལྟར་རྡོ་རྗེའི་སྐུ་གསུང་ཐུགས་སུ་ལྷུན་གྱིས་གྲུབ་པ་ལ་སྒེག་སོགས་མཆོད་པའི་ལྷ་མོ་ལས། རང་སྣང་གི་སྐུ་གཉིས་པ་རེ་འཕྲོས་ཏེ་འདོད་ཡོན་གྱི་རོལ་པས་མངའ་ [9a] གསོལ་བའི་མོས་པ་མཛོད་ཅིག༔ ཏྲཱྃཿ དགའ་བ་བཞི་དང་སྟོང་པ་བཞི༔ ལྷ་ཡི་ཕྱག་རྒྱར་ཡོངས་ཤར་བའི༔ སྒེག་སོགས་མཆོད་པའི་ལྷ་མོ་ཡི༔ ཡོན་ཏན་རབ་འབྱམས་མཆོག་དབང་བསྐུར༔ ཨོཾ་བཛྲ་ལཱ་སྱ༴ མཱ་ལྱ་སོགས། ཨ་ཧཱུྃ་བརྗོད་ཅིང་མངའ་གསོལ། དེ་ནས་རྡོ་རྗེ་དྲིལ་བུ་ལག་ཏུ་གཏད་ཅིང་བདག་པོ་ཆེན་པོའི་དབང་བསྐུར་བ་ནི། ཧཱུྃ༔ ཁྱོད་ནི་རྡོ་རྗེ་སློབ་དཔོན་ཏེ༔ ལས་རྣམས་མ་ལུས་ཀུན་བྱོས་ཤོག༔ སྐུ་གསུང་ཐུགས་ཀྱི་དམ་བཟུང་ལ༔ ཁམས་གསུམ་དག་པའི་ས་ལ་སྐྱོལ༔ བཛྲ་ཀཱ་ཝཱ་ཙི་ས་མ་ཡ་བོ་ངྷི་ཙིཏྟ་ཨཱཿ སྐུ་གསུང་ཐུགས་ཀྱི་དམ་ཚིག་སྦྱིན། དཀྱིལ་འཁོར་གྱི་ཕྲིན་ལས་སྒོ་མའི་སྐུ་ལས་སྐུ་གཉིས་པ་རེ་འཕྲོས་ཏེ་ཁྱེད་རང་རྣམས་ཀྱི་ལག་ཏུ་གཏད་པས་ལས་བཞིའི་ཕྲིན་ལས་ལྷུན་གྱིས་གྲུབ་པར་བསམ་ལ། ཧཱུྃ༔ ཚད་མེད་བཞི་པོ་གནས་དག་པའི༔ མི་ཤིགས་སྤྲུལ་པའི་སྒོ་མ་བཞི༔ ལྷ་སྐུ་ཕྱག་རྒྱའི་དབང་བསྐུར་བས༔ ཕྲིན་ལས་རབ་འབྱམས་དབང་ཐོབ་ཤོག༔ ཛཿཧཱུཾ་བཾ་ ཧོཿ ཨ་བྷི་ཥིཉྩ་ཧཱུྃ༔ དེ་དག་གིས་མཚན་མ་རྫས་ཀྱི་དཀྱིལ་འཁོར་དུ་སྤྲོས་བཅས་བུམ་པའི་དབང་བསྐུར་བ་ཐོབ། ལུས་ཀྱི་སྒྲིབ་པ་དག །ལམ་སྣང་སྟོང་ཆུ་ཟླ་ལྟ་བུ་ལྷ་ཡི་བསྐྱེད་རིམ་སྒོམ་པ་ལ་དབང་། རྣམ་སྨིན་རིག་ [9b] འཛིན་གྱི་ས་བོན་ཐེབ། འབྲས་བུ་སྤྲུལ་པའི་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པ་ཡིན་ནོ། །དེ་ལྟར་བུམ་པའི་དབང་བསྐུར་བ་དང་འབྲེལ་བའི་ལམ་སྣང་སྟོང་ཆུ་ཟླ་ལྟ་བུའི་བསྐྱེད་རིམ་བསྒོམ་པའི་ཚུལ་ཡང་རྡོ་རྗེའི་རྒྱུད་ཀྱི་ཚིག་དོན་ལ་གསན་པས་ཁྱབ་པར་གདའ། ཞེས་བརྗོད་ལ་རྩ་བའི་རྒྱུད་ཀྱི་ལེའུ་གཉིས་པའི་བར་ཚང་བར་བརྗོད། དེ་ནས་ཟུར་གསལ་ཐུན་མོང་ཚེ་ཡི་དབང་བསྐུར་སྐབས་འདིར་བྱ། གཉིས་པ་སྤྲོས་མེད་གསང་བའི་དབང་བསྐུར་བ་ནི་བླ་མ་ལོངས་སྤྱོད་ཡོངས་རྫོགས་ཚེ་མཐའ་ཡས་པའི་སྤྱན་སྔར་བཅུ་གསུམ་ལོན་པའི་རིག་མ་རྒྱན་དང་ལྡན་པ་དང་། གསེར་ལ་སོགས་པའི་མཎྜལ་ཕུལ་བར་མོས་ལ་ཞིང་ཁམས་འབུལ་དུ་གཞུག །ཐལ་མོ་སྙིང་གར་སྦྱར་ཏེ་གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོཿ ངོ་མཚར་རྨད་དུ་བྱུང་བ་ཡི༔ རྡོ་རྗེ་བདུད་རྩི་དྲི་མེད་མཆོག༔ མ་རིག་ཉེས་པ་འཇོམས་བྱེད་པ༔ གསང་བའི་དམ་པ་བདག་ལ་སྩོལ༔ ལན་གསུམ། དེ་ནས་བླ་མ་པདྨ་འབྱུང་༔ རིག་མ་བདེ་ཆེན་མནྡྷར༔ མཉམ་སྦྱོར་དགའ་བའི་སྒྲ་དང་ནི༔ བདེ་བའི་འོད་ཀྱིས་སད་བྱས་པའི༔ ཕྱོགས་བཅུའི་རྒྱལ་བ་མ་ལུས་པ༔ ཞལ་ཞུགས་སྐུ་ཡི་དབྱིབས་བརྒྱུད་ནས༔ མཁའ་གསང་པདྨོ་བདེ་ཆེན་པོར༔ དཀར་མར་འདྲེས་པའི་བྱང་སེམས་ཀྱི༔ རྣམ་ [10a] པར་འོད་ཞུ་འཁྱིལ་བ་ཉིད༔ ཡུམ་གྱི་མཁའ་ལས་ལྕེ་ཡིས་བླངས༔ ཞེས་མོས་ལ། ཀཱ་པ་ལའི་བདུད་རྩི་ལྕེ་ཐོག་ཏུ་བཞག་ལ། ཨེ་མ་ཧོཿ འདི་ནི་སངས་རྒྱས་ཐམས་ཅད་ཀྱི༔ གསང་གསུམ་ལས་བྱུང་རྡོ་རྗེའི་ཆུ༔ མྱང་བས་མ་རིག་ཉེས་པ་འཇོམས༔ ཚེ་ལ་དབང་བའི་རིག་འཛིན་འགྲུབ༔ ཨ་ཧོ་མ་ཧཱ་སུ་ཁ་སིདྡྷི་ས་མ་ཡ༔ དེ་ལྟར་གསང་བའི་དབང་བསྐུར་བས། ངག་གི་སྒྲིབ་པ་དག །བདག་བྱིན་གྱིས་བརླབ་པའི་རྣལ་འབྱོར་བསྒོམ་པ་ལ་དབང་། ཚེ་དབང་རིག་འཛིན་གྱི་ས་བོན་ཐེབ། ལོངས་སྤྱོད་རྫོགས་པའི་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པར་མོས་ཤོག །དེ་ལྟར་གསང་བ་དང་འབྲེལ་བའི་ལམ་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་བསྒོམ་པའི་ཚུལ་ཡང་འདི་ལ་གསན་པས་ཁྱབ་པར་གདའ། ཞེས་བརྗོད་ལ་ལེའུ་གསུམ་པ་ཡན་རྫོགས་པར་འདོན། གསུམ་པ་ཤིན་ཏུ་སྤྲོས་མེད་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བ་ལ། བླ་མ་འཆི་མེད་ཆོས་སྐུའི་རང་བཞིན་གསལ་བའི་སྤྱན་སྔར་བཅུ་དྲུག་ལོན་པའི་རིག་མ་རྒྱན་གྱིས་སྤྲས་པ་དང་། གསེར་གཡུའི་མཎྜལ་འབུལ་བར་བསམ་ལ་ཞིང་ཁམས་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཨེ་མ་ཧོཿ རབ་ཏུ་ཞི་བའི་བདག་ཉིད་ཀྱི༔ སྐུ་གསུམ་ཐུགས་ཀྱི་ཕྱག་རྒྱ་ནི༔ [10b] རྡོ་རྗེ་སྦྱོར་ལས་ཡང་དག་བྱང་༔ མངའ་བདག་ཆེན་པོས་བདག་ལ་སྩོལ༔ ལན་གསུམ། མཚན་ཉིད་ལྡན་པའི་རིག་མ་ནི༔ སངས་རྒྱས་མ་ལུས་པང་བཀོད་དེ༔ ཡང་དག་ཐར་པ་བརྟེན་པའི་ཕྱིར༔ སྙིང་གི་བུ་ལ་གདམས་པར་བྱ༔ དངོས་སམ་རིག་ཙཀ་གཏད་ལ། ཨོཾ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱང་༔ ཐབས་འདིར་བརྟེན་ནས་རྫོགས་སངས་རྒྱས༔ ཕྱག་རྒྱ་ཆེན་པོའི་རིག་འཛིན་འགྲུབ༔ རྨོངས་པ་གང་ཞིག་འདི་སྤོང་བ༔ དེ་ལ་མཆོག་གི་དངོས་གྲུབ་མེད༔ གཟུངས་མ་ཡིད་འོང་ཉམས་དགའ་བ༔ བརྟེན་བྱར་སངས་རྒྱས་རྣམས་ཀྱིས་བསྔགས༔ འཁོར་ལོ་གནས་བཞིའི་དགའ་བ་ཆེ༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ བྷཉྫ་མོ་ཀྵ་ཧོཿ ཞེས་གཏད་པས་རིག་མ་དེས་གསང་བའི་གནས་ལ་སྤྲོ་བ་དྲི་བ་ནི། འདི་ལ་གསན་པས་ཁྱབ་སྟེ། བུད་མེད་རྣམས་ལ་རབ་གུས་ཤིང་༔ གཤང་ལྕི་ཁུ་ཁྲག་ལ་སོགས་བཟའ༔ པདྨོར་བདེ་བའི་འོ་བྱེད་པར༔ བུ་ཁྱོད་ཅི་དགར་སྤྲོའམ་སྨྲོས༔ ལན་གདབ་པ་འདིའི་རྗེས་ཟློས། གཤང་ལྕི་ལ་སོགས་དང་བས་ཟ༔ བུད་མེད་རྣམས་ལ་རྟག་པར་གུས༔ བྷ་གའི་པདྨོར་འོ་བྱེད་པར༔ བདག་ནི་ཅི་དགར་སྤྲོ་ལགས་སོ༔ དེ་ནས་ལྷ་མོ་དེས་དབྱིངས་ཕྱུག་གསང་བའི་རྩ་བསྟན་ཏེ། ང་ [11a] ཡི་བྷ་ག་གསང་ཆེན་འདི༔ སངས་རྒྱས་ཀུན་གྱི་བཞུགས་གནས་ཡིད༔ དབབ་བཟུང་ལྡོག་ཁྱབ་སྦྱོར་བ་ཡིས༔ བདེ་ཆེན་ཆོས་ཉིད་རྟོགས་པར་གྱིས༔ ཞེས་པས་པང་དུ་འཁོད་པ་ལ། སློབ་མ་བདེ་བ་ཆེན་པོ་པདྨ་སམྦྷ་ཝ། རིག་མ་ལྷ་ལྕམ་མནྡྷ་ར་བ། མཁའ་གསང་རྡོ་རྗེ་དང་པདྨ། ཐབས་འདི་ལ་བརྟེན་ནས་རང་གནས་ཀྱི་ཡེ་ཤེས་མངོན་དུ་བྱའོ་སྙམ་པས་སྙོམས་པར་ཞུགས་པར་བསམ་ལ། ཨོཾ་སརྦ་ཏ་ཐཱ་ག་ཏ་མ་ཧཱ་ཨ་ནུ་རཱ་ག་ན་བཛྲ་སྭ་བྷཱ་ཝ་ཨཱཏྨ་ཀོཉཧཾཿ ཞེས་སྙོམས་པར་ཞུགས་པས་དགའ་བྲལ་གྱི་རང་ངོ་བསྐང་དུ་གཞུག །དེ་ལྟར་ཤེས་རབ་ཡེ་ཤེས་ཀྱི་དབང་བསྐུར་བས། ཡིད་ཀྱི་དྲི་མ་དག །ལམ་གཞན་ལུས་ཕོ་ཉའི་རྣལ་འབྱོར་བསྒོམ་པ་ལ་དབང་། ཕྱག་ཆེན་རིག་འཛིན་གྱི་ས་བོན་ཐེབ། འབྲས་བུ་ཆོས་སྐུ་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པར་བསམ། དེ་ལྟར་དབང་བསྐུར་བ་དང་འབྲེལ་བའི་ལམ་གྱི་རིམ་པ་གཞན་ལུས་བདེ་བ་ཆེན་པོའི་རྣལ་འབྱོར་བསྒོམ་པ་ཡང་འདི་ལ་གསན་པར་གདའ། ཞེས་བརྗོད་ལ། སླར་ཡང་ཟུང་འཇུག་སོགས་ནས། བཞི་པ་རྫོགས་སོ༔ ཞེས་པའི་བར་བརྗོད། དེ་ནས་བཞི་པ་རབ་ཏུ་སྤྲོས་མེད་དེ་ཁོ་ན་ཉིད་ཀྱི་དབང་བསྐུར་ཞུ་བའི་སླད་དུ་བླ་མ་ཀུན་ཏུ་བཟང་པོ་ངོ་བོ་ཉིད་སྐུའི་སྤྱན་སྔར་བུ་དང་། ཆུང་མ། [11b] རིན་པོ་ཆེ་དང་། ནོར་སོགས་པ་གཅེས་རྒུའི་བདོག་པ་འབུལ་བའི་མོས་པས་མཎྜལ་འབུལ་དུ་གཞུག །གསོལ་བ་འདེབས་པ་འདིའི་རྗེས་ཟློས། ཧེ་མ་ཧོཿ ཀུན་ཏུ་བཟང་པོ་ཆེ་བའི་མཆོག༔ སངས་རྒྱས་ཀུན་གྱི་བདག་ཉིད་ཆེ༔ དཀྱིལ་འཁོར་གཙོ་བོའི་བཀའ་དྲིན་གྱིས༔ རབ་ཏུ་སྤྲོས་མེད་དབང་བསྐུར་སྩོལ༔ ལན་གསུམ། དེ་ནས་བརྒྱུད་གསུམ་རིག་འཛིན་བླ་མ་ལ་གསོལ་བ་འདེབས་པ་འདི་རྩེ་གཅིག་པའི་ཡིད་ཀྱིས་གནང་བར་ཞུ། ཨོཾ་ཨཱཿཧཱུྃ༔ ཀ་དག་ཆོས་དབྱིངས་ཞིང་ཁམས་ན༔ ཆོས་སྐུ་ཀུན་ཏུ་བཟང་པོ་དང་༔ དབྱེར་མེད་རྩ་བའི་བླ་མ་ལ༔ དགོངས་བརྒྱུད་དག་པའི་འཁོར་གྱིས་བསྐོར༔ རྣལ་འབྱོར་གདུང་བས་གསོལ་བ་འདེབས༔ ཀ་དག་གཞི་ཐོག་ཕེབས་པ་ཡི༔ འོད་གསལ་དགོངས་པས་བྱིན་གྱིས་རློབས༔ ཡོན་ཏན་ལྷུན་རྫོགས་ཞིང་ཁམས་ན༔ ལོངས་སྐུ་རིགས་ལྔའི་སངས་རྒྱས་དང་༔ དབྱེར་མེད་རྩ་བའི་བླ་མ་ལ༔ བརྡའ་བརྒྱུད་རིག་པའི་འཁོར་གྱིས་བསྐོར༔ རྣལ་འབྱོར་གདུང་བས་༴ ཀ་དག་གཞི་ཐོག་༴ འོད་གསལ་དགོངས་པས་༴ གང་འདུལ་རོལ་པའི་ཞིང་ཁམས་ན༔ སྤྲུལ་སྐུ་རིགས་གསུམ་མགོན་པོ་དང་༔ དབྱེར་མེད་རྩ་བའི་བླ་མ་ལ༔ སྙན་བརྒྱུད་སྤྲུལ་པའི་འཁོར་གྱིས་བསྐོར༔ རྣལ་འབྱོར་གདུང་ [12a] བས་༴ ཀ་དག་གཞི་ཐོག་༴ འོད་གསལ་དགོངས་པས་༴ ལངྐ་དཔལ་གྱི་གྲོང་ཁྱེར་ཆེ༔ བདེ་ཆེན་པདྨ་འོད་ཞིང་ན༔ རྩ་གསུམ་ཀུན་འདུས་པདྨ་འབྱུང་༔ དབྱེར་མེད་རྩ་བའི་བླ་མ་ལ༔ རིག་འཛིན་གྲུབ་ཐོབ་རྒྱ་མཚོས་བསྐོར༔ རྣལ་འབྱོར་གདུང་བས་༴ ཀ་དག་གཞི་ཐོག་༴ ལུས་ལ་སྐུ་ཡིས་བྱིན་གྱིས་རློབས༔ རྡོ་རྗེའི་སྐུ་རུ་འགྲུབ་པར་མཛོད༔ ངག་ལ་གསུང་གིས་༴ འགགས་མེད་ནཱ་དར་༴ ཡིད་ལ་ཐུགས་ཀྱིས་༴ འོད་གསལ་ཐུགས་སུ་༴ ཨོཾ་ཨཱཿཧཱུྃ་གུ་རུ་ངྷེ་ཝ་ཌཱཀྐི་ནི་སརྦ་མཎྜལ་བཛྲ་ས་མ་ཡ་ཛཿ སིདྡྷི་ཕ་ལ་ཧཱུྃ་ཧཱུྃ་ཨ་ཨཱཿ ཞེས་པས་བྱིན་དབབ། དེ་ནས་སློབ་མ་རྣམ་སྣང་གི་ཆོས་བདུན་བཅས་ལ་སེམས་དུས་གསུམ་སྤྲོས་པ་བཅད་ལ། བླ་མས་ཕཊ་དྲག་པོ་ཞིག་བརྗོད་རྗེས། སེམས་གང་ཡིན་ཞེས་ལན་གསུམ་ཏབ་ཏབ་ཏུ་དྲིས་པས། སྨྲ་བསམ་བརྗོད་དུ་མེད་པའི་དོན་མངོན་དུ་གྱུར་པ་ལ་ངོ་སྤྲད་པ་ནི། ཨེ་མ་ཧོཿ རང་བྱུང་རིག་པའི་སྐྱེས་བུ་ཉོན༔ བཞི་ཆ་སུམ་བྲལ་གདོད་མའི་གཤིས༔ ཀུན་ལ་ཁྱབ་པ་ནམ་མཁའ་བཞིན༔ སྨྲར་མེད་མྱོང་བའི་བདག་ཉིད་ཅན༔ སྟོང་དང་མི་སྟོང་བློ་ལས་འདས༔ མཐའ་བརྒྱད་གྲུབ་མཐའ་མ་རེག་པ༔ ཡིད་དཔྱོད་འཛིན་པའི་འཕྲང་ལས་གྲོལ༔ འདི་ནི་མཆོག་གི་རྡོ་རྗེ་སྟེ༔ ཟབ་མོའི་དོན་འདི་སུས་བསྒོམ་པ༔ སངས་ [12b] རྒྱས་གཅེར་མཐོང་ཨེ་མ་ཧོཿ ལྷུན་གྲུབ་རིག་འཛིན་གོ་འཕང་ཐོབ༔ ཡེ་ཤེས་བླ་མའི་ས་ནོན་གྱུར༔ དེའི་རྗེས་འབྲེལ་དུ་ཀ་དག་རིག་པ་རྩལ་གྱི་ལམ་རིམ་ནི་འདི་ལ་གསན་པས་ཁྱབ་པར་གདའ། སླར་ཡང་སོགས། ལྔ་པ་རྫོགས་སོ༔ ཞེས་པའི་བར་བརྗོད། དེ་ནས་ལྷུན་གྲུབ་ཀྱི་དགོངས་ཉམས་ངོ་སྤྲད་པ་ནི། ཤེལ་དང་རྨ་བྱའི་མདངས་སྒྲོ་བསྟན་ཏེ། གཞིར་གནས་ཀུན་ཏུ་བཟང་པོ་ཉིད༔ བཞུགས་སྟངས་གསུམ་དང་གཟིགས་སྟངས་གསུམ་༔ ལྷུན་གྲུབ་དག་པའི་གནད་ལྡན་པས༔ ཙཀྵུའི་ལམ་དུ་མངོན་སུམ་མཐོང་༔ སྣང་བ་བཞི་པོ་མཐར་ཕྱིན་ནས༔ ཟག་མད་འོད་ལུས་འགྲུབ་པར་འགྱུར༔ ཞེས་བརྗོད། དེ་ལྟར་ལྷུན་གྲུབ་ཀྱི་ལམ་ལས་སྣང་བ་བཞིའི་ལམ་མཐར་ཕྱིན་པའི་གནད་ལ་གོམས་པའི་ཚུལ་ཡང་འདི་ལ་གསན་པས་ཁྱབ་སྟེ། སླར་ཡང་འོད་གསལ་སོགས་ནས་རྫོགས་པར་བཀླག །དེ་དག་གི་ཚིག་ལས་འདས་པ་དོན་དམ་གྱི་དབང་ཐོབ། སྙོམས་འཇུག་གི་སྒྲིབ་པ་དག །ཀ་དག་དང་ལྷུན་གྲུབ་ཀྱི་ལམ་བསྒོམ་པ་ལ་དབང་། ལྷུན་གྲུབ་རིག་འཛིན་གྱི་ས་བོན་ཐེབ། ཡེ་ཤེས་བླ་མའི་ས་ནོན། འབྲས་བུ་ངོ་བོ་ཉིད་སྐུའི་གོ་འཕང་རྒྱུད་ལ་བཞག་པར་བསམ་མོ། དེ་ལྟར་དབང་བསྐུར་ཡོངས་སུ་རྫོགས་པ་ལ་ནམ་མཁའ་གང་བའི་རྩ་གསུམ་རྒྱལ་བ་རབ་འབྱམས་ [13a] རྣམས་ཀྱི་ཤིས་པ་བརྗོད་པས་མངའ་གསོལ་ཞིང་རྡོ་རྗེའི་བདེན་ཚིག་གི་མེ་ཏོག་ཆར་དུ་བསྙིལ་བས་དབང་དོན་གྱི་ཡེ་ཤེས་རྒྱུད་ལ་བརྟན་པར་མོས་ཤིག །ཅེས་བརྗོད་ལ་ཞལ་ནས་གསུངས་པའི་བཀྲ་ཤིས་ཀྱིས་ཐོག་དྲངས། ཨོཾ་ཨཱཿཧཱུྃ༔ ངོ་བོ་སྟོང་ཞིང་སོགས་བརྗོད། གསུམ་པ་རྗེས་ཀྱི་བྱ་བ་ནི། དེ་དག་གི་སྒོ་ནས་བདེ་བ་ཆེན་པོ་པདྨ་སམྦྷ་ཝའི་དཀྱིལ་འཁོར་དུ་སྨིན་བྱེད་ཀྱི་དབང་བསྐུར་བའི་རིམ་པ་ཟབ་མོ་ལེགས་པར་ཕུལ་གྲུབ་པས་སྐབས་སུ་ཐོབ་པའི་དམ་ཚིག་དང་སྡོམ་པ་ཞལ་གྱིས་བཞེས་པ་འདིའི་རྗེས་ཟློས། གཙོ་བོས་ཇི་ལྟར༴ ལན་གསུམ། དབང་བསྐུར་ལེགས་པར་ཐོབ་པའི་བཀའ་དྲིན་གཏང་རག་གི་སླད་དུ་མཎྜལ། ལུས་ལོངས་སྤྱོད་འབུལ་བ་འདིའི་རྗེས་ཟློས། དེང་ནས་བརྩམས་ཏེ་སོགས་བརྗོད། དགེ་བསྔོ་སྤྱི་ལྟར་བྱ། དེ་ནས་སློབ་དཔོན་གྱིས་ཚོགས་ལ་རོལ་བ་སོགས་ལས་བྱང་མཐར་དབྱུང་བས་འགྲུབ་བོ། །གསུང་གི་རྡོ་རྗེ་པདྨ་སམྦྷ་ཝའི། །གསང་གསུམ་ནུས་བཅུད་སྨིན་བྱེད་བུམ་པ་བཟང་། །མཚམས་སྦྱོར་རིན་ཆེན་དྲྭ་བས་མཛེས་བྱས་པས། །འགྲོ་ཀུན་སྐུ་བཞིའི་གོ་འང་ཐོབ་གྱུར་ཅིག །ཅེས་པའང་དད་ཤེས་ཀྱི་ནོར་ཅན་ཐུབ་བསྟན་འཇིགས་མེད་ཀྱིས་བསྐུལ་བ་དང་། མཚུངས་མེད་མཆོག་གི་སྤྲུལ་པའི་སྐུ་གང་གི་ཐུགས་ཀྱི་བཞེད་པ་སྐོང་བའི་སླད་དུ། བདུད་འཇོམས་ནམ་མཁའི་རྡོ་རྗེས་ངག་ནས་སྨྲས་རིམ་བཞིན་བློ་གསལ་དགེ་སློང་གྲགས་པ་བསྟན་བཟང་གིས་བྲིས་པ་དགེ་ཞིང་བཀྲ་ཤིས་པར་གྱུར་ཅིག། །།