མགུར་དང་ཚོགས་གླུའི་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་སྐལ་བཟང་ཡིད་ཀྱི་དགའ་སྟོན།

From Dudjom Wiki
DJYD-KABUM-25-AA-007
Wylie title mgur dang tshogs glu'i skor phyogs gcig tu bsdebs pa skal bzang yid kyi dga' ston DJYD-KABUM-25-AA-007.pdf
Location bdud 'joms rin po che bka' 'bum
Volume 25, Text 7, Pages 269-290 (Folios 1a1 to 11b2)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Mgur dang tshogs glu'i skor phyogs gcig tu bsdebs pa skal bzang yid kyi dga' ston. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 25: 269-290. Kalimpong: Dupjung Lama, 1979-1985.
Side notes Recto: mgur tshogs   Verso: sna tshogs skor
More details More details
Genre Feast Offering Songs - tshogs glu  ·  Songs - mgur - glu dbyangs
[edit]
༄༅། །མགུར་དང་ཚོགས་གླུའི་སྐོར་ཕྱོགས་གཅིག་ཏུ་བསྡེབས་པ་སྐལ་བཟང་ཡིད་ཀྱི་དགའ་སྟོན་ཅེས་བྱ་བ་བཞུགས་སོ། །


༄༅། །ཨ་ཧོ་ཡེ། འོག་མིན་ཟངས་མདོག་དཔལ་རིའི་ཕོ་བྲང་གི་དབུས་ན། །རིག་འཛིན་དཔའ་བོ་མཁའ་འགྲོ་འདུས་པ་ཡི་ཚོགས་ཀྱི། །བདེ་ཆེན་ཉམས་བརྒྱས་སྒེག་པའི་རྩེ་འཇོ་དེ་བསམ་ཞིང་། །ཕ་གཅིག་མཚོ་སྐྱེས་རྡོ་རྗེ་སྙིང་དབུས་ནས་དྲན་བྱུང་། སྣང་སྲིད་ཟིལ་གནོན་མཚན་དཔེའི་གཟུགས་སྐུ་རུ་ལྷང་ངེ་། །གསང་ཆེན་ནཱ་དའི་གསུང་དབྱངས་རྒྱུད་མང་གི་སྙན་འགྱུར། །ཐུགས་མཆོག་ཟག་མེད་འོད་གསལ་ཡེ་ཤེས་ཀྱི་རང་བཞིན། །གུ་རུའི་དགྱེས་ཞལ་ལྟ་བའི་དགའ་སྟོན་ལ་སུས་འགྲན། །འཛུམ་འཛུམ་ [2a] དགའ་བའི་ཟུར་མིག་གཡོ་བ་ཡི་ངང་ནས། །སྙན་སྙན་ཌཱ་ཀིའི་གསང་གཏམ་བརྡ་གླུ་དེ་ཉན་ཅིང་། །ཁྲུག་ཁྲུག་གར་སྟབས་བསྒྱུར་བ་ཡ་མཚན་གྱི་ལྟད་མོར། །ཡང་ཡང་བལྟ་བའི་རེ་བ་བཟོད་མེད་དུ་ཡོད་རུང་། །ཉམ་ཐག་བུ་ཆུང་གཞོན་ནུའི་ཆུ་བུར་གྱི་མིག་ལ། །གཉིས་རྟོག་དྲི་མ་འཐུག་པོའི་ལིང་ཏོག་དེས་བཀབ་ནས། །གཟིགས་མོ་བྱེད་སྐལ་མི་འདུག་འགྱོད་སེམས་ཀྱི་གདུང་ཡུས། །སྨྲེ་སྔགས་འོ་དོད་འབོད་འདི་པད་འབྱུང་གིས་ཨེ་གསན། །གསན་ན་ཡེ་ཤེས་ཐུགས་རྗེའི་གསེར་ཐུར་དེ་ཕྱུངས་ནས། །མ་རིག་སྒྲིབ་གཡོགས་འཐུག་པོའི་ཤུན་པ་ [2b] འདི་སོལ་ལ། །མངོན་སུམ་བདག་གི་ལག་པའི་མཛུབ་མོ་ནས་བཟུང་སྟེ། །ཕ་གཅིག་བཞུགས་ཡུལ་ཉམས་དགའི་སྐྱིད་ཚལ་དུ་ཁྲིད་རོག །ད་ལྟ་ཉིད་དུ་ཁྲིད་པའི་སྐལ་བ་རང་དབེན་ན། །རིག་འཛིན་དཔའ་བོ་མཁའ་འགྲོ་སྐྱོ་གྲོགས་ལ་ཐོངས་དང་། །ཟག་མེད་བདེ་བ་ཆེན་པོའི་དགའ་སྟོན་གྱི་དཔལ་ལ། །དགའ་མགུར་སྤྱོད་བཞིན་རིམ་པར་ཕ་རྗེས་སུ་བསྙེགས་ཡོང་། །དད་གསུམ་ལང་ཚོ་རྒྱས་པའི་ཐང་དཀར་གྱི་ལུས་ལ། །ལྟ་སྤྱོད་ཟུང་དུ་འབྲེལ་བའི་གཤོག་པ་དང་ལྡན་ཅིང་། །དམ་ཚིག་རྣམ་པར་དག་པའི་རྩལ་དྲུག་ཅིག་རྫོགས་ན། །པདྨ་འོད་ཀྱི་གྲོང་ཁྱེར་ཐག་རིང་ན་མི་འདུག །ལས་སྐལ་མཐུན་པའི་ལྷ་གྲོགས་ཕོ་མོ་ཡི་ཚོགས་རྣམས། །རིག་པ་འཛིན་པའི་གྲལ་དུ་སྨོན་ལམ་ཞིག་མཛོད་དང་། །ལྷག་ལྷག་ཉམས་ཀྱིས་དགྱེས་པའི་གད་མོ་དང་བཅས་ཏེ། །མི་འབྲལ་ལྷན་གཅིག་ས་སྤྱོད་ཞིང་ཁམས་ལ་ཆས་འགྲོ། །འདི་ལྟར་གདུང་གླུ་ཁ་བྱུག་གཞོན་ནུ་ཡི་ངག་དབྱངས། །ཤུགས་འབྱུང་ལོངས་སྤྱོད་འཁོར་ལོའི་རོལ་རྩེད་ཀྱིས་བླངས་པས། །གུ་རུའི་ཐུགས་རྒྱུད་བསྐུལ་བའི་ཕོ་ཉ་རུ་གྱུར་ནས། །བྱིན་རླབས་བདུད་རྩིའི་སྦྲང་ཆར་ད་ [3a] ལྟ་རང་ཕོབ་ཅིག །ཅེས་པའང་པདྨོ་རྣམ་པར་བཀོད་པའི་ལྗོངས་སུ་སྐྱེས་པའི་བྱིས་པ་སྐལ་བཟང་ཅན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ལོ་བཅུ་དགུ་པ་རྔ་ཆེན་མགོ་ཟླའི་ཡར་ངོའི་ཚེས་བཅུའི་ཉིན་ཐོལ་བྱུང་དུ་སྨྲས་པའོ།། །། ༈ །ཀ་མ་ལ་ཡི་འདབ་རྒྱས་གེ་སར་གྱི་སྙིང་པོར། །ཁ་བ་ཅན་གྱི་མགོན་དུ་མཚན་དཔེ་ཡི་གཟུགས་སྐུ། །ག་ལ་བ་དེར་སྣང་བ་རང་བྱུང་གི་སངས་རྒྱས། །ང་ཡི་བླ་མ་མཚོ་སྐྱེས་རྡོ་རྗེ་དྲན་བྱུང་། །ཅ་ཅོ་གདུང་བའི་ང་རོ་འོ་དོད་ཀྱི་བསྐུལ་ཚིག །ཆ་ལུགས་ཐོད་རྔ་རོལ་མོའི་སྒྲ་དབྱངས་དང་སྦྱར་ཏེ། །ཇ་ཆང་མཱཾ་ས་ཚོགས་ཀྱི་དགའ་སྟོན་ལ་བསྐུལ་ན། །ཉ་རྒྱས་ཟླ་འདྲའི་མཛེས་ཞལ་ངོམས་བཞིན་དུ་གཤེགས་ཤིག །ཏཱ་རེ་མནྡྷ་ར་སོགས་དཔའ་བོ་དང་མཁའ་འགྲོ ། ཐ་དད་ཟུང་འཇུག་རྣམ་འགྱུར་གང་འདུལ་གྱི་བཀོད་པ། །ད་ལྟ་རྔ་ཡབ་དཔལ་རིའི་ཕོ་བྲང་གི་དབུས་ནས། །ན་གཞོན་རིག་པ་འཛིན་པའི་རྩེད་གྲོགས་ལ་ཕེབས་དང་། །པ་སངས་ལྟར་དཀར་རང་བྱུང་བདེ་སྐྱོང་གི་སྣོད་དུ། །ཕ་མཐའ་ཡས་པའི་འདོད་ཡོན་ཟག་མེད་ཀྱི་ལོངས་སྤྱོད། །བ་ལིང་ཕྱི་ནང་གསང་བའི་དམ་ཚིག་གི་ཚོགས་འཁོར། །མ་ལུས་རྩ་ [3b] གསུམ་དགྱེས་པའི་མཆོད་སྤྲིན་ཞིག་སྤྲོས་ཡོད། །ཙ་རི་ཏྲ་སོགས་ངོ་མཚར་ས་སྤྱོད་ཀྱི་ཞིང་ཀུན། །ཚ་ངར་མཐུ་ཡིས་སྐྱོང་མཛད་དམ་ཅན་གྱི་ཚོགས་དང་། །ཛ་ལནྡྷ་རས་ཉེར་མཚོན་གནས་ཡུལ་གྱི་མགྲོན་ཀུན། །ཝ་ལེར་གྷ་ཎ་ཙཀྲའི་དགའ་སྟོན་ལ་རོལ་མཛོད། །ཞ་རེངས་སྐྱོན་བྲལ་མི་ཤིགས་དྷུ་ཏི་ཡི་སྦུབས་སུ་། །ཟ་ལྟར་རྩུབ་པའི་མ་དག་ལས་རླུང་གི་རྒྱུ་བ། །འ་འུར་བཅིངས་ལས་ལྷན་སྐྱེས་བདེ་ཆེན་གྱི་ཡེ་ཤེས། །ཡ་མཚན་ཟུང་འཇུག་རྡོ་རྗེའི་ཟློས་གར་ཞིག་བསྒྱུར་གཏོང་། །ར་རིའི་འཕོ་འགྱུར་དང་བྲལ་རང་བབས་ཀྱི་གཤིས་སུ། །ལ་ལ་ཙམ་མིན་འོད་གསལ་ཁོར་ཡུག་གི་རྣལ་འབྱོར། ཤ་ཁྲག་དྭངས་མ་མི་ཤིགས་འཇའ་ལུས་སུ་སྦྱངས་ཏེ། །ས་གསུམ་འཁོར་བ་དོང་སྤྲུགས་འགྲོ་དོན་ལ་ཆས་འགྲོ། །ཧ་ཅང་མགྲིན་པའི་སྤོབས་པ་རྩོལ་མེད་དུ་བཏེགས་ནས། །ཨ་ཏི་རྡོ་རྗེ་སྙིང་པོ་ལམ་བཟང་གི་ཟབ་གནད། །ཧ་ཧེའི་གད་མོ་སྙན་པའི་རྒྱང་གླུ་རུ་ལེན་འདི། །ཨ་ལ་ལ་ཧོ་ཕ་གཅིག་པད་འབྱུང་གི་སྐུ་དྲིན། །འདིར་འདུས་ལས་སྨོན་མཐུན་པའི་སྟོན་འཁོར་གྱི་ཚོམ་བུ། །དམ་ཚིག་རྣམ་པར་དག་པའི་རྟེན་འབྲེལ་གྱི་བདེན་མཐུས། །འོག་ [4a] མིན་པདྨ་འོད་ཀྱི་གྲོང་ཁྱེར་གྱི་འདུ་བར། །མི་འབྲལ་ལྷན་ཅིག་ཚོགས་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་སྔ་འགྱུར་བསྟན་པའི་སྣང་བྱེད་རྦ་སྤྲུལ་ཀུན་བཟང་ངེས་དོན་ཀློང་གྲོལ་ནས་གསུང་བསྐུལ་ཆེད་དུ་གནང་བའི་བཞེད་སྐོང་དུ་སྙོམས་ལས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གང་དྲན་ཤར་མར་བྲིས་ཏེ་ཕུལ་ང་ཛ་ཡནྟུ།། །། ༈ །ཨ་ཧོཿ གདོད་ནས་མི་འགྱུར་འོད་གསལ་གཉུག་མ་ཡི་གཤིས་ལུགས། །སྤྲོས་པ་ཀུན་བྲལ་ཟུང་འཇུག་བདེ་ཆེན་གྱི་ཉམས་འགྱུར། །ལྷན་སྐྱེས་རྡོ་རྗེ་བཙུན་མོ་གསང་མཆོག་གི་དགའ་མ། །ཅིར་སྣང་ཆོས་སྐུར་འཆར་བའི་སྐྱོ་གྲོགས་ལ་ཕེབས་དང་། ཆོས་ཉིད་གཞིར་རྫོགས་ངོ་བོ་ཀ་དག་གི་ཞིང་ན། །ཐིག་ལེ་ཉག་གཅིག་ཡེ་ཤེས་སྤྱི་བླུགས་ཀྱི་དགོངས་པ། །ལྟ་བ་ཕྱོགས་ལྷུང་བྲལ་བའི་ཚོགས་འཁོར་ཞིག་བསྐོར་ཡོད། །རིག་སྟོང་ཆོས་སྐུའི་མཁའ་འགྲོ་དགའ་སྟོན་ལ་རོལ་ཤོག །འོད་གསལ་ཁོར་ཡུག་རང་བཞིན་ལྷུན་གྲུབ་ཀྱི་ཞིང་ན། །མ་བཅོས་སེམས་ལས་འདས་པ་ཡེ་ཤེས་ཀྱི་རང་བབས། །། སྒོམ་པ་དམིགས་གཏད་བྲལ་བའི་ཚོགས་འཁོར་ཞིག་བསྐོར་ཡོད། །གསལ་སྟོང་ལོངས་སྐུའི་མཁའ་འགྲོ་དགའ་སྟོན་ [4b] ལ་རོལ་ཤོག །ཡེ་ཤེས་ལྷན་འབྱམས་ཐུགས་རྗེ་ཀུན་ཁྱབ་ཀྱི་ཞིང་ན། །བཏང་བཞག་འགྲོ་འོང་ལས་འདས་བྱར་མེད་ཀྱི་བརྟུལ་ཞུགས། །སྤྱོད་པ་སྤངས་བླང་བྲལ་བའི་ཚོགས་འཁོར་ཞིག་བསྐོར་ཡོད། །སྣང་སྟོང་སྤྲུལ་སྐུའི་མཁའ་འགྲོ་དགའ་སྟོན་ལ་རོལ་ཤོག །སྒྲོན་དྲུག་དྭངས་མ་ཆེན་པོ་འཇའ་ཟེར་གྱི་སྦུབས་ན། །རིག་མདངས་མ་འགགས་སྐུ་དང་ཡེ་ཤེས་ཀྱི་ཚོམ་བུ། །འོད་གསལ་སྣང་བ་བཞི་ཡི་ཚོགས་འཁོར་ཞིག་བསྐོར་ཡོད། །ཆོས་ཟད་བློ་ལས་འདས་པའི་དགའ་སྟོན་ལ་རོལ་ཤོག །གཏིང་གསལ་ཐིག་ལེ་ཆེན་པོར་གྲྭ་ཟུར་ནི་མི་འདུག །རང་བྱུང་སྒྲོན་མ་རྣམ་བཞིར་གསལ་འགྲིབ་ནི་མི་གདའ། །ཅིར་སྣང་ཡེ་ཤེས་འཁོར་ལོར་རྩོལ་སྒྲུབ་ཀྱི་ཅི་བྱེད། །ད་ནི་གཉུག་མའི་ཤེས་པ་ཁ་ཡན་དུ་ཀློད་གཏོང་། །གཉིས་འཛིན་འཁྲུལ་པའི་སྣང་བ་སྐྱེ་མེད་དུ་གྲོལ་བས། །འཁོར་འདས་མཉམ་བརྡལ་མ་བཅོས་རང་བྱུང་གི་སངས་རྒྱས། །གདོད་མའི་མགོན་པོའི་རྒྱལ་ས་རང་མལ་ནས་རྙེད་དེ། །གུ་ཡངས་བློ་བདེའི་ཉི་མ་སྙིང་དབུས་ནས་ཤར་བྱུང་། །ང་ཚོ་ཀུན་བཟང་པདྨའི་བུ་རྒྱུད་ཞིག་ཡིན་ན། །ངེས་གསང་ཐེག་པ་མཆོག་གི་མྱུར་ལམ་གྱི་ཁྱད་ [5a] ཆོས། །འཕོ་ཆེན་འཇའ་ལུས་རྡོ་རྗེའི་ཟློས་གར་ལ་བརྟེན་ནས། །ཁམས་གསུམ་འཁོར་བ་དོང་སྤྲུགས་འགྲོ་དོན་ལ་ཆས་འགྲོ། །འདིར་འདུས་སྐལ་བར་ལྡན་པའི་རྡོ་རྗེ་ཡི་མཆེད་ལྕམ། །ཐེ་ཚོམ་སོམ་ཉི་མེད་པའི་དད་མོས་ཀྱི་འདུན་སྦྱོར། །གཙང་དམེའི་འཛིན་རྟོག་བྲལ་བའི་བརྟུལ་ཞུགས་ཀྱི་སྤྱོད་པ། །བདེ་ཆེན་ཚོགས་ཀྱི་འཁོར་ལོའི་དགའ་སྟོན་ལ་རོལ་དང་། །བསམ་གྱིས་མི་ཁྱབ་ཆོས་ཉིད་ཟབ་མོ་ཡི་བདེན་མཐུས། །འོག་མིན་མཁའ་ལ་སྤྱོད་པའི་གྲོང་ཁྱེར་གྱི་འདུ་བར། །ཟག་མེད་བདེ་ཆེན་རྡོ་རྗེའི་ལོངས་སྤྱོད་ཀྱི་དཔལ་ལ། །ཚོམ་བུ་གཅིག་ཏུ་སྤྱོད་པའི་སྨོན་ལམ་ཞིག་ཡོད་དོ། ཞེས་པའང་ངོ་མཚར་ས་ལ་སྤྱོད་པའི་ལྗོངས་ཀྱི་བྱེ་བྲག་སྤོ་བོ་བྲག་གད་སེངྒེ་གནམ་རྫོང་གི་རི་བོའི་མགུལ་དཔལ་རྡོ་རྗེ་རྣལ་འབྱོར་མའི་ལྷ་ཚོགས་དགྱེས་པར་བསྟི་བའི་སྒྲུབ་གནས་ཁྱད་པར་ཅན་ག་ལ་བར་རང་ལོ་ཉེར་བདུན་དུ་སོན་པ་ལྕགས་ཕོ་རྟའི་ལོ་གྲོ་བཞིན་ཟླ་བའི་ཡར་ངོའི་ཚེས་བཅུའི་ཉིན་གནས་གསུམ་ཌཱ་ཀི་འདུ་བའི་ཚོགས་ཀྱི་མཆོད་པ་རྒྱ་ཆེན་པོར་སྤྲོས་བའི་ཚེ་ཐོལ་བྱུང་མགྲིན་པའི་གླིང་བུ་ཅུང་ཟད་བསྒྱུར་བ་པོ་ནི་རིག་འཛིན་གྱི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེའོ།། །། ༈ །ཨ་ཧོཿ འོད་གསལ་སྤྲོས་དང་བྲལ་བ་ཡེ་ཤེས་ཀྱི་རོལ་མོ། ། [5b] འགགས་མེད་སྒྱུ་འཕྲུལ་དྲྭ་བ་ཟུང་འཇུག་གི་བཀོད་པ། །དཀྱིལ་འཁོར་ཀུན་གྱི་ཁྱབ་བདག་མཚོ་སྐྱེས་ཀྱི་རྡོ་རྗེས། །ཅིར་སྣང་ཆོས་སྐུར་རྟོགས་པའི་བྱིན་ཆེན་ཞིག་ཕོབ་ཅིག །ཕྱི་རོལ་གནས་ཡུལ་དུར་ཁྲོད་ལྷན་སྐྱེས་ཀྱི་འདུ་བ། །ནང་དུ་རང་བྱུང་རྡོ་རྗེ་ལུས་དཀྱིལ་གྱི་ལྷ་ཚོགས། །ཟག་མེད་བདེ་ཆེན་རྡོ་རྗེའི་ལང་ཚོ་ཡིས་མྱོས་པས། །མི་ཤིགས་ན་དཱའི་དབྱངས་ཀྱི་ཟློས་གར་ཞིག་བསྒྱུར་མཛོད། །འདིར་འདུས་ལས་སྨོན་འབྲེལ་བའི་མཆེད་ལྕམ་གྱི་ཚོགས་རྣམས། །བདེ་ཆེན་ལོངས་སྤྱོད་ཚོགས་ཀྱི་དགའ་སྟོན་ལ་རོལ་བཞིན། །འོག་མིན་པདྨ་འོད་ཀྱི་ཕོ་བྲང་གི་ཚོགས་གྲལ། །ཚོམ་བུ་གཅིག་ཏུ་འགྲོགས་པའི་སྨོན་ལམ་ཞིག་ཞུའོ། །ཞེས་པའང་དཀོན་མཆོག་རབ་བརྟན་གྱི་ངོར་ཛྙཱ་ནས་སོ།། །། ༈ །ཀོང་པོ་བུ་ཆུང་དཔལ་རིའི་ལྷ་ཁང་བཞེངས་སྐབས་ཀྱི་གྱང་གླུ། རྗེ་བྱིན་རླབས་ཀྱི་འབྱུང་གནས་པདྨ་འབྱུང་། །བུའི་བློ་གཏད་གཅིག་ཆོག་རིན་པོ་ཆེ། །རང་མོས་གུས་ཀྱི་ལྟེམ་རྐྱང་མ་ཤོར་ན། །གཏན་བདེ་བའི་ས་ལ་སྐྱེལ་མི་སྐྱེལ། །ཕ་ཁྱོད་ཀྱི་ཐུགས་རྗེས་བསླུ་སྙམ་མེད། །ཡིད་སྙིང་ནས་གདུང་བས་གསོལ་བ་འདེབས། །བུ་ཕ་དང་མཉམ་པར་བྱིན་ [6a] གྱིས་རློབས། །ཤར་ཀོང་ཡུལ་ལྗོན་པ་སྐྱིད་པའི་ལྗོངས། །གནས་བུ་ཆུ་གསང་བའི་དགའ་ཚལ་དུ། །མ་འབྲེལ་ཚད་སེམས་ཅན་དོན་ལྡན་ཕྱིར། །ཞིང་རྔ་ཡབ་དཔལ་རིའི་ལྷ་ཁང་བཞེངས། །དོན་བར་ཆད་མེད་པ་འགྲུབ་ནས་ཀྱང་། །ཆོས་བསྟན་པའི་རྒྱལ་མཚན་ཚུགས་པ་རུ། །མགོན་བཀའ་དྲིན་ཅན་གྱི་བྱིན་རླབས་སྩོལ། །གྲོགས་དཔའ་བོ་མཁའ་འགྲོའི་སྡོང་གྲོགས་མཛོད། །བཀའ་ཆོས་སྐྱོང་སྲུང་མའི་ཕྲིན་ལས་སྒྲུབས། །བུའི་ལྷག་བསམ་མཐར་རུ་ཕྱིན་པར་ཤོག །རྗེ་གུ་རུའི་དགོངས་པ་རྫོགས་པར་ཤོག །མ་འགྲོ་དྲུག་བདེ་ལ་འཁོད་པར་ཤོག །ཡུལ་འདི་ལ་བདེ་སྐྱིད་འབྱུང་བར་ཤོག །ཅེས་དང་། ཡང་། ཡར་སྟོད་གངས་རི་མཐོན་པོ་དེ། །སེང་གེ་དཀར་མོའི་འགྲིམ་ས་རེད། །གངས་དང་སེང་གེ་མ་འབྲལ་ན། །གཡུ་རལ་མཐའ་ནས་ལོས་ཀྱང་རྒྱས། །སེང་གེ་འགྲིམ་ས་མང་ན་ཡང་། །གཡུ་རལ་གསིག་པ་ཨེའོ་ཤེས། །ལྷོ་རོང་ཙནྡན་ནགས་མ་དེ། །རྒྱ་སྟག་ཁྲོ་བོའི་འགྲིམ་ས་རེད། །ནགས་དང་རྒྱ་སྟག་མ་འབྲལ་ན། །འཛུམ་དྲུག་ཁོངས་ནས་ལོས་ཀྱང་རྒྱས། ། [6b] རྒྱ་སྟག་འགྲིམ་ས་མང་ན་ཡང་། །འཛིམ་དྲུག་ངོམས་ས་ཨེའོ་ཤེས། །མདའ་ཡི་གཡུ་མཚོ་སྔོན་མོ་དེ། །ལྟོ་དཀར་གསེར་ཉའི་འགྲིམ་ས་རེད། །མཚོ་དང་གསེར་ཉ་མ་འབྲལ་ན། །ཁྲ་ཆུང་གསེར་མིག་ལོས་ཀྱང་རྒྱས། །གསེར་ཉ་འགྲིམ་ས་མང་ན་ཡང་། །འགྱུར་ལྕམ་རྒྱག་ས་ཨེའོ་ཤེས། །ཡ་གི་དགུང་སྔོན་མཐོན་པོ་དེ། །ཐང་དཀར་རྒོད་པོའི་འགྲིམ་ས་རེད། །དགུང་དང་རྒོད་པོ་མ་འབྲལ་ན། །གཤོག་དྲུག་རྩལ་གསུམ་ལོས་ཀྱང་རྫོགས། །གནམ་འཕང་གཅོད་ས་མང་ན་ཡང་། །གཤོག་དྲུག་བརྐྱང་ས་ཨེའོ་ཤེས། །ཞེས་དང་། །ཡང་། གནམ་དེ་དགུང་སྔོན་དཀྱིལ་ན། །ཁྲི་གདུགས་ཉི་མས་སླེབས་ཚེ། །ས་གཞིར་མེ་ཏོག་པད་ཚལ། །རྒྱས་པ་རྟེན་ཅིང་འབྲེལ་འབྱུང་། །བར་སྣང་སྤྲིན་དཀར་གསེབ་ན། །སྦྲང་ཆར་ཟིལ་མས་སླེབས་ཚེ། །ལྗོངས་ཀྱི་མེ་ཏོག་འབྲས་བུ། །སྨིན་པ་རྟེན་ཅིང་འབྲེལ་འབྱུང་། །ཕྱོགས་མེད་རྒྱལ་ཁམས་ཡུལ་ན། །རིག་འཛིན་རྣལ་འབྱོར་སླེབས་ཚེ། །སྐལ་ལྡན་གདུལ་བྱར་ཕན་བདེ། །འབྱུང་བ་རྟེན་ཅིང་འབྲེལ་འབྱུང་། །ཞེས་སོ། ། ༈ །ཡང་ཀོང་ཡུལ་ནས་དབུས་ལྗོངས་སོགས་རྒྱལ་ཁམས་ [7a] ཕྱོགས་མེད་དུ་བསྐྱོད་ལ་ཉེ་བའི་སྐབས་ཤིག་ན། དར་སེང་ང་ལ་ཕོ་བྲང་ནི་མི་དགོས། །གངས་རི་མཐོ་ཚད་སེང་གེ་ངའི་ཕོ་བྲང་། །གཡུ་རལ་བཟང་པོ་ཅི་དགའ་རུ་གསིག་བཞིན། །གངས་སུལ་བདེ་མོ་གང་དགའ་རུ་འགྲིམ་འགྲོ། །རྒོད་པོ་ང་ལ་བཙན་རྫོང་ནི་མི་དགོས། །བྲག་དམར་གང་མཐོ་ཐང་དཀར་ངའི་བཙན་རྫོང་། །གཤོག་དྲུག་བཟང་པོ་ཅི་དགའ་རུ་བརྐྱང་བཞིན། །དགུང་སྔོན་ཡངས་པར་གནམ་འཕང་ཞིག་གཅོད་འགྲོ། །རྒྱ་སྟག་ང་ལ་མཁར་ཁྱིམ་ནི་མི་དགོས། །ནགས་ཚལ་གང་འཐུག་རྒྱ་སྟག་ངའི་མཁར་ཁྱིམ། །འཛུམ་དྲུག་བཟང་པོ་ཅི་དགའ་རུ་ངོམས་བཞིན། །ཙནྡན་ནགས་མ་གང་བཟང་ལ་ཆས་འགྲོ། །གསེར་སྦྲང་ང་ལ་ས་ཞིང་ནི་མི་དགོས། །པད་ཚལ་གང་བཟང་བུང་བ་ངའི་ས་ཞིང་། །གླུ་དབྱངས་བཟང་པོ་ཅི་དགའ་རུ་སྒྲོག་བཞིན། །ཟིལ་མངར་གང་བཟང་ལེན་པ་རུ་ལྡིང་འགྲོ། །རྣལ་འབྱོར་ང་ལ་ཁང་གཞིས་ནི་མི་དགོས། །རྒྱལ་ཁམས་སུ་བཟང་རྣལ་འབྱོར་ངའི་ཁང་གཞིས། །དོན་གཉིས་བཟང་པོ་ལྷུན་གྲུབ་ཏུ་སྤྱོད་བཞིན། །རྒྱལ་ཁམས་ཕྱོགས་མེད་གང་བདེ་རུ་ཆས་འགྲོ། །ཞེས་བདུད་ [7b] འཇོམས་པས་ཆོལ་གཏམ་དུ་སྨྲས་སོང་ངོ་།། །། ༈ །འདུན་མ་བཟང་པོའི་གློ་བྲོ་གཉུག་མའི་རོལ་རྩེད་ཡོད། ཨ་ཧོ་ཡེ། གནས་བདེ་བ་ཅན་གྱི་ཞིང་ཁམས་ན། །ཆོས་སྐུའི་བླ་མ་འོད་དཔག་མེད་པ་བཞུགས། །བདག་གསོལ་འདེབས་ཀྱི་བུ་ལ་ཐུགས་རྗེས་དགོངས། །བྱིན་གྱིས་རློབས་ལ་དབང་མཆོག་སྐུར། །སྟོང་གསལ་མཐའ་དབུས་དང་བྲལ་བའི་རིག་པ་འདི། །རྗེ་ཁྱོད་ཀྱི་དགོངས་པ་མ་ལགས་སམ། །ཡེ་ནས་འཕོ་འགྱུར་བྲལ་བའི་གནས་ལུགས་འདི། །འོད་མི་འགྱུར་བ་མ་ཡིན་ནམ། །མི་བདག་དང་སྐད་ཅིག་འབྲལ་མ་མྱོང་། །འབྲལ་མ་མྱོང་ཡང་ངོ་མ་ཤེས། །ད་རང་ངོ་ཤེས་པའི་དུས་ཀྱི་ཚེ། །འོད་དཔག་མེད་པ་སྟོར་ནས་ཐལ། །བདེ་ཆེན་ཞིང་ཁམས་ཡལ་ནས་ཐལ། །སེམས་ཉིད་སྐྱེ་མེད་ཀྱི་ངང་དུ་ཤ་ར་ར། །རིག་པ་བདེ་སྟོང་གི་རོལ་པར་ཡ་ལ་ལ། །ཉམས་གང་ཤར་ཆོས་སྐུའི་ཡོ་ལང་ལ། །ཞིང་ཁམས་སུ་འཛིན་པ་བསླུ་བའི་ཆོས། །སངས་རྒྱས་སུ་བཏགས་པ་ཞེན་པའི་འཕྲང་། །སྣང་མཐའ་ཕྱིན་མི་གདའ་ནང་དུ་ལྟོས། །ཆོས་སྐུ་རང་ལས་རྙེད་པ་འདི་ཨ་ལ་ལ། །བློ་བདེ་རྒྱུན་ཆད་མེད་པ་འདི་ཨེ་མ་ཧོ། །འདི་ [8a] ཡང་བླ་མ་དམ་པའི་སྐུ་དྲིན་ལགས། །འདི་ཡང་གདམས་ངག་ཟབ་མོའི་བྱིན་རླབས་ལགས། །ཉམས་དགའ་ཁྱད་དུ་འཕགས་པའི་གླུ་ཞིག་ལེན། །འདུན་མ་རྩེ་མོར་སོན་པའི་བྲོ་ཞིག་འཁྲབ། །ཨ་ཧོ་ཡེ། གནས་རི་བོ་ཏ་ལའི་ཞིང་ཁམས་ན། །ལོངས་སྐུའི་བླ་མ་ཐུགས་རྗེ་ཆེན་པོ་བཞུགས། །བདག་གསོལ་འདེབས་ཀྱི་བུ་ལ་ཐུགས་རྗེས་དགོངས། །བྱིན་གྱིས་རློབས་ལ་དབང་མཆོག་སྐུར། །རང་གསལ་སྒྲིབ་གཡོགས་དང་བྲལ་བའི་རིག་པ་འདི། །རྗེ་ཁྱོད་ཀྱི་དགོངས་མ་ལགས་སམ། །རིག་རྩལ་མཁྱེན་བརྩེའི་ཡེ་ཤེས་ལྷུན་གྲུབ་དེ། །སྙིང་རྗེའི་དབང་ཕྱུག་མ་ཡིན་ནམ། །མི་བདག་དང་སྐད་ཅིག་འབྲལ་མ་མྱོང་། །འབྲལ་མ་མྱོང་ཡང་ང་མ་ཤེས། །ད་རང་ངོ་ཤེས་པའི་དུས་ཀྱི་ཚེ། །ཐུགས་རྗེ་ཆེན་པོ་སྟོར་ནས་ཐལ། །རི་བོ་ཏ་ལ་ཡལ་ནས་ཐལ། །སེམས་ཉིད་སྐྱེ་མེད་ཀྱི་ངང་དུ་ཤ་ར་ར། །རིག་པ་བདེ་སྟོང་གི་རོལ་པར་ཡ་ལ་ལ། །གདངས་གང་འཕྲོས་ལོངས་སྐུའི་རང་བཞིན་ལ། །ཞིང་ཁམས་སུ་འཛིན་པ་བསླུ་བའི་ཆོས། །དམ་ཆོས་སུ་བཏགས་པ་ཞེན་པའི་འཕྲང་། །ཐུགས་ཆེན་ཕྱི་ན་མི་གདའ་ནང་ [8b] དུ་ལྟོས། །ལོངས་སྐུ་རང་ལས་རྙེད་པའི་འདི་ཨ་ལ་ལ། །བློ་བདེ་རྒྱུན་ཆད་མེད་པ་འདི་ཨེ་མ་ཧོ། འདི་ཡང་བླ་མ་དམ་པའི་སྐུ་དྲིན་ལགས། འདི་ཡང་གདམས་ངག་ཟབ་མོའི་བྱིན་རླབས་ལགས། ཉམས་དག་ཁྱད་དུ་འཕགས་པའི་གླུ་ཞིག་ལེན། འདུན་མ་རྩེ་མོར་སོན་པའི་བྲོ་ཞིག་འཁྲབ། ཨ་ཧོ་ཡོ། གནས་རྔ་ཡབ་དཔལ་རིའི་ཕོ་བྲང་དུ། །སྤྲུལ་སྐུའི་བླ་མ་ཨོ་རྒྱན་པད་འབྱུང་བཞུགས། །བདག་གསོལ་འདེབས་ཀྱི་བུ་ལ་ཐུགས་རྗེས་དགོངས། །བྱིན་གྱིས་རློབས་ལ་དབང་མཆོག་སྐུར། །རང་གྲོལ་རྒྱུན་ཆད་མེད་པའི་རིག་པ་འདི། །རྗེ་ཁྱོད་ཀྱི་དགོངས་པ་མ་ལགས་སམ། །སེམས་ཉིད་སྐུ་དང་ཡེ་ཤེས་ཀྱི་འབྱུང་གནས་དེ། །པདྨ་འབྱུང་ནས་མ་ཡིན་ནམ། །མི་བདག་དང་སྐད་ཅིག་འབྲལ་མ་མྱོང་། འབྲལ་མ་མྱོང་ཡང་ངོ་མ་ཤེས། །ད་རང་ངོ་ཤེས་པའི་དུས་ཀྱི་ཚེ། །པདྨ་འབྱུང་གནས་སྟོར་ནས་ཐལ། །རྔ་ཡབ་དཔལ་རི་ཡལ་ནས་ཐལ། །སེམས་ཉིད་སྐྱེ་མེད་ཀྱི་ངང་དུ་ཤ་ར་ར། །རིག་པ་བདེ་སྟོང་གི་རོལ་བར་ཡ་ལ་ལ། །རྩལ་ཅིར་སྣང་སྦྲུལ་སྐུའི་རོལ་པ་ལ། །ཞིང་ཁམས་སུ་འཛིན་པ་བསླུ་བའི་ཆོས། །བྱང་ [9a] སེམས་སུ་བཏགས་པ་ཞེན་པའི་འཕྲང་། །པད་འབྱུང་ཕྱི་ན་མི་གདའ་ནང་དུ་ལྟོས། །སྤྲུལ་སྐུ་རང་ལས་རྙེད་པ་འདི་ཨ་ལ་ལ། །བློ་བདེ་རྒྱུན་ཆད་མེད་པ་འདི་ཨེ་མ་ཧོ། །འདི་ཡང་བླ་མ་དམ་པའི་སྐུ་དྲིན་ལགས། །འདི་ཡང་གདམས་ངག་ཟབ་མོའི་བྱིན་རླབས་ལགས། །ཉམས་དགའ་ཁྱད་དུ་འཕགས་པའི་གླུ་ཞིག་ལེན། །འདུན་མ་རྩེ་མོར་སོན་པའི་བྲོ་ཞིག་འཁྲབ། །ཨ་ཧོ་ཡེ། གནས་སྤྱི་གཙུག་བདེ་ཆེན་འཁོར་ལོ་རུ། །མགོན་མཚུངས་མེད་རྩ་བའི་བླ་མ་བཞུགས། །བདག་གསོལ་འདེབས་ཀྱི་བུ་ལ་ཐུགས་རྗེས་དགོངས། །བྱིན་གྱིས་རློབས་ལ་དབང་མཆོག་སྐུར། །ད་ལྟའི་ཤེས་པ་བཞི་ཆ་གསུམ་བྲལ་འདི། །རྗེ་ཁྱེད་ཀྱི་དགོངས་པ་མ་ལགས་སམ། །རིག་པ་ཆོས་རྣམས་ཀུན་གྱི་རྩ་བ་དེ། །རྩ་བའི་བླ་མ་མ་ཡིན་ནམ། །མི་བདག་དང་སྐད་ཅིག་འབྲལ་མ་མྱོང་། །འབྲལ་མ་མྱོང་ཡང་ངོ་མ་ཤེས། །ད་རང་ངོ་ཤེས་པའི་དུས་ཀྱི་ཚེ། །རྩ་བའི་བླ་མ་སྟོར་ནས་ཐལ། །ཐ་སྙད་ཀྱི་ཞིང་ཁམས་ཡལ་ནས་ཐལ། །སེམས་ཉིད་སྐྱེ་མེད་ཀྱི་ངང་དུ་ཤ་ར་ར། །རིག་པ་བདེ་སྟོང་གི་རོལ་པར་ཡ་ལ་ལ། །ཉམས་གང་ཤར་བླ་མའི་རང་ [9b] བཞིན་ལ། །ཞིང་ཁམས་སུ་འཛིན་པ་བསླུ་བའི་ཆོས། །གཟུགས་སྐུར་བཏགས་པ་ཞེན་པའི་འཕྲང་། །བླ་མ་ཕྱི་ན་མི་གདའ་ནང་དུ་ལྟོས། །སངས་རྒྱས་རང་ལས་རྙེད་པ་འདི་ཨ་ལ་ལ། །བློ་བདེ་རྒྱུན་ཆད་མེད་པ་འདི་ཨེ་མ་ཧོ། །འདི་ཡང་བླ་མ་དམ་པའི་སྐུ་དྲིན་ལགས། །འདི་ཡང་གདམས་ངག་ཟབ་མོའི་བྱིན་རླབས་ལགས། །ཉམས་དགའ་ཁྱད་དུ་འཕགས་པའི་གླུ་ཞིག་ལེན། །འདུན་མ་རྩེ་མོར་སོན་པའི་བྲོ་ཞིག་འཁྲབ། །ཨ་ཧོ་ཡེ། གནས་མེ་རི་འབར་བའི་ཞིང་ཁམས་སུ། །ཡི་དམ་གཙོ་བོ་ཁྲག་འཐུང་ཆེན་པོ་བཞུགས། །བདག་གསོལ་འདེབས་ཀྱི་བུ་ལ་ཐུགས་རྗེས་དགོངས། །བྱིན་གྱིས་རློབས་ལ་དངོས་གྲུབ་སྩོལ། །རང་རིག་འཁོར་འདས་ཀུན་གྱི་སྤྱི་དཔལ་འདི། །ལྷ་ཁྱེད་ཀྱི་ངོ་བོ་མ་ལགས་སམ། །བདག་མེད་རྟོགས་པའི་ཤེས་རབ་དཔའ་བོ་དེ། །རྡོ་རྗེ་གཞོན་ནུ་མ་ཡིན་ནམ། །མི་བདག་དང་སྐད་ཅིག་འབྲལ་མ་མྱོང་། །འབྲལ་མ་མྱོང་ཡང་ངོ་མ་ཤེས། །ད་རང་ངོ་ཤེས་པའི་དུས་ཀྱི་ཚེ། །ཡི་དམ་ལྷ་ཚོགས་སྟོར་ནས་ཐལ། །མེ་རི་འབར་བ་ཡལ་ནས་ཐལ། །སེམས་ཉིད་སྐྱེ་མེད་ཀྱི་ངང་དུ་ཤ་ར་ར། །རིག་པ་བདེ་ [10a] སྟོང་གི་རོལ་པར་ཡ་ལ་ལ། །སྣང་སྲིད་དག་པ་ཡི་དམ་གྱི་རང་བཞིན་ལ། །ཞིང་ཁམས་རང་རྒྱུད་དུ་འཛིན་པ་བསླུ་བའི་ཆོས། །ལྷ་སྐུ་དངོས་པོར་བཏགས་པ་ཞེན་པའི་འཕྲང་། །ཡི་དམ་ཕྱི་ན་མི་གདའ་ནང་དུ་ལྟོས། །ལྷ་མཆོག་རང་ལས་རྙེད་པ་འདི་ཨ་ལ་ལ། །བློ་བདེ་རྒྱུན་ཆད་མེད་པ་འདི་ཨེ་མ་ཧོ། །འདི་ཡང་བླ་མ་དམ་པའི་སྐུ་དྲིན་ལགས། །འདི་ཡང་གདམས་ངག་ཟབ་མོའི་བྱིན་རླབས་ལགས། །ཉམས་དགའ་ཁྱད་དུ་འཕགས་པའི་གླུ་ཞིག་ལེན། །འདུན་མ་རྩེ་མོར་སོན་པའི་བྲོ་ཞིག་འཁྲབ། །ཨ་ཧོ་ཡེ། གནས་དག་པ་མཁའ་སྤྱོད་ཀྱི་ཞིང་ཁམས་སུ། །མཁའ་འགྲོའི་གཙོ་མོ་རྡོ་རྗེ་ཕག་མོ་བཞུགས། །བདག་གསོལ་འདེབས་ཀྱི་བུ་ལ་ཐུགས་རྗེས་དགོངས། །བྱིན་གྱིས་རློབས་ལ་བར་ཆད་སོལ། །མ་བཅོས་ཀློང་ཆེན་གཉུག་མའི་གཤིས་ལུགས་འདི། །གྲོགས་ཁྱེད་ཀྱི་དབྱིངས་ཉིད་མ་ལགས་སམ། །བདེ་སྟོང་འདུ་འབྲལ་མེད་པའི་ཡེ་ཤེས་འདི། །ཡེ་ཤེས་མཁའ་འགྲོ་མ་ཡིན་ནམ། །མི་བདག་དང་སྐད་ཅིག་འབྲལ་མ་མྱོང་། །འབྲལ་མ་མྱོང་ཡང་ངོ་མ་ཤེས། །ད་རང་ངོ་ཤེས་པའི་དུས་ཀྱི་ཚེ། །རྡོ་རྗེ་ [10b] ཕག་མོ་སྟོར་ནས་ཐལ། །མཁའ་སྤྱོད་ཀྱི་ཞིང་ཁམས་ཡལ་ནས་ཐལ། །སེམས་ཉིད་སྐྱེ་མེད་ཀྱི་ངང་དུ་ཤ་ར་ར། །རིག་པ་བདེ་སྟོང་གི་རོལ་པར་ཡ་ལ་ལ། །སྣང་གྲགས་ཤེས་རབ་ཡུམ་གྱི་རང་བཞིན་ལ། །ཞིང་ཁམས་སུ་འཛིན་པ་བསླུ་བའི་ཆོས། །ཡུམ་ཆེན་དུ་བཏགས་པ་ཞེན་པའི་འཕྲང་། །མཁའ་འགྲོ་ཕྱི་ན་མི་གདའ་ནང་དུ་ལྟོས། །རྒྱལ་ཡུམ་རང་ལས་རྙེད་པ་འདི་ཨ་ལ་ལ། །བློ་འདས་རྒྱུན་ཆད་མེད་པ་འདི་ཨེ་མ་ཧོ། འདི་ཡང་བླ་མ་དམ་པའི་སྐུ་དྲིན་ལགས། །འདི་ཡང་གདམས་ངག་ཟབ་མོའི་བྱིན་རླབས་ལགས། །ཉམས་དགའ་ཁྱད་དུ་འཕགས་པའི་གླུ་ཞིག་ལེན། །འདུན་མ་རྩེ་མོར་སོན་བའི་བྲོ་ཞིག་འཁྲབ། །ཨ་ཧོ་ཡེ། གནས་མ་ངེས་དུར་ཁྲོད་ཞིང་ཁམས་སུ། མགོན་ཆོས་སྐྱོང་དམ་ཅན་རྒྱ་མཚོ་བཞུགས། །བདག་གསོལ་འདེབས་ཀྱི་བུ་ལ་ཐུགས་རྗེས་དགོངས། །བྱིན་གྱིས་རློབས་ལ་ཕྲིན་ལས་སྒྲུབས། །མ་བཙལ་བྱ་བ་ཡེ་གྲུབ་ཀྱི་རིག་པ་འདི། །དམ་ཅན་རྒྱ་མཚོའི་སྲོག་སྙིང་མ་ལགས་སམ། །གཉིས་སྣང་འཁོར་འདས་ཀྱི་སོ་ཁ་སྲུང་བ་དེ། །སྲུང་མའི་མཐར་ཐུག་མ་ཡིན་ནམ། །མི་བདག་དང་སྐད་ཅིག་ [11a] འབྲལ་མ་མྱོང་། །འབྲལ་མ་མྱོང་ཡང་ངོ་མ་ཤེས། །ད་རང་ངོ་ཤེས་པའི་དུས་ཀྱི་ཚེ། །ཆོས་སྐྱོང་སྲུང་མ་སྟོར་ནས་ཐལ། །དུར་ཁྲོད་གནས་ཡུལ་ཡལ་ནས་ཐལ། །སེམས་ཉིད་སྐྱེ་མེད་ཀྱི་ངང་དུ་ཤ་ར་ར། །རིག་པ་བདེ་སྟོང་གི་རོལ་པར་ཡ་ལ་ལ། །རྟོག་ཚོགས་རང་གྲོལ་ཆོས་སྐྱོང་གི་རོལ་པ་ལ། །ཐ་སྙད་གནས་ཡུལ་དུ་འཛིན་པ་བསླུ་བའི་ཆོས། །སྲུང་མ་རང་རྒྱུད་དུ་བཏགས་པ་ཞེན་པའི་འཕྲང་། །སྲུང་མ་ཕྱི་ན་མི་གདའ་ནང་དུ་ལྟོས། །དམ་ཅན་རང་ལས་རྙེད་པ་འདི་ཨ་ལ་ལ། །བློ་བདེ་རྒྱུན་ཆད་མེད་པ་འདི་ཨེ་མ་ཧོ། །འདི་ཡང་བླ་མ་དམ་པའི་སྐུ་དྲིན་ལགས། །འདི་ཡང་གདམས་ངག་ཟབ་མོའི་བྱིན་རླབས་ལགས། །ཉམས་དགའ་ཁྱད་དུ་འཕགས་པའི་གླུ་ཞིག་ལེན། །འདུན་མ་རྩེ་མོར་སོན་པའི་བྲོ་ཞིག་འཁྲབ། །ཅེས་པའང་མཆེད་གྲོགས་བླ་མ་བསོད་ནམས་ཆོས་འཕེལ་ནས་ཁྱེད་ཀྱི་རྟོགས་པ་ཉམས་ལ་གང་ཤར་གྱི་གླུ་ཞིག་ལོངས་ཞེས་བསྐུལ་བ་ལས། རང་རྒྱུད་ལ་བརྟག་གཞིག་བགྱིས་པར། ག་རེ་ངའི་བླ་མ་ནི་བཟང་། པད་འབྱུང་དངོས་སྣང་གི་ཞབས་ལ་ཐུག །གདམས་ངག་ནི་ཟབ། རྫོགས་ཆེན་མཁའ་འགྲོའི་སྙིང་ཁྲག་དྭངས་མ་དང་འཕྲད། རི་ཕུག་ཏུ་སྦུག་སྒོ་འདག་སྦྱར་བྱས་ཚུལ་གྱི་སྒྲུབ་ཡུས་ངོམ་ [11b] རྒྱུ་མེད་རུང་རང་བབ་གཉུག་མའི་ཡེ་ཤེས་དང་མ་བྲལ་བས་གང་ལའང་རེ་དོགས་ཀྱི་འཁུ་འཕྲིག་མང་པོ་མ་དགོས་ཙམ་ཞིག་འདུག །གང་ཟག་རྫོགས་པ་ཆེན་པོར་མངོན་དུ་མ་གྱུར་ཀྱང་ཆོས་ལུགས་རྫོགས་པ་ཆེན་པོར་བློ་བདེ་བར་གདའ་བས། །འདུན་མ་བཟང་པོའི་གླུ་ཞིག་བླང་ཡང་ལེན་རིན་མི་ཆོག་པ་རང་མི་འདུག་སྙམ་བོང་ཐོར་རང་མཇེ་ལ་མགུ་ནས་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རྒྱ་གར་ཟ་ཧོར་མཚོ་པདྨ་ཅན་གྱི་ཀླུང་འགྲམ་དུ་གང་དྲན་འཛེམ་བག་མེད་པར་སྨྲས་པའོ།། །།