པད་གླིང་འཁྲུངས་རབས་རྟོགས་བརྗོད་དད་པའི་མེ་ཏོག་གི་ཁ་སྐོང་མོས་པའི་ཟེའུ་འབྲུ།

From Dudjom Wiki
DJYD-KABUM-24-YA-026
Wylie title pad gling 'khrungs rabs rtogs brjod dad pa'i me tog gi kha skong mos pa'i ze'u 'bru DJYD-KABUM-24-YA-026.pdf
Location bdud 'joms rin po che bka' 'bum
Volume 24, Text 26, Pages 301-330 (Folios 1a1 to 15b4)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Pad gling 'khrungs rabs rtogs brjod dad pa'i me tog gi kha skong mos pa'i ze'u 'bru. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 24: 301-330. Kalimpong: Dupjung Lama, 1979-1985.
Side notes Recto: rtogs brjod   Verso: pad gling 'khrungs rabs kha skong
More details More details
Associated People (pad+ma gling pa)
Genre Autobiographies - Expressions of Realization - rtogs brjod  ·  Past Life Narratives - skye rabs - 'khrungs rabs
Colophon

།ཅེས་པད་གླིང་འཁྲུངས་རབས་རྟོགས་བརྗོད་ཀྱི་ཁ་སྐོང་ཅུང་ཟད་གསལ་བར་བྱས་པ་འདིའང་། སྔ་སོར་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་གི་བླ་གྲྭ་ལྷན་ནས་སྐུ་ཕྲེང་གསུམ་གྱི་མཛད་རྣམ་ཧྲོབ་བསྡུས་རྩོམ་གཞིའི་ཟིན་བྲིས་དང་བཅས་གོ་བདེའི་བསྒྲིག་རྩོམ་དགོས་ཚུལ་གྱི་གསུང་བསྐུལ་ཡང་ནས་ཡང་དུ་གནང་ཡང་ཟིན་མེད་རྣམ་གཡེང་གི་ཁོལ་པོར་འཕྱན་ཏེ་རིམ་ལུས་སུ་གྱུར་པ། ད་ཆ་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་མཆོག་ནས་ཆོས་རྒྱུན་མི་ཉམས་གོང་འཕེལ་གྱི་བཙས་སུ་གཏེར་ཆོས་སྐོར་ཡོངས་རྫོགས་རྣམ་ཐར་ཁ་སྐོང་དང་བཅས་པ་ཆོས་སྦྱིན་མི་འཛད་པའི་འཕྲུལ་སྤར་དུ་འདེབས་བསྐྲུན་གནང་བ་ན་ལོ་རྒྱུས་ཆ་ཚང་བའི་ཕྱིར་ཤིན་ཏུ་ཉེར་མཁོར་གྱུར་ཏེ། རྩོམ་གཞི་སྔར་ཡོད་ཀྱི་སྟེང་དུ་རིགས་བདག་བླ་མའི་གསུང་སྒྲོས་སོགས་དོན་ལ་གནས་ངེས་པའི་ལོ་རྒྱུས་ཇི་ལྟར་རིགས་པས་གསལ་བར་བྱས་ཤིང་ཕྱོགས་འཛིན་སྒྲོ་བཏགས་ཀྱི་དྲི་མས་མ་སྦག་པར། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུ་རྩ་གཉིས་པར་སོན་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཡོས་ས་ག་ཉ་བའི་ཡར་ཚེས་དགེ་བར། བལ་ཡུལ་ཨེའི་གཙུག་ལག་ཁང་གི་ཉེ་འགྲམ་དུ་གྲུབ་པར་བགྱིས་པ་འདི་ཡོངས་སུ་དགེའོ།།

ces pad gling 'khrungs rabs rtogs brjod kyi kha skong cung zad gsal bar byas pa 'di'ang /___snga sor lha lung theg mchog rab rgyas gling gi bla grwa lhan nas sku phreng gsum gyi mdzad rnam hrob bsdus rtsom gzhi'i zin bris dang bcas go bde'i bsgrig rtsom dgos tshul gyi gsung bskul yang nas yang du gnang yang zin med rnam g.yeng gi khol por 'phyan te rim lus su gyur pa/____da cha rgyal yum phun tshogs chos sgron mchog nas chos rgyun mi nyams gong 'phel gyi btsas su gter chos skor yongs rdzogs rnam thar kha skong dang bcas pa chos sbyin mi 'dzad pa'i 'phrul spar du 'debs bskrun gnang ba na lo rgyus cha tshang ba'i phyir shin tu nyer mkhor gyur te/____rtsom gzhi sngar yod kyi steng du rigs bdag bla ma'i gsung sgros sogs don la gnas nges pa'i lo rgyus ji ltar rigs pas gsal bar byas shing phyogs 'dzin sgro btags kyi dri mas ma sbag par/____rgyal khams pa 'jigs bral ye shes rdo rjes rang lo bdun cu rtsa gnyis par son pa rab byung bcu drug pa'i shing yos sa ga nya ba'i yar tshes dge bar/___bal yul e'i gtsug lag khang gi nye 'gram du grub par bgyis pa 'di yongs su dge'o//

[edit]
༄༅། །པད་གླིང་འཁྲུངས་རབས་རྟོགས་བརྗོད་དད་པའི་མེ་ཏོག་གི་ཁ་སྐོང་མོས་པའི་ཟེའུ་འབྲུ་ཞེས་བྱ་བ་བཞུགས་སོ། །


༄༅། །པད་གླིང་འཁྲུངས་རབས་རྟོགས་བརྗོད་དད་པའི་མེ་ཏོག་གི་ཁ་སྐོང་མོས་པའི་ཟེའུ་འབྲུ་ཞེས་བྱ་བ། ཨོཾ་སྭསྟི། པདྨ་གསལ་སྤྲུལ་པདྨ་གླིང་པ་ཡི། །འཁྲུངས་རབས་རིན་ཆེན་ཅོད་པན་ཐོད་བཅིངས་ཏེ། །ཚུལ་དེའི་རྟོགས་བརྗོད་དད་པའི་མེ་ཏོག་གི །ཁ་སྐོང་མོས་པའི་ཟེའུ་འབྲུ་འདི་ན་འཛུམ། །དེའང་གཏེར་ཆེན་ཆོས་ཀྱི་རྒྱལ་པོ་པདྨ་གླིང་པ་ནས་བདུན་པ་ཀུན་བཟང་ངག་དབང་ཆོས་ཀྱི་བློ་གྲོས་བར་གྱི་སྐུ་ཕྲེང་གི་རྣམ་ཐར་རྣམས་རྗེ་པད་གླིང་བརྒྱད་པས་མཛད་པའི་འཁྲུངས་རབས་རྟོགས་བརྗོད་དད་པའི་མེ་ཏོག་ལྟར་ལ། དེ་ནས་ད་ལྟའི་བར་གྱི་སྐུ་ཕྲེང་རྣམས་ཀྱི་མཛད་ [2a] རྣམ་མདོར་བསྡུས་ཁ་སྐོང་དུ་འབྲི་བར་སྟེ། པད་གླིང་བརྒྱད་པ་ཀུན་བཟང་བདེ་ཆེན་རྡོ་རྗེའམ་ངེས་དོན་བསྟན་པའི་ཉི་མ་དཔལ་བཟང་པོ་ནི། བུམ་ཐང་དབང་འདུས་ཆོས་གླིང་དུ་ཡབ་མྱོས་གདུང་ཆོས་རྗེ་ཆོས་ཀྱི་རྒྱལ་མཚན་དང་། ཡུམ་སངས་རྒྱས་པདྨོའི་སྲས་སུ་རབ་བྱུང་བཅུ་བཞི་པའི་ཆུ་མོ་ཡོས་ཀྱི་ལོར་སྐུ་འཁྲུངས། བལྟམས་པའི་ཚེ་ངོ་མཚར་བའི་ལྟས་དང་། གསུང་ངག་ཕེབས་ཙམ་ནས་སྔོན་གནས་རྗེས་དྲན་གྱི་ཚུལ་མང་པོ་གསལ་བར་བསྟན་པའི་པད་གླིང་བདུན་པའི་ཡང་སྲིད་རྩོད་མེད་དུ་གྲགས་ཤིང་ངེས་ཤེས་རྙེད། དགུང་ལོ་བཞི་པ་ལ་གདན་ས་ལྷ་ [2b] ལུང་ཐེག་མཆོག་རབ་རྒྱས་གླིང་དུ་སྤྱན་དྲངས་ཏེ་གོང་མའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། ཐུགས་སྲས་བརྒྱད་པ་མཆོག་ནས་གདན་སའི་མངའ་དབང་ཡོངས་རྫོགས་འབུལ་བར་མཛད། གོང་མའི་རིགས་སྲས་པདྨ་ཀུན་བཟང་རིག་འཛིན་རྡོ་རྗེ་རིགས་བདག་ཏུ་བསྟེན་ནས། ཐུན་མོང་ཡི་གེ་འབྲི་ཀློག་དང་། རང་ལུགས་ཆོ་ག་ཆོས་སྤྱོད་སོགས་ཀྱི་དཔེ་འཛིན། གདངས་དབྱངས་རོལ་ཚིག་གར་འཆམས་སོགས་ལ་གསན་སྦྱོང་མཛད་ཅིང་བརྡ་བསྟན་པ་ཙམ་གྱི་ཁོང་དུ་ཆུད། ཁྱད་པར་སྔ་འགྱུར་རྒྱུད་འབུམ་ཡོངས་རྫོགས་ཀྱི་བཀླག་ལུང་། གུ་རུ་ཆོས་དབང་། པདྨ་ལས་འབྲེལ་རྩལ། དུང་མཚོ་རས་པ། ཐང་སྟོང་སྙན་བརྒྱུད་རྣམས་ཀྱི་ཆོས་བཀའ་ཡོངས་རྫོགས། ཀློང་ཆེན་པའི་མཛོད་བདུན། ངལ་གསོ་སྐོར་གསུམ། གསང་འགྲེལ་ཕྱོགས་བཅུ་མུན་སེལ་བཅས་ཀྱི་ཁྲིད་ལུང་། ལྷག་པར་པད་གླིང་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་མན་ངག་ཁྲིད་རྒྱུན་རྣམས་དང་། ཐུགས་སྲས་ལྔ་པའི་བཀའ་འབུམ་བཅས་ཐུན་མིན་གདམས་སྐོར་མཐའ་དག་བུམ་པ་གང་བྱོས་སུ་གསན། གཞན་ཡང་སྨིན་གླིང་ཁྲི་ཆེན་འགྱུར་མེད་ཡིད་བཞིན་དབང་རྒྱལ། རྡོར་འཛིན་འགྱུར་མེད་ [3a] ཚེ་དབང་། མདོ་ཁམས་རྫོགས་ཆེན་པ་རྒྱལ་སྲས་གཞན་ཕན་མཐའ་ཡས། ཀརྨའི་མཁན་རིན་ཆེན་དར་རྒྱས། མཁན་ཆེན་སངས་རྒྱས་ཆོས་འཕེལ་སོགས་ཁམས་བོད་མཁས་གྲུབ་དགེ་བའི་བཤེས་གཉེན་དུ་མ་ལས། རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དང་། བསྟན་འགྱུར་ལས་དེང་སང་ལུང་རྒྱུན་བཞུགས་རིགས། སྔ་འགྱུར་བཀའ་མའི་ཆོས་སྡེ་ཡོངས་རྫོགས། བཀའ་དགོངས་ཕུར་གསུམ་སོགས་གཏེར་ཁ་གོང་འོག་ནས་བཟུང་གཏེར་བདག་གླིང་པའི་བར་གྱི་གཏེར་ཆོས་ཕལ་མོ་ཆེའི་དབང་ཁྲིད་ལུང་བཅས་ཤིན་ཏུ་མང་པོ། ཞར་ལ་ལཉྫ་ཝརྟུ་སོགས་ཡིག་རིགས། སུམ་ཅུ་པ་དང་རྟགས་ཀྱི་འཇུག་པ། སྙན་ངག་མེ་ལོང་མ། སྡེབ་སྦྱོར་རིན་ཆེན་འབྱུང་གནས། རྩིས་གཞུང་ཉིན་བྱེད་སྣང་བ་དང་། འབྱུང་རྩིས་ཟླ་བའི་འོད་ཟེར། སྒྲ་ཀ་ཙན་དབྱངས་གསུམ། དཀྱིལ་འཁོར་འབྲི་ཐིག་དང་ལྷ་སྐུའི་ཐིག་ཚད་སོགས་བཟོའི་རིགས་བྱེད། རྒྱུད་བཞི་སོགས་གསོ་བ་རིག་པའི་སྐོར། དབུ་ཚད་ཕར་ཕྱིན་མངོན་པ་མཛོད་སོགས་གཞུང་ཆེན་མང་པོའི་བཤད་སྲོལ། མདོར་ན་ཐུན་མོང་རིག་གནས་ཆེ་ཆུང་ནས། ཐུན་མིན་རྡོ་རྗེ་སློབ་དཔོན་གྱི་ལས་ [3b] ཆེན་བཅུ་གསུམ་བར་གསན་བསམ་ཕུལ་དུ་ཕྱིན་པ་གནང་། དགུང་ལོ་ཉེར་གཅིག་བཞེས་སྐབས་གསར་བཏོན་མཛད་པའི་རི་ཐུ་ངོ་མཚར་ཁྱད་ཆོས་ཅན་དེང་སང་ཡང་མཇལ་དུ་ཡོད། སྐབས་ཅི་རིགས་པར་བསམ་འགྲུབ་གུ་རུ་ལྷ་ཁང་དང་། སྦས་ཡུལ་མཁན་པ་ལྗོངས་སོགས་སྒྲུབ་གནས་ཁྱད་པར་ཅན་རྣམས་སུ་ལྷག་པའི་ལྷ་དུ་མའི་བསྙེན་སྒྲུབ་ལ་བརྩོན་པར་མཛད་པ་ན་གྲུབ་པའི་ལྟས་མཚན་ཁྱད་པར་ཅན་མངོན་དུ་གཟིགས་ཤིང་། ལྷ་མོ་དབྱངས་ཅན་མ་ནི་མི་དང་མི་ལབ་པ་བཞིན་ཡིན་པར་གྲགས། བོད་ཀྱི་རྒྱལ་ཚབས་རྟ་ཚག་པས་དབུའི་མཆོད་གནས་སུ་བཀུར་ཏེ་བསྟན་འགྲོའི་བདེ་རིམ་སྤྱི་དང་དུས་འཁྲུགས་མཐའ་དམག་བཟློག་ཐབས་ཡང་ཡང་མཛད། ཁྱད་པར་བསམ་ཡས་རྟ་མགྲིན་གྱི་ཕྱག་སར་འདྲུལ་བ་སྲུས་ཀྱང་འབུལ་མ་ཐུབ་པར་ཡོད་པ་ན། བསྟན་སྲུང་གནོད་སྦྱིན་ཙིའུ་དམར་པོ་སྐུ་རྟེན་པའི་ཁོག་བརླམ་གྱི་ལུང་དོན་བཞིན་རྒྱལ་ཚབས་ནས་གདན་འདྲེན་ཞུས་པ་ལྟར་བསམ་ཡས་སུ་བྱོན་ཏེ་ཕྱག་སྔར་བཞིན་ཕུལ་ནས་སྔ་ཕྱིར་རབ་གནས་ལན་མང་མཛད། མཐའ་འདུལ་མཁོ་མཐིང་ལྷ་ཁང་གི་རྟེན་གཙོ་རྣམ་སྣང་གི་དབུ་འདྲུལ་བ་ཡང་སླར་ཕུལ་ནས་རབ་གནས་དང་། ཁྲོ་བོ་རོལ་པའི་ [4a] གཏོར་ཟློག་སོགས་བསྟན་སྲིད་སྤྱིའི་རིམ་གྲོ་མང་དུ་གནང་། སྔོན་རིག་འཛིན་པད་གླིང་གིས་ལ་ཡག་སྐྱེར་ཆུ་ལྷ་ཁང་ནས་བཞེས་པའི་གཏེར་སྒྲོམ་གྱི་རྡོ་ཆེན་པོ་ཞིག་རྟེན་གཙོ་རྣམ་སྣང་གི་ཕྱག་ཏུ་ཕུལ་ནས་ཡོད་པ། དུས་ཕྱིས་དགེ་ལྡན་པའི་གྲྭ་པ་མང་པོ་ཡོངས་སྟེ་སྐུའི་ཕྱག་ཏུ་རྡོ་འདི་འདྲ་ཕུལ་བ་མི་རིགས་ཟེར་ནས་ཕྱི་རོལ་དུ་བཏོན་པས། དེ་ནས་བཟུང་ཡུལ་དེར་ནད་ཡམས་མུ་གེ་སོགས་རྐྱེན་ངན་དུ་མ་རྒྱུན་མར་བྱུང་བ་ལ་བརྟེན། ལ་ཡག་བླ་དཔོན་ཡུལ་སྡེ་མཐའ་དག་འཛོམ་ནས་སླར་འབུལ་བར་བརྩམས་ཀྱང་གཏན་ནས་འབུལ་མ་ཐུབ་པར་ལུས་ནས་ཡོད་པ། རྗེ་འདི་ཉིད་ཀྱིས་རྣམ་སྣང་གི་ཕྱག་ཏུ་སླར་ཕུལ་ནས་རབ་གནས་མཛད་པས་རྐྱེན་ངན་ཐམས་ཅད་ཞི་བ་མཐོང་ཆོས་སུ་གྱུར། རང་དགོན་ལྷ་ལུང་གཙུག་ལག་ཁང་གི་ཡང་ཐོག་ཀུན་གཟིགས་སྨིན་གྲོལ་ཆོས་ཀྱི་ཕོ་བྲང་དུ་རྟེན་གཙོ་གསེར་ཟངས་ལས་གྲུབ་པའི་རྡོར་སེམས་མི་ཚད་མ། དངུལ་ལས་གྲུབ་པའི་བདེ་གཤེགས་མཆོད་རྟེན་བརྒྱད་དང་། ཉེ་སྲས་བརྒྱད། བཀའ་ཐང་གསེར་ཕྲེང་མ། གྲུབ་ཐོབ་བརྒྱད་ཅུ། པད་གླིང་རྣམ་ཐར་རྒྱས་པའི་གྲལ་ཐང་སོགས་སྐུ་རྟེན་བྲིས་འབུར་མང་པོ། གསུང་ [4b] རྟེན་སྙིང་ཐིག་ཡ་བཞི། ཀློང་ཆེན་མཛོད་བདུན། འཇིགས་གླིང་བཀའ་འབུམ་པོད་དགུ་སོགས་དང་། ཁྱད་པར་པད་གླིང་ཆོས་སྐོར་ཡོངས་རྫོགས། ཐུགས་སྲས་ལྔ་པའི་བཀའ་འབུམ་བཅས་གསར་བཞེངས། ཐུགས་རྟེན་དུ་མཁན་ལྗོངས་སུ་སྒྲུབ་སྡེ་ཀུན་བཟང་ཆོས་གླིང་རྟེན་དང་བརྟེན་པར་བཅས་པ་གསར་བསྐྲུན་མཛད། ལྷོ་ལྗོངས་འབྲུག་ཡུལ་ན་སྐབས་འདི་དག་ཏུ་ནང་འཁྲུགས་བར་མ་ཆད་པར་བྱུང་བ་ལ་བརྟེན་ཀྲོང་སར་དཔོན་སློབ་ཨོ་རྒྱན་དབང་ཕྱུག་ནས་གསོལ་བ་བཏབ་པ་བཞིན་རྗེ་འདི་ཉིད་ཀྱིས་འཁོན་འཁྲུགས་ཞི་བའི་ཐབས་དུ་མ་མཛད་པས་ཡུལ་ཁམས་བདེ་བ་ལ་བཀོད། ཁྱད་པར་དཔོན་སློབ་དེ་ཉིད་བསྟན་པའི་སྦྱིན་བདག་ཆོས་སྐྱོང་བའི་རྗེ་བོ་སྐལ་བ་ཅན་དུ་གཟིགས་ཏེ་དབང་སྡུས་མངའ་ཐང་སྐྱེད་པའི་ལས་སྦྱོར་མཛད་པ་ལ་བརྟེན་ནས་མི་རིང་བར་དཔོན་སློབ་ཨོ་རྒྱན་དབང་ཕྱུག་ཉིད་ལ་འབྲུག་རྒྱལ་པོའི་མཚན་གནས་གློ་བུར་དུ་བྱུང་ཞིང་། དེ་ནས་བཟུང་སྔོན་ཆད་མ་གྲགས་པ་ལ་འབྲུག་རྒྱལ་པོ་དང་འབྲུག་རྒྱལ་ཁབ་ཅེས་པའི་མཚན་དོན་ཡོངས་སུ་གྲགས་པ་འདི་བྱུང་། སྐབས་འདི་དག་ཏུ་མདོ་ཁམས་སུ་འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ནས་གུ་རུའི་ལུང་བསྟན་དུས་བབས་ཀྱི་མཛད་ [5a] ཕྲིན་རྒྱ་ཆེན་པོའི་རྣམ་ཐར་སྙན་གྲགས་གསན་པས་ཐུགས་འཕྲོག་སྟེ་རིན་ཆེན་གཏེར་མཛོད་སོགས་སྨིན་གྲོལ་གདམས་ཟབ་སྤྱི་དང་ལྷག་པར་པད་གླིང་ཚེ་སྒྲུབ་ནོར་བུ་ལམ་ཁྱེར་གྱི་དབང་རྒྱུན་རིང་བརྒྱུད་བར་ལམ་ནས་ཆད་པ་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོར་ཉེ་བརྒྱུད་ཁྱད་པར་ཅན་བཞུགས་པ་ཉིད་གསན་པའི་ཕྱིར་སྐུ་དངོས་ཀྱིས་མཇལ་དུ་འབྱོན་པར་བཞེད་ནའང་། གདན་ས་གཙོ་གྱུར་ཆོས་སྡེ་ཁག་གི་འཛིན་སྐྱོང་དང་། སྐྱེས་ཆེན་ཞལ་སློབ་མང་པོའི་བཞེད་སྐོང་སོགས་མཛད་ཕྲིན་རྒྱ་ཆེ་བས་ཞབས་བསྐྱོད་མ་གྲུབ་པར་རྦ་སྤྲུལ་ཁམས་གསུམ་ཡོངས་གྲོལ་ཉིད་སྨིན་གྲོལ་གདམས་ཟབ་བདུད་རྩིའི་སྐྱེས་བཞེས་པར་ཆེད་དུ་མངགས་གཏོང་གནང་ཞིང་། རྗེ་བརྒྱད་པ་འདི་ཉིད་ཀྱིས་བསྐུལ་ངོར་གནང་བའི་ཐུགས་སྒྲུབ་ནོར་རྒྱམ་གྱི་བསྙེན་ཡིག་ཀྱང་འཇམ་མགོན་གུ་ཎའི་བཀའ་འབུམ་ཁྲོད་ན་བཞུགས། སྔར་པད་གླིང་གསུང་སྤྲུལ་གཉིས་པ་རྒྱལ་དབང་བསྟན་འཛིན་གྲགས་པ་དང་། གསུམ་པ་ཀུན་མཁྱེན་ཚུལ་ཁྲིམས་རྡོ་རྗེ། སྨིན་གླིང་ཡབ་རྗེ་གསང་བདག་ཕྲིན་ལས་ལྷུན་གྲུབ་དང་། གཏེར་ཆེན་འགྱུར་མེད་རྡོ་རྗེ་ནས་བཟུང་ད་ལྟའི་བར་ལྷ་ལུང་པ་དང་སྨིན་གླིང་ཐུགས་ནང་དར་ [5b] དཀར་ཡུག་གཅིག་ཏུ་གྱུར་པས། རང་ལུགས་ཆོས་སྲིད་ཕྲིན་ལས་ཀྱི་འབྲེལ་བ་ཟམ་མ་ཆད་པར་ཡོད་པ་བཞིན་རྗེ་འདི་ཉིད་ཀྱང་སྨིན་གླིང་དུ་ཡང་ཡང་ཕེབས་ཤིང་། ཕྱིས་སྨིན་ཁྲི་འགྱུར་མེད་ཡིད་བཞིན་དབང་རྒྱལ་ཞིང་བརྗེས་ཏེ་གདུང་བརྒྱུད་ཆད་ལ་ཉེ་བའི་སྐབས་གདུང་མཆེད་མཁན་ཆེན་བདེ་ཆེན་མཆོག་གྲུབ་ནས་རྗེ་བརྒྱད་པ་འདི་ཉིད་མྱོས་གདུང་བསྙོན་མེད་ལ་བརྟེན་གསུང་བརྒྱུད་གསོ་བར་གསོལ་འདེབས་མཛད་པར་མ་གསན་པའི་ལོ་རྒྱུས་ཀྱང་འབྱུང་། ཐུགས་སྲས་ཞལ་སློབ་ཀྱི་གཙོ་བོ་རྦ་ཁ་རིག་འཛིན་ཁམས་གསུམ་ཡོངས་གྲོལ། མཆོག་གླིང་གཏེར་སྲས་འཇིགས་མེད་ཚེ་དབང་ནོར་བུ། སྨིན་གླིང་མྱོས་གདུང་རྗེ་བཙུན་མ་སྐུ་མཆེད་གཉིས་དང་། རྡོར་འཛིན་རྣམ་གྲོལ་རྒྱ་མཚོ། ཡེ་འབྲོག་ཞྭ་དེའི་འཁྲུལ་ཞིག་མདོ་སྔགས་གླིང་པ་སོགས་བསྟན་འཛིན་གྱི་སྐྱེས་ཆེན་དུ་མ་དང་། གཞན་ཡང་གཏམ་ཞིང་བླ་མ་བདེ་ཆེན། ཉེ་བར་གནས་པ་སྔགས་རམ་པ་ཚུལ་ཁྲིམས་བསྟན་འཕེལ་སོགས་རང་གཞན་དོན་གཉིས་བསྒྲུབ་ནུས་པའི་ཞལ་སློབ་ཤིན་ཏུ་མང་། གཞན་སྔོན་འགྲོ་དངོས་གཞི་དབང་ཁྲིད་ལྗགས་ལུང་སོགས་ཀྱིས་རྗེས་སུ་བཟུང་བའི་སློབ་ཚོགས་ནི་གྲངས་ལས་འདས། དབུས་གཙང་ [6a] ནས་མདོ་ཁམས་ཡན་ལ་རྗེ་འདིའི་མཛད་ཕྲིན་མཚན་སྙན་གྱིས་མ་ཁྱབ་པ་མེད། བར་སྐབས་ཤིག་ན་འབྲུག་རྒྱལ་ཨོ་རྒྱན་དབང་ཕྱུག་ལ་གསུང་ཤོག་ཐོག་བུམ་ཐང་སྐུ་རྗེས་ཉེ་འགྲམ་དུ་བསམ་ལྷུན་མན་ངག་བཅུ་གསུམ་གྱི་སྨན་སྐུ་གཟུངས་རབ་ཚད་ཐུབ་ཅན་གསར་བཞེངས་དང་འབྲེལ་ལོ་བསྟར་དེའི་སྒོ་ནས་འབུམ་ཚོགས་དང་གསོལ་འདེབས་གྲངས་མང་བསྒྲུབ་ན་ལྷོ་ལྗོངས་རྗེ་འབངས་ཡུལ་ཁམས་སྤྱི་ལ་ཕན་ངེས་ཞེས་བཀའ་སློབ་གནང་ཚུལ་གྱི་གསུང་སྒྲོས་རྗེ་རྡོར་འཛིན་རྣམ་གྲོལ་རྒྱ་མཚོའི་ཞལ་སྔ་ནས་ཐོབ། སྐུ་ཚེའི་སྨད་ཕལ་ཆེ་བར་མཁན་ལྗོངས་སྒྲུབ་སྡེ་ཀུན་བཟང་ཆོས་གླིང་དུ་བཞུགས་གཏན་ཆགས། ཇི་ཞིག་ན་རྦ་སྤྲུལ་ཁམས་གསུམ་ཡོངས་གྲོལ་ཉིད་ཁམས་ཕྱོགས་སུ་གསན་བསམ་རྒྱ་ཆེ་བས་ཡུན་རིང་ཙམ་བཞུགས་འགོར་བྱུང་མཐར་སླར་གདན་ས་ལྷ་ལུང་བརྒྱུད་མཁན་ལྗོངས་སུ་ཕྱག་ཕེབས་པ་དང་མཇལ་འཕྲད་ཤིན་ཏུ་མཉེས་ཚོར་ཆེན་པོ་གནང་ཞིང་། གཏེར་མཛོད་སོགས་སྔར་མ་གསན་པ་རྣམས་རིམ་གྱིས་གསན་པར་བཞེད་ནའང་ཕྱོགས་འདུས་དད་ལྡན་མང་པོའི་རེ་སྐོང་སོགས་མཛད་ཕྲིན་རྒྱ་ཆེ་བས་འགྱང་སྟེ་གསན་བཞེས་མ་གྲུབ་པ་དོན་དུ་ཕྱི་མཐའ་གཟིགས་པའི་དགོངས་པ་སྐུའི་ཡང་ [6b] སྲིད་ལ་གཏད་པར་མངོན། གཉུག་མར་གནས་པ་དང་གློ་བུར་ལྷགས་པའི་དད་ལྡན་རྣམས་ལ་སྨིན་གྲོལ་གྱི་བདུད་རྩི་སོ་སོའི་མོས་སྐལ་ལྟར་སྩོལ་བཞིན་པའི་ངང་མི་རིང་བ་ན་གནས་དེ་ཉིད་དུ་གུང་གྲངས་ཞེ་དགུ་བཞེས་པ་རབ་བྱུང་བཅོ་ལྔ་པའི་ལྕགས་ཡོས་ལོར་གཟུགས་སྐུའི་བཀོད་པ་བསྡུས་ཏེ་པདྨ་འོད་ཀྱི་ཕོ་བྲང་ཆེན་པོར་གཤེགས་སོ། །འདི་སྐབས་ཁམས་རྫོང་སར་ན་རྗེ་འཇམ་དབྱངས་མཁྱེན་བརྩེའི་དབང་པོའི་ཞབས་སར་བདག་གི་རིགས་བདག་ཕུག་སྦྲུལ་འགྱུར་མེད་ངེས་དོན་དབང་པོ་ཉིད་བཞུགས་བཞིན་པའི་ཚེ། ནང་གཅིག་རྗེ་མཁྱེན་བརྩེའི་བཀའ་ལས། མདངས་ནུབ་ངེད་ཟངས་མདོག་དཔལ་རིའི་ཕོ་བྲང་གི་སྒོ་དྲུང་ན་སླེབས་འདུག །སྒོའི་ནང་ན་མར་ལ་དཔའ་བོ་མཁའ་འགྲོ་མང་པོས་པདྨ་གླིང་པའི་ཕེབས་བསུ་ལ་འགྲོ་ཞེས་འུར་དིར་གྱིས་བྱུང་། ཇི་ཞིག་ནས་བླ་མ་དགུང་ལོ་ན་ཡོལ་ཙམ་སྐུ་སྒེག་ཉམས་ན་བཟའ་གྲྭ་ཆས་དང་དབུ་ལ་པད་ཞུ་རྡོ་རྗེའི་ཏོག་ཅན་གསོལ་བ། ཞལ་དུ་ཤིང་ཏོག་གམ་གང་ཡིན་ངོ་མ་འཚལ་བའི་དམར་པོ་ཞིག་མུར་བཞིན་པ་འཛུམ་མདངས་ཤིགས་ཤིག་ཕེབས་བྱུང་བ་ན། དཔའས་བོ་མཁའ་འགྲོ་མ་རྣམས་འཚང་ཁ་ཤིགས་ཤིག་མདུན་བསུས་ནས་མཐའ་བསྐོར་ཏེ་སྒོའི་ནང་དུ་གདན་ [7a] དྲངས་སོང་། དེའི་རྗེས་སུ་ངེད་ཀྱང་འགྲོ་སྙམ་གྱིས་སྒོ་ཐེམ་དུ་རྐང་པ་འགོད་ལོངས་ཡོད་མེད་ལ་ནང་ནས་མི་འཇིགས་རྔམས་ཅན་ཞིག་གིས་སྒོ་ཐག་གིས་བཅད་སོང་བས་ནང་དུ་མ་ཐར། ད་ནང་དུ་ནི་མ་ཚུད། སྒོ་བརྡུང་ཡང་མི་དེས་ཕྱེ་མདོག་ཁ་པོ་ཞིག་མི་འདུག །ལོག་འགྲོ་བ་ལས་འོས་མི་འདུག་དགོངས་པ་ན་མནལ་སད། སྒོ་བཅད་པ་དེ་ངེད་ལ་ད་ལྟ་ཡོང་མ་རན་ཟེར་བའི་བརྡ་འདྲ། རང་རེ་སྔ་འགྱུར་བསྟན་པའི་སྲོག་ཤིང་པད་གླིང་བརྒྱད་པ་དེ་ཉིད་དགོངས་པ་གཞན་དོན་དུ་གཟིགས་པར་ཐག་ཆོད་གསུངས་ཏེ་ཐུགས་སྐྱོ་བའི་རྣམ་པ་ཚད་མེད་པ་དང་བཅས་དགོངས་རྫོགས་ཐུགས་སྨོན་གནང་སོང་ཞིང་། དེ་ནས་ཟླ་བ་གཉིས་ལྷག་ཙམ་ནས་བོད་ནས་པད་གླིང་བརྒྱད་པ་ཞིང་བརྗེས་པའི་བཅས་དགོངས་རྫོགས་ཐུགས་སྨོན་གནང་སོང་ཞིང་། དེ་ནས་ཟླ་བ་གཉིས་ལྷག་ཙམ་ནས་བོད་ནས་པད་གླིང་བརྒྱད་པ་ཞིང་བརྗེས་པའི་དགོངས་རྫོགས་འབུལ་མཁན་འབྲུག་པ་རྒྱལ་པོའི་ཞབས་གྲས་རེད་ཟེར་བའི་མི་ངོ་གཡོག་རྟ་དྲེལ་མང་པོ་ཅན་འབྱོར་སོང་ཞེས་ཞལ་ནས་དངོས་སུ་ཐོས་པའི་གསུང་སྒྲོས་ཁོ་བོ་བདུད་འཇོམས་སྤྲུལ་སྐུའི་སེམས་ལ་མ་བརྗེད་པར་ངེས་འདུག །ཞི་བར་གཤེགས་རྗེས་སྐུ་གདུང་རིན་པོ་ཆེ་གདན་ས་ལྷ་ལུང་དུ་སྤྱན་དྲངས་ཏེ་རིག་འཛིན་ཁམས་གསུམ་ཡོངས་གྲོལ་སོགས་ནས་ [7b] གདུང་མཆོད་ཟབ་རྒྱས་དང་བཅས་ཞུགས་འབུལ་གནང་ཞིང་གདུང་རྟེན་བཞེངས་པ་སོགས་གཤེགས་རྗེས་ཀྱི་སྲི་ཞུ་མཐར་ཕྱུང་། འབྲུག་རྒྱལ་ཨོ་རྒྱན་དབང་ཕྱུག་ནས་རྗེའི་སྐུ་དྲིན་གསོབ་པ་སོགས་ཚོགས་ཆེན་གསོག་པའི་དགོངས་བཞེད་བླ་ན་མེད་པས་གཏོང་བའི་མཛོད་སྒོ་གཏན་པ་མེད་པར་ཕྱེས་ཏེ་ཚོགས་ཀྱི་ཞིང་གཞན་ལས་ཁྱད་དུ་འཕགས་པར་དགོངས་ནས་བོད་ཀྱི་ལྷ་ས། བསམ་ཡས། ཁྲ་འབྲུག་སྟེ་ཆོས་འཁོར་རྣམ་གསུམ་གཙོ་བོར་གྱུར་པའི་སྟོད་གངས་རི་ནས་སྨད་དར་མདོ་ཡན་གྱི་བླ་སྤྲུལ་སྐྱེས་ཆེན་དགོན་སྡེ་རི་ཁྲོད་ཆེ་ཁག་རྣམས་སུ་དགོངས་རྫོགས་མཆོད་སྤྲིན་ནམ་མཁའ་མཛོད་དུ་སྤྲོ་བར་མཛད་དོ། །དེ་ལྟར་རྗེ་པད་གླིང་བརྒྱད་པ་འདི་ཉིད་རང་ལུགས་པད་གླིང་ཆོས་སྐོར་གྱི་དབང་ལུང་ཁྲིད་རྒྱུན་སོགས་ལྟ་ཅི་སྨོས། སྔ་འགྱུར་སྤྱིའི་རྒྱུད་ལུང་མན་ངག་མང་པོའི་རྒྱུན་ཤིན་ཏུ་ཉག་ཕྲར་གྱུར་པ་རྣམས་ཀྱང་དངོས་དང་བརྒྱུད་པའི་སྒོ་ནས་འཆི་ཁའི་ནད་པ་འཚོ་བའི་སྲོག་མཐུད་པ་ལྟ་བུར་མཛད་པས་བར་སྐབས་སུ་སྔ་འགྱུར་རིང་ལུགས་འཛིན་པ་རྣམས་ལ་འདི་ལས་བཀའ་དྲིན་ཆེ་བ་མ་བྱུང་ངོ་།། །། ༈ །པད་གླིང་དགུ་པ་བསྟན་འཛིན་ཆོས་ཀྱི་རྒྱལ་མཚན་ནི། དབང་འདུས་ཆོས་གླིང་དུ་ཡབ་མྱོས་ [8a] གདུང་གཏམ་ཞིང་ཆོས་རྗེ་འཆི་མེད་རྡོ་རྗེ་དང་། མ་ཡུམ་ཆོས་སྒྲོན་གྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་རྟ་ལོར་སྐུ་བལྟམས། འཁྲུངས་སྐབས་ཀྱི་ལྟས་དང་སྐུ་ན་ཕྲ་མོ་ནས་སྔ་མའི་རྣམ་འགྱུར་ཤིན་ཏུ་གསལ་བས་རྗེ་བརྒྱད་པའི་ཡང་སྲིད་དུ་ངོས་འཛིན་ཞུས། དགུང་ལོ་ལྔ་པར་གདན་ས་ལྷ་ལུང་དུ་སྤྱན་དྲངས་ཏེ་གོང་མའི་ཆོས་ཀྱི་ཁྲི་ལ་མངའ་གསོལ། ཡོངས་འཛིན་རྗེ་བརྒྱད་པའི་ཞལ་སློབ་རྡོར་འཛིན་པདྨ་ཚེ་དབང་གི་མདུན་ནས་ཡི་གེ་འབྲི་ཀློག་ནས་བརྩམས་རང་ལུགས་ཆོ་གའི་ཚིག་འཛིན་ཕྱག་ལེན་གར་ཐིག་དབྱངས་གསུམ་སོགས་ལ་གསན་སྦྱོང་རིམ་པར་མཛད། དགུང་ལོ་བཅོ་ལྔ་སྐོར་ནས་གཏེར་ཆེན་ཟིལ་གནོན་ནམ་མཁའི་རྡོ་རྗེ་ལས་རང་གཏེར་སོགས་ཀྱི་དབང་ལུང་དང་། ཞར་ལ་སུམ་རྟགས་སྙན་ངག་སོགས་གསན་སྦྱོང་། སྨིན་གླིང་སྒ་རྗེ་རྡོར་འཛིན་ཤེས་རབ་བསྟན་དར་ལས་དབང་གཞུང་ཅི་རིགས་དང་གཞུང་ཆེ་ཆུང་འགའི་བཤད་ཁྲིད། རྦ་ཁ་རིག་འཛིན་ཁམས་གསུམ་ཡོངས་གྲོལ་ལས་པད་གླིང་ཆོས་སྐོར་ཡོངས་རྫོགས་དང་། རིན་ཆེན་གཏེར་མཛོད་གཙོ་བོར་གྱུར་པའི་དབང་ལུང་མན་ངག་ཤིན་ཏུ་མང་བ་གསན། དགུང་ལོ་ཉི་ཤུ་སྐོར་ནས་ལྷ་ལུང་དང་ལ་རྒྱབ་སྒྲུབ་སྡེ་སོགས་དབེན་གནས་རྣམས་སུ་ [8b] རྩ་བ་གསུམ་གྱི་ལྷག་པའི་ལྷ་རབ་འབྱམས་ཀྱི་བསྙེན་སྒྲུབ་ཅི་རིགས་པ་གནང་བཞིན་རང་དགོན་མ་ལག་དང་བཅས་པ་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་ལེགས་པར་བསྐྱངས། བར་སྐབས་སུ་རྔན་ལུང་སྒང་སྟེང་ནས་གདན་དྲངས་པ་ལྟར་དེར་བྱོན་ནས་པད་ཕྲིན་བརྒྱད་པ་ཕྲིན་ལས་རྡོ་རྗེ་སོགས་ལ་པད་གླིང་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་སྩལ་ཞིང་། ཕྱོགས་དེའི་དད་ཅན་གྱི་སྐྱེ་འགྲོ་མང་པོར་འབྲེལ་ཚད་དོན་ལྡན་གྱི་ཕྲིན་ལས་བྱིན་རླབས་རྗེས་འཛིན་གནང་། མི་རིང་བ་ན་སླར་ལྷ་ལུང་གདན་སར་ཕེབས་ནས་བཞུགས། སྤྱིར་དམ་པ་འདི་ཉིད་ནས་གང་ཤར་བྱུང་རྒྱལ་གྱི་མཛད་སྤྱོད་དང་ཆ་ལུགས་མ་ངེས་པར་བསྐྱངས་པས་སྐྱེ་བོ་དག་སྣང་གི་མིག་ལྡོངས་པ་འགའ་ཞིག་གི་སྣང་ངོར་མི་མཛའ་བ་ལྟ་བུའང་ཇི་སྙེད་བྱུང་མོད། དོན་སྣང་སེམས་ལ་རང་དབང་ཐོབ་པའི་བརྡ་རྟགས་སྲ་མཁྲེགས་ཀྱི་རྡོ་བ་ལ་ཕྱག་ཞབས་ཀྱི་རྗེས་འདམ་བརྫིས་པ་ལྟར་བཀོད་པ་དང་། ལྐོག་གྱུར་གྱི་ཆོས་རྣམས་མ་འདྲེས་པའི་སྤྱན་གྱིས་མངོན་སུམ་གཟིགས་པ་ལྟར་གསལ་པོར་གསུངས་པའི་སྐབས་ཡང་ཡང་བྱུང་། ཇི་ཞིག་ན་དམ་སྲིའི་འཕྲུལ་གྱིས་གྲྭ་འཁོར་འགའ་ཞིག་ནས་ལོག་སྒྲུབ་ཀྱི་བྱ་བ་ཇི་སྙེད་ཅིག་བརྩམས་ [9a] པའི་ཉེར་ལེན་གྱིས་བདེན་རྫུན་སྟངས་གཅོད་ཕྱིར་ལྷ་ལྡན་རྒྱལ་ཁབ་ཏུ་ཕེབས་དགོས་བྱུང་། སྙིགས་དུས་ཀྱི་རང་རྟགས་མངོན་གྱུར་ལ་ཐུགས་སྐྱོ་བའི་རྣམ་པ་ཚད་མེད་པ་དང་བཅས་སླར་འཁྲུངས་ཡུལ་བུམ་ཐང་དུ་ལོག་བྱོན་པར་ཆས་པའི་ལམ་དུ་སྐུ་ལ་བསྙུང་གཞི་ཞིག་བཞེས་པའི་ཚུལ་བསྟན། ལྷ་ལུང་དང་ཉེ་བའི་ནའོ་ཆེར་ཞག་བཞུགས་མཛད་པའི་ཕྱིར་ཉིན་གསེར་རོས་རྫ་སྒང་ཞེས་པའི་ས་ནས་ཞལ་ལྷ་ལུང་ཕྱོགས་སུ་གཟིགས་ཏེ། ད་རེས་ཀྱི་སྐྱེ་བ་འདིས་པད་གླིང་གི་བསྟན་པ་ལ་ཞབས་འདེགས་མ་འགྲུབ། སྐྱེ་བ་ཕྱི་མར་འགྲུབ་པར་ཤོག་ཅིག་གསུངས་ཏེ། མ་ཧཱ་གུ་རུའི་བྱི་ན་རླབས་ཀྱིས༔ སོགས་སྨོན་ལམ་ཞལ་འདོན་དང་བཅས་ཐུགས་སྨོན་ཤུགས་དྲག་པོ་གནང་ནས། ཀུན་མཁྱེན་ཚུལ་རྡོར་གྱི་གདན་ས་ཆུས་ཁྱེར་རབ་དཀར་བཀྲ་ཤིས་ཆོས་གླིང་དུ་བྱོན། གནས་དེ་ཉིད་དུ་དགུང་གྲངས་སུམ་ཅུ་སོ་གཅིག་བཞེས་པ་ཤིང་མོ་གླང་གི་ལོར་གཟུགས་སྐུའི་བཀོད་པ་ཆོས་ཀྱི་དབྱིངས་སུ་བསྡུས་སོ།། །། ༈ །པད་གླིང་བཅུ་པ་པདྨ་འོད་གསལ་འགྱུར་མེད་རྡོ་རྗེའམ་ཐུབ་བསྟན་ཆོས་ཀྱི་རྡོ་རྗེ་ནི། ཡར་འབྲོག་སྤ་ལུང་བདེ་སྐྱིད་ཁང་གསར་དུ་ཡབ་ཕུན་ཚོགས་རྒྱལ་པོ་ཞེས་ [9b] གཏེར་སྟོན་བསམ་གཏན་གླིང་པའི་གདུང་བརྒྱུད་ཡིན་པར་གྲགས་པ་དེ་དང་། ཡུམ་བྱང་ཆུབ་ལམ་སྒྲོན་གྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ལྕགས་ཕོ་རྟའི་ལོར་འཇའ་འོད་ཀྱི་གུར་ཕུབ་པ་སོགས་ངོ་མཚར་བའི་ལྟས་དང་བཅས་སྐུ་བལྟམས། གངས་ཅན་གཙུག་ནོར་རྒྱལ་མཆོག་བཅུ་གསུམ་པ་ཐུབ་བསྟན་རྒྱ་མཚོས་པད་གླིང་ཡང་སྲིད་འཁྲུལ་བྲལ་དུ་ལུང་བསྟན། དགུང་ལོ་ལྔ་པར་གདན་ས་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་དུ་སྤྱན་དྲངས་ནས་པད་གླིང་ཆོས་ཀྱི་རྒྱལ་པོའི་ཁྲི་ལ་མངའ་གསོལ། ཡོངས་འཛིན་ངག་དབང་མཆོག་ལྡན་ལས་ཡི་གེ་འབྲི་ཀློག་ནས་བརྩམས་རང་ལུགས་ཀྱི་ཆོ་ག་ཆོས་སྤྱོད་སོགས་ཀྱི་དཔེ་འཛིན་དང་ཕྱག་ལེན་གར་ཐིག་དབྱངས་གསུམ་སོགས་ལ་གསན་སྦྱངས་མཛད་པས་ཚེགས་མེད་ད་མཁྱེན། དགུངས་གྲངས་བརྒྱད་ལ་ཕེབས་སྐབས་ཐུགས་སྲས་དགུ་པ་ཐུབ་བསྟན་དཔལ་འབར་ནས་གདན་སའི་མངའ་དབང་ཡོངས་རྫོགས་འབུལ་བར་མཛད། བཅུ་གཅིག་བར་དབུ་རུ་ལྷ་ལྡན་དུ་ཁྱུག་ཙམ་ཕེབས་ཏེ་སྤྲུལ་པའི་གཙུག་ལག་ཁང་ཕན་ཚུན་དང་རྩེ་ཤོད་ཕོ་བྲང་སོགས་ལ་གནས་གཟིགས་དང་། རྒྱལ་ཚབས་ར་སྒྲེང་པ་ལ་གཙུག་ཕུད་ཕུལ། སླར་རང་གི་གདན་སར་ཕེབས་ཏེ་སྨིན་གླིང་རྡོར་འཛིན་འགྱུར་མེད་བདེ་ [10a] ཆེན་ཆོས་འཛིན་ལྷ་ལུང་དུ་གདན་དྲངས་ནས། བུམ་ཐང་ཆུ་སྨད་དྲུང་པ་བདེ་ཆེན་འོད་གསལ་ནས་མཐུན་རྐྱེན་དང་བཅས་གཟིམ་སྤྱིལ་མེ་ཏོག་ལྷ་ནང་དུ་པད་གླིང་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ལུང་ཟབ་ཁྲིད་ཡབ་སྲས་རྣམས་ཀྱི་བཀའ་འབུམ་དང་བཅས་པ། སྨིན་གཏེར་གཏེར་གསར་ཡོངས་རྫོགས་ཀྱི་དབང་ལུང་རྣམས་དང་། སླར་བསམ་གྲུབ་གུ་རུ་ལྷ་ཁང་དུ་ཕེབས་ནས། སྒྲུབ་ཐབས་འདོད་འཇོའི་བུམ་བཟང་། སྒྱུ་འཕྲུལ་ཞི་ཁྲོ། འདུས་མདོ་དབང་ཆེན་མོ། །སྙིང་ཐིག་རྩ་པོད་བཅས་ཀྱི་དབང་ལུང་ཡོངས་རྫོགས། ཀློང་ཆེན་པའི་མཛོད་བདུན། ངལ་གསོ་སྐོར་གསུམ་སོགས་ཀྱི་བཤད་ལུང་རྣམས་གསན་ཅིང་། ཞར་ལ་དཀྱིལ་འཁོར་བྲི་ཐིག་སོགས་ལ་སྦྱང་བརྩོན་མཛད། འདི་སྐབས་ལ་ཡག་གི་ཕུར་སྦལ་ནག་རི་ཞེས་ལྷོ་བྲག་གི་ཆུ་འགོར་ས་དཔྱད་སྦལ་ནག་ཐུར་རྒྱུག་འདྲ་བ་ཡོད་པ་དེའི་ཁ་དང་སྣ་མིག་སོགས་ནས་ཆུ་ལོག་ཐོན་པའི་ཉེན་ཁ་ཆེར་མངོན་སྟབས་ཡུལ་མི་དད་ལྡན་རྣམས་ཀྱིས་གསོལ་བ་བཏབ་པ་བཞིན་དེར་བྱོན་ཏེ། སྦལ་ནག་རིའི་སྟེང་དུ་བདུད་འདུལ་མཆོད་རྟེན་བཞེངས་ཤིང་རབ་གནས་མཛད་པས་ཆུའི་འཇིགས་པ་མཐོང་ཆོས་སུ་ཞི་བས་ [10b] ཀུན་ཀྱང་དད་ཅིང་དགའ་བའི་གནས་ལ་བཀོད། བཅོ་ལྔ་པར་བུམ་ཐང་དབང་འདུས་ཆོས་གླིང་པས་གདན་དྲངས་པ་ལྟར་དེར་བྱོན་ནས་བཞུགས་ཤིང་། རྒྱལ་པོ་འཇིགས་མེད་དབང་ཕྱུག་མཇལ་འཕྲད་གནང་། ཟླ་ཤས་ནས་སླར་གདན་ས་ལྷ་ལུང་དུ་ཞབས་བཀོད། བསམ་གྲུབ་གུ་རུ་ལྷ་ཁང་ལ་ཉམས་གསོ་ཕུལ་དུ་བྱུང་བ་གནང་ཞིང་། འདིའི་ནང་གི་རྟེན་གཙོ་གུ་རུའི་སྣང་བརྙན་བཞེངས་པ་སོགས་ཕྲིན་ལས་ཀྱི་ཞབས་འདེགས་པ་གཙོ་བོ་ནི་ཆོས་དབང་རང་གི་ལུང་ཟིན་གྱི་སྐྱེས་བུ་སློབ་དཔོན་ཆོས་གྲགས་ཏེ། ཉམས་གསོའི་རྗེས་ཐོག་ཏུ་གུ་རུ་ཆོས་དབང་གི་སྐུ་ཤ་མྱང་གྲོལ་གྱི་འགྲོ་དོན་ཀྱང་རྡོ་རྗེའི་ལུང་དོན་ལྟར་འབྲེལ་ཚད་དོན་ལྡན་གྱི་སྒོ་འཕར་ཕྱེས། མེ་ཕག་ལོར་ཉམས་གསོ་གྲུབ་པ་ན་རྗེ་ཉིད་དང་། སྨིན་གླིང་ཡང་དབེན་ཐེག་མཆོག་ཆོས་གླིང་གི་སློབ་དཔོན་ཤེས་རབ་རིན་ཆེན་ལྷན་རྒྱས་པས། ཉང་གཏེར་བཀའ་བརྒྱད་བདེ་འདུས་སྒོ་ནས་སྒྲུབ་ཆེན་སྨན་སྒྲུབ་དང་འབྲེལ་བར་རབ་གནས་མཛད། མེ་ཏོག་འཐོར་སྐབས་ནས། ཁམས་གསུམ་དབང་དུ་སྡུད་མཛད་པ། །པདྨ་རྒྱལ་པོའི་སྐུ་ལ་བསྟོད། །ཅེས་པའི་སྒྲ་ཞག་བདུན་ཕྲག་གཅིག་གི་རིང་ཉིན་མཚན་མེད་པར་གྲགས་ [11a] པའི་ཐུག་ཉམས་བྱུང་། ཞར་ལ་ཆོས་དབང་བླ་མ་གསང་འདུས་དང་བཀའ་བརྒྱད་གསང་རྫོགས་སོགས་ཀྱི་ཆོ་གའི་ཕྱག་ལེན་རྣམས་ལའང་གསན་སྦྱང་མཛད། གནས་དེར་སྒྲུབ་སྡེ་བརྒྱད་གྲྭ་དང་འབྲེལ་ཡར་མར་གྱི་སྒྲུབ་མཆོད་དུ་མ་གསར་འཛུག་དང། དེ་གའི་གཟིམ་སྤྱིལ་སྤྲོ་ཁང་ཡིད་འོང་དགའ་ཚལ་དུ་སྐུ་མཚམས་བཅད་རྒྱ་གནང་སྟེ་རྩ་གསུམ་ལྷག་པའི་ལྷ་མང་པོའི་བསྙེན་སྒྲུབ་གནང་། བཅུ་དགུ་པར་འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་དུ་བྱོན། ཞེ་ཆེན་རབ་འབྱམས་དྲུག་པ་ཀུན་བཟང་བསྟན་པའི་ཉི་མ་བཤད་སྒྲུབ་ཆོས་ཀྱི་གོ་ཆ་མཆོག་གི་དྲུང་ནས་རིན་ཆེན་གཏེར་གྱི་མཛོད་ཆེན་པོའི་དབང་ལུང་ཡོངས་རྫོགས་དང་། མཁན་ཆེན་ངག་དབང་མཁྱེན་བརྩེ་ནོར་བུ་ལས་སྒྱུ་འཕྲུལ་གསང་བའི་སྙིང་པོའི་རྒྱུད་འགྲེལ་གསང་བདག་དགོངས་རྒྱན་དང་། ཕྱོགས་བཅུའི་མུན་སེལ་གྱི་སྟེང་ནས་རྒྱུད་བཤད། སྡོམ་གསུམ་རྣམ་ངེས་འགྲེལ་པ་དཔག་བསམ་སྙེ་མ་དང་། འཇམ་དཔལ་དགྱེས་པའི་ཞལ་ལུང་གི་སྟེང་ནས་ཞིབ་ཁྲིད། དབུ་མ་ལུགས་ཀྱི་སེམས་བསྐྱེད་སྡོམ་པ་བཅས་གསན། གཞན་ཡང་རིག་འཛིན་ཨོ་རྒྱན་སྐྱེ་མེད་རྡོ་རྗེ་ལས་སྙིང་ཐིག་ཡ་བཞིའི་དབང་ཁྲིད་ལུང་བཅས། རྫོགས་ཆེན་དགོན་གྱི་ [11b] བླ་མ་མངོན་པ་ལས། ཞི་བ་ལྷའི་སྤྱོད་འཇུག་དང་། མི་ཕམ་པའི་མཁས་འཇུག་སོགས་གཞུང་བཤད་མང་པོ། ཞེ་ཆེན་བླ་མ་ཆེ་བ་ལས་སི་ཏུའི་སུམ་རྟགས་འགྲེལ་ཆེན་སོགས་སྙན་སུམ་རིག་གནས་ཀྱི་སྐོར་རྣམས་གསན། ཉེར་གཅིག་པར་ཨོ་རྒྱན་སྨིན་གྲོལ་གླིང་གི་གཙུག་ལག་ཁང་དུ་ཐུབ་དབང་མཐོང་གྲོལ་ཆེན་མོའི་སྤྱན་སྔར། གཅུང་ངག་དབང་ཆོས་ཀྱི་གྲགས་པས་མཁན་པོ་དང་། མཁན་ཆེན་ངག་དབང་མཁྱེན་བརྩེ་ནོར་བུས་ལས་སློབ་མཛད་དེ་དད་པའི་དགེ་འདུན་གྲངས་ཚང་བའི་དབུས་སུ་བསྙེན་པར་རྫོགས། དེ་ནས་བཟུང་དམ་ཆོས་འདུལ་པའི་བསླབ་པ་གཙོ་བོར་བརྟེན་ནས་གསོལ་ཆས་ཀྱང་གདན་གཅིག་ཁོ་ན་མཛད། དེ་ལྟར་སྨིན་གླིང་དུ་གསན་བསམ་རིགས་གྲུབ་ནས་མི་རིང་བར་ལྷ་ས། ཁྲ་འབྲུག །བསམ་ཡས་གཙོ་བོར་གྱུར་པའི་གནས་ཆེན་རྣམས་སུ་གནས་མཇལ་ལ་ཕེབས་ཤིང་། མཆིམས་ཕུའི་ནགས་གསེབ་ནས་གནམ་ལྕགས་རྡོ་རྗེ་རྩེ་ལྔ་པ་གཟི་མདངས་ཅན་ཞིག་ཕྱག་ཏུ་སོན་པ་ཐུགས་སྒམ་པས་འདི་ནས་བྱུང་ཞེས་གསལ་པོ་མ་གསུངས་མོད། དོན་ལ་གསང་གཏེར་དུ་བཞེས་པར་མངོན་ཞིང་རྡོ་རྗེ་དེ་ད་ལྟ་སྦས་ཡུལ་མཁན་ལྗོངས་ལྷ་ཁང་གི་རྟེན་གཙོ་གུ་རུའི་ [12a] ཐུགས་གཟུངས་སུ་བཞུགས། ཤུག་གསེབ་ཏུ་རྗེ་བཙུན་ལོ་ཆེན་རིག་འཛིན་ཆོས་ཉིད་དབང་མོ་མཇལ་བར། ཞལ་ནས་དེ་རིང་ཀུན་མཁྱེན་དྲི་མེད་འོད་ཟེར་མཇལ་བྱུང་བས་ངོ་མཚར་རྟེན་འབྲེལ་ཤིན་ཏུ་བཟང་། ངའི་ཚེ་ལྷག་མ་འདི་ཉིད་ཁྱེད་ལ་འབུལ་བས་རྗེས་སུ་འཇུག་པར་ཤོག་ཅིག་ཅེསགསུངས་ཤིང་ལྷག་པར་དགྱེས་བཞིན་པའི་ངང་ནས་བརྟན་བཞུགས་ཀྱི་ཚུལ་དུ་ཚེ་དབང་འབུལ་བར་མཛད། དེ་ནས་ཀུན་མཁྱེན་ཚུལ་རྡོར་གྱིས་ཕྱག་བཏབ་པ་གྲྭ་ཕྱི་དྲག་སྒྲུབ་དགོན་དང་། གྲྭ་ནང་པདྨ་ཆོས་སྡིངས་སོགས་རང་གི་དགོན་ལག་རྣམས་སུ་བྱོན་ཏེ་ཆོས་དང་ཟང་ཟིང་གཉིས་ཀའི་སྒོ་ནས་ལེགས་པར་བསྐྱངས་ཞིང་རིམ་བཞིན་གདན་ས་ལྷ་ལུང་དུ་ཕྱག་ཕེབས། བར་སྐབས་གྲྭ་ཚང་དུ་གཞི་གསུམ་གྱི་ཕྱག་ལེན་ཉམས་སྨས་པ་སོར་ཆུད་པར་མཛད་ཅིང་། སྔགས་ཆོག་སྒྲུབ་ཕྲིན་གར་ཐོག་དབྱངས་རོལ་སོགས་རང་ལུགས་གོང་མའི་ཕྱག་བཞེས་ཀྱི་རྒྱུན་གང་ཡོད་མི་ཉམས་ཡུན་སྐྱོང་གི་སློབ་གསོ་མཛད། ཉེར་གསུམ་པར་འབྲུག་བུམ་ཐང་ནས་གདན་འདྲེན་ཞུས་པ་བཞིན་དེར་ཕེབས་ཏེ་དབང་འདུས་ཆོས་གླིང་དུ་བཞུགས། ཁོ་བོ་བདུད་འཇོམས་པའང་འབྲུག་ཤར་ཕྱོགས་ཤར་ཕྱོགས་བཀྲ་ཤིས་སྒང་བརྒྱུད་ [12b] བུམ་ཐང་དུ་འབྱོར་བ་དང་སྐབས་འགྲིགས་ཏེ་རྗེའི་ཞལ་དཀྱིལ་ཐོག་མར་མཇལ་བའི་སྐལ་བཟང་ཐོབ། དགོངས་བཞེད་བཞིན་པད་གླིང་མ་ནིང་གཞུང་པོད་ཀྱི་བཀླག་ལུང་དང་། རིམ་པར་བླ་མ་དགོངས་འདུས་གཞུང་པོད་བཅུ་གསུམ་གྱི་དབང་ལུང་ཡོངས་རྫོགས་གསན། མི་རིང་བར་འབྲུག་རྒྱལ་འཇིགས་མེད་དབང་ཕྱུག་དང་། དབང་གླིང་ཡུམ་ཆོས་སྒྲོན་སྐུ་གཤེགས་པའི་སྤུར་སྦྱངས་དགོངས་རྫོགས་སོགས་མཛད། གཏམ་ཞིང་ལྷུན་གྲུབ་ཆོས་གླིང་དུ་བྱོན་ནས་དེར་བདུན་ཕྲག་གསུམ་དུ་བླ་མ་ནོར་བུ་རྒྱ་མཚོའི་རྩ་སྒྲུབ་ཉམས་བཞེས་གནང་། རྔན་ལུང་སྒང་སྟེང་གསང་སྔགས་ཆོས་གླིང་པས་གདན་དྲངས་པ་བཞིན་དེར་བྱོན་ཏེ་དེ་གའི་བླ་མ་གྲྭ་ཚང་གི་གཙོས་དད་ལྡན་གྱི་སློབ་ཚོགས་མང་དུ་འདུས་པ་ལ་པད་གླིང་ཆོས་སྐོར་ཕལ་ཆེར་གྱི་དབང་ལུང་སྩལ། སླར་དབང་འདུས་ཆོས་གླིང་དུ་ཞབས་བཀོད་པར་ཡུམ་པདྨ་བདེ་ཆེན་ནས་གསོལ་འདེབས་བདག་རྐྱེན་མཛད་དེ། ཤར་ཕྱོགས་བླ་མ་ཚེ་དབང་དཔལ་འབྱོར་སོགས་དང་། ཐར་པ་གླིང་དང་། ཉི་མ་ལུང་གི་བླ་མ་གྲྭ་ཚང་། ཕྱོགས་ཀྱི་དད་འདུས་སློབ་ཚོགས་མང་པོ་རྣམས་ལ་པད་གླིང་ཆོས་སྐོར་ཡོངས་རྫོགས་ཀྱི་དབང་ཁྲིད་ལྗགས་ལུང་བཅས་ཟབ་རྒྱས་སུ་སྩལ། དེ་ནས་མི་རིང་ [13a] བར་གདན་ས་ལྷ་ལུང་དུ་ལོག་ཕེབས་པའི་ལམ་ཕྱོགས་མོན་ལ་དཀར་ཆུང་རྫོགས་ཆེན་མཁན་པོ་པདྨ་ཚེ་དབང་དང་མཇལ་འཛོམ་བྱུང་ཞིང་། རྫོང་སར་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་མཆོག་གི་ཞལ་སྔ་ནས་སྦས་གནས་མཁན་ལུང་དུ་རྟེན་བཞེངས་དགོས་ཚུལ་གྱི་བཀའ་ལུང་དང་འབྲེལ་ནང་རྟེན་གཟུངས་སྔགས་རྟེན་གསུམ་དམ་རྫས་ཕབ་རྒྱུན། འབུལ་མཚོན་རིན་གཉིས་འཁོར་ལོ་བརྒྱ་ཕྲག །རྟེན་འབྲེལ་མཇལ་དར་ཉིན་མོ་བདེ་ལེགས་བཅས་འབུལ་བསྐུར་གནང་བ་ཕྱག་ཏུ་སོན་པ་ན་མཁྱེན་བརྩེ་དངོས་ཞལ་མཇལ་བ་དང་མཚུངས་པའི་དགྱེས་ཚོར་ཚད་མེད་གནང་ཞིང་། མཀན་པོ་ལས་ཆོས་འབྲེལ་ཀྱང་གསན་པར་མཛད། དེ་ནས་ལྷ་ལུང་གདན་སར་ཕྱག་ཕེབས་གྲུབ་པ་ན། བུམ་ཐང་ཐར་པ་གླིང་ནས་ཀཿཐོག་མཁན་པོ་ངག་དབང་ཕྲིན་ལས་ཆེད་དུ་གདན་དྲངས་ཏེ་རང་དགོན་དུ་མདོ་སྔགས་གཞུང་ཆེན་ཁག་གི་བཤད་གྲྭ་བཙུགས། འདི་སྐབས་ཁོ་བོ་ལྷ་ལྡན་དུ་སྡོད་མུས་ལ་ལྷ་ལུང་ནས་ཞབས་གྲྭས་བང་མི་ཆེད་གཏོང་གནང་སྟེ། པད་གླིང་ཕུར་པའི་ཕྱོགས་སུ་སྔོན་ཆད་ལྗགས་བསྒྲིགས་ཞལ་གསལ་ཁྱེར་བདེ་ཞིག་གཏན་ནས་མི་འདུག་པས་རང་ [13b] དགོན་དུ་སྒྲུབ་མཆོད་ལས་སྦྱོར་དང་བཅས་པ་གསར་འཛུག་གནང་བཞེད་ལ་ཁྱེར་བདེའི་ཆོག་ཁྲིགས་འདུས་གསལ་ཞིག་ཅིས་ཀྱང་འཕྲལ་དུ་གྲུབ་པར་གྱིས་ཞེས་བཀའ་སྐུལ་ནན་ཏན་གནང་བ་ལྟར་ཆོག་ཁྲིམས་ཡིག་ཆ་གང་ཤེས་བསྒྲིགས་བརྩམས་ཀྱིས་ཕུལ་བ་དགྱེས་རྩེར་སོན་ཏེ་སྤར་དུ་བསྐྲུན་པར་མཛད། གཞན་ཡང་སྔ་རྗེས་ཅི་རིགས་པར་བདེ་གཤེགས་སོ་ལྔའི་ལྷ་ཚོགས་དང་། སྒྲོལ་མ་འཇིགས་པ་བརྒྱད་སྐྱོབ་ཀྱི་ལྷ་ཁང་གསར་བཞེངས། འདོད་འཇོའི་བུམ་བཟང་གི་དཀྱིལ་ཐང་། ཕུར་པ་སྲོག་གི་སྤུ་གྲིའི་ཨེ་ཁྲམ་སོགས་དབང་དང་སྒྲུབ་ཆེན་གྱི་ཡོ་བྱད། བླ་མ་ཞི་དྲག །ཚེ་སྒྲུབ་ནོར་བུ་ལམ་ཁྱེར་སོགས་འདོན་ཆོག་མང་པོ་དང་། སྨིན་གླིང་གཟུངས་སྤར་ཆ་ཚང་སོགས་ཀྱི་སྦར་གསར་བསྐྲུན། ལྷག་པར་སྦས་ཡུལ་མཁན་ལུང་དུ་ཨོ་རྒྱན་ལྷ་ཁང་རྟེནདང་བརྟེན་པར་བཅས་པ་གསར་བཞེངས་དང་། རང་དགོན་གདན་ས་ཡས་མས་རྣམས་སུ་བཟང་གོས་ཀྱི་སྤྱན་གཟིགས་ཕུལ་དུ་བྱུང་བ་འབུལ་སྦྱོར་གནང་། ཇི་ཞིག་ན་སྨན་ཐང་བརྒྱུད་ཡར་འབྲོག་ཁུལ་དུ་གདན་འདྲེན་ཞུས་པ་ལྟར་དེར་བྱོན་ནས་དད་ལྡན་མང་པོའི་རེ་བ་ཡིད་བཞིན་དུ་སྐོང་བར་མཛད་ནས། ཞང་རིན་པོ་ཆེའི་ [14a] ཐུགས་སྲས་ནམ་མཁའ་འོད་ཀྱི་གདན་ས་ཡང་སྟེང་དགོན་དུ་ཞག་བཞུགས་མཛད་པར། དགུང་གྲངས་ཉེར་དྲུག་པ་ཤིང་ལུག་ཟླ་བ་དྲུག་པའི་ཚེས་དགུའི་ནམ་གུང་ཙམ་ནས་མགུལ་གློ་ཅུང་ཟད་ཙམ་བཞེས་པ་ནས་འགྲོ་རྒྱུ་ཡིན་པ་འདྲ་གསུངས་ཤིང་ཚེས་བཅུའི་ནམ་ལངས་སྔ་ཆར་སྐུ་སྐྱིལ་ཀྲུང་དྲང་པོར་བཞུགས་ཏེ་ཕྱག་མཉམ་གཞག་མཛད་མ་ཐག་གཟུགས་སྐུའི་བཀོད་པ་པདྨ་ཀུན་ཏུ་འཆང་གི་ཐུགས་ཀར་བསྡུས་སོ། །གསུང་སྤྲུལ་འདི་ཉིད་མཁྱེན་རྟོགས་ནུས་པའི་རྩལ་དང་ལྡན་ཅིང་ཐུགས་བསྐྱེད་བཟང་པོ་བསྟན་འགྲོའི་ཕན་བདེའི་གསོས་སུ་ཆེ་བའི་རྣམ་ཐར་ངོ་མཚར་ཅན་དུ་བཞུགས་ཀྱང་། བསྟན་པའི་སྐུ་གེགས་དང་གདུལ་བྱའི་བསོད་ནམས་ཀྱི་སྐལ་བས་ཕོངས་ཏེ་སྐུ་ཚེ་མཛད་ཕྲིན་མཐར་མ་ཕྱིན་པ་ནི་ཤིན་ཏུ་ཕངས་ཤིང་ཡིད་སྐྱོ་བའི་གནས་སུ་གྱུར། དེར་སྐུ་གདུང་རིན་པོ་ཆེ་ལྷ་ལུང་དུ་གདན་དྲངས་ནས་ཀཿཐོག་སི་ཏུ་རིན་པོ་ཆེས་ཞུགས་འབུལ་གྱི་ཆོ་ག་གནང་ཞིང་། མཁན་ངག་དབང་ཕྲིན་ལས་སོགས་ནས་དགོངས་རྫོགས་ཀྱི་མཆོད་སྤྲིན་ཚོགས་གཉིས་སྤེལ་བའི་སྲི་ཞུ་རྒྱ་ཆེན་པོ་བསྒྲུབ་པར་མཛད་དོ།། །། ༈ །པད་གླིང་བཅུ་གཅིག་པ་ཀུན་ [14b] བཟང་པདྨ་རིན་ཆེན་རྣམ་རྒྱལ་ངེས་དོན་བསྟན་པའི་ཉི་མ་ནི། བུམ་ཐང་ཆུ་སྨད་སྤང་སྟོད་དགོན་དུ་ཡབ་གྲུབ་ཐོབ་ཁྱུངགི་གདུང་རིགས་ལས་གྲོལ་བ་ཕྲིན་ལས་རྣམ་རྒྱལ་དང་། ཡུམ་རིན་ཆེན་བཟང་མོའི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ས་ཕོ་སྤྲེལ་ལོར་ཤིན་ཏུ་དགེ་བའི་ལྟས་དང་བཅས་སྐུ་བལྟམས། ལྷ་དང་བླ་མའི་ལུང་གིས་གསུང་སྤྲུལ་གོང་མའི་ཡང་སྲིད་འཁྲུལ་མེད་དུ་ངེས་པ་རྙེད་དེ་དགུང་ལོ་ལྔ་པར་པད་གླིང་ཆོས་ཀྱི་རྒྱལ་པོའི་མཚན་གྱི་ཅོད་པན་དཔྱངས་ཏེ་མངའ་གསོལ་གཟེངས་བསྟོད་ཕུལ། ད་ལྟ་ཡོངས་རྫོགས་དགེ་བའི་བཤེས་གཉེན་དག་ལས་སྐུ་ཡོན་གྱི་རིམ་པ་ཇི་སྙེད་པ་དང་། ཁྱད་པར་དོན་བརྒྱུད་སྨིན་གྲོལ་གདམས་པའི་བདུད་རྩི་མཐའ་དག་རང་ནོར་དུ་ལྷུར་བཞེས་པའི་སྐབས་ཏེ། རང་དོན་དུ་གསན་བསམ་སྒོམ་པའི་ལང་ཚོ་ཡོངས་སུ་རྫོགས་ནས་མཁས་བཙུན་བཟང་གསུམ་གྱི་ཡོན་ཏན་ཕུལ་དུ་བྱུང་བས་བསྟན་པའི་སྲོག་ཤིང་འཛིན་པ་ལ་དབང་འབྱོར། གཞན་དོན་དུ་འཆད་རྩོམ་ཕྲིན་ལས་ཀྱི་འཇུག་པ་ཕྱོགས་མེད་དུ་རྒྱས་པས་རྣམ་མང་གདུལ་བྱ་སྨིན་གྲོལ་གྱི་ལམ་ལ་འགོད་བཞིན་དུ། ཞབས་པད་བསྐལ་པ་རྒྱ་མཚོར་རྟག་བརྟན་འཆི་མེད་ [15a] བདེ་བ་ཆེན་པོའི་ངོ་བོར་བཞུགས་པར་གསོལ་བ་འདེབས་ཤིང་། སྐུའི་མཛད་པ་ཕྲིན་ལས་ཀྱི་རྣམ་པར་ཐར་པའང་སྐལ་བཟང་བརྒྱུད་འཛིན་རྣམས་ཀྱི་དཔལ་དུ་རིམ་གྱིས་སྤྲོ་བར་འགྱུར་རོ། །པད་གླིང་འཁྲུངས་རབས་དད་པའི་མེ་ཏོག་གི །ཁ་སྐོང་མོས་པའི་ཟེའུ་འབྲུ་འཛུམ་འདི་ལས། །སྙན་འཇེབས་ལོ་རྒྱུས་དྲི་བསུང་ངད་ལྡན་པ། །དོན་བཟང་སྦྲང་རྩིའི་ཟིལ་མངར་མཚོན་པ་བཞིན། །ཚུལ་འདི་མོས་ལྡན་བུང་བའི་ཚོགས་རྣམས་ཀྱི། །གདུང་སེལ་དགའ་སྟོན་ཉིད་དུ་གྱུར་ནས་ཀྱང་། །གང་གི་རིང་ལུགས་ཟབ་དོན་རོ་བཅུད་ལ། །ལོངས་སུ་སྤྱོད་པའི་སྐལ་བཟང་མི་ཉམས་ཤོག །ཅེས་པད་གླིང་འཁྲུངས་རབས་རྟོགས་བརྗོད་ཀྱི་ཁ་སྐོང་ཅུང་ཟད་གསལ་བར་བྱས་པ་འདིའང་། སྔ་སོར་ལྷ་ལུང་ཐེག་མཆོག་རབ་རྒྱས་གླིང་གི་བླ་གྲྭ་ལྷན་ནས་སྐུ་ཕྲེང་གསུམ་གྱི་མཛད་རྣམ་ཧྲོབ་བསྡུས་རྩོམ་གཞིའི་ཟིན་བྲིས་དང་བཅས་གོ་བདེའི་བསྒྲིག་རྩོམ་དགོས་ཚུལ་གྱི་གསུང་བསྐུལ་ཡང་ནས་ཡང་དུ་གནང་ཡང་ཟིན་མེད་རྣམ་གཡེང་གི་ཁོལ་པོར་འཕྱན་ཏེ་རིམ་ལུས་སུ་གྱུར་པ། ད་ཆ་རྒྱལ་ཡུམ་ཕུན་ཚོགས་ཆོས་སྒྲོན་མཆོག་ནས་ཆོས་རྒྱུན་མི་ [15b] ཉམས་གོང་འཕེལ་གྱི་བཙས་སུ་གཏེར་ཆོས་སྐོར་ཡོངས་རྫོགས་རྣམ་ཐར་ཁ་སྐོང་དང་བཅས་པ་ཆོས་སྦྱིན་མི་འཛད་པའི་འཕྲུལ་སྤར་དུ་འདེབས་བསྐྲུན་གནང་བ་ན་ལོ་རྒྱུས་ཆ་ཚང་བའི་ཕྱིར་ཤིན་ཏུ་ཉེར་མཁོར་གྱུར་ཏེ། རྩོམ་གཞི་སྔར་ཡོད་ཀྱི་སྟེང་དུ་རིགས་བདག་བླ་མའི་གསུང་སྒྲོས་སོགས་དོན་ལ་གནས་ངེས་པའི་ལོ་རྒྱུས་ཇི་ལྟར་རིགས་པས་གསལ་བར་བྱས་ཤིང་ཕྱོགས་འཛིན་སྒྲོ་བཏགས་ཀྱི་དྲི་མས་མ་སྦག་པར། རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བདུན་ཅུ་རྩ་གཉིས་པར་སོན་པ་རབ་བྱུང་བཅུ་དྲུག་པའི་ཤིང་ཡོས་ས་ག་ཉ་བའི་ཡར་ཚེས་དགེ་བར། བལ་ཡུལ་ཨེའི་གཙུག་ལག་ཁང་གི་ཉེ་འགྲམ་དུ་གྲུབ་པར་བགྱིས་པ་འདི་ཡོངས་སུ་དགེའོ།། །།