སྤྲུལ་པའི་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་པའི་རྣམ་ཐར་གསོལ་འདེབས་མོས་གུས་ཀྱི་ཤིང་རྟ།

From Dudjom Wiki
DJYD-KABUM-25-AA-001
Wylie title sprul pa'i gter chen khrag 'thung bdud 'joms gling pa'i rnam thar gsol 'debs mos gus kyi shing rta DJYD-KABUM-25-AA-001.pdf
Location bdud 'joms rin po che bka' 'bum
Volume 25, Text 1, Pages 1-11 (Folios 1a1 to 6a2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Sprul pa'i gter chen khrag 'thung bdud 'joms gling pa'i rnam thar gsol 'debs mos gus kyi shing rta. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 25: 1-11. Kalimpong: Dupjung Lama, 1979-1985.
Side notes Recto: gsol 'debs   Verso: sna tshogs skor
More details More details
Associated People (Bdud 'joms gling pa)
Genre Biographies - Hagiography - rnam thar  ·  Supplications - gsol 'debs
Colophon

ཅེས་པའང་མོས་གུས་ཀྱི་ནོར་དང་ལྡན་པའི་དོན་གཉེར་ཅན་དུ་མས་བསྐུལ་བ་ལས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བརྗོད་བདེའི་ངག་གིས་རྗེས་སུ་འདོམས་པ་བཞིན་བློ་གསལ་ཕྲིན་ལས་འགྱུར་མེད་ཀྱིས་ཡི་གེའི་ལམ་དུ་སྤེལ་བར་བྱས་པ་སིདྡྷི་རསྟུ༎

ces pa'ang mos gus kyi nor dang ldan pa'i don gnyer can du mas bskul ba las/___'jigs bral ye shes rdo rjes brjod bde'i ngag gis rjes su 'doms pa bzhin blo gsal phrin las 'gyur med kyis yi ge'i lam du spel bar byas pa sid+d+hi rastu//

[edit]
༄༅། །སྤྲུལ་པའི་གཏེར་ཆེན་ཁྲག་འཐུང་བདུད་འཇོམས་གླིང་པའི་རྣམ་ཐར་གསོལ་འདེབས་མོས་གུས་ཀྱི་ཤིང་རྟ་ཞེས་བྱ་བ་བཞུགས་སོ། །


༄༅། །རྒྱལ་བ་ཀུན་གྱི་སྤྱི་གཟུགས་པདྨ་འབྱུང་། །སྙིགས་མའི་དུས་འདིར་འགྲོ་འདུལ་སྐྱེས་བུའི་ཚུལ། །རིགས་བརྒྱའི་ཁྱབ་བདག་གཏེར་ཆེན་ཆོས་ཀྱི་རྒྱལ། །བདུད་འཇོམས་གླིང་པའི་ཞབས་ལ་གསོལ་བ་འདེབས། །གདོད་ནས་སྤྲོས་མཚན་སྲེད་ལེན་མཚམས་སྦྱོར་ནི། །ཡོངས་སྤངས་ཞི་བའི་བདུད་རྩི་མངོན་བརྙེས་ཀྱང་། །རྣམ་མང་འདུལ་བཞིའི་ཆོ་འཕྲུལ་མཐའ་ཡས་སྤྲིན། །སྒྱུ་འཕྲུལ་གར་བརྒྱས་རོལ་དེར་གསོལ༴ །ཁྱད་པར་རྣམ་འདྲེན་བཞི་པའི་བསྟན་པ་འདིར། །སྟོན་པ་གཉིས་པའི་ཕྲིན་ལས་རྣམ་ཐར་ཅན། །འཕགས་བོད་དགྲ་ [2a] བཅོམ་རིག་འཛིན་པཎ་གྲུབ་སོགས། །སྐྱེས་རབས་ཚར་དུ་དངར་ལ༴ །སྙིགས་མའི་དུས་འདིར་པདྨ་འོད་ཞིང་ནས། སློབ་དཔོན་དུས་གསུམ་མཁྱེན་པའི་རྡོ་རྗེའི་བཀས། །རང་གི་རྒྱལ་ཚབ་མཆོག་ཏུ་མངའ་གསོལ་མཐུས། །བསམ་བཞིན་སྲིད་པ་བཟུང་ལ༴ །གངས་ཅན་མདོ་སྨད་གསེར་ལུང་སྨན་གྱི་ལྗོངས། །འཕགས་པས་བྱིན་བརླབས་ངོ་མཚར་གནས་ཀྱི་ཆར། །མཁས་གྲུབ་དུ་མའི་འབྱུང་གནས་གནུབས་ཀྱི་གདུང་། །རྣམ་དག་རིགས་སུ་དགོངས་ལ༴ །དཔའ་བོ་མཁའ་འགྲོས་སྐྱེལ་མ་བསྙེན་བཀུར་བཅས། །མཚན་ལྡན་བསྐྱེད་ཡུམ་ [2b] ལྷུམས་སུ་ཉེར་ཞུགས་ཚེ། །ངོ་མཚར་དགེ་མཚན་དུ་མས་ཡབ་ཡུམ་གྱི། །ལུས་སེམས་བྱིན་གྱིས་བརླབས་ལ༴ །ལུག་ལོ་ཆོ་འཕྲུལ་ཟླ་བའི་ཚེས་བཅུའི་ནུབ། །མཛེས་སྐུའི་མཚན་དཔེའི་པདྨོ་བཞད་པ་ན། །འཇའ་འོད་གུར་ཁྱིམ་མེ་ཏོག་སྦྲང་ཆར་སོགས། །ལྟས་བཟང་དཔག་མེད་སྣང་ལ༴ །དེ་ཚེ་མཆོག་གཟིགས་རྣམ་འདྲེན་དུ་མ་ཡིས། །འགྲན་བྲལ་སྤྲུལ་པའི་སྐུ་རུ་ཡོངས་བསྔགས་ཤིང་། །གཞན་དོན་བསམ་ཡས་འགྲུབ་པའི་སྐྱེས་བུ་རུ། །བསླུ་མེད་ལུང་བསྟན་ཐོབ་ལ༴ །།བགྲང་བྱ་གསུམ་བར་མཁའ་འགྲོ་ཆོས་སྐྱོང་ཚོགས། །གླུ་གར་དང་བཅས་མེལ་ཚེར་འགྲོགས་པ་དང་། །རེས་འགར་དམ་སྲིས་གླགས་འཚོལ་གཡུལ་འགྱེད་སོགས། །ཉམས་སྣང་སྣ་ཚོགས་གཟིགས་ལ༴ །སྐབས་ཤིག་བྱང་ཕྱོགས་བཻཌཱུར་སྣང་ཞིང་ཕྱིན། །བཅོམ་ལྡན་གདོན་མི་ཟ་བའི་རྒྱལ་པོ་ཡིས། །རྒྱལ་ཚབ་ཉིད་དུ་དབུགས་དབྱུང་གཟེངས་བསྟོད་མཐུས། །སྔོན་གནས་རྗེས་སུ་དྲན་ལ༴ །མཁའ་སྤྱོད་ཞིང་དུ་དབྱིངས་ཡུལ་རྣལ་འབྱོར་མས། །འབུམ་ཕྲག་ཌཱ་ཀིའི་སྲོག་སྙིང་ཡིག་འབྲུའི་ཚུལ། །སྤྲོས་བསྟིམས་བྱིན་རླབས་འཕོ་བའི་དབང་ཆེན་ཐོབ། །འགལ་རྐྱེན་གཡུལ་ལས་རྒྱལ་ལ༴ ། [3a] གཞོན་ནུ་ཉིད་ནས་སྐྱེས་ཐོབ་རྩལ་རྫོགས་པས། །ཕལ་པའི་ཚུལ་འདས་དམ་པའི་རིགས་མཆོག་སད། །མངོན་པར་ཤེས་དང་རྫུ་འཕྲུལ་དཔག་མེད་པས། །གཟུར་གནས་དད་པ་སྐྱེད་ལ༴ །བགྲང་བྱ་དགུ་པར་ཡེ་ཤེས་ཌཱ་ཀི་ནཱིས། །བདེ་སྐྱོང་བདུད་རྩིའི་སྐྱེས་བཅས་ལུང་བསྟན་བཞིན། །བཤེས་གཉེན་མཆོག་བསྟེན་ཐོས་བསམ་ཡོན་ཏན་སྒོ། །བརྒྱ་ཕྲག་གཅིག་ཅར་ཕྱེས་ལ༴ །བརྩེ་ཆེན་ལྷ་གཅིག་དཀར་མཛེས་གཞོན་ནུའི་ཚུལ། །གྲོགས་ཀྱི་རྣམ་པས་འབྲལ་མེད་ལེགས་བསྐྱངས་ཤིང་། །སྨྲ་བའི་སེང་གེས་དངོས་སུ་རྗེས་བཟུང་བས། །ཤེས་རབ་རྩལ་ཁ་འབར་ལ༴ །རིགས་གསུམ་སེམས་དཔའ་རྒྱལ་ཡུམ་ཏཱ་རེ་མ། །མདའ་བསྣུན་ཞབས་དང་གྲུབ་པའི་རིག་འཛིན་བརྒྱད། །ཀློང་ཆེན་སོགས་ཀྱི་ཡེ་ཤེས་སྒྱུ་མའི་སྐུས། །རྗེས་བཟུང་བྱིན་རླབས་ཐོབ་ལ༴ །ཁྱད་པར་རྔ་ཡབ་དཔལ་རིར་མངོན་གཤེགས་ནས། །ཞག་གཅིག་བགྲང་བྱ་བཅུ་གཉིས་ཡུན་བསྒྱུར་ཏེ། །གུ་རུ་རྗེ་ལས་སྨིན་གྲོལ་བདུད་རྩི་ནོས། །གདུང་འཚོབ་དམ་པར་གྱུར་ལ༴ །ཆེས་ཕྲའི་གོ་སར་གྲངས་མེད་ཞིང་དང་སྐུའི། །རྣམ་ཐར་བཀོད་པ་བསམ་མི་ཁྱབ་པ་གཟིགས། །དེ་སྙེད་རྣམས་ [3b] སུ་རྣམ་འཕྲུལ་མཐའ་ཡས་པས། །ཆོས་སྒོ་དཔག་ཡས་གསན་ལ༴ །མདོར་ན་ཚེ་འདིའི་སྦྱངས་པར་ལྟོས་མིན་པར། །སྔོན་ནས་གོམས་པའི་ལས་ཀྱི་འཕྲོ་སད་དེ། །མཁས་དང་གྲུབ་པར་གྲགས་ཀུན་ཟིལ་གནོན་པའི། །མཁྱེན་རྟོགས་ཕུལ་དུ་བྱུང་ལ༴ །མཚོ་རྒྱལ་ལ་སོགས་ཌཱ་ཀིའི་ཚོགས་རྣམས་ཀྱིས། །བུ་བཞིན་རྗེས་བསྐྱངས་ལྐོག་གྱུར་ལུང་དུ་བསྙད། །དམ་ཅན་གཏེར་སྲུང་ལུས་དང་གྲིབ་མའི་ཚུལ། །ཅི་བགྱིའི་ཕོ་ཉར་བཏུད་ལ༴ །འཛག་བདེ་དམན་པའི་རོ་ལ་མི་ཞེན་པར། །འཛག་མེད་ཚངས་སྤྱོད་མཆོག་ལ་རབ་གནས་ཏེ། །ཆགས་པའི་ལམ་གྱིས་ཆགས་སོགས་ཉེས་ཀུན་སྤོང་། །དོན་གྱི་དགེ་སྦྱོང་གང་དེར༴ །བསྐལ་པར་གོམས་པའི་སྙིང་སྟོབས་ཆེས་བརྟན་པ། །ཤུགས་དྲག་བྱམས་དང་སྙིང་རྗེས་རབ་བསྐྱོད་དེ། །འབྲེལ་ཚད་དོན་ལྡན་རྒྱལ་སྲས་བརྟུལ་ཞུགས་སྤྱོད། །འགྲོ་འདུལ་སེམས་དཔའ་ཆེན་པོས༴ །ཐབས་ཆེན་གསང་བ་མཆོག་གི་མྱུར་ལམ་གྱི། །རིམ་པ་དང་པོའི་མངོན་རྟོགས་མཐར་སོན་པས། །སྣང་གྲགས་དག་པ་ཡེ་ཤེས་འཁོར་ལོར་གཟིགས། །རྣལ་འབྱོར་དབང་ཕྱུག་མཆོག་ལ༴ །འབར་བ་གསུམ་གྱི་ཡེ་ཤེས་མངོན་གྱུར་ཅིང་། །རྣམ་གསུམ་ཕོ་ཉའི་འདུ་བ་སྤྲིན་ [4a] ལྟར་འདུས། །ལས་བཞི་གྲུབ་པ་བརྒྱད་ལ་དབང་འབྱོར་བས། །ཕྲིན་ལས་འདོད་རྒུར་སྒྱུར་ལ༴ །རོ་རྐྱང་ཉི་ཟླའི་བགྲོད་པ་དྷཱུ་ཏིའི་དབྱིངས། །ངོ་མཚར་བཙན་ཐབས་སྦྱོར་བས་ཡོངས་བཅིངས་ནས། །མ་དག་ལས་རླུང་ཟག་པའི་གྲོང་ཁྱེར་གྱི། །འཁྲུལ་འཁོར་བཅོམ་པར་མཛད་ལ༴ །མཆོག་གི་ཙཎྜ་ལཱི་ཡི་གཟི་བརྗིད་སྟོབས། །འགྱུར་མེད་བཅུ་དྲུག་དགའ་བའི་རོས་མྱོས་ཏེ། །སྣང་སྲིད་ཟིལ་གནོན་བརྟུལ་ཞུགས་གར་བརྒྱ་ཡིས། །སྐལ་ལྡན་བདེ་ཆེན་སྐྱེད་ལ༴ །ཁྱད་པར་གསང་བ་ལས་ཀྱང་ཆེས་གསང་བ། །གསང་ཆེན་རྡོ་རྗེ་རྩེ་མོའི་ལྟ་བའི་གསང་། །མ་བཅོས་ཀ་དག་རིག་སྟོང་རྗེན་པའི་གཤིས། །ཀུན་བཟང་དགོངས་པ་བརྙེས་དེར༴ །ཆོས་ཉིད་བྱ་རྩོལ་བྲལ་བའི་རང་བབས་སུ། །བློ་འདས་གཉུག་མ་ཟང་ཐལ་རྒྱ་ཡན་ཀློང་། །ནམ་མཁའི་རྣལ་འབྱོར་སྒོམ་མེད་ཡེངས་མེད་ངང་། །རྟོགས་གྲོལ་དུས་མཉམ་གྱུར་ལ༴ །ནང་གསལ་ལྷུན་གྲུབ་རིག་རྩལ་དག་པའི་མདངས། །ལམ་སྣང་གཟུགས་སྐུར་ཤར་བའི་ངོ་མཚར་ཆོས། །འོད་གསལ་ཐོད་རྒལ་ཡོན་ཏན་ཚད་ཕེབས་སར། །མིག་འཕྲུལ་བཞིན་དུ་གཤེགས་ལ༴ །ཤེས་རབ་བདེ་སྟེར་དབྱིངས་ཕྱུག་ག་ག་ [4b] དྷུས། །ཨ་ཏིའི་གནད་བཀྲོལ་མཁའ་འགྲོའི་གསང་མཛོད་གཏད། །དོན་མཆོག་རྒྱ་ཆེའི་ཕྱིར་དུ་ཟབ་གཏེར་གྱི། །སྒོ་འཕར་དབྱེ་བར་བསྐུལ་ལ༴ །ཡེ་ཤེས་གཟིགས་པས་དག་སྣང་འབྱམས་སུ་ཀླས། །འཛད་མེད་ཐུགས་གཏེར་དགོངས་པའི་ཀློང་ནས་བརྡོལ། །མཁའ་འགྲོས་གཏད་རྒྱ་ས་ཡི་ཟབ་གཏེར་ཕྱུང་། །གཏེར་འབྱིན་འཁོར་ལོས་སྒྱུར་ལ༴ །བླ་རྫོགས་ཐུགས་གསུམ་བསྐྱེད་རྫོགས་རྫོགས་པ་ཆེ། །རྩ་བ་ཡན་ལག་ཕྲིན་ལས་ཁ་ཚར་བཅས། །ངོ་མཚར་ཆོས་གཏེར་ནོར་བུའི་བང་མཛོད་ཀྱིས། །སྐལ་བཟང་དགའ་སྟོན་སྤེལ་ལ༴ །རྩོལ་བཅས་ཐེག་པས་གདུལ་དཀའ་ཕྱི་དུས་འདིར། །རྡོ་རྗེ་ལུང་གིས་བསྔགས་པའི་བདེན་དོན་བཞིན། །ངེས་གསང་སྙིང་པོ་ཨ་ཏི་རྫོགས་པ་ཆེའི། བསྟན་པའི་སྒྲོན་མེ་སྦར་ལ༴ །སྒེག་པའི་སྐུ་མཆོག་གོས་དཀར་ལྕང་ལོས་བརྗིད། །དོ་ཧའི་གད་རྒྱང་དཔལ་གྱི་མགུར་ནས་ལེན། །དགོངས་པའི་དྲོད་ཀྱིས་ལས་ཅན་ཤེས་རྒྱུད་དགྲོལ། །བླ་མེད་ཧེ་རུ་ཀ་ལ༴ །ཆོས་ཀུན་བདེན་མེད་སྒྱུ་མ་ལྟར་རྟོགས་ཤིང་། །ཟང་ཐལ་རིག་པའི་དེ་ཉིད་གཟིགས་པའི་མཐུས། །ཐོག་རེག་དངོས་པོ་ཀུན་ལས་ཐལ་བྱུང་བགྲོད། །རྫུ་འཕྲུལ་ [5a] མཐུ་ལྡན་ཁྱོད་ལ༴ །སྙིགས་དུས་བསྟན་དང་འགྲོ་ལ་རབ་འཚེ་བའི། །མི་དང་མི་མིན་འདྲེ་རྒོད་འབྱུང་པོའི་དཔུང་། །དྲག་ཤུལ་ནུས་སྟོབས་འབར་བས་ཚར་བཅད་ནས། །ཕྱོགས་ལས་རྣམ་རྒྱལ་སྤྱོད་ལ༴ །དབང་བསྐུར་སྒྲུབ་མཆོད་ཚོགས་འཁོར་སོགས་ཀྱི་སྐབས། །འཇའ་འོད་མེ་ཏོག་ཆར་འབེབས་དྲི་བཟང་འཐུལ། །མཁའ་འགྲོའི་བརྡ་གླུ་དང་བཅས་སྐལ་ལྡན་རྣམས། །ཡེ་ཤེས་སད་པར་མཛད་ལ༴ །མཐོང་ཐོས་དྲན་དང་ཆ་ཤས་རེག་པ་ཡང་། །གཏན་གྱི་བདེ་བར་དབུགས་འབྱིན་ངེས་པར་སྩལ། །ཆེ་བའི་ཡོན་ཏན་སྙན་པའི་གྲགས་པ་ཡིས། །ནོར་འཛིན་ཁྱོན་ཀུན་ཁྱབ་ལ༴ །ཡེ་ཤེས་ཌཱ་ཀི་ལྔ་དང་སྦས་ཚུལ་གྱི། །དམ་ཚིག་མཁའ་འགྲོ་མཁའ་མདའི་གྲངས་སོགས་ཀུན། །ཆགས་ཆེན་ལམ་ལས་འབྲེལ་གྱུར་ཧེ་རུ་ཀའི། །སྐལ་བ་མཉམ་པར་སྦྱོར་ལ༴ །བྱང་སེམས་རིགས་ཀྱི་གདུང་འཛིན་ཉེ་སྲས་བརྒྱད། །འོད་ལུས་གྲུབ་པ་མཆོག་གི་བུ་བཅུ་གསུམ། །རིག་འཛིན་ས་བརྙེས་བཅུ་ཕྲག་བརྒྱ་ལ་སོགས། །གྲུབ་པའི་རྒྱལ་རབས་བསྐྲུན་ལ༴ །ཐུགས་བསྐྱེད་སྟོབས་སྨིན་གདུལ་བྱ་དུས་བབས་མཐུས། །མངའ་ [5b] རིས་དབུས་གཙང་ལྷོ་མོན་སྦས་པའི་ཡུལ། །སྤུ་བོ་དྭགས་ཀོང་མདོ་ཁམས་རྒྱ་བལ་ཚུན། །ཟབ་གཏེར་ཕྲིན་ལས་བརྡལ་ལ༴ །གང་ཚེ་དངོས་ཀྱི་མཛད་པ་མཐར་ཕྱིན་ཅིང་། །དོན་ཆེན་གཞན་ལ་ཉེ་བར་དགོངས་ནས་སུ། །སྒྲ་འོད་ལ་སོགས་ངོ་མཚར་ལྟས་དང་བཅས། །རྔ་ཡབ་དཔལ་རིར་གཤེགས་ལ༴ །པདྨ་བཀོད་མཛེས་ལ་སོགས་ཞིང་རྣམས་སུ། །པདྨའི་ཕྲིན་ལས་ཕྱོགས་བརྒྱར་སྤེལ་བའི་ཕྱིར། །པདྨའི་རིགས་ཀྱི་མྱུ་གུ་ཆུ་ཟླའི་གར། །བསམ་མི་ཁྱབ་པར་སྟོན་ལ༴ །མགོན་ཁྱོད་རྣམ་ཐར་ཡོན་ཏན་རྒྱ་མཚོའི་ཚུལ། །གུས་པས་དྲན་ཏེ་གདུང་བས་གསོལ་འདེབས་ན། །ཐུགས་རྗེ་རྒྱུན་ཆད་མེད་པའི་བཀའ་དྲིན་གྱིས། །ནམ་ཡང་འབྲལ་མེད་རྗེས་སུ་བཟུང་མཛད་གསོལ། །བརྒྱུད་འཛིན་སྙིང་ནས་མོས་པའི་བུ་རྣམས་ལ། །བརྩེ་བའི་ཞལ་སྟོན་དགྱེས་པའི་ལུང་མཆོག་སྩོལ། །རྡོ་རྗེའི་ཡེ་ཤེས་ཆེན་པོའི་དབང་སྐུར་ལ། །ཉིད་དང་དབྱེ་བ་མེད་པར་བྱིན་གྱིས་རློབས། །གསང་བའི་ལམ་ལས་གདོད་མའི་རྒྱལ་ས་སྙོགས། །ཟབ་མོའི་རིང་ལུགས་འཛམ་གླིང་ཀུན་ཏུ་སྤེལ། །མི་ཟད་རྒྱན་གྱི་འཁོར་ལོའི་རྣམ་ཐར་སྤྲིན། །[6a] ཆོས་དབྱིངས་ཀུན་ཁྱབ་ཁྱོད་དང་མཚུངས་པར་ཤོག །ཅེས་པའང་མོས་གུས་ཀྱི་ནོར་དང་ལྡན་པའི་དོན་གཉེར་ཅན་དུ་མས་བསྐུལ་བ་ལས། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བརྗོད་བདེའི་ངག་གིས་རྗེས་སུ་འདོམས་པ་བཞིན་བློ་གསལ་ཕྲིན་ལས་འགྱུར་མེད་ཀྱིས་ཡི་གེའི་ལམ་དུ་སྤེལ་བར་བྱས་པ་སིདྡྷི་རསྟུ༎ །།