གསོལ་འདེབས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་སྤྲིན་ཆེན།

From Dudjom Wiki
DJYD-KABUM-25-AA-004
Wylie title gsol 'debs kyi rim pa phyogs gcig tu bsdebs pa byin rlabs bdud rtsi'i sprin chen DJYD-KABUM-25-AA-004.pdf
Location bdud 'joms rin po che bka' 'bum
Volume 25, Text 4, Pages 33-105 (Folios 1a1 to 37a1)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Gsol 'debs kyi rim pa phyogs gcig tu bsdebs pa byin rlabs bdud rtsi'i sprin chen. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 25: 33-105. Kalimpong: Dupjung Lama, 1979-1985.
Side notes Recto: gsol 'debs   Verso: sna tshogs skor
More details More details
Genre Supplications - gsol 'debs
[edit]
༄༅། །གསོལ་འདེབས་ཀྱི་རིམ་པ་ཕྱོགས་གཅིག་ཏུ་བསྡེབས་པ་བྱིན་རླབས་བདུད་རྩིའི་སྤྲིན་ཆེན་ཞེས་བྱ་བ་བཞུགས་སོ། །


༄༅། །རྒྱང་འབོད་ཀྱི་གསོལ་འདེབས་གཉུག་མའི་ཐོལ་གླུ་ཞེས་བྱ་བ། ངོ་བོ་གདོད་ནས་མི་འགྱུར་སྤྲོས་བྲལ་གྱི་གཤིས་ལུགས། །ཀ་དག་གཏིང་གསལ་གཞོན་ནུ་བུམ་སྐུ་རུ་བཞུགས་པ། །ཆོས་སྐུའི་བླ་མ་ཡེ་ཤེས་རྡོ་རྗེ་དེ་མཁྱེན་ནོ། །ལྟ་བའི་གདིང་ཆེན་ཐོབ་པར་བྱིན་གྱིས་རང་རློབས་ཤོག །རང་བཞིན་མ་འགག་ཟུང་འཇུག་འོད་གསལ་གྱི་ཚོམ་བུ། །ལྷུན་གྲུབ་ངེས་པ་ལྔ་ལྡན་རོལ་པ་རུ་བཞུགས་པ། །ལོངས་སྐུའི་བླ་མ་བདེ་ཆེན་རྡོ་རྗེ་དེ་མཁྱེན་ནོ། །སྒོམ་པའི་རྩལ་ཆེན་རྫོགས་པར་བྱིན་གྱིས་རང་རློབས་ཤིག །ཐུགས་རྗེ་ཕྱོགས་ལྷུང་བྲལ་བ་མཐའ་གྲོལ་གྱི་ཡེ་ཤེས། །ཀུན་ [2a] ཁྱབ་རིག་སྟོང་རྗེན་པའི་ངོ་བོ་རུ་བཞུགས་པ། །སྤྲུལ་སྐུའི་བླ་མ་འགྲོ་འདུལ་གླིང་པ་དེ་མཁྱེན་ནོ། །སྤྱོད་པའི་བོགས་ཆེན་འབྱོངས་པར་བྱིན་གྱིས་རང་རློབས་ཤིག །རང་རིག་གདོད་མའི་གཞི་ལ་འཕོ་འགྱུར་ནི་མི་འདུག །གང་ཤར་ཆོས་སྐུའི་རྩལ་ལ་བཟང་ངན་ནི་མི་གདའ། །ད་ལྟའི་ཤེས་པ་སངས་རྒྱས་མངོན་སུམ་དུ་འདུག་པས། །གུ་ཡངས་བློ་བདེའི་བླ་མ་སྙིང་དབུས་ནས་རྙེད་བྱུང་། །གཉུག་མའི་སེམས་འདི་བླ་མའི་རང་བཞིན་དུ་རྟོགས་ཚེ། །འཛིན་ཞེན་གསོལ་འདེབས་བཅོས་མའི་སྡུག་ཡུས་ནི་མ་དགོས། །མ་བཅོས་རིག་པ་རང་བབས་ [2b] ཁ་ཡན་དུ་ཀློད་པས། །གཏད་མེད་གང་ཤར་རང་གྲོལ་བྱིན་རླབས་དེ་ཐོབ་བྱུང་། །བྱས་པའི་ཆོས་ཀྱིས་སངས་རྒྱས་འགྲུབ་དུས་ནི་མི་གདའ། །ཡིད་དཔྱོད་བློས་བྱས་སྒོམ་འདི་སླུ་བྱེད་ཀྱི་དགྲ་རེད། །ད་ནི་འཛིན་སྟངས་ཞིག་པའི་མདོ་མེད་ཀྱི་སྨྱོན་པ། །བྱུང་རྒྱལ་གཅེར་ཉལ་ངང་ལ་མི་ཚེ་འདི་སྐྱེལ་གཏོང་། །གང་ལྟར་བྱས་ཀྱང་དགའ་འོ་རྫོགས་ཆེན་གྱི་རྣལ་འབྱོར། །སུ་དང་འགྲོགས་ཀྱང་སྐྱིད་དོ་པད་འབྱུང་གི་བུ་བརྒྱུད། །མགོན་ལ་འགྲན་ཟླ་མེད་དོ་གཏེར་ཆེན་གྱི་བླ་མ། །ཆོས་ལ་དོ་ཟླ་མེད་དོ་མཁའ་འགྲོ་ཡི་སྙིང་ཐིག །རྨོངས་ཆེན་སྙིང་གི་མུན་པ་རང་མལ་དུ་སངས་ནས། འོད་གསལ་ཉི་མ་འགྲིབ་མེད་ཁོར་ཡུག་ཏུ་འཆར་བའི། །སྐལ་བཟང་འདི་ཀོ་ཕ་གཅིག་བླ་མ་ཡི་སྐུ་དྲིན། །དྲིན་ལན་འཁོར་མཐའ་མེད་དོ་བླ་མར་རང་དྲན་ནོ། །ཞེས་པའང་རང་གི་རྡོ་རྗེ་སློབ་བུའི་ཐུ་བོ་སྤྲུལ་པའི་སྐུ་འཇིགས་མེད་ཆོས་དབྱིངས་ནོར་བུ་ཐམས་ཅད་གྲུབ་པའི་སྡེའི་གསུང་གི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འཆོལ་གཏམ་དུ་སྨས་པ་དགེ། །། ༈ །བླ་མ་རྒྱང་འབོད་ཀྱི་གསོལ་འདེབས་བྱིན་རླབས་མྱུར་འཇུག་ཅེས་བྱ་བ་བཞུགས་སོ། ། ན་མོ་གུ་རུ་ཡེ། ཚེ་འདིར་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་ལ་རེག་པར་འདོད་པ་རྣམས་ཀྱི་བྱ་བའི་གཙོ་བོ་རང་ལ་སྨིན་གྲོལ་གྱི་གདམས་ཟབ་སྩོལ་བའི་བླ་མ་དེ་ཉིད་དཀྱིལ་འཁོར་ [3a] ཀུན་བདག་སངས་རྒྱས་དངོས་མཐོང་གི་མོས་གུས་གདུང་ཤུགས་དྲག་པོ་བཅོས་མ་མ་ཡིན་པས་རྒྱུད་བསྐུལ་ནས་རྒྱང་འབོད་འོ་དོད་ཀྱི་ཚུལ་དུ་གསོལ་འདེབས་འདི་ལྟར་བྱ་སྟེ། བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །བླ་མ་མཁྱེན་ནོ། །སངས་རྒྱས་ཀུན་གྱི་སྤྱི་གཟུགས། །ལུང་རྟོག་ཆོས་ཀྱི་འབྱུང་གནས། །དགེ་འདུན་འཕགས་པའི་མངའ་བདག །བླ་མེད་བླ་མ་མཁྱེན་ནོ། །ངོ་བོ་ཀ་དག་ཆོས་སྐུ། །རང་བཞིན་ལྷུན་གྲུབ་ལོངས་སྐུ། །ཐུགས་རྗེ་ཀུན་ཁྱབ་སྤྲུལ་སྐུ། །ཡོངས་འདུས་བླ་མ་མཁྱེན་ནོ། །བྱིན་རླབས་རྒྱ་མཚོའི་གཏེར་མཛོད། །དངོས་གྲུབ་ནོར་བུའི་འབྱུང་གནས། །ཕྲིན་ལས་གློག་ལྟར་མྱུར་བའི། །རྗེ་བཙུན་བླ་མ་མཁྱེན་ནོ། །ལོག་ལམ་སྡིག་ལས་ལྡོག་ཅིང་། །ཡང་དག་དགེ་ལ་སྦྱོར་ཏེ། །གཏན་བདེ་ཐར་ལམ་བགྲོད་པའི། །ལམ་མཁན་བླ་མ་མཁྱེན་ནོ། །མཐའ་མེད་རིགས་དྲུག་འཁོར་བའི། །སྡུག་བསྔལ་ཆུ་བོ་བརྒལ་ནས། །ཞི་བདེའི་གླིང་དུ་འཁྲིད་པའི། །དེད་དཔོན་བླ་མ་མཁྱེན་ནོ། །གདུལ་བྱའི་རྒྱུད་ཀྱི་ཞིང་ས། །ངེས་འབྱུང་ཐབས་ཀྱིས་བཏུལ་ཏེ། །སྨོན་འཇུག་སེམས་ཀྱི་ས་བོན། །འདེབས་མཛད་བླ་མ་མཁྱེན་ནོ། །སྨིན་བྱེད་དབང་བཞིའི་ཆར་གྱིས། །སྒྲིབ་བཞིའི་ [3b] དྲི་མ་བཀྲུས་ནས། །རྒྱུད་ལ་སྐུ་བཞིའི་ཡོན་ཏན། །བླུག་མཛད་བླ་མ་མཁྱེན་ནོ། །ཀྱེ་མ་བདག་འདྲའི་སེམས་ཅན། །ལས་ངན་འདུལ་བའི་ཐུགས་རྗེ། །རྒྱལ་བ་གཞན་ལས་ལྷག་པའི། །མཚུངས་མེད་བླ་མ་མཁྱེན་ནོ། །བཀའ་དྲིན་འཁོར་མཐའ་བྲལ་བའི། །བླ་མ་སྙིང་ནས་དྲན་བྱུང་། །གསོལ་འདེབས་འོ་དོད་འབོད་དོ། །ཐུགས་རྗེས་མྱུར་དུ་གཟིགས་ཤིག །དལ་འབྱོར་སྙིང་པོ་ལོན་ཅིང་། །མི་རྟག་རྒྱུད་ལ་སྐྱེས་ནས། །འཁོར་བར་ཞེན་པ་ལོག་སྟེ། །རྒྱུ་འབྲས་སྤང་བླང་ནུས་པར། །དྲིན་ཆེན་བླ་མ་མཁྱེན་ནོ། །ཐུགས་རྗེས་བྱིན་གྱི་རློབས་ཤིག །བླ་མ་སངས་རྒྱས་དངོས་སུ། །མཐོང་བའི་མི་ལྡོག་དད་པ། །དམ་ཚིག་གཅིག་པའི་མཆེད་གྲོགས། །སྤུན་ལྟར་བརྩེ་བའི་གུས་གདུང་། །ཕ་མ་སེམས་ཅན་ཀུན་ལ། །ཚད་མེད་བྱམས་དང་སྙིང་རྗེ། །ནམ་འཆི་ཆ་མེད་བསམ་ནས། །དྲན་དང་ཤེས་བཞིན་བརྟན་པར། །དྲིན་ཆེན་བླ་མ༴ ཐུགས་རྗེས་བྱིན༴ མཚན་ལྡན་བླ་མ་དམ་པར། །གདམས་ངག་ཟབ་མོ་ཐོབ་དུས། །ཕྱི་བཤོལ་ལེ་ལོ་སྤངས་ནས། །སྒྲུབ་ལ་སྙིང་རུས་ནུས་པར། །དྲིན་ཆེན་བླ་མ༴ ཐུགས་རྗེས་བྱིན༴ བཀའ་དྲིན་གསུམ་ལྡན་བླ་མ། ། [4a] མཉམ་འགྲོགས་མི་རུ་བཟུང་དང་། །ཐེ་ཚོམ་ལོག་ལྟ་སྤུ་ཙམ། །མི་སྐྱེ་དག་སྣང་འབྱོང་བར། །དྲིན་ཆེན༴ ཐུགས་རྗེས༴ རྐྱེན་ངན་གྲོགས་སུ་འཆར་ཞིང་། །དགྲ་གཉེན་ཕྱོགས་རིས་བྲལ་ཏེ། །གཞན་ཕན་རྒྱལ་སྲས་སྤྱོད་པ། །བྱང་སེམས་རྒྱུད་ལ་སྐྱེ་བར། །དྲིན་ཆེན༴ ཐུགས་རྗེས༴ འབྲལ་མེད་བླ་མ་དྲན་ཅིང་། །རྟག་ཏུ་སྒོ་གསུམ་བྱ་སྤྱོད། །དམ་པའི་ཆོས་སུ་འགྱུར་ནས། །ཚེ་དང་སྒྲུབ་པ་མཉམ་པར། །དྲིན་ཆེན༴ ཐུགས་རྗེས༴ བྱིན་རླབས་དབང་གིས་སྨིན་ཅིང་། །དགོངས་རྒྱུད་བདག་ལ་འཕོས་ཏེ། །རང་སེམས་ཟང་ཐལ་གཉུག་མ། །བླ་མའི་ངོ་བོར་རྟོགས་པར། །དྲིན་ཆེན༴ ཐུགས་རྗེས༴ ལྟ་བ་འཁོར་འདས་མཉམ་བརྡལ། །སྒོམ་པ་མ་བཅོས་རང་བབ། །སྤྱོད་པ་བྱ་རྩོལ་བྲལ་བ། །འབྲས་བུ་རང་ངོ་ཟིན་པར། །དྲིན་ཆེན་བླ་མ་མཁྱེན་ནོ། །ཐུགས་རྗེས་བྱིན་གྱིས་རློབས་ཤིག །མཁྱེན་ནོ་དྲིན་ཆེན་བླ་མ། །རེ་ས་ཁྱེད་ལས་མེད་དོ། །ཐུགས་ཡིད་དབྱེར་མེད་འདྲེས་པར། །བླ་མས་བྱིན་གྱིས་རློབས་ཤིག །ཞེས་ཁ་ཙམ་ཚིག་ཙམ་མ་ཡིན་པར་ཞེ་ཐག་པ་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་པས་བྱིན་རླབས་འཇུག་པར་གདོན་མི་ཟའོ། །ཞེས་པའང་ [4b] དད་དམ་འགྱུར་མེད་དཔལ་ལྡན་གྱི་མོས་འདུན་བཞིན་གཏེར་ཆེན་བདུད་འཇོམས་གླིང་པའི་མཚན་གྱི་བྱིན་རླབས་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག། །།

༈     །བླ་མ་མཁྱེན་ནོ།   །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ་དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ་ལ་གསོལ་བ་འདེབས་སོ།   བདག་རྒྱུད་བྱིན་གྱིས་བརླབ་པར་མཛད་དུ་གསོལ།   དལ་འབྱོར་སྙིང་པོ་ལོན་པར་བྱིན་གྱིས་རློབས།   མི་རྟག་འཆི་བ་དྲན་པར་བྱིན་གྱིས་རློབས།   ལས་ལ་ཡིད་ཆེས་སྐྱེ་བར་བྱིན༴    འཁོར་བར་ཞེན་པ་ལོག་པར་བྱིན༴    བླ་མ་སངས་རྒྱས་སུ་མཐོང་བར༴     བདག་རྒྱུད་ཆོས་དང་འདྲེས་པར༴     ཚེ་འདིར་ཞེན་ཆགས་བྲལ་བར༴      འཆི་དུས་བློ་ལྷག་མེད་པར༴     འཆི་ཁར་གནད་གཅོད་མེད་པར༴    ཟབ་ལམ་འཕོ་བ་འབྱོང་བར༴     བར་དོ་འོད་གསལ་དུ་གྲོལ་བར༴     ཆོས་ཉིད་རང་ངོ་ཤེས་པར༴    འཁྲུལ་པ་རང་སར་གྲོལ་བར༴     རྣམ་དག་དབུགས་ཆེན་འབྱིན་པར༴     རང་རིག་རང་ངོར་སད་པར༴     གཞོན་ནུ་བུམ་སྐུ་འགྲུབ་པར༴     དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།   ཞེས་པའང་དད་ལྡན་ཇོ་མོ་བདེ་ཆེན་མཚོས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །། 
༈    །   དུས་གསུམ་སངས་ [5a] རྒྱས་ཐམས་ཅད་ཀྱི་ངོ་བོ།   རིགས་དང་དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་བཀའ་དྲིན་མཚུངས་མེད་རྩ་བའི་བླ་མ་རིན་པོ་ཆེ་མཁྱེན།   བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ།   རྨི་ལམ་རྨི་ལམ་དུ་ཤེས་པར་བྱིན་གྱིས་བརླབ༴    རྨི་ལམ་འོད་གསལ་དུ་འཆར་བ་བྱིན་གྱིས་བརླབ༴     འོད་གསལ་ཁོར་ཡུག་ཏུ་འདྲེས་པར་བྱིན་གྱིས་བརླབ་ཏུ་གསོལ།   ཞེས་པའང་ཛྙཱ་ནས་སོ།།   །། 
༈     །ཨེ་མ་ཧོཿ     སངས་རྒྱས་ཀུན་གྱི་ཐུགས་རྗེ་གཅིག་བསྡུས་པ།   །ལས་ངན་བདག་གི་སྐྱབས་གཅིག་རིན་པོ་ཆེ།   །བཀའ་དྲིན་འཁོར་མཐའ་བྲལ་བའི་བླ་མ་རྗེ།   །སྙིང་ནས་གདུང་བས་གསོལ་བ་འདེབས་ལགས་ན།   །འབྲལ་མེད་ཐུགས་རྗེས་དགོངས་ལ་བྱིན་གྱིས་རློབས།   །དལ་འབྱོར་སྙིང་པོ་ལོན་པར་བྱིན༴    །མི་རྟག་འཆི་བ་དྲན་པར་བྱིན༴    །འཁོར་བའི་སྡུག་བསྔལ་མཐོང་བར་བྱིན༴    །དགེ་སྡིག་བླང་དོར་ནུས་པར་བྱིན༴    །མཆོག་གསུམ་སྐྱབས་སུ་བཟུང་བར་བྱིན༴    །གཞན་ཕན་བྱང་སེམས་འབྱོང་བར༴    །སྒྲིབ་གཉིས་བག་ཆགས་བྱང་བར༴    །བསོད་ནམས་ཚོགས་གཉིས་རྫོགས་པར་བྱིན༴    །དབང་བྱིན་དངོས་གྲུབ་ཐོབ་ [5b] པར༴    །དམ་ཚིག་སྲུང་སྡོམ་ནུས་པར་བྱིན༴    །ཟོལ་མེད་ཆོས་ཚུགས་ཟིན་པར་བྱིན༴    །རྐྱེན་ངན་གྲོགས་སུ་འཆར་བར༴    །ཡེངས་མེད་བརྩོན་འགྲུས་བརྟན་པར་བྱིན༴    །བདག་འཛིན་བློ་ཡིས་ཐོང་བར༴    །མ་རིག་མུན་པ་སེལ་བར༴    །ཀ་དག་ལྟ་བ་རྟོགས་པར༴    །ཆོས་ཉིད་མངོན་སུམ་མཐོང་བར༴    །ཉམས་སྣང་གོང་དུ་འཕེལ་བར་བྱིན༴    །རིག་པ་ཚད་ལ་ཕེབས་པར་བྱིན༴    །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན༴    །གཞོན་ནུ་བུམ་སྐུར་གྲོལ་བར༴    །ཚེ་འདིར་འཇའ་ལུས་འགྲུབ་པར༴    །འཁོར་བ་དོང་ནས་སྤྲུགས་པར་བྱིན་གྱིས་རློབས།   །ཞེས་པའང་ཟབ་མོའི་ལམ་ལ་གཞོལ་བའི་བློ་གྲོས་དགེ་བ་སྲས་ཚེ་རིང་དབང་ཆེན་གྱིས་ནན་ཏན་ཆེན་པོས་བསྐུལ་མ་གནང་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །། 
༈     །དུས་གསུམ་སངས་རྒྱས་ཀུན་གྱི།   །རྨད་བྱུང་མཁྱེན་བརྩེའི་རང་གཟུགས།   །སྐྱབས་གཅིག་དྲིན་ཆེན་བླ་མ།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེ།   །གང་ཁྱོད་བདག་གི་སྤྱི་གཙུག    །བདེ་ཆེན་འཁོར་ལོའི་རྒྱན་དུ།   །འབྲལ་བ་མེད་པར་བཞུགས་ཏེ།   །རྟག་ཏུ་ཐུགས་རྗེས་གཟིགས་ཤིག    །རེ་ལྟོས་གཞན་ན་མི་འཚོལ།   །ཁ་ཙམ་ཚིག་ཙམ་མ་ཡིན།   །སྙིང་ཁུང་རུས་པའི་གཏིང་ནས།   ། [6a] ཡང་ཡང་གསོལ་བ་འདེབས་སོ།   །བདག་སོགས་འགྲོ་ཀུན་རྒྱུད་ལ།   །བླ་མ་མཆོག་གི་བྱིན་རླབས།   །ད་ལྟ་ཉིད་དུ་འཇུག་ཅིང་།   །འབྲས་བུ་བླ་མའི་གོ་འཕང་།   ཚེ་འདི་ཉིད་ལ་ཐོབ་པར།   །བསླུ་མེད་བླ་མ་ཁྱེད་མཁྱེན།   མཁྱེན་ནོ་བླ་མ་མཁྱེན་ནོ།   །ཞེས་པའང་རིག་འཛིན་གོང་མའི་སློབ་འབངས་དམ་པ་འཛོམ་པའི་མིང་གིས་ནན་དུ་བསྐུལ་ངོར་ཞལ་ངོ་མ་ལྡོག་ཙམ་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ཉིད་ཀྱིས་བྲིས་པ་དགེ་ལེགས་སུ་གྱུར་ཅིག།   །། 
༈     །རྒྱལ་ཀུན་འདུས་པའི་ངོ་བོ།   །མཁྱེན་བརྩེ་ནུས་པའི་གཏེར་ཆེན།   །མཚུངས་མེད་བཀའ་དྲིན་སུམ་ལྡན།   །བདུད་འཇོམས་ཡེ་ཤེས་རྡོ་རྗེ།   །སྙིང་ནས་གསོལ་བ་འདེབས་སོ།   །རྟག་ཏུ་གཡེལ་མེད་ཐུགས་རྗེས།   །བདག་རྒྱུད་བྱིན་གྱིས་རློབས་ལ།   །འཇའ་ལུས་འགྲུབ་པར་མཛོད་ཅིག    །ཅེས་པའང་སྒྲུབ་བརྩོན་བྱམས་པ་ཆོས་འཛིན་གྱི་ངོར་སྤྲང་འཆལ་རང་ཉིད་ཀྱིས་བྲིས་པ་དགེ།   །། 
༈    །བདུད་འཇོམས་སྤྲུལ་སྐུའི་མིང་གི་རྣམ་གྲངས་ལས་བརྩམས་པའི་གསོལ་འདེབས་ནི། ཐོག་མེད་གོམས་པའི་ལས་ཀྱི་བག་ཆགས་ཀྱི།   །ལུས་འདིའི་དབང་པོ་དང་པོར་སད་པའི་ཚེ།   །རིག་བྱེད་མཁས་པའི་སློབ་དཔོན་སྔགས་འཆང་གིས།   །ཉི་མ་རྒྱལ་མཚན་ [6b] བཏགས་ལ་གསོལ་བ་འདེབས།   །ཡབ་རྗེ་ལྷ་རིགས་འཇམ་དཔལ་ནོར་བུ་ལ།   །ཌཱ་ཀིས་ཕ་བས་ལྷག་པའི་བུ་འབྱུང་ཞེས།   །ལུང་བཞིན་མ་བཙས་གོང་ནས་བཏགས་པའི་མིང་།   །ཡེ་ཤེས་རྡོ་རྗེར་གྲགས་ལ༴    །འཆི་མེད་ཡང་གསང་གོ་དཱ་ཝ་ར་ན།   །པདྨའི་རྒྱལ་ཚབ་ནམ་མཁའི་རྣལ་འབྱོར་གྱིས།   །འཇིགས་བྲལ་བདེ་ཆེན་རྡོ་རྗེ་དྲག་པོ་ཞེས།   །མིང་དབང་ཅོད་པན་བྱིན་ལ༴    །མཁས་བཙུན་བཟང་པོའི་ཁྱུ་མཆོག་མཁན་ཆེན་རྗེར།   །ཐ་སྙད་རིག་ལམ་གནས་ལ་སྦྱངས་པའི་ཚེ།   །མཚོ་བྱུང་དགྱེས་པའི་ལང་ཚོ་སྔོན་མེད་ཀྱི།   །ཟླ་བ་གསར་པར་བཏགས་ལ༴    །ཐུགས་རྗེའི་བདག་ཉིད་མཉྫུའི་མཚན་ཅན་ལས།   །བདག་རྒྱུད་སོ་ཐར་དགེ་བསྙེན་སྡོམ་ལྡན་དུ།   །བསྒྲུབས་ཚེ་འགྱུར་མེད་དགེ་ལེགས་ཕྱོགས་ཀུན་ལས།   །རྣམ་པར་རྒྱལ་བར་གྲགས་ལ༴    །སེམས་དཔའ་ཆེན་པོ་ངག་དབང་དཔལ་ལྡན་ལས།   །བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་གོ་བགོས་ཚེ།   །རྒྱལ་སྲས་བློ་གྲོས་དྲི་མེད་ཕན་བདེའི་ཟླ།   །འོད་ཟེར་དཔལ་འབར་བཏགས་ལ༴    །དྲིན་ཅན་རིགས་ཀྱི་བདག་པོ་ངེས་དོན་དབང་།   །གང་གིས་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཆེར།   །བཅུག་སྟེ་ཉེ་བའི་སྲས་སུ་དབང་བསྐུར་ཚེ།   ། [7a] རྡོ་རྗེ་འདུས་རྩལ་གྲགས་ལ༴    །དྲན་མཆོག་རྒྱལ་པོ་འཁྲུལ་ཞིག་ཆོས་ཀྱི་རྗེས།   །མན་ངག་སྙིང་ཐིག་ཡང་གསང་བླ་མེད་ཀྱི།   །དལ་དུ་བཅུག་ནས་སྙན་བརྒྱུད་གཏད་པའི་ཚེ།   །ཡན་པ་བློ་བདེར་བཏགས་ལ༴   །   རིགས་འདུས་པདྨ་ཐོད་ཕྲེང་ཡབ་ཡུམ་གྱིས།   །གསང་ཆེན་ལམ་གྱི་ཤིང་རྟར་དབུགས་ཕྱུང་སྟེ།   །ལུང་བསྟན་སྨོན་ལམ་དབང་ཆེན་བསྐུར་བའི་མིང་།   །འགྲོ་འདུལ་གླིང་པར་བསྔགས་ལ་གསོལ་བ་འདེབས།   །མི་ངན་གཅིག་ལ་མིང་བཟང་མང་ལྡན་པ།   །གང་ནས་བོས་ཀྱང་གདོལ་པ་རྒན་པོ་གཅིག    །ཁྱོད་ལ་ཁ་ཞེ་མེད་པས་གསོལ་འདེབས་ན།   །ཁྱོད་ཀྱི་རྣམ་ཐར་འགྲུབ་པར་བྱིན་གྱིས་རློབས།   །ཞེས་པའང་དད་ལྡན་བསྟན་འཛིན་ཆོས་འཕེལ་གྱིས།   །དད་པའི་རྟེན་དུ་གསོལ་བ་འདེབས་པའི་ཚིག    །མིང་གི་རྣམ་གྲངས་གང་མཆིས་ཚང་བ་ཞིག    །ཅིས་ཀྱང་དགོས་ཞེས་བསྐུལ་ངོར་རང་གིས་བྲིས།།   །། 
༈     །བདེ་ཆེན་རྡོ་རྗེའི་གར་མཁན་ཧེ་རུ་ཀ   །སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ།   །གང་དང་དབྱེར་མེད་འགྲོ་འདུལ་རིག་པ་འཛིན།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས།   །ཀ་དག་གདོད་མའི་གནས་ལུགས་མངོན་མཐོང་ཞིང་།   །ལྷུན་གྲུབ་སྣང་ [7b] བཞིའི་ཡེ་ཤེས་མཐར་ཕྱིན་ནས།   །མ་འགག་གང་འདུལ་སྤྲུལ་པའི་ཕྲིན་ལས་ཀྱིས།   །འཁོར་བ་དོང་སྤྲུགས་ནུས་པར་བྱིན་གྱིས་རློབས།   །ཞེས་པའང་དཔའ་བོ་ནུས་ལྡན་རྡོ་རྗེས་བསྐུལ་ངོར་བདུད་འཇོམས་སྤྲུལ་མིང་རང་ཉིད་ཀྱིས་བྲིས་པ་དོན་ལྡན་དུ་གྱུར་ཅིག།   །། 
༈     །གྲུབ་བརྙེས་འབྲོག་བན་ལོ་ཙཱའི་སྐུ་ཡི་གར།   །དབྱིངས་ཕྱུག་བདེ་ཆེན་མཚོ་རྒྱལ་གསུང་གི་འོད།   །རྒྱལ་དབང་པདྨའི་ཐུགས་ཀྱི་སྒྱུ་འཕྲུལ་ཆེ།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས།   །མགོན་ཁྱོད་འཁོར་བ་ཇི་སྲིད་གཞན་དོན་དུ།   །གང་འདུལ་སྤྲུལ་པའི་ཕྲིན་ལས་སྐབས་དབྱེ་བར།   །བདག་ཀྱང་དེ་སྙེད་འཁོར་གྱི་ཐོག་མ་རུ།   །སྐྱེས་ནས་གསང་བ་འཛིན་པའི་མཐུ་ཐོབ་ཤོག    །ཅེས་པའང་རྭ་སྒྲེང་རྡོ་རྗེ་འཆང་གི་གསོལ་དཔོན་རྣམ་པར་དགེ་བའི་བློ་གསལ་བ་བསྟན་འཛིན་འབྱུང་གནས་ཀྱི་གསུང་གིས་བསྐུལ་བ་དོན་ཡོད་པར་བྱ་བའི་ཕྱིར་རང་ཉིད་ཀྱིས་བྲིས་ཏེ་ཕུལ་བ་དགེ།   །། 
༈     །མ་ལུས་རིགས་བརྒྱའི་ཁྱབ་བདག་འཁོར་ལོའི་མགོན།   །བདུད་འཇོམས་ཧེ་རུ་ཀ་ལ་གསོལ་བ་འདེབས།   །གང་ཁྱོད་མངོན་རྫོགས་ཆོས་ཀྱི་འཁོར་བསྒྱུར་ཚེ།   །འདུས་པ་དང་པོའི་འཁོར་དུ་སྐྱེ་བར་ཤོག    །ཅེས་པའང་ནམ་མཁའ་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། [8a]  ༈     །ཁྱབ་བདག་མཚོ་སྐྱེས་བླ་མའི་ཐུགས་ཀྱི་སྲས།   །གནས་གསུམ་རིག་འཛིན་ཌཱ་ཀིའི་ཚོགས་ཀྱི་རྗེ།   །འགྲོ་འདུལ་ཕྲིན་ལས་གྲུབ་པའི་ཧེ་རུ་ཀ    །   འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས།   །ཞེས་པའང་རིགས་ལྡན་གྱི་ཤེས་རབ་མ་ཀུན་བཟང་བདེ་ཆེན་མཚོ་མོའི་བཞེད་སྐོང་དུ་རང་ཉིད་ཀྱིས་བྲིས་ཏེ་ཕུལ་བ་དགེ།   །། 
༈     །ཀུན་བཟང་མཚོ་སྐྱེས་བླ་མའི་རྒྱལ་ཚབ་ཆེ།   །འགྲོ་འདུལ་རིག་འཛིན་རྒྱ་མཚོའི་འཁོར་ལོས་སྒྱུར།   །འོད་གསལ་ཀློང་ཆེན་སྒྱུ་མའི་རྣལ་འབྱོར་པ།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས།   །བདག་ནི་འདི་བཟུང་ཚེ་རབས་ཐམས་ཅད་དུ།   །ཁྱོད་ཞབས་རིགས་ཀྱི་བདག་པོར་མི་འབྲལ་ཞིང་།   །བྱིན་རླབས་འཕོ་བས་ཐུགས་ཡིད་གཅིག་ཏུ་འདྲེས།   །སྟོན་འཁོར་དགོངས་པ་དབྱེར་མེད་སངས་རྒྱས་ཤོག    །ཅེས་པའང་རིགས་ལྡན་གྱི་ཤེས་རབ་མ་བསོད་ནམས་དཔལ་སྒྲོན་གྱི་གསུང་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པ་དགེ།   །། 
༈     །བདེ་ཆེན་རྡོ་རྗེ་སྒྱུ་མའི་རོལ་གར་གྱིས།   །བདེ་སྟོང་ཡེ་ཤེས་མཆོག་གི་དཔལ་སྟེར་བ།   །བདུད་འཇོམས་དཔའ་བོ་འགྲོ་འདུལ་གླིང་པ་ལ།   །གསོལ་བ་འདེབས་སོ་འབྲལ་མེད་བྱིན་རླབས་སྩལ།   །ཞེས་པའང་སྐལ་བཟང་དབང་སྒྲོན་གྱི་ངོར་རང་ཉིད་ [8b] ཀྱིས་སོ།།   །། 
༈     །རྩ་གསུམ་ཀུན་འདུས་པདྨ་ཐོད་ཕྲེང་གིས།   །རང་གི་རྒྱལ་ཚབ་ཉིད་དུ་དབང་བསྐུར་བ།   །འབྲེལ་ཚད་དོན་དང་ལྡན་པའི་རིག་པ་འཛིན།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས།   །སྐྱེ་བར་ཁྱོད་ཞབས་གཙུག་ཏུ་མི་འབྲལ་ཞིང་།   །མཉེས་པའི་བྱ་བ་མ་ལུས་མཐའ་རུ་ཕྱིན།   །དོན་གཉིས་ལྷུན་གྲུབ་ཡེ་ཤེས་བླ་མའི་ས།   །མྱུར་ཐོབ་ཆོས་ཀྱི་རྒྱལ་པོར་བྱིན་གྱིས་རློབས།   །།   ཞེས་པའང་ཆོས་མཛད་མ་པདྨ་དབྱངས་ཀྱི་ངོར་རང་ཉིད་ཀྱིས་བྲིས་པ་ཤུ་བྷཾ།།   །། 
༈     །མཚོ་སྐྱེས་བླ་མའི་དགོངས་བརྒྱུད་བྱིན་རླབས་ཐོབ།   །འབར་བ་གསུམ་གྱི་ཡེ་ཤེས་མངོན་དུ་གྱུར།   །འདུ་བ་གསུམ་གྱི་ཕྲིན་ལས་རྩོལ་མེད་གྲུབ།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས།   །ཞེས་པའང་ཆོས་མཛད་ཤེས་བྱ་རབ་གསལ་གྱི་གསུང་ངོར་རང་ཉིད་ཀྱིས་སོ།།   །། 
༈     །དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོ་ཡིས།   །རྒྱལ་ཚབ་སྐྱེས་བུར་དབང་བསྐུར་བྱིན་བརླབས་པ།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་གསོལ་འདེབས།   །དུས་རྣམ་ཀུན་ཏུ་འབྲལ་མེད་རྗེས་འཛིན་གསོལ།   །ཀ་དག་ལྟ་བ་མཁའ་ལྟར་རྟོགས་པ་དང་།   །ལྷུན་གྲུབ་སྒོམ་པ་འོད་གསལ་ཁོར་ཡུག་འདྲེས།   །རོ་སྙོམས་སྤྱོད་ [9a] པས་ལམ་གྱི་བོགས་ཕྱུངས་ཏེ།   །འབྲས་བུ་གཞི་ཐོག་གྲོལ་བར་བྱིན་གྱིས་རློབས།   །ཞེས་པའང་སྐལ་བཟང་ཆོས་ཉིད་དབང་མོའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ཨོ་རྒྱན་ཆེན་པོས་སྨོན་ལམ་དབང་བསྐུར་བས།   །སྙིགས་དུས་བསྟན་འགྲོའི་རྒུད་མུན་སེལ་མཛད་པ།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས།   །མི་འབྲལ་རྗེས་བཟུང་དོན་གཉིས་ལྷུན་འགྲུབ་ཤོག    །ཅེས་པའང་སྤྲུལ་སྐུ་བཤད་སྒྲུབ་འགྱུར་མེད་ཀྱི་གསུང་བསྐུལ་བཞིན་རང་ཉིད་ཀྱིས་སོ།།   །། 
༈     །བདག་རྒྱུད་སྨིན་གྲོལ་མཛད་པའི་བཀའ་དྲིན་ཅན།   །ཁྱབ་བདག་འཁོར་ལོའི་མགོན་ལ་གསོལ་བ་འདེབས།   །སྐད་ཅིག་འབྲལ་མེད་བརྩེ་བས་རྗེས་བཟུང་སྟེ།   །བྱིན་རླབས་དགོངས་རྒྱུད་སྙིང་ལ་འཕོ་བར་ཤོག    །གསང་ཆེན་ཐེག་མཆོག་ཟབ་མོའི་སྒོར་ཞུགས་ནས།   །ལམ་ལ་འགལ་རྐྱེན་བར་ཆད་མི་འབྱུང་ཞིང་།   །མཐུན་རྐྱེན་ལེགས་ཚོགས་ཆོས་བཞིན་ངང་གིས་འབྱོར།   །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་པར་ཤོག    །རང་དོན་ཉམས་རྟོགས་ཡོན་ཏན་གོང་དུ་འཕེལ།   །གཞན་དོན་རྒྱལ་སྲས་སྤྱོད་པ་ལྷུན་གྱིས་འགྲུབ།   །འབྲེལ་བཅས་ཐར་པ་མཆོག་ལ་དབུགས་དབྱུང་སྟེ།   །ཚོམ་བུ་གཅིག་ཏུ་མངོན་པར་ [9b] འཚང་རྒྱ་ཤོག    །ཅེས་པའང་བླ་མ་ཡེ་ཤེས་རབ་གསལ་གྱི་ངོར་བཛྲ་ཛྙཱ་ནས་སོ།།   །། 
༈  །   །པདྨའི་རྒྱལ་ཚབ་རིགས་བདག་འཁོར་ལོའི་མགོན།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས།   །བསྐལ་བརྒྱར་ཞབས་བརྟན་མཛད་ཕྲིན་མཐའ་རུ་ཕྱིན།   །ཐུགས་ཡིད་གཅིག་འདྲེས་དོན་གཉིས་ལྷུན་གྲུབ་ཤོག    །ཅེས་པའང་སྐལ་བཟང་དགེ་འདུན་རྒྱ་མཚོའི་ངོར་རང་ཉིད་ཀྱིས་སོ།།   །། 
༈    །   ན་མོ་གུ་རུ་ཡེ།   རབ་འབྱམས་སྲས་བཅས་རྒྱལ་བའི་མཁྱེན་བརྩེའི་འོད།   །གཅིག་བསྡུས་སྙིགས་འགྲོ་སྐྱོབ་པའི་དེད་དཔོན་མཆོག    །མན་ངག་ལྷུག་སྟོན་བཀའ་དྲིན་སུམ་ལྡན་མགོན།   །ཡེ་ཤེས་རྡོ་རྗེའི་ཞབས་ལ་གསོལ་བ་འདེབས།   །ཐུགས་རྗེའི་ཆར་གྱིས་བདག་རྒྱུད་ཡོངས་སྨིན་ཅིང་།   །ལྟ་བའི་གདིང་ཐོབ་སྒོམ་པའི་རྩལ་ཆེན་རྫོགས།   །སྤྱོད་པའི་བོགས་ཐོན་འབྲས་བུ་མངོན་དུ་གྱུར།   །ཚེ་འདིར་འཇའ་ལུས་འགྲུབ་པར་བྱིན་གྱིས་རློབས།   །ཞེས་པའང་དད་ལྡན་བཙུན་མ་ཚུལ་ཁྲིམས་དབང་མོས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །། 
༈     །སྨྲ་བའི་ཉི་མའི་མཁྱེན་རབ་ཐུགས་ལ་ཤར།   །སྙིང་རྗེའི་གཏེར་གྱི་ཕྲིན་ལས་རྣམ་པར་འཛིན།   །བདུད་དཔུང་འཇོམས་ལ་གསང་བདག་ནུས་རྩལ་རྫོགས།   །ཡེ་ཤེས་རྡོ་རྗེའི་ཞབས་ལ་ [10a] གསོལ་བ་འདེབས།   །སྐྱེ་ཀུན་བླ་མ་དམ་པས་རྗེས་བཟུང་ཞིང་།   །སྨིན་གྲོལ་བདུད་རྩིའི་དཔལ་ལ་ལོངས་སྤྱད་དེ།   །འོག་མིན་པདྨ་འོད་ཀྱི་ཞིང་ཁམས་སུ།   །ཕྱིར་མི་ལྡོག་པར་མངོན་སངས་རྒྱས་པར་ཤོག    །ཅེས་པའང་བཙུན་མ་ཀུན་བཟང་ཆོས་འཛོམ་གྱིས་བསྐུལ་ངོར་བདུད་འཇོམས་སྤྲུལ་མིང་པས་བྲིས་པ་དགེ།   །། 
༈     །སློབ་དཔོན་སངས་རྒྱས་གཉིས་པའི་བྱིན་རླབས་ཐོབ།   །རིག་ཤར་རང་གྲོལ་རྣལ་འབྱོར་འཆང་།   །འཇིགས་བྲལ་བདེ་ཆེན་ཡེ་ཤེས་རྡོ་རྗེ་ལ།   །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས།   །ཞེས་པའང་སྒོམ་ཆེན་གྲགས་པ་དང་བྲག་མགོ་བླ་མ་ཟུང་གིས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པ་དགེ།   །། 
༈     །སྐྱེ་མེད་རིག་པ་ཀུན་ཏུ་བཟང་པོའི་གཤིས།   །འགག་མེད་འོད་གསལ་ཟུང་འཇུག་རྡོ་རྗེའི་སྤྲིན།   །གཞི་གྲོལ་བྱང་ཆུབ་སེམས་ཀྱི་བླ་མ་ལ།   །རང་བཞག་གཉུག་མའི་རྒྱུན་གྱིས་གསོལ་བ་འདེབས།   །གདོད་མའི་གཞི་ལ་འཁོར་འདས་ཆོས་ཀུན་ཟད།   །རང་བྱུང་རིག་པ་འོད་ཀྱི་སྐུར་སྨིན་ཤོག  །   ཅེས་པའང་ཡོན་ཏན་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 

པདྨའི་རྒྱལ་ཚབ་གཏེར་ཆེན་བདུད་འཇོམས་གླིང་། ། [10b] བསམ་བཞིན་འགྲོ་འདུལ་སྲིད་པའི་ཚུལ་འཛིན་པ། །འཇིགས་བྲལ་བདེ་ཆེན་ཡེ་ཤེས་རྡོ་རྗེ་ལ། །གསོལ་བ་འདེབས་སོ་འབྲལ་མེད་བྱིན་གྱིས་རློབས། །ཞེས་པའང་གོང་མའི་དངོས་སློབ་སེམས་ཉིད་རྡོ་རྗེས་བསྐུལ་ངོར་རང་ཉིད་ཀྱིས་བྲིས་པ་དགེ། །།

༈     །ཕུལ་བྱུང་མཁྱེན་བརྩེ་ནུས་པའི་བདག་ཉིད་ཆེ།   །སྙིགས་དུས་འགྲོ་རྣམས་སྒྲོལ་བའི་དེད་དཔོན་མཆོག    །རིགས་འདུས་པདྨའི་རྒྱལ་ཚབ་ཧེ་རུ་ཀ   །འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས།   །ཚེ་རབས་ཀུན་ཏུ་རིགས་བདག་བླ་མ་དང།   །མི་འབྲལ་ཟབ་དོན་ལམ་ལ་དབང་འབྱོར་ནས།   །རང་དོན་མཐར་ཕྱིན་གཞན་དོན་ལྷུན་གྱིས་འགྲུབ།   །འཁོར་བ་དོང་སྤྲུགས་ནུས་པར་བྱིན་གྱིས་རློབས།   །ཞེས་པའང་བཙུན་མ་པདྨ་བཟང་མོ་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །སྣང་སྲིད་ཟིལ་གནོན་ཨོ་རྒྱན་ཆེན་པོ་ཡིས།   །སྨོན་ལམ་དབང་བསྐུར་དབུགས་དབྱུང་ཐོབ་པ་ལས།   །སྙིགས་དུས་ཟབ་གསང་བསྟན་པའི་རྒྱལ་མཚན་བསྒྲེང་།   །བདུད་འཇོམས་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས།   །ཞེས་པའང་ཞོག་པ་སྤྲུལ་སྐུ་ལུང་རྟོགས་རབ་རྒྱས་ཀྱི་གསུང་ངོར་རང་ཉིད་ནས་བྲིས་ཏེ་ཕུལ་བ་དགེ།   །། 
༈     །མཚོ་སྐྱེས་ [11a] བླ་མའི་ཡེ༵་ཤེ༵ས་སྒྱུ་འཕྲུལ་གར།   །རྡོ༵་རྗེ༵་འཆང་དབང་འཁོར་ལོའི་མགོན་པོ་ལ།   །གསོལ་བ་འདེབས་སོ་འབྲལ་མེད་རྗེས་བཟུང་སྟེ།   །བདག་རྒྱུད་སྨིན་གྲོལ་དོན་གཉིས་ལྷུན་འགྲུབ་ཤོག    །ཅེས་པའང་མོས་གུས་ཀྱི་ནོར་ལྡན་སྔགས་བན་པདྨ་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །སངས་རྒྱས་གཉིས་པ་པདྨ་ཐོད་ཕྲེང་གིས།   །འགྲོ་འདུལ་རྒྱལ་ཚབ་སྐྱེས་བུར་དབང་བསྐུར་བ།   །བདུད་འཇོམས་འཇིགས་བྲལ་དཔའ་བོར་གསོལ་བ་འདེབས།   །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས།   །ཅེས་པའང་བླ་མ་སྐྱབས་ཀྱི་ངོར་རང་ཉིད་ཀྱིས་སོ།།   །། 
༈    །   ན་མོ་གུ་རུ་ཡེ།   ངེས་འབྱུང་ཐུགསའཁྲུངས་གཞན་གནོད་གཞིར་བཅས་སྤངས།   །བྱང་ཆུབ་སེམས་འབྱོངས་གཞན་ཕན་གཞིར་བཅས་བསྒྲུབ།   །རིམ་གཉིས་ལ་གཞོལ་གུ་རུའི་ཕྲིན་ལས་པ།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས།   །དཔལ་ལྡན་བླ་མའི་བྱིན་རླབས་སྙིང་ལ་ཞུགས།   །རྫོགས་པ་ཆེན་པོའི་གནས་ལུགས་ཇི་བཞིན་རྟོགས།   །ཚེ་འདིར་སྣང་བཞིའི་ཉམས་ལེན་མཐར་ཕྱིན་ཏེ།   །གཞོན་ནུ་བུམ་སྐུའི་གཏན་སྲིད་ཟིན་པར་ཤོག    །ཅེས་པའང་ཚུལ་ཁྲིམས་མཐར་ཕྱིན་གྱི་ངོར་འཇིགས་ [11b] བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ཨེ་མ་ཧོཿ      ཀ་དག་ཕྱོགས་ལྷུང་བྲལ་བའི་ཞིང་ཁམས་ནས།   །ལྷུན་གྲུབ་རིག་སྟོང་ཟུང་འཇུག་བདེ་བ་ཆེ།   །གདོད་མའི་མགོན་པོ་རྩ་བའི་བླ་མ་ལ།   །འཛིན་མེད་རང་བབ་ངང་ནས་གསོལ་བ་འདེབས།   །གནས་ལུགས་ལྟ་བར་རེ་དོགས་སྦུབས་ལས་གྲོལ།   །འོད་གསལ་ཉི་མ་འགྲིབ་མེད་ཁོངས་ནས་འཆར།   །སྣང་བཞིའི་ས་ལམ་མིག་འཕྲུལ་ལྟར་བགྲོད་དེ།   །འཇའ་ལུས་འཕོ་ཆེན་འགྲུབ་པར་བྱིན་གྱིས་རློབས།   །ཞེས་པའང་རང་བཞིན་རྫོགས་པ་ཆེན་པོའི་ལམ་ལ་བློ་སྦྱོང་བའི་རྣལ་འབྱོར་མ་ནམ་མཁའ་མཚོས་བསྐུལ་ངོར་བག་ཡངས་ཛྙཱ་ན་སྨྱོན་པས་བྲིས་པ་དགེ།   །། 
༈     །སྙིང་དབུས་དད་པའི་འདབ་སྟོང་།   །གེ་སར་བཞད་པའི་དཀྱིལ་ན།   །རྟག་ཏུ་བྱིན་གྱིས་རློབས་བཞིན།   །འབྲལ་མེད་དགྱེས་པར་བཞུགས་པའི།   །ཁྱབ་བདག་ཧེ་རུ་ཀ་དཔལ།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེ།   །གང་ཁྱོད་རྒྱལ་ཀུན་ངོ་བོར།   །སྙིང་ནས་ངེས་པ་རྙེད་པས།   །བཟོ་མེད་གདུང་བའི་ཤུགས་ཀྱིས།   རྩེ་གཅིག་གསོལ་བ་འདེབས་ན།   །དབང་བྱིན་དངོས་གྲུབ་བདུད་རྩིས།   །བདག་རྒྱུད་སྨིན་གྲོལ་མཛོད་ཅིག    །ཧ་ཅང་བླ་མ་དྲན་ནས།   །རྒྱང་འབོད་འོ་དོད་བོས་ཀྱང་།   །རང་སེམས་གཉུག་ [12a] མ་འདི་ལས།   །བླ་མ་ལོགས་སུ་མ་རྙེད།   །གསོལ་བ་གདབ་བྱའི་ཡུལ་དང་།   །འདེབས་པའི་མཁན་པོ་མེད་ན།   །གསོལ་བ་འདེབས་སྙམ་བློས་བྱས།   །འཛིན་རྩོལ་བཅོས་མས་ཅི་བྱེད།   །གསལ་ལ་ངོས་བཟུང་མེད་པའི།   །རྟོག་བྲལ་རིག་སྟོང་རྗེན་པ།   །འདི་ཀ་དོན་གྱི་བླ་མ།   །ཡེ་ཤེས་རྡོ་རྗེར་ངོ་ཤེས།   །ཡེ་ན་ངང་གནས་ཆེན་པོ།   །རང་བབ་གདོད་མའི་གཞི་ལ།   །རྒྱང་ནས་འབོད་ཀྱང་མ་དགོས།   །འགྲམ་ནས་བཙལ་ཀྱང་མ་དགོས།   །བློ་འདས་འུབ་ཆུབ་གཤིས་སུ།   །འཁྲུལ་པའི་མིང་ཡང་མི་གྲགས།   །མྱ་ངན་འདས་པ་ལྟ་ཅི།   །མཉམ་ཉིད་བདེ་ཀློང་ཆེན་པོ།   །གང་ཤར་ཆོས་སྐུའི་ཡོ་ལང་།   །གཏད་སོ་བྲལ་བའི་བྱིན་རླབས།   །རྣལ་འབྱོར་སྙིང་ལ་ཞུགས་འདི།   །ཨ་ཧོ་ངོ་མཚར་ཆེའོ།   །ཞེས་པའང་རང་ཉིད་ལ་མངོན་པར་མོས་པའི་བློ་གྲོས་དགེ་བ་རིགས་ལྡན་མ་བདེ་ཆེན་ཆོས་སྒྲོན་ནས་རྒྱང་འབོད་ཀྱི་གསོལ་འདེབས་འདི་ལྟ་བུ་ཞིག་དགོས་ཞེས་ཡང་ཡང་བསྐུལ་བ་ཡིད་ལ་བཅག་པའི་ཐོག    །ཉེ་ཆར་ཡེ་འབྲོག་སྤྲུལ་པའི་སྐུ་རིན་པོ་ཆེའི་གསུང་གིས་གསོས་བཏབ་པ་ལ་བརྟེན་ནས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཤར་མར་བྲིས་པ་དགེ།   །། 
༈     །ན་མོ་རཏྣ་གུ་རུ་ཡེ།   མཚན་ལྡན་ཡོངས་འཛིན་དུ་མས་རྗེས་སུ་བཟུང་།   །རིས་མེད་ [12b] བསྟན་ལ་དག་པའི་སྣང་བ་རྒྱས།   །གསང་ཆེན་སྙིང་པོའི་རིང་ལུགས་སྤེལ་མཛད་པ།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས།   །བསྟན་འགྲོའི་མགོན་དུ་ཞབས་པད་བསྐལ་བརྒྱར་བརྟན།   །ཟབ་གསང་ཆོས་རྔ་འགྲོ་ཁམས་ཁྱབ་པར་སྒྲོགས།   །སྙིགས་དུས་རྒུད་པ་མིང་གི་ལྷག་མར་གྱུར།   །དགེ་ལེགས་སྣང་བས་ཕྱོགས་ཀུན་ཁྱབ་པར་ཤོག    །ཅེས་པའང་མཁྱེན་རབ་རྒྱལ་མཚན་གྱི་གསུང་ངོ་མ་ལྡོག་ཙམ་དུ་རང་ཉིད་ཀྱིས་བྲིས་པ་དགེ།   །། 
༈     །འགྱུར་མེད་བདེ་བ་ཆེན་པོའི་ཡེ༵་ཤེ༵ས་ནི།   །མ་འགག་སྒྱུ་འཕྲུལ་རྡོ༵་རྗེ༵འི་ཟློས་གར་ཅན།   །བསམ་ཡས་དཀྱིལ་འཁོར་རྒྱ་མཚོའི་སྤྱི་དཔལ་མཆོག    །དཔལ་ལྡན་བླ་མའི་ཞབས་ལ་གསོལ་བ་འདེབས།   །ཞེས་པའང་ཆོས་རྒྱལ་རྡོ་རྗེའི་ངོར་ཛྙཱ་ནས་སོ།།   །། 
༈     །རྒྱལ་བ་ཀུན་གྱི་མཁྱེན་བརྩེ་ཡི་རང་གཟུགས།   །བདག་སོགས་གདུལ་བྱའི་དཔལ་མགོན་དུ་སྣང་བ།   །བཀའ་དྲིན་མཚུངས་མེད་ཐར་ལམ་གྱི་དེད་དཔོན།   །དཔལ་ལྡན་རྩ་བའི་བླ་མ་དེ་མཁྱེན་ནོ།   །སྨིན་གྲོལ་མན་ངག་ཟབ་དོན་གྱི་བདུད་རྩིས།   །སྐལ་བཟང་གཏན་བདེའི་དགའ་སྟོན་ལ་སྦྱོར་བ།   །མ་ལུས་རིགས་རྣམས་ཀུན་འདུས་ཀྱི་ངོ་བོ།   །མཚུངས་ [13a] མེད་སངས་རྒྱས་རྡོ་རྗེ་དེ་མཁྱེན་ནོ།   །ངེས་པ་དོན་གྱི་བྱ་བཏང་གི་རྒྱལ་པོ།   །འགྲོ་འདུལ་སྤྲུལ་པའི་རིག་འཛིན་གྱི་རྒྱལ་ཚབ།   །འབྲེལ་ཚད་དོན་ལྡན་ཕྲིན་ལས་ཀྱི་དབང་ཕྱུག    །ཁྱབ་བདག་རྡོ་རྗེ་སློབ་དཔོན་དེ་མཁྱེན་ནོ།   །སྙིང་ནས་མོས་གུས་གདུང་ཤུགས་ཀྱི་སྒོ་ནས།   །རྩེ་གཅིག་དྲན་པས་གསོལ་བ་ཞིག་འདེབས་ན།   །ངོ་མཚར་བྱིན་རླབས་དགོངས་བརྒྱུད་ཀྱི་ཕ་ཕོག    །སྐལ་ལྡན་བདག་ལ་ད་ལྟ་རང་སྩོལ་ཅིག    །ཅེས་པའང་ངག་དབང་ལུང་རྟོགས་ཀྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ཟབ་གསང་རིན་ཆེན་མཛོད་ཀྱི་བཀའ་བབ་ཐོབ།   །ངེས་དོན་བསྟན་པའི་སྒྲོན་མེ་ཕྱོགས་བཅུར་སྦར།   །བག་ཡང་རང་གྲོལ་སྒྱུ་མའི་རྣལ་འབྱོར་པ།   །སངས་རྒྱས་རྡོ་རྗེ་རྩལ་ལ་གསོལ་བ་འདེབས།   །ཞེས་པ་འཇིགས་མེད་བློ་གྲོས་ཀྱི་གསུང་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །པདྨའི་གདུང་འཛིན་འགྲོ་འདུལ་བླ་མ་ཡི།   །རྒྱལ་ཚབ་སྐྱེས་བུར་དབང་ཐོབ་ཆོས་ཀྱི་རྗེ།   །ཀུན་སྤང་ནམ་མཁའི་རྣལ་འབྱོར་འཁོར་ལོའི་མགོན།   །ཁྲོ་རྒྱལ་རྡོ་རྗེ་རྩལ་ལ་གསོལ་བ་འདེབས།   །མགོན་ཁྱོད་བདག་སོགས་གདུལ་བྱའི་མོས་ངོ་རུ།   །གཞོམ་མེད་རྡོ་རྗེའི་ [13b] ངོ་བོར་འཚོ་གཞེས་ཤིང་།   །རླབས་ཆེན་འགྲོ་དོན་ཕྲིན་ལས་མཐར་ཕྱིན་ནས།   །ཐུགས་ཡིད་གཅིག་འདྲེས་མངོན་པར་བྱང་ཆུབ་ཤོག    །ཅེས་པའང་བུ་མོ་ནོར་འཛིན་དབང་མོའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །བདེ་ལྡན་ཞིང་དུ་སྣང་མཐའ་འོད་མི་འགྱུར།   །རི་བོ་ཏ་ལར་འཕགས་མཆོག་སྙིང་རྗེའི་གཏེར།   །རྔ་ཡབ་གླིང་དུ་པདྨ་ཐོད་ཕྲེང་རྩལ།   །དབྱེར་མེད་སྐྱབས་ཀུན་འདུས་ཞལ་བླ་མ་རྗེ།   །སྙིང་ནས་མོས་གདུང་དྲག་པོས་གསོལ་འདེབས་ན།   །རྟག་ཏུ་བརྩེ་བས་རྗེས་བཟུང་བྱིན་རླབས་སྩོལ།   །གནས་སྐབས་ཕྱི་ནང་འགལ་རྐྱེན་བར་ཆད་ཞི།   །ཚེ་རིང་བདེ་འབྱོར་བསམ་དོན་ལྷུན་གྱིས་འགྲུབ།   །ཆོས་མིན་ལྟ་ངན་རྒྱུད་ལ་མི་སྐྱེ་བར།   །ཆོས་མཐུན་དཀར་པོའི་བསམ་སྦྱོར་གོང་དུ་འཕེལ།   །ནམ་ཞིག་འཆི་ཁ་གནད་གཅོད་མི་མྱོང་ཞིང་།   །འཕོས་མ་ཐག་ཏུ་མཁའ་འགྲོས་མདུན་བསུས་ནས།   །པདྨ་འོད་ཀྱི་ཞིང་དུ་སྐྱེས་ནས་ཀྱང་།   །གུ་རུའི་ཞལ་མཐོང་གསུང་གི་ལུང་ནོད་དེ།   །ས་ལམ་ཡོན་ཏན་མིག་འཕྲུལ་ལྟ་བུར་བགྲོད།   །རང་གཞན་དོན་གཉིས་མཐའ་རུ་ཕྱིན་པར་ཤོག    [1།   ཅེས་པའང་དད་པ་ཅན་ལ་ཆོས་ཀྱི་འབྲེལ་པ་འཇོག་པའི་སླད་དུ་འཇིགས་བྲལ་ [14a] ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །འཇ༷མ་དཔལ་དབྱ༷ངས་དངོས་འདྲེན་པ་ཆོ༷ས་ཀྱི༷་རྗེ།   །གང་ཁྱོད་བསམ་བཞིན་གཟུགས་སྐུར་བཞེངས་ལགས་ན།   །ད་དུང་བདག་སོགས་ཡུན་དུ་མི་སྐྱོང་བར།   །ཆོས་སྐུའི་ཀློང་ན་བདེ་བར་ཅི་སྟེ་མནལ།   །དཔའ་བོ་སྙིང་རྗེའི་བློ༷་གྲོ༷ས་མཆོག་མངའ་བ།   །ཁྱོད་ཐུགས་ཞི་བའི་རོ་ལ་མ་དགྱེས་པར།   །གདུལ་བྱ་ཡལ་བར་མི་འདོར་བརྩེ་བ་ཆེས།   །དུས་འདིར་སྤྲུལ་པའི་སྣང་བརྙན་མྱུར་བསྟན་གསོལ།   །དེ་ཡང་བར་ཆད་སྒྲིབ་གཡོགས་ལས་གྲོལ་ཏེ།   །མཁྱེན་བརྩེའི་གཟི་བརྗིད་འབར་བའི་དཀྱིལ་འཁོར་མཆོག    །ཡོངས་རྫོགས་རྒྱལ་བསྟན་མཁའ་ལ་རབ་གསལ་བས།   །སྐལ་བཟང་ཕན་བདེའི་པད་ཚལ་འབྱེད་མཛད་ཤོག  །   །ཅེས་འཇམ་མགོན་མཁྱེན་བརྩེ་རྡོ་རྗེའི་འཆང་གི་མཆོག་སྤྲུལ་མྱུར་འབྱོན་བདེན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གསོལ་བ་བཏབ་པ་དོན་ལྡན་དུ་གྱུར་ཅིག།   །། 
༈    །   གཞི་གྲོལ་གནས་ལུགས་དོན་གྱི་བླ་མ་ལ།   །རང་བབས་རང་ངོ་ཤེས་པས་གསོལ་བ་འདེབས།   །འཁྲུལ་པ་ཡེ་ཟད་ཆོས་ཉིད་གདོད་མའི་ངང་།   །རང་ཐོག་བཙན་ས་ཟིན་པར་བྱིན་གྱིས་རློབས།   །ཞེས་པའང་སྔགས་སྟོན་སངས་རྒྱས་རྒྱལ་པོའི་བཞེད་སྐོང་དུ་ཛྙཱ་ནས་སོ།།   །། [14b]  ༈    །   པདྨ་ལས་འཁྲུངས་རྒྱལ་བའི་དབང་པོ་ཡི།   །ཐུགས་རྗེའི་འོད་ཟེར་སྣང་བ་འབུམ་བརྡལ་བས།   །སྐལ་བཟང་གདུལ་བྱའི་པད་ཚལ་འབྱེད་མཁས་པ།   །མཚུངས་མེད་རིགས་ཀྱི་བདག་པོར་གསོལ་བ་འདེབས།   །མགོན་ཁྱོད་ཆོས་དབྱིངས་ཞི་ལ་མི་མནལ་བར།   །བདག་སོགས་འགྲོ་ཁམས་གང་འདུལ་སྤྲུལ་པའི་གར།   །དུས་འདིར་མྱུར་དུ་མངོན་པར་སྣང་ནས་ཀྱང་།   གསང་ཆེན་ཆོས་ཀྱི་འཁོར་ལོས་སྒྱུར་མཛད་གསོལ།   །ཚེ་རབས་ཀུན་ཏུ་རྡོ་རྗེ་འཛིན་དབང་གིས།   །མི་འབྲལ་བརྩེ་བས་རྗེས་སུ་བཟུང་བ་ལས།   །ཟབ་དོན་ལམ་གྱི་བགྲོད་པ་མཐར་ཕྱིན་ཏེ།   །ཡེ་ཤེས་བླ་མའི་གོ་འཕང་མྱུར་ཐོབ་ཤོག    །ཅེས་པའང་ཌཱ་ཀི་པདྨ་ཚེ་དབང་སོགས་གང་གི་སློབ་ཚོགས་རྣམས་ནས་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དོན་ལྡན་དུ་གྱུར་ཅིག།   །། 
༈     །གངས་ཅན་ཕུར་ཐོགས་ཡོངས་ཀྱི་འཁོར་ལོས་སྒྱུར།   །གནུབས་ཆེན་རྣམ་འཕྲུལ་རྩ་གསུམ་གཏེར་བདག་གླིང་།   །དུས་འདིར་འགྲོ་འདུལ་བྱང་སེམས་རིག་འཛིན་ཚུལ།   །བཟོད་པ་རབ་བརྟན་ཞབས་ལ་གསོལ་བ་འདེབས།   །ཞེས་པའང་དགེ་སྦྱོང་བསམ་གཏན་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ཤེས་རབ་ཆེན་པོས་གནས་ལུགས་ [15a] མངོན་སུམ་གཟིགས།   །སྙིང་རྗེ་ཆེན་པོས་གཞན་དོན་དང་དུ་ལེན།   །མོས་གུས་ཆེན་པོས་བླ་མའི་ཕྲིན་ལས་སྤེལ།   །འཇིགས་མེད་ཆོས་དབྱིངས་ནོར་བུར་གསོལ་བ་འདེབས།   །མགོན་ཁྱོད་ཞབས་པད་བསྐལ་པ་རྒྱ་མཚོར་བརྟན།   །ཟབ་གསང་ཆོས་རྔ་ས་གསུམ་ཁྱབ་པར་སྒྲོགས།   །སྙིགས་དུས་རྒུད་པ་མ་ལུས་རབ་ཏུ་ཞི།   །འབྲེལ་བཅས་འགྲོ་ཀུན་བླ་མའི་ས་ཐོབ་ཤོག    །ཅེས་པའང་དགེ་སློང་རྟ་མགྲིན་ཚེ་དབང་གི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །། 
༈     །མཚན་ལྡན་ཡོངས་འཛིན་དུ་མས་རྗེས་སུ་བཟུང་།   །བྱང་སེམས་འབྱོངས་པས་གཞན་ཕན་དང་དུ་ལེན།   །གནས་ལུགས་མངོན་གཟིགས་སྦས་པའི་བརྟུལ་བཞུགས་འཆང་།   །ཀརྨ་བློ་གྲོས་མཐའ་ཡས་ལ་གསོལ་བ་འདེབས།   །ཞེས་པའང་ཆོས་དབྱིངས་དབང་མོའིངོར་ཛྙཱ་ནས་སོ།།   །། 
༈     །བསླུ་མེད་མཆོག་གསུམ་བདེན་པའི་བྱིན་རླབས་ཀྱིས།   །རིགས་བདག་འཇམ་དབྱངས་དབང་གི་རྒྱལ་པོ་ཡིས།   །མཆོག་གི་སྤྲུལ་པའི་ཟླ་ཞལ་མྱུར་གསལ་ཏེ།   །བསྟན་འགྲོའི་ཕན་བདེའི་དགེ་མཚན་བཞད་གྱུར་ཅིག    །ཅེས་པའང་མདོ་སྔགས་ཀྱི་ངོར་ཛྙཱ་ནས་སོ།།   །། [15b]  ༈     །བདེ་གཤེགས་ཐུགས་ཀྱི་རང་བཞིན་ཆོས་ཀྱི་དབྱིངས།   །འགྲོ་འདུལ་གཟུགས་སྐུའི་རྣམ་རོལ་སྲིད་ཞིའི་རྒྱན།   །འབྲེལ་ཚད་ཕན་དང་བདེ་བའི་དཔལ་ལ་སྦྱོར།   །མཐོང་གྲོལ་མཆོད་སྡོང་ཆེན་པོར་གསོལ་བ་འདེབས།   །ལས་རྐྱེན་ངན་པའི་བར་ཆད་ཀུན་ཞི་ཞིང་།   །ཆོས་མཐུན་བསམ་པ་ལྷུན་གྱིས་འགྲུབ་པ་དང་།   །འཕོས་མ་ཐག་ཏུ་དག་པའི་ཞིང་བགྲོད་ནས།   །དོན་གཉིས་མཐའ་རུ་ཕྱིན་པར་བྱིན་གྱིས་རློབས།   །ཞེས་པའང་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་གསོལ་འདེབས་སྨོན་ལམ་དང་འབྲེལ་བ་འདིའང་ཉེ་གནས་བསྟན་འཛིན་ཆོས་འཕེལ་གྱི་དོན་དུ་གཉེར་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་མཆོད་སྡོང་ཆེན་པོ་དེ་ཉིད་ཀྱི་དྲུང་དུ་བྲིས་པ་ཤུ་བྷཾ།།   །། 
༈     །ཉེ་བའི་ཚནྡྷོ་བལ་ཡུལ་གླང་རུའི་སྤོར།   །འདས་པའི་རྒྱལ་ཀུན་བྱིན་རླབས་སྐུ་གདུང་བྱོན།   །ངོ་མཚར་འཕགས་པ་ཤིང་ཀུན་ཞེས་གྲགས་པའི།   །རང་བྱུང་མཆོད་རྟེན་ཆེན་པོ་ལ་གསོལ་བ་འདེབས།   །ཐུབ་དབང་རྒྱལ་བུ་སྙིང་སྟོབས་ཅན་གྱུར་ཚེ།   །སྟག་མོ་བཀྲེས་པར་རང་གི་སྐུ་ལུས་བྱིན།   །གནས་དེར་བྱང་ཆེན་སྤྱོད་པའི་སྐུ་གདུང་བྱོན།   །བྱང་ཆུབ་མཆོད་རྟེན་ཆེན་པོ་ལ་གསོལ་བ་འདེབས།   །བྱ་རྫི་མས་བཞེངས་བུ་བཞིས་ལས་འཕྲོ་བསྐྱངས།   །ཐུགས་བསྐྱེད་ཇི་བཞིན་གངས་ཅན་ [16a] གདུལ་བྱར་བཟུང་།   །སྨོན་ལམ་ཡོངས་གྲུབ་བྱར་རུང་ཁ་ཤོར་གྲགས།   །མཐོང་གྲོལ་མཆོད་རྟེན་ཆེན་པོ་ལ་གསོལ་འདེབས།   །འབྲེལ་ཚད་དོན་ལྡན་མཆོད་རྟེན་རྣམ་གསུམ་ལ།   །གུས་པས་ཕྱག་མཆོད་བསྐོར་བའི་བསོད་ནམས་ཀྱིས།   །བདག་གཞན་ལས་ངན་སྡིག་སྒྲིབ་ཡོངས་བྱང་ས།   །རྣམ་གྲོལ་བྱང་ཆུབ་འབྲས་བཟང་མྱུར་ཐོབ་ཤོག    །ཅེས་པའང་རང་སློབ་སྒྲུབ་བརྩོན་རིག་བཟང་རྡོ་རྗེས་བསྐུལ་བ་ལས།   ཤཱཀྱའི་དགེ་བསྙེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྟེན་མཆོག་འདི་དག་གི་དྲུང་དུ་སེམས་བསྐྱེད་པའི་སྐབས་སུ་བྲིས་པ་དོན་ལྡན་དུ་གྱུར་ཅིག།   །། 
༈     །ཐུགས་དམ་གནད་བསྐུལ།   རབ་འབྱམས་རྒྱལ་ཀུན་འདུས་པའི་ངོ་བོ་ཉིད།   །བསླུ་མེད་གཏན་གྱི་སྐྱབས་གཅིག་འཁོར་ལོའི་མགོན།   །དྲན་པས་གདུང་སེལ་ཨོ་རྒྱན་རྡོ་རྗེ་འཆང་།   །ཐུགས་རྗེ་མ་གཡེལ་བརྩེ་བས་དུས་འདིར་དགོངས།   །ཀྱེ་མ་དུས་ངན་སྙིགས་མའི་མཐའ་ལ་ཐུག    །ཁ་བ་ཅན་གྱི་སྐྱེ་འགྲོའི་བསོད་ནམས་ཟད།   །མི་རྣམས་ཤེས་རྒྱུད་བདུད་དང་འགོང་པོས་བརླམ།   །རྒྱུ་འབྲས་སྤང་བླང་གོ་ལོག་ཆོས་སྤོང་གསོག    །རང་འདོད་མེ་འབར་ཁྲེལ་དང་ངོ་ཚ་བོར།   །མི་ཐུབ་ལྔ་བདོ་ལུགས་གཉིས་བཅའ་ཁྲིམས་ཞིག    །དཀོན་མཆོག་རྒྱབ་ [16b] བོར་བློ་གཏད་འདྲེ་ལ་བཅོལ།   །མ་རུང་ཕུང་རྫས་གཅེས་པའི་སྲོག་བཞིན་བསྲེལ།   །དམ་སྡོམ་ཁྱད་གསོད་མནའ་ཟན་ཁྲམ་པས་གང་།   །ཡུལ་གྱི་བཅུད་ཉམས་ཡེ་ཤེས་ལྷ་སྲུང་གཡེལ།   །དབུས་ཀྱི་དམ་སྲི་མཐའ་ཡི་རྒྱ་འདྲེར་བསྡོང་།   །འགོང་པོ་སྤུན་དགུས་བོད་ཁམས་ཁ་ལོ་སྒྱུར།   །མཐའ་དམག་ཀླ་ཀློས་མཚོན་ཁ་བོད་དུ་བསྟན།   རྒྱལ་བསྟན་ཆོས་འཁོར་རྨང་ནས་བཤིག་ཅིང་དབྲལ།   །བསགས་པའི་ནོར་རྗས་དགྲ་བོས་ཧབ་ཤར་ཁྱེར།   །གཅེས་པའི་ལུས་སྲོག་དབང་མེད་བཀུམ་ཞིང་བཀོལ།   །བསྟན་འཛིན་དགེ་འདུན་ཡ་རབས་དྲུང་ནས་འབྱིན།   སྡིག་ཏོའི་ལྟ་ངན་རྩྭ་ཕུང་མེ་ལྟར་འབར།   །སྦས་ཡུལ་ཡིད་སྨོན་བྲོས་པས་ཐར་རྣམས་ཀྱང་།   །གར་འགྲོ་ངེས་མེད་བར་དོའི་སེམས་ཅན་བཞིན།   །བོད་འབངས་མི་བཟད་སྡུག་བསྔལ་དམྱལ་ཐག་ཆད།   །ལས་ངན་སྨིན་པའི་ལུས་ངན་ཡ་རེ་ང་།   །མ་འོངས་མཐའ་མ་འདི་ལྟར་འབྱུང་ངོ་ཞེས།   །དུས་གསུམ་མཁྱེན་པ་ཁྱོད་ཀྱིས་ལུང་བསྟན་ཅིང་།   །དུས་དེར་ཐུགས་བསྐྱེད་ཕྲིན་ལས་ཁྱད་པར་གྱིས།   །སངས་རྒྱས་གཞན་ལས་བདག་ཉིད་ཐུགས་རྗེ་མྱུར།   །གསོལ་བ་ཐོབ་ལ་ང་ཡི་ལུང་བཞིན་སྒྲུབ།   །བསླུས་ན་པད་འབྱུང་གཞན་ [17a] ནོ་རྗེ་འབངས་ཀུན།   །ཞེས་གསུངས་བརྩེ་བའི་ཐ་ཚིག་སྩལ་མོད་ཀྱང།   །སྐྱེ་བོ་ཕལ་ཆེར་ལོག་ལྟའི་འདམ་དུ་ཚུད།   །བདེན་པར་གོ་རྣམས་གཞན་དབང་ལེ་ལོར་ཤོར།   །ལག་ལེན་དོན་ཐོག་མ་ཁེལ་འཆོལ་བར་ཐལ།   །ད་དུས་སྦྲང་བུ་མེ་ལྕེའི་དབུས་ཚུད་བཞིན།   །མི་འདོད་ཐོག་བབས་ལས་ངན་མཚོ་ཆེན་རྡོལ།   །ད་ནི་ཉམ་ཐག་སྐལ་དམན་བདག་སོགས་ལ།   །རེ་ལྟོས་དཔུང་གཉེན་ཁྱེད་གཅིག་མ་གཏོགས་པར།   །སྐྱབས་གནས་གཞན་ན་མེད་པའི་ངེས་ཤེས་རྙེད།   །སྙིང་ཁོངས་རུས་པའི་གཏིང་ནས་ཕུར་ཚུགས་སུ།   །གདུང་ཡུས་གསོལ་འདེབས་འོ་དོད་འབོད་ལགས་ན།   །བརྩེ་བའི་སྙན་གྱིས་གསན་ནམ་གུ་རུ་རྗེ།   །མངོན་ཤེས་ཐུགས་ཀྱིས་དགོངས་སམ་ཐོད་ཕྲེང་རྩལ།   །ཐུགས་རྗེས་ཡལ་བར་འདོར་རམ་པདྨ་འབྱུང་།   །ཕྲིན་ལས་གློག་ལྟར་མྱུར་བའི་རྫུ་འཕྲུལ་གྱིས།   །ད་ལྟ་ཉིད་དུ་སྡུག་བསྔལ་འདི་ལས་སྐྱོབས།   །དུས་ངན་ཡོ་ལང་གཡོ་འཁྲུག་ཕྱིར་ལ་ཟློག    །ནག་ཕྱོགས་བདུད་རིགས་འབྱུང་པོ་ཆམ་ལ་ཕོབ།   །དཀར་ཕྱོགས་སྐྱོང་རྣམས་དབུ་འཕང་དགུང་དུ་བསྟོད།   །བསྟན་འཛིན་ཚོགས་རྣམས་བར་ཆད་གཡུལ་ལས་ [17b] རྒྱལ།   །མདོ་སྔགས་བཤད་སྒྲུབ་བསྟན་པའི་སྲོག་རྩ་ཚུགས།   །ཡངས་པའི་རྒྱལ་ཁམས་ཕན་བདེའི་དཔལ་ལ་སྦྱོར།   །མདོར་ན་བདག་སོགས་ཁྱོད་ཀྱི་གདུལ་བྱ་རྣམས།   །ལས་རྐྱེན་ངན་པའི་དབང་དུ་མ་བཏང་བར།   །ཚེ་འདིར་ཕྱི་ནང་བར་ཆད་ཀུན་ཞི་ནས།   །ཆོས་མཐུན་བསམ་དོན་ལྷུན་གྱིས་འགྲུབ་པ་དང་།   །ཕྱི་མ་རྔ་ཡབ་དཔལ་གྱི་རི་བོ་རུ།   །ཡུད་ཀྱིས་དྲོངས་ལ་གཏན་བདེའི་བཙན་ས་སྤྲོད།   །སྒོ་གསུམ་པདྨའི་གསང་གསུམ་ཡོན་ཏན་དང་།   །དབྱེར་མེད་མཉམ་པ་ཉིད་དུ་དབང་འབྱོར་ནས།   །མཁའ་ཁྱབ་འགྲོ་ཀུན་སྒྲོལ་བའི་ཕྲིན་ལས་སྟོབས།   །མགོན་པོ་ཁྱེད་དང་མཚུངས་པར་བྱིན་གྱིས་རློབས།   །ཞེས་པའང་རང་ཉིད་ད་ལྟའི་དུས་ཀྱི་ངང་ཚུལ་ལ་སྐྱོ་བའི་རྒྱུ་དང་།   ཀཿཐོག་དབོན་སྤྲུལ་རིན་པོ་ཆེའི་གསུང་གིས་བསྐུལ་བའི་རྐྱེན་ལ་བརྟེན་ནས་འཇིགས་བྲ་ཡེ་ཤེས་རྡོ་རྗེས་མཚོ་པདྨ་ཅན་དུ་ལྕགས་བྱི་ཆོ་འཕྲུལ་ཟླ་བའི་ཡར་ཚེས་བཅུ་ལ་ཤར་མར་བྲིས་པ་དོན་ལྡན་དུ་གྱུར་ཅིག།   །། 
༈     །ཀུན་ཁྱབ་འདུས་མ་བྱས་པ་གདོད་མའི་གཤིས།   །ཡེ༵་ཡིན་གཉུག་མའི་ཤེ༵ས་རིག་རྡོ༵་རྗེ༵་སེམས།   །མངོན་སུམ་རང་ངོ་ཤེས་པས་གསོལ་འདེབས་ན།   །བློ་འདས་ཆོས་ཟད་དགོངས་པ་རང་གྲོལ་ཤོག    །ཅེས་ག་ཞྭ་པ་ཚེ་རིང་བསམ་འགྲུབ་ངོར་བདུད་འཇོམས་པས་སོ།།   །། [18a]  ༈     །ཟིལ་གནོན་པདྨའི་ཐུགས་རྗེའི་སྒྱུ་འཕྲུལ་གར།   །སྙིགས་དུས་གསུལ་བྱ་འདུལ་བའི་དཔའ་བོ་ཆེ།   །བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ།   །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས།   །ཞེས་པའང་པདྨ་མཆོག་གྲུབ་ཀྱི་ངོར་རང་ཉིད་ཀྱིས་སོ།།   །། 
༈     །ཁྱབ་བདག་རིག་འཛིན་བླ་མའི་གསོལ་འདེབས་བཞུགས། རྒྱལ་ཀུན་མཁྱེན་རབ་ཡེ༵་ཤེ༵ས་སྨྲ་བའི་སེང་།   །རྡོ༵་རྗེ༵་རྣོན་པོ་བློ་ལྡན་མཆོག་སྲེད་རྩལ།   །ཤེས་བྱ་རི༵ག་པའི་མཛོད་འཛི༵ན་བློ་གྲོས་གཏེར།   །ངག་དབ༵ང་དབྱངས་ཅན་ལྷ་མོ༵་མཚོ་རྒྱལ་མ།   །དབྱེར་མེད་ཁྱབ་བདག་བླ་མ་རྡོ་རྗེ་སེམས།   །ཤེས་རབ་སྙེམས་མར་དགྱེས་རོལ་ཞི་ཁྲོའི་སྤྲིན།   །གང་འདུལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལ།   །གསོལ་བ་འདེབས་སོ་བདག་རྒྱུད་སྨིན་ཅིང་གྲོལ།   །རྟོག་སྒྲིབ་ཉམས་ཆག་མུན་པ་དབྱིངས་སུ་སངས།   །ཅིར་སྣང་དག་པ་རབ་འབྱམས་འཁོར་ལོར་སད།   །ཟུང་འཇུག་ལམ་ལས་བདེ་ཆེན་རྡོ་རྗེའི་སྐུ།   །མངོན་གྱུར་མཁའ་ཁྱབ་འགྲོ་དོན་མཐར་ཕྱིན་ཤོག    །ཅེས་པའང་བདེ་མཆོག་ནམ་མཁའ་ཁྱུང་རྫོང་ནས་རྒྱལ་བའི་མྱུ་གུ་འཇིགས་མེད་པདྨ་རྣམ་པར་རྒྱལ་བའི་སྡེས་ཚིག་དོན་གཉིས་ཀའི་ཆ་ནས་འདི་ལྟ་བུ་ཞིག་དགོས་ཞེས་ནན་ [18b] ཏན་དུ་བསྐུལ་བའི་ངོ་མ་ལྡོག་པར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།།   །། 
༈      །རྒྱལ་ཀུན་ངོ་བོ་པདྨ་འབྱུང་གནས་དང་།   །དབྱེར་མེད་དྲིན་ཆེན་བླ་མ་འཁོར་ལོའི་མགོན།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས།   །ཐུགས་ཡིད་དེ་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས།   །ཞེས་པའང་བྱང་ཆུབ་ཆོས་སྒྲོན་གྱི་ངོར་རང་ཉིད་ཀྱི་སོ།།   །། 
༈     །བདེ་ཆེན་པདྨ་དྲྭ་བ་དཔལ་རི་ཡི་ཞིང་ནས།   །རིག་འཛིན་མཁའ་འགྲོའི་གཙོ་མཆོག་ཨོ་རྒྱན་གྱི་སློབ་དཔོན།   །སྐལ་ལྡན་མོས་གུས་གདུང་བས་གསོལ་བ་ཞིག་འདེབས་ན།   དབང་བྱིན་བདུད་རྩིའི་ཆར་རྒྱུན་ད་ལྟ་རང་ཕོབ་ཅིག    །དད་པ་ཅན་གྱི་ངོར་ཛྙཱ་ནས་སོ།།   །། 
༈  རང་རིག་རྡོ་རྗེ་སེམས་དཔའི་ངོ་བོ་ཉིད།   །མངོན་སུམ་རང་ངོ་ཤེས་པས་སྐྱབས་སུ་བསྙེན།   །གློ་བུར་ཉེས་ལྟུང་འཁོར་གསུམ་ཡོངས་དག་ངང་།   །དག་ཚངས་ཀུན་བཟང་བདེ་ཆེན་ཀློང་དུ་ཨ།   །ཞེས་པའང་སྐལ་བཟང་དབང་སྒྲོན་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །རིག་སྟོང་གཉུག་མའི་བླ་མ་ལ།   །འདུ་འབྲལ་མེད་པའི་གདུང་ཤུགས་ཀྱིས།   །རང་བབ་ངང་ནས་གསོལ་བ་འདེབས།   །གཞི་དབྱིངས་གྲོལ་བར་བྱིན་གྱིས་རློབས།   ། [19a] ཞེས་ཨ་ནེ་གཡང་འཛོམ་གྱི་ངོར་ཛྙཱ་ནས་སོ།།   །། 
༈     །སྐྱབས་གནས་མ་ལུས་འདུས་པའི་ངོ་བོ་ཉིད།   །དྲིན་ཆེན་རྩ་བའི་བླ་མ་རིན་པོ་ཆེ།   །སྙིང་ནས་གདུང་བས་གསོལ་བ་འདེབས་ལགས་ན།   །སྐད་ཅིག་མི་འབྲལ་རྗེས་བཟུང་བྱིན་རླབས་སྩོལ།   །ཟབ་ལམ་སྒོམ་ལ་བར་ཆད་མེད་པ་དང་།   །ཉམས་རྟོགས་གཤའ་མ་རྒྱུད་ལ་སྐྱེས་ནས་ཀྱང་།   །འཁོར་འདས་རེ་དོགས་ཞིག་པའི་གདིང་ཐོབ་སྟེ།   །ཚེ་འདིར་ཀུན་བཟང་ཀློང་དུ་བྱང་ཆུབ་ཤོག    །ཅེས་སྤྱི་ཏི་དགེ་སྦྱོང་ཚེ་དབང་གི་ངོར་ཛྙཱ་ནས་སོ།།   །། 
༈     །རིགས་བརྒྱའི་ཁྱབ་བདག་ཨོ་རྒྱན་ཆེན་པོ་དང་།   །དབྱེར་མེད་འཁོར་ལོའི་མགོན་པོ་འགྲོ་འདུལ་གླིང་།   །སྙིང་ནས་གདུང་བས་གསོལ་བ་འདེབས་ལགས་ན།   །མི་འབྲལ་བརྩེ་བས་རྗེས་བཟུང་བྱིན་གྱིས་རློབས།   །ཞེས་པའང་ཡེ་ཤེས་ཆོས་འཛོམ་གྱི་ངོར་རང་ཉིད་ཀྱིས་སོ།།   །། 
༈     །ངེས་པ་དོན་གྱི་རྡོ་རྗེ་འཆང་དབང་།   །ཀུན༵་ཏུ་བཟང་པོའི་དགོངས་པ་མཐར་ཐུག    །མངོན་སུམ་རང་ངོ་སྤྱོད་པའི་དེད་དཔོན།   །དག༵འ་རབ་གཉིས་པ་བླ་མ་དྲན་ནོ།   །རྒྱལ༵་བའི་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་།   །ཀུན་གྱི་སྙིང་པོ་རྫོགས་ཆེན་ [19b] ལམ་བཟང་།   །མཚ༵ན་འཛིན་འཁྲུལ་པའི་རྟོག་ཚོགས་ཇི་སྙེད།   །མ་སྤངས་རང་གྲོལ་གདམས་པའི་ཆེ་བ།   །འཁོར་འདས་ཆོས་ལ་འདམ་ཁ་མ་གྲུབ།   །གཉུག་མའི་གཤིས་སུ་རང་ས་བཟུང་བ།   །འབྲས་བུའི་རྒྱལ་པོ་རང་ལས་རྙེད་དེ།   །བློ་བདེའི་འདུན་མ་གྲུབ་པ་དགའ་ཡོ།   །རང་རིག་བླ་མར་རྫོགས་པའི་ངང་ནས།   །རང་བབ་ལྷུག་པས་གསོལ་བ་འདེབས་སོ།   །ཡིད་བྱེད་བློ་ཡི་གོལ་ས་ཆོད་དོ།   །སྒོམ་མེད་ས་ལ་སླེབས་པར་མཛོད་ཅིག    །ཅེས་མཁན་བླ་ཀུན་དགའ་རྒྱལ་མཚན་གྱི་གསོལ་འདེབས་རྒྱང་འབོད་འདིའང་ལྕམ་པདྨ་ལགས་ཀྱི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །རིགས་འདུས་པདྨའི་རྒྱལ་ཚབ་འཁོར་ལོའི་མགོན།   །བདུད་འཇོམས་དཔའ་བོ་འགྲོ་འདུལ་གླིང་པ་ལ།   །གསོལ་བ་འདེབས་སོ་བསྐལ་བརྒྱར་ཞབས་བརྟན་ཅིང་།   །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།   ཞེས་པའང་ཀློང་གསལ་རང་གྲོལ་རྡོ་རྗེའི་ངོར་ཛྙཱ་ན་རང་ཉིད་ཀྱིས་སོ།།   །། 
༈     །བསླུ་མེད་གཏན་གྱི་སྐྱབས་གཅིག་འཁོར་ལོའི་མགོན།   །གར་གྱི་དབང་ཕྱུག་སངས་རྒྱས་རྡོ་རྗེ་རྩལ།   །གང་ཁྱོད་གདུལ་བྱ་རྟག་འཛིན་ཅན་གྱི་ངོར།   །རེ་ཞིག་ [20a] གཟུགས་སྐུའི་བཀོད་པ་དབྱིངས་བསྡུས་ཀྱང་།   །གཞན་དོན་ཐུགས་རྗེ་ནམ་ཡང་མི་གཏོང་ཕྱིར།   །ངོ་མཚར་སྤྲུལ་པ་མཆོག་གི་རྣམ་རོལ་གར།   །སླར་ཡང་ཞིང་འདིར་མྱུར་དུ་བསྟན་ནས་སུ།   །བསྟན་དང་འགྲོ་ལ་ཕན་བདེའི་དབུགས་དབྱུང་སྩོལ།   །བདག་སོགས་སྙིང་ནས་མོས་པའི་རྗེས་འཇུག་རྣམས།   །ཚེ་རབས་ཀུན་ཏུ་འབྲལ་མེད་རྗེས་བཟུང་ནས།   །སྟོན་འཁོར་དགོངས་པ་དབྱེར་མེད་རོ་གཅིག་ཏུ།   །མངོན་པར་བྱང་ཆུབ་འཁོར་བ་དོང་སྤྲུགས་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གསོལ་བ་བཏབ་པ་དགེ།   །། 
༈     །པཎ་གྲུབ་ལྔ་བརྒྱའི་གཙུག་རྒྱན་བི་མ་ལ།   །གང་འདུལ་སྤྲུལ་པའི་གཟུགས་སུ་མངོན་སྣང་བ།   །ཡོངས་འཛིན་འགྲོ་བའི་བླ་མ་ངག་གི་དབང་།   །གང་ཁྱོད་བདག་སོགས་རྟག་འཛིན་ཅན་བློའི་ངོར།   །ཞི་བའི་དབྱིངས་སུ་མྱ་ངན་འདས་ཚུལ་སྟོན།   །འོན་ཀྱང་སྙིགས་མའི་དུས་ཀྱི་གདུལ་བྱ་རྣམས།   །ཐུགས་རྗེས་ཡལ་བར་འདོར་དུ་མི་སྲིད་ཀྱི།   །དེ་སླད་བརྩེ་བས་དུས་འདིར་ཉེར་དགོངས་ཏེ།   །སྤྲུལ་པའི་དཀྱིལ་འཁོར་མྱུར་དུ་བསྟན་མཛོད་ལ།   །བསྟན་འགྲོའི་རྒུད་པ་མཐའ་དག་ [20b] བསལ་ནས་ཀྱང་།   །ངེས་དོན་སྙིང་པོའི་ཤིང་རྟ་འདྲེན་པ་ཡི།   །རླབས་ཆེན་ཐུགས་བསྐྱེད་ཕྲིན་ལས་མཐར་ཕྱིན་ཤོག    །ཅེས་འབྲུག་ཡོངས་འཛིན་བདུན་པའི་ཡང་སྲིད་མྱུར་འབྱོན་གྱི་བདེན་ཚིག་ཏུ་དགེ་སྦྱོང་ངག་དབང་བསོད་ནམས་ཀྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་སིདྡྷི་རསྟུ།།   །། 
༈     །དོན་བརྒྱུད་གདམས་པའི་ཆུ་འགོ་སྟོད་འབྲུག་གི    །བཀའ་བབ་བསྟན་འཛིན་ཁྱུ་མཆོག་སྤྲིན་ཟམ་པ།   །ཐུབ་བསྟན་བཞད་པ་རྒྱལ་མཚན་གང་ཁྱོད་ཉིད།   །ད་དུས་རྟག་འཛིན་ཅན་ངོར་གཟུགས་སྐུའི་ཁམས།   །འོད་གསལ་ཆོས་དབྱིངས་ཀློང་དུ་བསྡུས་མོད་ཀྱང་།   །གཞན་དོན་ཐུགས་རྗེ་དུས་ལས་མི་ཡོལ་ཕྱིར།   །སླར་ཡང་སྤྲུལ་པའི་ཟླ་ཞལ་མྱུར་བསྟན་ནས།   །བདག་སོགས་གདུལ་བྱ་བརྩེ་བས་རྗེས་བཟུང་གསོལ།   །བསླུ་མེད་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་དང་།   །བདག་ཅག་སྙིང་ནས་ལྷག་བསམ་དག་པ་ཡི།   །སྨོན་པའི་གནས་འདི་གེགས་མེད་མྱུར་གྲུབ་ནས།   །སྐལ་བཟང་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག    །ཅེས་པའང་དམ་པ་གང་དེའི་ཞལ་སློབ་རྣམས་ནས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །རྒྱལ་བའི་ཡེ་ཤེས་ཟག་མེད་ཆོས་ཀྱི་སྐུ།   ། [21a] གདུལ་བྱའི་ཁམས་ལ་གང་འདུལ་སྤྲུལ་པའི་གཟུགས།   །འབྲེལ་ཚད་དོན་ལྡན་ཕྲིན་ལས་རྨད་དུ་བྱུང་།   །ངོ་མཚར་རྟེན་མཆོག་གསུམ་ལ་གསོལ་བ་འདེབས།   །གུས་པས་ཕྱག་མཆོད་བསྐོར་བའི་བསོད་ནམས་ཀྱིས།   །བདག་གཞན་འབྲེལ་ཐོབ་འགྲོ་བ་མ་ལུས་པའི།   །ལས་ངན་སྡིག་སྒྲིབ་བག་ཆགས་ཡོངས་བྱང་ནས།   །རྣམ་གྲོལ་ཐར་པའི་གོ་འཕང་མྱུར་ཐོབ་ཤོག    །ཅེས་བལ་ཡུལ་མཆོད་རྟེན་རྣམ་གསུམ་གྱི་གསོལ་འདེབས་འདིའང་སྒྲུབ་བརྩོན་རིག་བཟང་རྡོ་རྗེས་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོ་ཡིས།   །རྗེས་བཟུང་བྱིན་རླབས་དབང་ཐོབ་རིག་པ་འཛིན།   །བདུད་འཇོམས་དཔའ་བོ་འགྲོ་འདུལ་གླིང་པ་ལ།   །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱིས་རློབས།   །ཞེས་པའང་མཁའ་སྤྱོད་རིག་འཛིན་སྒྲོལ་མའི་ངོར་རང་ཉིད་ཀྱིས་སོ།།   །། 
༈     །སྣང་སྲིད་ཟིལ་གནོན་པདྨ་ཐོད་ཕྲེང་རྩལ།   །དབྱེར་མེད་གྲུབ་པའི་དབང་ཕྱུག་ཐང་སྟོང་རྒྱལ།   །རྩ་གསུམ་དམ་ཅན་རྒྱ་མཚོའི་ཚོགས་བཅས་ལ།   །གསོལ་བ་འདེབས་སོ་ཐུགས་རྗེ་བརྩེ་བས་དགོངས།   །འབྱུང་བཞི་གཡོ་འཁྲུགས་ནད་མཚོན་མུ་གེ་སོགས།   ། [21b] སྙིགས་དུས་རྒུད་པ་མ་ལུས་ཡོངས་ཞི་ནས།   །སྣོད་བཅུད་དཔལ་གྱི་འབྱོར་པ་གོང་དུ་འཕེལ།   །འགྲོ་ཀུན་ཕན་བདེས་འཚོ་བར་བྱིན་གྱིས་རློབས།   །རྒྱལ་བསྟན་དར་རྒྱས་བསྟན་འཛིན་ཞབས་པད་བརྟན།   །བདག་སོགས་ཚེ་རིང་ནད་མེད་ལོངས་སྤྱོད་ལྡན།   །འགལ་རྐྱེན་ཀུན་ཞི་ཆོས་མཐུན་བསམ་རྒུ་འགྲུབ།   །རང་གཞན་དོན་གཉིས་མཐར་ཕྱིན་བཀྲ་ཤིས་སྩོལ།   །ཅེས་པའང་དད་ལྡན་གང་གི་རེ་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །བརྒྱུད་གསུམ་གདམས་པའི་ཆུ་བོ་ཀུན་འདུས་པ།   །རང་རིག་ཆོས་སྐུར་སྤྲོད་པའི་ལམ་མཁན་མཆོག     །   ཁྱབ་བདག་བདུད་འཇོམས་ཡེ་ཤེས་རྡོ་རྗེ་ལ།   །སྙིང་ནས་གསོལ་བ་འདེབས་སོ་བྱིན་གྱི་རློབས།   །ཞེས་པའང་དད་ལྡན་ལྷུན་གྲུབ་དཔལ་འབྱོར་གྱི་ངོར་རང་ཉིད་ཀྱིས་སོ།།   །། 
༈     །དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོ་ཡིས།   །རྗེས་བཟུང་སྨོན་ལམ་དབང་ཐོབ་རིག་པ་འཛིན།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས།   །ཐུགས་ཡིད་གཅིག་ཏུ་འདྲེས་པར་བྱིན་གྱིས་རློབས།   །ཞེས་པའང་སྤྲུལ་སྐུ་པདྨ་མཁྱེན་བརྩེ་རྡོ་རྗེའི་གསུང་ངོར་རང་ཉིད་ཀྱིས་བྲིས་པ་དགེ།   །། 
༈     །བསླུ་མེད་ [22a] སྲས་བཅས་རྒྱལ་བའི་བྱིན་མཐུ་དང་།   །བདག་ཅག་མོས་གདུང་ལྷག་བསམ་བདེན་སྟོབས་ཀྱིས།   །འདྲེན་མཆོག་ཐུབ་བསྟན་ཀུན་དགའ་རྒྱལ་མཚན་གང་།   །རྟག་འཛིན་ཅན་ངོར་གཟུགས་སྐུ་དབྱིངས་བསྡུས་ཀྱང་།   །ཐུགས་རྗེ་འགོག་མེད་གདུལ་བྱའི་མོས་སྐལ་དུ།   །སླར་ཡང་སྤྲུལ་པའི་ཟླ་ཞལ་མྱུར་གསལ་ནས།   །བསྟན་དང་འགྲོ་བའི་དཔུང་གཉེན་ཉིད་གྱུར་ཏེ།   །རླབས་ཆེན་ཕྲིན་ལས་རྒྱ་མཚོ་མཐར་ཕྱིན་ཤོག    །ཅེས་མཁན་བླ་མ་དམ་པ་གང་གི་ཡང་སྲིད་མྱུར་འབྱོན་གྱི་སྨོན་ཚིག་འདིའང་།   རིགས་དབོན་ཀུན་དགའ་ལགས་ནས་ལྷ་རྫས་རིན་ཆེན་དང་པོའི་མཎྜལ་དང་བཅས་ཏེ་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དོན་ལྡན་དུ་གྱུར་ཅིག།   །། 
༈     །དཔལ་ཨོ་རྒྱན་ཆེན་པོའི་ཕྲིན་ལས་ཀྱི་ཕོ་ཉ།   །དུས་སྙིགས་མའི་གདུལ་བྱ་འགྲོ་འདྲེན་གྱི་དཔའ་བོ།   །མི་བདག་གི་བློ་གཏད་གཅིག་མཆོག་གི་རྒྱལ་པོ།   །རྗེ་བདུད་འཇོམས་གར་དབང་འགྲོ་འདུལ་གྱི་གླིང་པ།   །ཡིད་སྙིང་ནས་གུས་པས་གསོལ་བ་ཞིག་འདེབས་ན།   །ཐུགས་དགོངས་པའི་དབྱིངས་ནས་འབྲལ་མེད་དུ་གཟིགས་ལ།   །དབང་བྱིན་རླབས་དངོས་གྲུབ་དགོངས་བརྒྱུད་ཀྱི་ཕ་ཕོག    །བུའི་རྒྱུད་ལ་རྒྱལ་ [22b] ཐབས་སྤྱི་བླུགས་སུ་སྩོལ་ཅིག    །གཞི་ཀ་དག་ཁྲེགས་ཆོད་གནས་ལུགས་ཀྱི་དོན་རྟོགས།   །ལམ་ལྷུན་གྲུབ་ཐོད་རྒལ་སྣང་བ་བཞི་མཐར་ཕྱིན།   །འབྲས་ཆོས་ཟད་འཇའ་ལུས་འཕོ་ཆེན་གྱི་ས་མཆོག    །ཚེ་འདི་ལ་འགྲུབ་པར་བྱིན་གྱིས་རང་རློབས་ཤིག    །ཅེས་པའང་མོན་གྱི་སྔགས་སྟོན་པདྨ་དབང་ཆེན་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །དུས་གསུམ་མཁྱེན་པ་ཨོ་རྒྱན་ཐོད་ཕྲེང་རྩལ།   །འཕོ་ཆེན་རྡོ་རྗེའི་སྐུར་བཞེངས་བི་མ་ལ།   །གངས་ཅན་བསྟན་པའི་ཤིང་རྟ་ཁྲི་སྲོང་རྗེ།   །རྣམ་གསུམ་སྒྱུ་འཕྲུལ་གཅིག་བསྡུས་མཁྱེན་བརྩེའི་དབང་།   །འཁོར་ལོའི་མགོན་པོ་ཆོས་ཀྱི་བློ་གྲོས་ལ།   སྙིང་ནས་གུས་གདུང་དྲག་པོས་གསོལ་བ་འདེབས།   །རྟག་ཏུ་འབྲེལ་མེད་བརྩེ་བས་རྗེས་བཟུང་སྟེ།   །ཐུགས་ཡིད་རོ་གཅིག་འདྲེས་པར་བྱིན་གྱིས་རློབས།   །ཞེས་པའང་མགོན་པོ་གང་གི་འབངས་ཐ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྔར་གྱི་ཞབས་བརྟན་སྨོན་ཚིག་ཉིད་གསོལ་འདེབས་སུ་ཁ་བསྒྱུར་ཏེ་འཕྲུལ་སྤར་ཆོས་སྦྱིན་དུ་སྤེལ་བ་དགེ་ལེགས་སུ་གྱུར་ཅིག།   །། 
༈     །འཇིགས་བྲ་ཡེ་ཤེས་རྡོ་རྗེ་མཁྱེན་ནོ།   །འགྱུར་མེད་བདེ་ཆེན་ཀློང་ནས་གཟིགས་ཤིག    །ཐ་མལ་སྣང་གྲགས་རྟོག་པའི་ཆོས་ཀུན།   །ལྷ་སྔགས་ཆོས་སྐུར་སད་པར་མཛོད་ [23a] ཅིག    །གར་དབང་འགྲོ་འདུལ་གླིང་པ་མཁྱེན་ནོ།   །ཀུན་ཁྱབ་ཐུགས་རྗེའི་ཀློང་ནས་གཟིགས་ཤིག    །ཟུང་འཇུག་ལམ་མཆོག་བཙན་ཐབས་བགྲོད་ནས།   །ལྷན་སྐྱེས་བདེ་ཆེན་སྐུ་འགྲུབ་མཛོད་ཅིག    །ཀུན་བཟང་ཡན་པ་བློ་བདེ་མཁྱེན་ནོ།   །རང་བབ་གཉུག་མའི་ངང་ནས་གཟིགས་ཤིག    །བྱས་ཆོས་འཁྲུལ་པའི་འཁོར་ལོ་ཟད་ནས།   །བྱར་མེད་གནས་ལུགས་གདིང་ཐོབ་མཛོད་ཅིག    །ཅེས་པའང་ཀཿཐོག་དཔོན་སྤྲུལ་རིན་པོ་ཆེའི་བཞེད་བ་བཞིན་ཛྙཱ་ནས་སོ།།   །། 
༈     །རབ་འབྱམས་སྐྱབས་གནས་མ་ལུས་འདུས་པའི་དངོས།   །སྣང་སྲིད་ཟིལ་གནོན་ཨོ་རྒྱན་ཐོད་ཕྲེང་རྩལ།   །རྩ་གསུམ་གནས་གཏེར་སྲུང་མའི་ཚོགས་བཅས་ལ།   །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ།   །སྦས་ཡུལ་འགྲིམ་པའི་འགལ་རྐྱེན་མ་ལུས་ཞི།   །མཐུན་རྐྱེན་ཀུན་ཚང་བདེ་བར་མྱུར་བགྲོད་དེ།   །ས་སྤྱོད་ཞིང་གི་འདུ་བའི་དགའ་སྟོན་ལ།   །ད་ལྟ་ཉིད་དུ་སྤྱོད་ནུས་བྱིན་གྱིས་རློབས།   །ཞེས་པའང་གུ་རུ་བརྟུལ་བཞུགས་གླིང་པའི་ངོར་བདུད་འཇོམས་པས་སོ།།   །། 
༈     །རྔ་ཡབ་གླིང་དུ་དཔའ་བོ་རབ་གཏུམ་རྩལ།   །ཤམྦྷ་ལ་རུ་རྡོ་རྗེ་རྣོན་པོ་སྟེ།   །ཞིང་འདིར་གུ་རུའི་གདུང་ [23b] འཚོབ་འགྲོ་འདུལ་གླིང་།   །རིག་འཛིན་བླ་མ་མཆོག་ལ་གསོལ་བ་འདེབས།   །ཞེས་པའང་མོས་ལྡན་ཚེ་རིང་བུ་ཁྲིད་ཀྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་རང་ཉིད་ཀྱིས་བྲིས་པ་དགེ།   །། 
༈     །པདྨའི་རྒྱལ་ཚབ་བཀའ་དྲིན་མཚུངས་མེད་མགོན།   །ཡེ་ཤེས་རྡོ་རྗེ་ཞབས་ལ་གསོལ་བ་འདེབས།   །བདག་གི་ཚེ་དང་སྒྲུབ་པ་མཉམ་ནས་ཀྱང་།   །འཇའ་ལུས་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས།   །ཞེས་པའང་བཙུན་མ་ཀརྨའི་ངོར་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །། 
༈     །རང་རིག་མ་བཅོས་ཡེ༵་ནས་ཤེ༵ས་པ་འདི།   །སྐྱེ་མེད་དོན་གྱི་རྡོ༵་རྗེ༵་བླ་མ་སྟེ།   །བཏང་བཞག་འགྲོ་འོང་འབྲལ་བར་གསོལ་བ་འདེབས།   །ཆོས་ཉིད་ཟད་སར་འཁྱོལ་བར་བྱིན་གྱིས་རློབས།   །ཞེས་ཐུབ་བསྟན་གྲགས་པའི་ངོར་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ཨོཾ་སྭསྟི།   འཇིག་རྟེན་སྒྱུ་མའི་ལུས་ལ་ཞེན་པ་བྲལ།   །ངེས་གསང་དོན་གྱི་སྦས་པའི་རྣལ་འབྱོར་འཆང་།   །གྲགས་པ་ཆོས་འཕེལ་ཞབས་ལ་གསོལ་བ་འདེབས།   །ཞབས་པད་ཡུན་བརྟན་འགྲོ་དོན་མཐའ་རྒྱས་ཤོག    །ཅེས་པའང་ཀརྨ་རང་གྲོལ་གྱིས་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །། 
༈     །ན་མོ་རཏྣ་གུ་རུ་ཡེ།   སྲས་བཅས་རྒྱལ་བའི་ཕྲིན་ལས་ [24a] གཅིག་བསྡུས་པ།   །མ་རིག་བདུད་བཞི་འཇི༵གས་བྲ༵ལ་མཁྱེན་གཉིས་ཀྱི།   །ཡེ༵་ཤེས༵་རྩལ་འབར་རྡོ༵་རྗེ༵་འཛིན་དབང་མཆོག    །རྗེ་བཙུན་བླ་མའི་ཞབས་ལ་གསོལ་བ་འདེབས།   །གཞོན་ནུའི་དུས་ནས་བཟང་པོའི་བག་ཆགས་སད།   །ཕུལ་བྱུང་དད་དང་ཤེས་རབ་བློ་གྲོས་རྒྱལ།   །བྱམས་དང་སྙིང་རྗེས་ཐུགས་རྒྱུད་རྣམ་པར་དག    །སེམས་དཔའ་གཞོན་ནུ་དེ་ལ་གསོལ་བ༴    །ཁྱད་འཕགས་བླ་མ་དམ་པ་མང་དུ་བསྟེན།   །སྨིན་གྲོལ་ཆོས་ཀྱི་བདུད་རྩི་ངོམ་མེད་གསན།   །དམ་ཚིག་བསླབ་བྱ་ཁོངས་པའི་སྙིང་ལྟར་བཅང་།   །རྣལ་འབྱོར་དབང་ཕྱུག་དེ་ལ༴    །ཁྲེགས་ཆོད་གནས་ལུགས་ལྟ་བ་ཇི་བཞིན་གཟིགས།   །སྟོང་ཉིད་སྙིང་རྗེ་སྒོམ་གྱི་རྩལ་ཆེན་རྫོགས།   །ཡེངས་མེད་འགྲོ་དོན་སྤྱོད་པའི་བརྟུལ་ཞུགས་ལྡན།   །སྙིགས་འགྲོའི་སྐྱབས་གཅིག་མཆོག་ལ་གསོལ་བ༴    །དེ་ལྟར་གསོལ་བ་བཏབ་པའི་བྱིན་རླབས་ཀྱིས།   །དབང་གིས་རྒྱུད་སྨིན་དམ་ཚིག་རྣམ་པར་དག    །དད་མོས་ངེས་བྱུང་སྙིང་རྗེ་བྱང་སེམས་འབྱོང་།   །ཚེ་དང་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས།   །ཞེས་པའང་དད་ལྡན་ཆོས་དབྱིངས་དབང་མོས་བོང་བ་གསེར་མཐོང་གི་འདུ་ཤེས་བཞག་སྟེ་གསོལ་འདེབས་ [24b] ཤིག་བྲིས་ཞེས་བསྐུལ་བ་མ་ལྡོག་ཙམ་དུ་རང་ལ་ཡོན་ཏན་མེད་པའི་ཁ་བྲལ་འདི་ལྟར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །མ་ལུས་རིགས་བརྒྱའི་ཁྱབ་བདག་འོད་མི་འགྱུར།   །འགགས་མེད་སྒྱུ་འཕྲུལ་པདྨ་གར་གྱི་དབང་།   །དཀྱིལ་འཁོར་རྒྱ་མཚོའི་དབང་ཕྱུག་ཐོད་ཕྲེང་རྩལ།   །གསོལ་བ་འདེབས་སོ་བྱིན་རླབས་དངོས་གྲུབ་སྩོལ།   །བདེ་ཆེན་རྒྱལ་ཀུན་བསྐྱེད་ཡུམ་མཁར་ཆེན་བཟའ།   །འཇམ་དཔལ་དབྱངས་དངོས་ཚངས་པ་ལྷའི་མེ་ཏོག    །གཏེར་ཆེན་གྲུབ་པའི་འཁོར་སྒྱུར་མངའ་བདག་ཉང་།   །གསོལ་བ༴    །གདམས་པའི་བཀའ་བབས་རྩ་བརྒྱུད་རིག་པ་འཛིན།   །ལྷག་པའི་ལྷ་མཆོག་ཁྲོ་རྒྱལ་རྟ་མཆོག་དཔལ།   །གསང་འཛིན་མཁའ་འགྲོ་དམ་ཅན་ཚོགས་བཅས་ལ།   །གསོལ་བ༴    །དུག་གསུམ་རང་གཟུགས་གདོན་བགེགས་སྡུག་བསྔལ་བཅས།   །དབང་ཆེན་མཐུ་སྟོབས་ནུས་པས་རབ་བཅོམ་སྟེ།   །སྣང་གྲགས་རིག་པ་དབང་མཛད་ཧེ་རུ་ཀའི།   །ངོ་བོར་ཡོངས་སྨིན་དོན་གཉིས་ལྷུན་གྲུབ་ཤོག    །ཅེས་ཉང་གཏེར་རྟ་ནག་ལྕགས་རལ་ཅན་གྱི་བརྒྱུད་འདེབས་ཉུང་བསྡུས་འདིའང་པདྨ་རྒྱལ་མཚན་གྱིས་རིང་མོ་ནས་བསྐུལ་བའི་རེ་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །། [25a]  ༈    །གདུང་འབོད་གསོལ་འདེབས་འཆི་མེད་རྡོ་རྗེའི་རྔ་སྒྲ་ནི། མོས་ལྡན་བདག་གི་མགོན་མཆོག་བཀའ་དྲིན་ཅན།   །རྩ་གསུམ་ཀུན་འདུས་འཆི་མེད་པདྨ་འབྱུང་།   །གཅིག་ཆོག་སྐྱབས་སུ་ཤེས་པས་ཁྱོད་བསྙེན་ན།   །ཐུགས་རྗེ་ཉེ་རིང་བྲལ་བས་འབྲལ་མེད་སྐྱོངས།   །དུས་མིན་འཆི་སོགས་བར་ཆད་ཉེས་ཀུན་ཞི།   །རིང་པོར་འཚོ་སོགས་འདོད་དོན་ཡིད་བཞིན་འགྲུབ།   །བསྟན་འགྲོར་སྨན་པའི་བསམ་སྦྱོར་མཐར་ཕྱིན་ནས།   །མགོན་ཁྱོད་དགོངས་པ་སྐོང་ནུས་བྱིན་གྱིས་རློབས།   །རང་རིག་དོན་གྱི་ཚེ་བདག་པད་འབྱུང་ཧྲཱིཿ   །   སྙིང་དབུས་ཉི་ཟླའི་གྭའུར་ལྷན་སྐྱེས་སུ།   །གདོད་ནས་ཡེ་ཤེས་རྡོ་རྗེ་སྙིང་པོའི་སྲོག    །རྟག་བརྟན་འཕོ་འགྱུར་བྲལ་འདི་ཨེ་མ་ཧོཿ     །   ཞེས་པའང་རིགས་འདུས་ཨོ་རྒྱན་ཆེན་པོ་འཆི་མེད་རྡོ་རྗེའི་སྐུར་བཞེངས་པའི་གནས་མཆོག་བྲག་ཕུག་མཱ་ར་ཏི་ཀའི་ཀེའུ་ཚང་དུ་ཚེ་སྒྲུབ་པའི་རྣལ་འབྱོར་ཟབ་མོ་ཉམས་སུ་ལེན་པའི་སྐལ་བཟང་ཐོབ་པ་ན་གདུང་ཤུགས་ཀྱི་གསོལ་འདེབས་ཐོལ་བྱུང་དུ་སྒྲོགས་པ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ།   བྱིན་རླབས་ཀྱི་བབ་ཤིན་ཏུ་ཆེ་བའི་ལྟས་བཟང་པོ་མཐོང་བའི་རྐྱེན་གྱིས་སོ།།   །། 
༈     །ཨེ་མ་ཧོཿ     རྩ་བརྒྱུད་བླ་མ་ཡི་དམ་དཀྱིལ་འཁོར་ལྷ།   །དཔའ་བོ་མཁའ་འགྲོ་ཆོས་སྐྱོང་ཡོངས་འདུས་དཔལ།   །བསླུ་ [25b] མེད་གཏན་གྱི་སྐྱབས་ཅིག་པདྨ་འབྱུང་།   །སྙིང་ནས་གདུང་ཤུགས་དྲག་པོས་རྗེས་དྲན་ཏེ།   །རྩེ་གཅིག་གུས་པས་གསོལ་བ་འདེབས་ལགས་ན།   །ཐུགས་རྗེ་ཡལ་ཡོལ་བཏང་སྙོམས་མི་མངའ་བས།   །བརྩེ་ཆེན་ཡེ་ཤེས་དགོངས་པས་ད་གཟིགས་ལ།   །མི་འབྲལ་བྱིན་རླབས་དབང་དང་དངོས་གྲུབ་སྩོལ།   །སྔོན་ལས་འཕྲལ་རྐྱེན་ལས་བྱུང་ནད་དང་གདོན།   །དགྲ་དང་དབུལ་ཕོངས་འཐབ་རྩོད་ལ་སོགས་པ།   །མི་འདོད་སྡུག་བསྔལ་ཉེས་པའི་ཚོགས་རྣམས་ཀུན།   །ད་ལྟ་ཉིད་དུ་ཞི་བར་བྱིན་གྱིས་རློབས།   །ཚེ་དང་བསོད་ནམས་དཔལ་འབྱོར་ལོངས་སྤྱོད་གཏེར།   །དབང་ཐང་རླུང་རྟ་བརྒྱུད་འཛིན་སྙན་གྲགས་དཔལ།   །དད་དང་ཤེས་རབ་ཡེ་ཤེས་ཡོན་ཏན་ཀུན།   །འབད་མེད་ངང་གིས་རྒྱས་པར་བྱིན་གྱིས་རློབས།   །སྡིག་ཏོའི་ལྟ་ངན་རྒྱུད་ལ་མི་སྐྱེ་བར།   །ཡང་དག་བྱང་ཆུབ་སེམས་མཆོག་རྒྱུད་ལ་སྐྱེ།   །སྒོ་གསུམ་དམ་པའི་ཆོས་སྤྱོད་གོང་འཕེལ་ཏེ།   །རྟག་ཏུ་གཞན་ཕན་བསྒྲུབ་ནུས་བྱིན་གྱིས་རློབས།   །ཆོས་ཀྱི་རྩ་བ་རང་རྒྱུད་ཉོན་མོངས་ཐུལ།   །ཆོས་ཀྱི་སྙིང་པོ་གནས་ལུགས་རྗེན་པར་རྟོགས།   ཆོས་ཀྱི་མཐར་ཐུག་རེ་དོགས་གཉིས་འཛིན་ཟད།   །ཆོས་སྐུ་པད་འབྱུང་ཁྱེད་འདྲར་བདག་ [26a] གྱུར་ཅིག    །ཅེས་པའང་རིགས་ཀྱི་བུ་མོ་ཚེ་རིང་དཔལ་འཛོམ་གྱིས་ཡང་ཡང་བསྐུལ་བའི་ངོར་ཕ་རྒན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈      །བསླུ་མེད་གཏན་གྱི་སྐྱབས་གཅིག་འཁོར་ལོའི་མགོན།   །སངས་རྒྱས་ཀུན་དངོས་ཨོ་རྒྱན་རྡོ་རྗེ་འཆང་།   །ཉམ་ཐག་བདག་ལ་རེ་ས་ཁྱེད་ལས་མེད།   །ཐུགས་རྗེ་གློག་ལྟར་མྱུར་བས་དུས་འདིར་དགོངས།   །ད་ནི་དུས་ངན་སྙིགས་མའི་མཐའ་ལ་ཐུག    །སྨོན་ལོག་དམ་སྲི་སྤུན་དགུ་ཁ་དར་ནས།   །མི་རྣམས་ཕལ་ཆེར་ཤེས་རྒྱུད་འགོང་པོས་བརླམས།   །བོད་འབངས་ཐུགས་རྗེས་ནམ་ཡང་མི་འདོར་བའི།   །བརྩེ་བའི་སྐུ་དྲིན་ཅན་དེ་ཁྱེད་ལགས་ཀྱང་།   །ཁྲེལ་མེད་པོ་རྣམས་ལམ་ངན་ཁ་མ་གང་།   །གུ་རུ་ཉིད་དང་ཁྱེད་ཀྱི་བསྟན་པ་དང་།   །ཁྱེད་ཀྱི་རྗེས་འཇུག་རྣམས་ལ་ཐན་དུ་བལྟ།   །བཀའ་དྲིན་ཁྱད་གསོད་ལོག་ལྟའི་འབར་ཤ་ལྡིར།   །མ་རུང་འགོང་པོར་རྒྱབ་བརྟེན་བློ་གཏད་འཆའ།   །ཕྱི་ནང་དབེན་སྦྱོར་ཕུང་དཀྲུགས་བྱུར་སྣ་འདྲེན།   །དམན་ས་བཟུང་ཡང་ཕྱོགས་ལྷུང་ཕྲག་དོག་ལྡང་།   །དྲང་པོར་གནས་ཀྱང་གཡོ་སྒྱུས་ནག་ཉེས་འགེལ།   །མ་ཉེས་ཁ་ཡོག་རྐྱེན་ངན་རླུང་ལྟར་འཚུབས།   །སྤྱོད་ངན་རང་གིས་ [26b] སྤྱད་ནས་དུས་ངན་ཟེར།   །ཅི་ལ་བསམ་ཡང་སྙིང་རླུང་སྟོད་དུ་འཚང་།   །གཏིང་ནས་ཡི་ཆད་སྐྱོ་བའི་གདུང་ཡུས་ཀྱིས།   །སྨྲེ་ངག་འོ་དོད་འབོད་དགོས་དུས་བྱུང་ངོ་།   །ཕ་གཅིག་ཁྱེད་ལ་མི་འབོད་སུ་ལ་འབོད།   །བརྩེ་ཆེན་ཁྱེད་ཀྱིས་མི་གཟིགས་སུ་ཡིས་གཟིགས།   །ཐུགས་དམ་གནད་ནས་བསྐུལ་ལོ་ཐོད་ཕྲེང་རྩལ།   །དབྱིངས་ནས་དགོངས་པ་བསྐྱོད་ཅིག་གྲོ་བོ་ལོད།   །མཐུ་སྟོབས་ནུས་པའི་རྩལ་ཤུགས་ཕྱུང་རེ་རན།   །མི་འདོད་རྐྱེན་ངན་འདི་ལས་མྱུར་དུ་སྒྲོལ།   །བར་ཆད་བདུད་ཀྱི་དམག་དཔུང་ཕྱིར་ལ་ཟློག    །གདུག་ཅན་རླུང་སེམས་སྣང་བ་དབང་དུ་སྡུས།   །སྐྱེ་འགྲོའི་བློ་ཡིད་ཕན་གྲོགས་དགེ་ལ་བསྒྱུར།   །མདོར་ན་བདག་སོགས་ཁྱེད་ཀྱི་གདུལ་བྱ་རྣམས།   །ལས་རྐྱེན་ངན་པའི་དབང་དུ་མ་བཏང་བར།   །ཕྱི་ནང་མི་འདོད་ཉེས་ཚོགས་དབྱིངས་སུ་གསོལ།   །འདོད་དོན་བསམ་རྒུ་འབད་མེད་ཡིད་བཞིན་སྒྲུབས།   །གང་གི་རིང་ལུགས་འཛམ་གླིང་ཁྱབ་པར་སྤེལ།   །དོན་གཉིས་ལྷུན་གྲུབ་ཕྱོགས་ལས་རྣམ་པར་རྒྱལ།   །གུ་རུ་ཁྱེད་དང་མཉམ་པ་ཉིད་གྱུར་ནས།   །འཁོར་བ་དོང་སྤྲུགས་ནུས་པར་བྱིན་གྱིས་རློབས།   །ཞེས་པའང་ཕྱི་ནང་གི་རྐྱེན་དུ་མས་ཡིད་ཕྱུངས་ཏེ་སེམས་སྐྱོ་བའི་གནས་སྐབས་ཤིག་ན་གདུང་འབོད་ཀྱི་འོ་དོད་བརྡོལ་ཐབས་སུ་ [27a] ཐལ་ཏེ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ཨོ་རྒྱན་ཆེན་པོའི་སྲས་ཀྱི་ཐུ་བོ་པ།   །ཡང་དག་ཐུགས་ཀྱི་བཀའ་བབས་རིག་པ་འཛིན།   །དངོས་གྲུབ་མངོན་གྱུར་ཉི་མའི་ཟེར་ལ་ཆིབས།   །གནུབས་བན་ནམ་མཁའི་སྙིང་པོར་གསོལ་བ་འདེབས།   །གང་གི་སྒྱུ་འཕྲུལ་བསམ་བཞིན་སྲིད་པའི་གར།   །ཞིང་འདིར་འགྲོ་འདུལ་གྲུབ་པའི་སྐྱེས་རབས་ཕྲེང་།   །ཚར་དུ་དངར་ལས་གསང་མཆོག་ཐེག་རྩེའི་བསྟན།   །ཀུན་ནས་གསལ་བར་མཛད་ལ་གསོལ་བ་འདེབས།   །ད་དུས་བདག་སོགས་མོས་པའི་ཨ་དརྴར།   །མཚན་དཔེའི་གཟུགས་བརྙན་འགོག་མེད་ལེགས་ཤར་བ།   །སྙིང་གི་གདུང་ ཞབས་སྐད་ཅིག་མི་འབྲལ་ཞིང་།   །ཟབ་དོན་བདུད་རྩིའི་དགའ་སྟོན་ལོངས་སྤྱོད་བཞིན།   །གང་གི་ཕྲིན་ལས་ཕྱོགས་མཐར་སྤེལ་བ་ལས།   །འབྲེལ་བཅས་འགྲོ་ཀུན་སྒྲོལ་བའི་མཐུ་ཐོབ་ཤོག    །ཅེས་པའང་དད་མོས་ཅན་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་དགེ།   །། 
༈     །བླ་མ་མཆོག་གསུམ་རྒྱལ་བ་སྲས་བཅས་ཀྱི།   །ཐུགས་རྗེ་བྱིན་རླབས་བདེན་གཉིས་བསླུ་མེད་མཐུས།   ། [27b] འགྲོ་འདུལ་སེམས་དཔའ་བསྟན་འཛིན་རྒྱལ་མཚན་མཆོག    །རྟག་འཛིན་ཅན་ངོར་ཞི་བའི་དབྱིངས་མནལ་ཡང་།   །ཐུགས་རྗེ་མི་འགག་གཞན་དོན་གཟུགས་ཀྱི་སྐུ།   །སྙིགས་དུས་བསྟན་དང་འགྲོ་བའི་དཔུང་གཉེན་དུ།   །གདུལ་བྱའི་ཞིང་འདིར་མྱུར་དུ་གཟིགས་ནས་ཀྱང་།   །ཕན་བདེའི་དགའ་སྟོན་རྒྱས་པར་བྱིན་གྱིས་རློབས།   །ཞེས་པའང་རིག་འཛིན་གཡུ་སྒྲོན་གྱི་ངོར་ཛྙཱ་ནས་སོ།།   །། 
༈     །ཉང་གཏེར་བཀའ་བརྒྱད་ཐུན་མིན་སྒྲུབ་དབང་ལྟར་གྱི་བརྒྱུད་པའི་གསོལ་འདེབས་ཁ་སྐོང་ལ།   གཏེར་ཆེན་ནས། རྒྱལ་སྲས་དཔའ་བོ་རིན་ཆེན་རྣམ་པར་རྒྱལ།   །གྲུབ་པའི་དབང་ཕྱུག་པདྨ་བསྟན་འཛིན་དཔལ།   །གསང་བསྟན་མངའ་བདག་ཨོ་ཌི་ཡ་ན་ལ།   །གསོལ་བ༴    །སྙིང་པོའི་ཤིང་རྟ་ལྷུན་གྲུབ་བདེ་ཆེན་རྒྱལ།   །འདྲེན་མཆོག་ཀུན་བཟང་རིག་འཛིན་རྡོ་རྗེ་རྩལ།   །པདྨ་གསལ་འཕྲུལ་བསྟན་པའི་ཉི་མ་ལ།   །གསོལ་བ༴    །རིགས་ཀུན་ཁྱབ་བདག་རྣམ་གྲོལ་རྒྱ་མཚོའི་སྡེ།   །དཀྱིལ་འཁོར་རབ་འབྱམས་དབང་ཕྱུག་འཁོར་ལོའི་མགོན།   །བཀའ་དྲིན་མཉམ་མེད་རྩ་བརྒྱུད་བླ་མ་ལ།   །གསོལ་བ༴    །ཞེས་ཛྙཱ་ནས་སོ།།   །། 
༈     །སངས་རྒྱས་ཀུན་འདུས་ཀྱི་ངོ་བོ།   །ལུང་རྟོགས་དམ་ཆོས་ཀྱི་འབྱུང་གནས།   །འཕགས་ཚོགས་དགེ་འདུན་གྱི་ [28a] གཙུག་རྒྱན།   །རྩ་བའི་བླ་མ་ཁྱེད་མཁྱེན་ནོ།   །བླ་མེད་བླ་མ་ཡི་རྒྱལ་པོ།   །ཡི་དམ་རྒྱ་མཚོ་ཡི་སྤྱི་དཔལ།   །གནས་གསུམ་མཁའ་འགྲོ་ཡི་ཚོགས་དཔོན།   །ཁྱབ་བདག་བླ་མ་ཁྱེད་མཁྱེན་ནོ།   །ཟབ་གདུང་གདམས་ངག་གི་བདུད་རྩིས།   །བདག་རྒྱུད་སྨིན་གྲོལ་དུ་མཛད་པ།   །བཀའ་དྲིན་འཁོར་མཐའ་དང་བྲལ་བའི།   །རྡོ་རྗེ་སློབ་དཔོན་ཁྱེད་མཁྱེན་ནོ།   །ཧ་ཅང་བླ་མ་རང་དྲན་ནས།   །གདུང་ཤུགས་གསོལ་བ་ཞིག་འདེབས་སོ།   །ཐུགས་རྗེས་ཉེ་རིང་དང་བྲལ་བས།   །དབང་བྱིན་དངོས་གྲུབ་གཅིག་སྩོལ་དང་།   །སྣང་ཆ་ཀུན་རྫོབ་ཀྱི་བླ་མ།   །དོན་དམ་རང་རིག་གི་ཆོ་འཕྲུལ།   །རང་བྱུང་རིག་སྟོང་གི་བླ་མ།   །ཡེ་ནས་ལྷན་ཅིག་ཏུ་གནས་འདུག    །ད་ལྟ་རང་ངོ་ཞིག་ཤེས་དུས།   །ཕྱོགས་འཛིན་ཨ་འཐས་ཀྱི་བླ་མ།   །རྗེས་མེད་རང་ཡལ་དུ་སོང་བས།   །རེ་དོགས་ཞེན་ཡུལ་ནི་མི་འདུག    །ད་ནི་ཐ་སྙད་ཀྱི་གསོལ་འདེབས།   །འཁྲུལ་སྣང་དཀར་པོ་ལ་མི་རེ།   །འཛིན་མེད་རང་གྲོལ་གྱི་ཤེས་པ།   །གུ་ཡངས་ཕྱམ་བརྡལ་དུ་ཀློད་གཏོང་།   །འཁྲུལ་རྒྱུ་ཡོད་ནའང་འཁྲུལ་ཆུག    །འཁྲུལ་སྣང་འགྱུ་སྟོང་དུ་རྗེས་མེད།   །གྲོལ་རྒྱུ་ཡོད་ནའང་གྲོལ་ཆུག    །གྲོལ་ས་གཞི་མེད་དུ་རྩ་བྲལ།   ། [28b] གང་ཡང་གཟའ་གཏད་དང་བྲལ་བའི།   །བློ་འདས་རང་བྱུང་གི་བླ་མའི།   །རྒྱལ་ས་མཐོན་པོ་དེ་འཛིན་ནོ།   །ཨ་ཧོ་ངོ་མཚར་རང་ཆེའོ།   །ཞེས་པའང་སྒྲུབ་བརྩོན་པདྨ་འགྱུར་མེད་ཀྱིས་རིང་མོའི་དུས་ནས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈      །རྨད་བྱུང་སྔོན་གོམས་ཐུགས་བསྐྱེད་ཟབ་མོའི་མཐུས།   །དུས་འདིར་བསྟན་དང་འགྲོ་བའི་དཔུང་གཉེན་དུ།   །ཉེར་སྨིན་འབྲེལ་ཚད་དོན་ལྡན་ཕྲིན་ལས་ཅན།   །དཔལ་ལྡན་བླ་མ་མཆོག་ལ་གསོལ་བ་འདེབས།   །ངེས་འབྱུང་སོ་ཐར་འདུལ་བའི་རྩ་བ་བརྟན།   །ཀུན་ཕན་བྱང་ཆུབ་སྤྱོད་པའི་ཡལ་འདབ་ཕྱུག    །ཐབས་ཆེན་གསང་སྔགས་རིམ་གཉིས་འབྲས་བུ་དུད།   །རྡོ་རྗེ་འཛིན་རྒྱལ་ཁྱོད་ལ་གསོལ་བ་འདེབས།   །ཐོས་པས་སྒྲོ་འདོགས་ཆོད་པ་མཁས་པའི་མཆོག    །བསམ་པས་དེ་ཉིད་ཡོངས་གཟིགས་བཙུན་པའི་ཕུལ།   །སྒོམ་པས་ཉམས་རྟོགས་ཚད་ཕེབས་གྲུབ་པའི་རྒྱལ།   །མཚུངས་མེད་འཁོར་ལོའི་མགོན་ལ་གསོལ་བ་འདེབས།   །རིག་འཛིན་བླ་མ་མཆོག་ཁྱོད་བདག་སོགས་རྣམས།   །འདྲེན་པའི་དེད་དཔོན་གཅིག་ཏུ་ངེས་རྙེད་དེ།   །རྩེ་གཅིག་གུས་པས་གསོལ་བ་འདེབས་ལགས་ན།   །ཐུགས་རྗེ་བརྩེ་བས་མི་འབྲལ་རྗེས་འཛིན་ [29a] གསོལ།   །བླ་མར་མོས་གུས་འཕེལ་བར་བྱིན་གྱིས་རློབས།   །མཆེད་ལ་དག་སྣང་འཆར་བར་བྱིན་གྱིས་རློབས།   །འགྲོ་ལ་བྱང་སེམས་འབྱོང་བར་བྱིན་གྱིས་རློབས།   །འཁོར་བར་ཞེན་པར་ལོག་པར་བྱིན་གྱིས་རློབས།   །མི་རྟག་བློ་སྣ་ཐུང་བར་བྱིན་གྱིས་རློབས།   །དགོས་མེད་རྒྱུད་ལ་སྐྱེ་བར་བྱིན་གྱིས་རློབས།   །བྱར་མེད་ཆོས་ཚུགས་ཟིན་པར་བྱིན་གྱིས་རློབས།   །ཚེ་དང་སྒྲུབ་པ་མཉམ་པར་བྱིན་གྱིས་རློབས།   །འཆི་དུས་བློ་ལྷག་མེད་པར་བྱིན་གྱིས་རློབས།   །ཆོས་ཉིད་རང་ངོ་མཐོང་བར་བྱིན་གྱིས་རློབས།   །འོད་གསལ་ཁོར་ཡུག་འདྲེས་པར་བྱིན་གྱིས་རློབས།   །མི་འཇིགས་གདིང་ཆེན་ཐོབ་པར་བྱིན་གྱིས་རློབས།   །མི་ལྡོག་བཙན་ས་ཟིན་པར་བྱིན་གྱིས་རློབས།   །རང་དོན་ཆོས་སྐུ་འགྲུབ་པར་བྱིན་གྱིས་རློབས།   །གཞན་དོན་གཟུགས་སྐུ་སྤྲོ་བར་བྱིན་གྱིས་རློབས།   །འགྲོ་ཁམས་དོང་སྤྲུགས་ནུས་པར་བྱིན་གྱིས་རློབས།   །ཞེས་ཡོལ་མོ་གངས་ཀྱི་ར་བར་སྒྲུབ་པའི་རྒྱལ་མཚན་བསྒྲེང་བ་བླ་མ་རིག་འཛིན་རྒྱ་མཚོའི་གསོལ་འདེབས་འདིའང་དགེ་སྦྱོང་ཟླ་བ་རྒྱལ་མཚན་ནས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་བསྐུལ་བའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །། 
༈     །མཆོག་གསུམ་ [29b] ཀུན་འདུས་བླ་མ་ཧེ་རུ་ཀ   །གནས་གསུམ་མཁའ་འགྲོ་དམ་ཅན་ཚོགས་བཅས་ལ།   །བདག་སོགས་རྩེ་གཅིག་གུས་པས་གསོལ་བ་འདེབས།   །བྱང་ཆུབ་བསྒྲུབ་པའི་འགལ་རྐྱེན་ཀུན་ཞི་ནས།   །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་ནས་ཀྱང་།   །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས།   །ཞེས་པའང་ཨོ་རྒྱན་བསྟན་འཛིན་གྱི་ངོར་ཛྙཱ་ནས་སོ།།   །། 
༈     །སྐྱབས་གནས་ཀུན་གྱི་ངོ་བོ་བཀའ་དྲིན་ཅན།   །དྲན་པས་གདུང་སེལ་ཨོ་རྒྱན་རྡོ་རྗེ་འཆང་།   །སྙིང་ནས་རེ་ལྟོས་བློ་གཏད་གཅིག་ཆོག་གི།   །ཐུགས་དམ་རྒྱུད་བསྐུལ་གསོལ་བ་འདེབས་ལགས་ན།   །ཐུགས་རྗེ་ཉེ་རིང་བྲལ་བའི་བྱིན་རླབས་ཀྱིས།   །སྐད་ཅིག་མི་འབྲལ་བརྩེ་བས་རྗེས་བཟུང་ནས།   །བྱིན་རླབས་དབང་དང་དངོས་གྲུབ་སྩལ་དུ་གསོལ།   །སྔོན་གྱི་ལས་དང་གློ་བུར་རྐྱེན་ངན་གྱིས།   །བསྐྱེད་པའི་ནད་གདོན་བགེགས་དང་བར་ཆད་སོགས།   །མི་འདོད་ཉེས་པའི་ཚོགས་རྣམས་ཞི་ནས་ཀྱང་།   །ཚེ་བསོད་དབང་ཐང་རླུང་རྟ་རབ་འཕེལ་ནས།   །བསམ་པའི་རེ་བ་མ་ལུས་འགྲུབ་པར་མཛོད།   །ཁྱད་པར་འདི་ཕྱི་བར་དོའི་གནས་སྐབས་སུའང་།   །གུ་རུ་ཁྱོད་དང་ནམ་ཡང་མི་འབྲལ་ཞིང་།   །པདྨ་འོད་ཀྱི་ཞིང་ཁམས་ཉམས་ [30a] དགའ་བར།   །དབུགས་ཆེན་འབྱིན་ནས་དོན་གཉིས་ལྷུན་གྲུབ་ཤོག    །ཅེས་པའང་སེར་གདུང་མྱུ་གུ་ཡེ་ཤེས་རྡོ་རྗེས་ནན་པོས་སྐུལ་ངོར་འགྲོ་འདུལ་གླིང་པས་བྲིས་པ་དགེ།   །། 
༈     །གནས་ལུགས་རང་ངོ་སྤྲོད་པའི་བཀའ་དྲིན་ཅན།   །སངས་རྒྱས་ཀུན་འདུས་ངོ་བོ་བླ་མ་ལ།   །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས།   །རྟག་ཏུ་འབྲལ་མེད་དགོངས་པས་བྱིན་གྱིས་རློབས།   །མ་བཅོས་མཉམ་པར་འཇོག་པའི་རྫོགས་ཆེན་དོན།   །མི་བསྒོམ་དོན་དང་ནམ་ཡང་མི་འབྲལ་བར།   །རེ་དོགས་གོལ་ཤོར་ནོར་སའི་འཕྲང་བརྒལ་ནས།   །ཚེ་འདིར་ཆོས་ཟད་ས་ལ་ཕྱིན་པར་ཤོག    །གལ་ཏེ་ཚེ་འདིར་གྲུབ་མཐའ་མ་སྙོགས་ན།   །བླ་མའི་བྱིན་རླབས་ཟབ་ལམ་སྦྱང་གོམས་མཐུས།   །བར་དོ་རྨི་ལམ་སད་པའི་ཡུན་ཙམ་ལས།   །རང་སྣང་སྤྲུལ་པའི་ཞིང་དུ་དབུགས་འབྱིན་ཤོག    །རིག་འཛིན་བླ་མའི་ཞལ་དཀྱིལ་ལེགས་མཐོང་ཞིང་།   །གསང་ཆེན་ཆོས་ཀྱི་དགའ་སྟོན་ལོངས་སྤྱད་དེ།   །རྫོགས་སྨིན་སྦྱངས་པའི་ཡོན་ཏན་མཐར་ཕྱིན་ནས།   །འཁོར་བ་དོང་ནས་སྤྲུགས་པའི་མཐུ་ཐོབ་ཤོག    །ཅེས་པའང་ཆོས་མཆོག་རྡོ་རྗེའི་ངོར་ཛྙཱ་ནས་སོ།།   །། 
༈     །ཨོ་རྒྱན་གུ་རུའི་ཕྲིན་ལས་པ།   །བཀའ་དྲིན་མཚུངས་མེད་བླ་ [30b] མ་རྗེ།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ།   །གསོལ་བ་འདེབས་སོ་བྱིན་གྱིས་རློབས།   །ཞེས་པའང་ཨོ་རྒྱན་མིང་གི་ངོར།   །ཛྙཱ་ན་བཛྲ་རང་གིས་བྲིས།།   །། 
༈    །   སྲས་བཅས་རྒྱལ་བའི་མཁྱེན་བརྩེའི་གཟུགས།   །འགྲན་ཟླ་ཀུན་བྲལ་བཀའ་དྲིན་ཅན།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ།   །གསོལ་བ་འདེབས་སོ་བྱིན་གྱིས་རློབས།   །ཞེས་པའང་བཙུན་མ་འཇམ་དབྱངས་ངོར།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས།།   །། 
༈     །ཀྱེ་མ་བདག་སོགས་གདུལ་བྱའི་མགོན་གཅིག་པུ།   །སྒྲུབ་བརྒྱུད་བསྟན་པ་རིན་ཆེན་སྲོག་འཛིན་པ།   །འཇམ་དཔལ་དབྱངས་དངོས་ཆོས་ཀྱི་གྲགས་པ་ཁྱོད།   །རེ་ཞིག་གདུལ་བྱ་རྟག་འཛིན་ཅན་རྣམས་ངོར།   །གཟུགས་སྐུའི་བཀོད་པ་དབྱིངས་སུ་བསྡུས་མོད་ཀྱང་།   །འགྲོ་དོན་ཐུགས་བསྐྱེད་དུས་ལས་མི་ཡོལ་ཕྱིར།   །སླར་ཡང་སྤྲུལ་པའི་ཟླ་ཞལ་མྱུར་བསྟན་ནས།   །མོས་ལྡན་བརྩེ་བས་རྗེས་བཟུང་དབུགས་དབྱུང་གསོལ།   །དེར་ཡང་ཕྱི་ནང་བར་ཆད་ཀུན་ལས་རྒྱལ།   །བསྟན་འགྲོར་སྨན་པའི་ཕྲིན་ལས་གོང་དུ་འཕེལ།   །རང་གཞན་དོན་གཉིས་ལྷུན་གྱིས་འགྲུབ་པ་ཡི།   །དགེ་མཚན་སྣང་བ་རབ་ཏུ་གསལ་གྱུར་ཅིག    །ཅེས་རྩི་བས་རི་ཀེའུ་ཚང་བླ་མ་རིན་པོ་ཆེའི་ཡང་སྲིད་མྱུར་ [31 འབྱོན་གསོལ་འདེབས་འདིའང་དམ་པ་གང་གི་བུ་སློབ་རྣམས་ཀྱི་གསུང་བསྐུལ་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དོན་ལྡན་དུ་གྱུར་ཅིག།   །། 
༈     །བླ་མ་མཆོག་གསུམ་རྒྱལ་བ་སྲས་བཅས་ཀྱི།   །ཐུགས་རྗེ་བྱིན་རླབས་བདེན་གཉིས་བསླུ་མེད་མཐུས།   །འགྲོ་འདུལ་སེམས་དཔའ་བསྟན་འཛིན་རྒྱལ་མཚན་མཆོག    །རྟག་འཛིན་ཅན་ངོར་ཞི་བའི་དབྱིངས་མནལ་ཡང་།   །ཐུགས་རྗེ་མི་འགག་གཞན་དོན་གཟུགས་ཀྱི་སྐུ།   །སྙིགས་དུས་བསྟན་དང་འགྲོ་བའི་དཔུང་གཉེན་དུ།   །གདུལ་བྱའི་ཞིང་འདིར་མྱུར་དུ་གཟིགས་ནས་ཀྱང་།   །ཕན་བདེའི་དགའ་སྟོན་རྒྱས་པར་བྱིན་གྱིས་རློབས།   །ཞེས་པའང་རིག་འཛིན་གཡུ་སྒྲོན་གྱི་ངོར་ཛྙཱ་ནས་སོ།།   །། 
༈     །བརྒྱུད་པ་དགུ་ལྡན་ཟབ་གཏེར་བཀའ་བབས་ནས།   །སྨོན་ལམ་དབང་གིས་སྙིགས་དུས་བསྟན་འགྲོ་སྐྱོབས།   །གཏེར་ཆེན་བརྒྱ་རྩ་གཏེར་ཕྲན་སྟོང་རྩའི་ཕྲེང་།   །དུས་གསུམ་རིམ་པར་བྱོན་ལ་གསོལ་བ་འདེབས།   །ཕྱོགས་བཞི་དབུས་ལྔ་གཏེར་རིགས་བཅོ་བརྒྱད་སོགས།   །ཕྱི་ནང་གསང་བའི་གཏེར་ལ་ལོངས་སྤྱོད་པའི།   །ལས་འཕྲོ་གཏེར་བརྒྱུད་གུ་རུའི་ཕྲིན་ལས་པ།   །ཚད་མར་གྱུར་པ་ཀུན་ལ་གསོལ་བ་འདེབས།   ། [31b] སྔོན་ཆད་བྱོན་དང་ད་ལྟར་འགྲོ་དོན་མཛད།   །སླད་མར་བྱམས་པའི་བསྟན་ལ་ཐུག་གི་བར།   །ཡུལ་ཆེན་གཏེར་ཆེན་ཡུལ་ཕྲན་གཏེར་ཕྲན་རེས།   །དོན་མཛད་ལུང་བསྟན་བརྙེས་རྣམས་ལ་གསོལ་འདེབས།   །བསྟན་ཞབས་གཏེར་སྐྱོང་རྡོ་རྗེའི་ལུང་བཞིན་དུ།   །གཡོ་མེད་བསྒྲུབས་ནས་བསྟན་འགྲོར་ཕན་བདེ་སྤེལ།   །གུ་རུའི་དགོངས་པ་སྐོང་ནུས་སྐྱེས་བུ་མཆོག    །རིག་འཛིན་གྲུབ་པའི་ཚོགས་གསུམ་བྱིན་རླབས་བདུད་རྩིས་བདག་རྒྱུད་སྨིན།   །ཟབ་ཆོས་ཤིང་རྟ་འདྲེན་པའི་མཐུ་ཐོབ་ནས།   །གསང་བསྟན་ཉི་མས་འཇིག་རྟེན་མཛེས་བྱེད་ཤོག    །ཅེས་གཏེར་བརྒྱའི་གསོལ་འདེབས་འཇམ་མགོན་གུ་ཎའི་གསུང་ལས་སོ།།   །། 
༈     །རྣམ་འདྲེན་ཤཱཀྱའི་རྒྱལ་དང་ཤཱ་རིའི་བུ།   །ཞི་བ་འཚོ་སོགས་རིམ་བྱོན་སོ་ཐར་གྱི།   །སྡོམ་བརྒྱུད་དགེ་བའི་བཤེས་གཉེན་མཆོག་རྣམས་ལ།   །གསོལ་བ་འདེབས་སོ་ངེས་འབྱུང་གཞི་ཚུགས་ཤོག    །ཟས་གཙང་སྲས་པོ་རྒྱལ་སྲས་འཇམ་དཔལ་དབྱངས།   །ཀླུ་སྒྲུབ་ཟླ་གྲགས་ལ་སོགས་རིམ་བྱོན་གྱི།   །རིན་ཆེན་སེམས་ [32a] བརྒྱུད་འདྲེན་པ་མཆོག་རྣམས་ལ།   །གསོལ་བ་འདེབས་སོ་བྱང་ཆུབ་སེམས་འབྱོངས་ཤོག    །ཀུན་བཟང་རིགས་ལྔ་དགའ་རབ་ཤྲཱི་སེང་།   །པདྨ་འབྱུང་གནས་ཀུན་མཁྱེན་ཆོས་རྗེ་སོགས།   །ཐབས་ཆེན་གསང་སྔགས་འབྲས་བརྒྱུད་བླ་མ་ལ།   །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག    །ཅེས་པའང་ཛྙཱ་ནས་སོ།།   །། 
༈     །རྒྱལ་བ་ཀུན་གྱི་ཐུགས་མཆོག་ཡེ་ཤེས་སེམས།   །ཐུན་མོང་སྣང་ངོར་བྱང་སེམས་འཕགས་པའི་ཚུལ།   །རབ་འབྱམས་རྒྱུད་སྡེའི་གསང་མཛོད་མ་ལུས་འཛིན།   །རྡོ་རྗེ་ཆོས་སུ་གྲགས་ལ་གསོལ་བ་འདེབས།   །ཐུན་མིན་གསང་མཆོག་བླ་མེད་རྒྱུད་སྡེ་བཞིའི།   །དཀྱིལ་འཁོར་རབ་འབྱམས་སྤྲོ་བསྡུའི་བྱེད་པོ་ཆེ།   །གསང་བ་ཀུན་བདག་བདུད་འདུལ་གཏུམ་པོའི་ཚུལ།   །ཕྱག་ན་རྡོ་རྗེ་ཅན་ལ་གསོལ༴    །རང་བྱུང་རིག་པ་གདོད་མའི་ཧེ་རུ་ཀ   །ལྷན་སྐྱེས་ཡེ་ཤེས་རྡོ་རྗེ་གཏུམ་པོ་ཉིད།   །ཡེ་ཡིན་ངང་གནས་འདུ་འབྲལ་མེད་པའི་ཀློང་།   །འཇིགས་མེད་བྱ་རྩོལ་བྲལ་བར༴    །སྒོ་གསུམ་འཁྲུལ་སྣང་ལྷ་སྔགས་ཆོས་ཉིད་དང་།   །མི་ཤིགས་རྡོ་རྗེ་འབར་བའི་གཟི་བྱིན་གྱིས།   །གཉིས་སྣང་ལོག་འདྲེན་བགེགས་ཚོགས་ [32b] ཚར་བཅད་ནས།   །འཇིགས་མེད་གསང་བདག་དཔའ་བོ་མངོན་གྱུར་ཤོག    །ཅེས་པའང་བླ་མ་འཇིགས་མེད་ཚེ་མཆོག་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །གནས་གསུམ་ཡེ་ཤེས་ཌཱ་ཀིའི་ཚོགས་ཀྱི་རྗེ།   །མ་གཅིག་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ།   །གསོལ་བ་འདེབས་སོ་འབྲལ་མེད་ཐུགས་རྗེས་གཟིགས།   །ཐུགས་ཡིད་དབྱེར་མེད་འདྲེས་པར་བྱིན་གྱིས་རློབས།   །ཛྙཱ་ནས་སོ།།   །།  
༈     །སངས་རྒྱས་ཀུན་གྱི་ངོ་བོ་བཀའ་དྲིན་ཅན།   །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས།   །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག    །པདྨ་འོད་དུ་སྐྱེ་བར་བྱིན་གྱིས་རློབས།   །ཞེས་པའང་ཨ་ལྕེ་གཡང་འཛོམ་གྱི་ངག་འདོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །རྒྱལ་ཀུན་རིགས་ཀྱི་ཅོད་པན་གསུང་རྡོ་རྗེ།   །རང་བྱུང་སྤྲུལ་སྐུ་སྔགས་ཀྱི་སློབ་དཔོན་ཚུལ།   །བོད་ཁམས་སྐྱོབ་པའི་གཉེན་གཅིག་བཀའ་དྲིན་ཅན།   །ཨོ་རྒྱན་སངས་རྒྱས་གཉིས་པ་ལ་གསོལ་བ་འདེབས།   །རྒྱལ་ཀུན་གསང་བ་འཛིན་པའི་དབང་ཕྱུག་གང་།   །སྟོན་པའི་རྒྱལ་ཚབ་སྡོམ་བརྩོན་བཤེས་གཉེན་ཚུལ།   །བསིལ་ལྡན་ཐོག་མའི་མཆོད་གནས་ [33a] བཀའ་དྲིན་ཅན།   །མཁན་ཆེན་བོ་དྷི་སཏྭ་ལ་གསོལ་བ་འདེབས།   །རྒྱལ་ཀུན་མཁྱེན་རབ་ཡེ་ཤེས་འཇམ་དཔལ་དབྱངས།   །ཞིང་འདིར་བསམ་བཞིན་ཆོས་སྐྱོང་རྒྱལ་པོའི་ཚུལ།   །གངས་ཅན་བསྟན་པའི་ཤིང་རྟ་བཀའ་དྲིན་ཅན།   །མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་གསོལ་བ་འདེབས།   །རྩེ་གཅི༷ག་སྙིང་ནས་རྗེས་དྲན་བདག་སོགས་རྣམས།   །ཚོགས་གཉི༷ས་ཡོན་ཏན་མཛོད་ལ་དབང་འབྱོར་ཞིང་།   །རྣམ་གསུ༷མ་རིང་ལུགས་དྲི་མེད་སྔ་འགྱུར་སྲོལ།   །གླིང་བཞི༷འི་ཁྱོན་ཀུན་རྟག་ཁྱབ་འཕེལ་རྒྱས་ཤོག    །ཅེས་པའང་རིགས་ཀྱི་བུ་ཕྲིན་ལས་ནོར་བུས་དོན་དུ་གཉེར་བའི་ངོར།   འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དཔལ་བསམ་ཡས་མི་འགྱུར་ལྷུན་གྱིས་གྲུབ་པའི་གཙུག་ལག་ཁང་དུ་བྲིས་པ་ཡོངས་སུ་དགེའོ།།   །། 
༈    །   སྔོན་ཚེ་རིག་འཛིན་ནུས་ལྡན་རྡོ་རྗེ་རྩལ།   །མ་འོངས་བདེ་གཤེགས་མོས་པ་མཐའ་ཡས་ཞབས།   །ད་ལྟ་པད་འབྱུང་རྒྱལ་ཚབ་འབྲོག་བན་དངོས།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེར་གསོལ་བ་འདེབས།   ཞེས་པའང་དད་པ་ཅན་གྱི་ངོར་རང་ཉིད་ཀྱིས་སོ།།   །། 
༈    །གུ་རུའི་གསོལ་འདེབས་བར་ཆད་ཀུན་སེལ་བསམ་དོན་མྱུར་འགྲུབ་བཞུགས།  ཨེ་མ་ཧོཿ     སངས་རྒྱས་ཀུན་ [33b] གྱི་ཐུགས་རྗེ་གཅིག་བསྡུས་པ།   །བསླུ་མེད་གཏན་གྱི་སྐྱབས་གཅིག་པདྨ་འབྱུང་།   །གསོལ་འདེབས་བུ་ལ་བརྩེ་བས་མྱུར་དགོངས་ཏེ།   །བྱིན་རླབས་དབང་དང་དངོས་གྲུབ་དུས་འདིར་སྩོལ།   །ཁྱེད་ཀྱི་རྣམ་ཐར་ཡོན་ཏན་བཀའ་དྲིན་ཚད།   །སངས་རྒྱས་གཞན་ལས་ལྷག་པ་ཤེས་མོད་ཀྱང་།   །སྐྱིད་པའི་སྐབས་སུ་གུ་རུ་ཁྱེད་མ་དྲན།   །གསོལ་བ་བཏབ་ཀྱང་ཁ་ཁྱེར་ཙམ་དུ་ཐལ།   །ད་དུས་སྙིགས་མ་ལྔ་བདོའི་རྒུད་པ་གཙེས།   །མི་འདོད་སྡུག་བསྔལ་ཐོག་བབས་བྱུང་བ་ན།   །མགོན་ཁྱོད་སྙིང་ཁུང་རུས་པའི་གཏིང་ནས་དྲན།   །གདུང་ཡུས་འོ་དོད་འབོད་འདིར་བརྩེ་བས་དགོངས།   །ས་གཡོ་མེ་དགྲ་རླུང་ཐན་ཆུ་ལོག་སོགས།   །འབྱུང་འཁྲུགས་ཕྱི་ཡི་བར་ཆད་ཕྱི་རུ་སོལ།   །ཚ་གྲང་རླུང་མཁྲིས་བད་ཀན་ལྡན་འདུས་ནད།   །འདུ་འཁྲུགས་ནང་གི་བར་ཆད་ནང་དུ་སོལ།   །དུག་ལྔ་རང་རྒྱུད་ཆགས་སྡང་རེ་དོགས་བདུད།   །སེམས་འཁྲུགས་གསང་བའི་བར་ཆད་དབྱིངས་སུ་སོལ།   །འཛམ་གླིང་སྐྱེ་འགྲོ་སྡུག་བསྔལ་མཚོ་བརྡོལ་ཚེ།   །ཞི་བདེར་དབུགས་དབྱུང་མཛོད་ཅིག་པདྨ་འབྱུང་།   །མཐའ་དབུས་དམག་གི་མཚོན་ཁ་ལྡང་བ་ན།   །དུས་འཁྲུགས་དམག་དཔུང་ཟློག་ཅིག་པདྨ་འབྱུང་།   ། [34a] གྲིབ་གདོན་ནད་ཡམས་གདུག་པས་མནར་བ་ན།   །ནད་གདོན་རྩད་ནས་ཆོད་ཅིག་པདྨ་འབྱུང་།   །སྣོད་བཅུད་གཡང་ཉམས་དབུལ་ཕོངས་སྡུག་བསྔལ་ཚེ།   །ཟས་ནོར་གཏེར་ཁ་ཕྱེས་ཤིག་པདྨ་འབྱུང་།   །ཆོས་ནོར་དམ་རྗེ་འགྲོ་དོན་དུས་བབས་ཚེ།   ཕ་ནོར་བུ་ལ་སྤྲོད་ཅིག་པདྨ་འབྱུང་།   །སྦས་ཡུལ་དབེན་གནས་རི་སུལ་འགྲིམས་པའི་ཚེ།   །མཐུན་པའི་ལམ་སྣ་དྲོངས་ཤིག་པདྨ་འབྱུང་།   །མ་རུང་གཅན་གཟན་གཏུམ་པོས་གཙེས་གྱུར་ན།   །གདུག་པའི་སེམས་ཅན་སྐྲོད་ཅིག་པདྨ་འབྱུང་།   །འབྱུང་བཞི་གཡོ་བས་སྒྱུ་ལུས་འཇིག་ཉེའི་ཚེ།   །འབྱུང་བ་རང་སར་ཞི་མཛོད་པདྨ་འབྱུང་།   །མི་རྒོད་ཇག་རྐུན་ཆོམ་པོས་འཚེ་བ་ན།   །གདུག་ཅན་རྔམས་སེམས་བརླག་མཛོད་པདྨ་འབྱུང་།   །སྡང་དགྲ་གཤེད་མའི་མཚོན་ཆས་གཟིར་བ་ན།   །རྡོ་རྗེའི་གུར་དུ་ཚུད་ཅིག་པདྨ་འབྱུང་།   །ནམ་ཞིག་ཚེ་ཟད་འཆི་བའི་དུས་བབས་ཚེ།   །བདེ་ཆེན་ཞིང་དུ་དྲོངས་ཤིག་པདྨ་འབྱུང་།   །བར་དོ་འཁྲུལ་སྣང་སྡུག་བསྔལ་འཆར་བའི་ཚེ།   །འཁྲུལ་པ་རང་གྲོལ་ཐོངས་ཤིག་པདྨ་འབྱུང་།   །སྲིད་པ་ལས་ཀྱི་འཁོར་ལོར་ཁ་འཆོལ་ཚེ།   །ཐར་པའི་ལམ་སྟོན་མཛོད་ཅིག་པདྨ་འབྱུང་།   ། [34b] འདི་དང་ཕྱི་མ་བར་དོའི་སྐབས་ཀུན་ཏུ།   །རེ་ས་ཁྱེད་ལས་མེད་དོ་པདྨ་འབྱུང་།   །མདོར་ན་མོས་ལྡན་བདག་གི་སྙིང་དབུས་སུ།   །ཁྱོད་ཞབས་པདྨོ་མི་འབྲལ་རྟག་བཀོད་དེ།   །མ་དག་འཁྲུལ་པའི་སྡུག་བསྔལ་ཀུན་བྱུང་ནས།   །གཏན་བདེའི་བཙན་ས་ཟིན་པར་བྱིན་གྱིས་རློབས།   །ཞེས་པའང་ཕྱི་ནང་གི་རྐྱེན་དུ་མས་ལུས་སེམས་གཙེས་པའི་སྐབས་ཤིག་ན་འདོད་དོན་གསོལ་བ་འདེབས་པ་པོ་ནི་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ།   འདིས་ཀྱང་འབྲེལ་ཚད་ཕྱི་ནང་གི་བར་ཆད་ཞི་ནས་བསམ་དོན་ཡིད་བཞིན་དུ་འགྲུབ་པའི་རྒྱུད་གྱུར་ཅིག།   །། 
༈     །སྐྱབས་གནས་ཀུན་འདུས་ཨོ་རྒྱན་ཆེན་པོ་ལ།   །སྙིང་ནས་གདུང་ཤུགས་དྲག་པོས་གསོལ་བ་འདེབས།   །ཚེ་འདིར་འགལ་རྐྱེན་ཀུན་ཞི་བསམ་དོན་གྲུབ།   །ཕྱི་མ་གུ་རུའི་ཞབས་དྲུང་སྐྱེ་བར་ཤོག    །ཅེས་པའང་ཨ་ཡུའི་བཞེད་ངོར་ཛྙཱ་ནས་སོ།།   །། 
༈    །གཤིན་རྗེ་གདོང་དྲུག་གི་བརྒྱུད་འདེབས་ནི། ཀུན་བཟང་རྡོར་འཆང་འཇམ་དཔལ་གཤིན་རྗེ་གཤེད།   །གསང་བདག་དགའ་རབ་འཇམ་དཔལ་བཤེས་གཉེན་ཞབས།   །པདྨ་ཐོད་ཕྲེང་བལ་པོ་ནོར་འཛིན་བཟང་།   །གསོལ་བ་འདེབས་སོ་དོན་གཉིས་ལྷུན་གྲུབ་ཤོག    །གནུབས་ཆེན་སངས་ཡེ་ཡོན་ཏན་རྒྱ་མཚོའི་དཔལ།   །པདྨ་དབང་རྒྱལ་ཆེན་པོ་འཇམ་དཔལ་ [35a] བ།   །ཇོ་མོ་སོ་རྒད་བཟའ་དང་ཡེ་ཤེས་གཟུངས།   །གསོལ་བ་འདེབས་སོ༴    །ཞང་བཙུན་འཁོར་འབར་རིག་འཛིན་ཞང་རྒྱལ་མཚན།   །ལྕགས་སྤྱིལ་བ་དང་དཀོན་མཆོག་བཟང་པོ་གྲགས།   །སྒྲོལ་ཆེན་བསམ་རྡོར་རྣམ་རྒྱལ་བཟང་པོ་ལ།   །གསོལ་བ་འདེབས་སོ༴    །ཆོས་རྒྱལ་བཤེས་གཤེན་ནམ་མཁའ་དཔལ་ལྡན་ཆེ།   །ནམ་མཁའ་གྲགས་པ་ཆོས་རྒྱལ་དཔལ་བཟང་པོ།   །ཀུན་བཟང་པ་དང་ངག་དབང་རྡོ་རྗེ་ལ།   །གསོལ་བ་འདེབས་སོ༴    །རྣམ་རྒྱལ་རྡོ་རྗེ་དཔལ་ལྡན་བཀྲ་ཤིས་གྲགས།   །སེ་སྟོན་ལེགས་གྲུབ་རྒྱ་སྟོན་ཆོས་དབྱིངས་མཚན།   །བརྒྱུད་སྲོལ་ཀུན་འདུས་རིག་འཛིན་གཏེར་བདག་གླིང་།   །གསོལ་བ་འདེབས་སོ༴   །   རིན་ཆེན་རྣམ་རྒྱལ་པདྨ་བསྟན་འཛིན་རྗེ།   །ཕྲིན་ལས་རྣམ་རྒྱལ་པདྨ་དབང་གི་རྒྱལ།   །མི་འགྱུར་ནམ་རྡོར་དྲི་མེད་བཤེས་གཉེན་རྩལ།   །གསོལ་བ་འདེབས་སོ༴    །ལུང་རྟོགས་བསྟན་ཉི་འཇིགས་མེད་ཀུན་དགའ་བཟང་།   །བསྟན་འཛིན་ནོར་བུ་ཀུན་འདུས་འཁོར་ལོའི་མགོན།   །འགྱུར་མེད་ཕན་བདེའི་འོད་ཟེར་དཔལ་འབར་ལ།   །གསོལ་བ་འདེབས་སོ༴    །རབ་འབྱམས་དཀྱིལ་འཁོར་ཀུན་ [35b] གཙོ་ཡི་དམ་ལྷ།   །གནས་གསུམ་མཁའ་འགྲོ་དམ་ཅན་རྒྱ་མཚོའི་ཚོགས།   །སྣང་སྲིད་རྣམ་དག་དཀྱིལ་འཁོར་ཆེན་པོ་ལ།   །གསོལ་བ་འདེབས་སོ༴    །ཀུན་བརྟགས་སྲིད་པའི་འཁོར་ལོར་སྣང་བའི་ཆོས།   །ཡོངས་གྲུབ་ཡེ་ཤེས་འཁོར་ལོའི་རོལ་པར་སད།   །མཉམ་ཉིད་བདེ་ཆེན་འཁོར་ལོའི་ཕྱག་རྒྱ་ཆེས།   །སྲིད་ཞིའི་ཆོས་ཀུན་དབང་བསྒྱུར་མཐུ་ཐོབ་ཤོག    །ཅེས་གཤིན་རྗེ་གདོང་དྲུག་གི་སྨིན་བྱེད་བརྒྱུད་པའི་ཁྱད་པར་ཕྱོགས་གཅིག་ལ་གསོལ་བ་འདེབས་པ་འདིའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །། 
༈     །ཀྱེ་ཧོ་དགོངས་ཤིག་བླ་མ་ཐོད་ཕྲེང་རྩལ།   །རིག་འཛིན་མཁའ་འགྲོའི་གནས་ནས་འདིར་གཤེགས་ལ།   །མོས་ལྡན་སྐལ་ལྡན་བདག་གི་ལམ་སྣ་དྲོངས།   །གློ་བུར་འཆི་བའི་འཇིགས་པ་ཀུན་སྐྱོབ་ལ།   །ཡང་དག་བདེ་ཆེན་རྡོ་རྗེའི་ས་ལ་སྐྱོལ།   །མོས་གུས་ཐང་ལྷོད་མེད་པས་གསོལ་འདེབས་ན།   །ཐུགས་རྗེ་ཉེ་རིང་བྲལ་བའི་དགོངས་པ་ཡིས།   །ནམ་ཡང་མི་འདོར་བརྩེ་བས་རྟག་ཏུ་སྐྱོངས།   །བདག་གི་ཚེ་དང་སྒྲུབ་པ་མཐར་ཕྱིན་ནས།   །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།   །ཞེས་པའང་དད་པ་ཅན་སྐལ་བཟང་གི་ངག་འདོན་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ [36a] བྲིས་པ་དགེ།   །། 
༈     །གུ་རུས་རྗེས་བཟུང་འགྲོ་འདུལ་བྱིན་རླབས་ཐོབ།   །འཇིགས་བྲལ་ཡེ་ཤེས་རྡོ་རྗེ་ལ་གསོལ་བ་འདེབས།   །བརྩེ་བས་གཟིགས་ལ་ཚེ་སྒྲུབ་མཐར་ཕྱིན་ནས།   །རང་གཞན་དོན་གཉིས་འགྲུབ་པར་བྱིན་གྱིས་རློབས།   །ཛྙཱ་ནས་སོ།།   །། 

། བསླུ་མེད་དཀོན་མཆོག་གསུམ་དང་རྩ་བ་གསུམ། །རིགས་འདུས་ཨོ་རྒྱན་བླ་མའི་མཐུ་བྱིན་གྱིས། །འགྲོ་མགོན་བདུད་འཇོམས་མཐུ་སྟོབས་གླིང་པ་ཡི། །མཆོག་གི་སྤྲུལ་པའི་ཟླ་ཞལ་མྱུར་འཆར་ཏེ། །འཛམ་གླིང་སྤྱི་དང་ཁྱད་པར་ས་སྤྱོད་ཞིང་། །དཔལ་གྱི་འབྲས་མོ་གཤོངས་ཀྱི་བསྟན་དང་འགྲོའི། །རྒུད་མུན་དྲུང་ཕྲུང་མཛད་ཕྲིན་འོད་དཀར་གཟིས། །ཕན་བདེའི་ཀུནྡའི་དགའ་ཚལ་དར་སྨིན་ཤོག། ཅེས་པའང་མཁའ་སྤྱོད་རྡོ་རྗེའི་ཡང་སྲིད་མྱུར་འབྱོན་གསོལ་འདེབས་སུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ། །།

༈     །རབ་འབྱམས་སྐྱབས་གནས་རྒྱ་མཚོའི་མཐུ་བྱིན་དང་།   །རྟེན་འབྲེལ་བདེན་གཉིས་བསླུ་མེད་ནུས་མཐུ་ཡིས།   །འདྲེན་མཆོག་སྐལ་བཟང་དོན་བརྒྱུད་ཉི་མ་ཡི།   །རྣམ་རོལ་མཆོག་གི་སྤྲུལ་སྐུའི་ཉི་གཞོན་གང་།   ། [36b] བདག་ཅག་བསོད་ནམས་དཔལ་དུ་མྱུར་འཆར་ནས།   །སྙིགས་དུས་རྒུད་པའི་མུན་པ་མཐར་བྱས་ཏེ།   །བསྟན་འགྲོའི་ཕན་བདེའི་པད་ཚལ་རབ་འབྱེད་པས།   །ས་གསུམ་བུང་བའི་དགའ་སྟོན་རྒྱས་བྱེད་ཤོག    །ཅེས་པའང་ལྷག་བསམ་ལྡན་པ་དགེ་ལེགས་རྣམ་རྒྱལ་གྱི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་འདུན་སྨོན་དུ་བྲིས་པ་དགེ།   །། 
༈ །བསླུ་མེད་སྐྱབས་གནས་རྒྱ་མཚོའི་སྤྱི་དཔལ་མཆོག །སྙིགས་དུས་འགྲོ་བའི་མགོན་གཅིག་ཀརྨ་པ། །སྐྱེ་མེད་རང་བྱུང་རིག་པའི་རྡོ་རྗེ་ཁྱེད། །ཆོས་ཉིད་ཞི་བའི་དབྱིངས་སུ་སྙོམས་ཞུགས་པ། །བདག་སོགས་ཐུགས་རྗེས་ཡལ་བར་འདོར་ལགས་སམ། །སྙིགས་མའི་གདུལ་བྱར་བརྩེ་བས་རབ་དགོངས་ཏེ། །བསམ་བཞིན་སྤྲུལ་པའི་ཟློས་གར་མྱུར་བསྒྱུར་ནས། །མོས་ལྡན་སྙིང་གི་གདུང་བ་བསལ་མཛད་གསོལ། །དུས་ཀུན་རིགས་ཀྱི་བདག་པོར་མི་འབྲལ་ཞིང་། །བྱིན་རླབས་བདུད་རྩིས་བདག་རྒྱུད་རབ་ཏུ་སྨིན། །ས་ལམ་ཡོན་ཏན་མ་ལུས་མཐར་ཕྱིན་ནས། །བླ་མའི་ཐུགས་དང་དབྱེར་མེད་སངས་རྒྱས་ཤོག །ཅེས་པའང་དད་ལྡན་རིན་ཆེན་ཆོས་ལྡན་དང་ཨ་ཀར་ཟུང་གིས་ལྷ་རྫས་རིན་པོ་ཆེའི་སྐྱེས་དང་བཅས་ཏེ་བསྐུལ་བ་བཞིན་འཇིགས་བྲལ་ [37a] ཡེ་ཤེས་རྡོ་རྗེས་གསོལ་བ་བཏབ་པ་སིདྡྷི་རསྟུ།། །།