སྤར་བྱང་གི་རིགས་ཕྱོགས་གཅིག་ཏུ་བསྡེབས་པ།

From Dudjom Wiki
DJYD-KABUM-25-AA-013
Wylie title spar byang gi rigs phyogs gcig tu bsdebs pa DJYD-KABUM-25-AA-013.pdf
Location bdud 'joms rin po che bka' 'bum
Volume 25, Text 13, Pages 515-557 (Folios 1a1 to 22a3)
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Spar byang gi rigs phyogs gcig tu bsdebs pa. In Bdud 'joms 'jigs bral ye shes rdo rje'i gsung 'bum dam chos rin chen nor bu'i bang mdzod, Vol. 25: 515-557. Kalimpong: Dupjung Lama, 1979-1985.
Side notes Recto: spar byang   Verso: sna tshogs skor
More details More details
Genre Printing Colophon Prayers - par byang smon tshig
[edit]
༄༅། །སྤར་བྱང་གི་རིགས་ཕྱོགས་གཅིག་ཏུ་བསྡེབས་པ་བཞུགས། །[1b] ཤྲཱི་བི་ཛ་ཡནྟུ། གང་མཚན་སྣང་བས་འཇིགས་པའི་མུན་འཇོམས་ཤིང་། །ཕན་བདེའི་པད་ཚལ་བཞད་མཛད་ཐོད་ཕྲེང་རྩལ། །མགོན་ཁྱོད་ཡོན་ཏན་གངྒཱའི་རྡུལ་གྱི་མཐའ། །སྲས་བཅས་རྒྱལ་བས་བསྔགས་ཀྱང་ཟད་མི་ཤེས། །ཀུན་ཏུ་གཞན་དོན་འབའ་ཞིག་ལྷུར་ལེན་པ། །རྣམ་འདྲེན་མ་ལུས་མཛད་པ་ཆོས་མཚུངས་མདོ། །ཉམ་ཐག་གངས་ཅན་བོད་འབངས་རྟག་སྐྱོང་བའི། །བརྩེ་བའི་སྐུ་དྲིན་ཅན་དེ་ཁྱོད་ཁོ་ན། །དེང་དུས་མེ་ཏོག་མདའ་ལྔས་སྙིང་སྨས་པ། །འགའ་ཞིག་རྒྱལ་ཀུན་ངོ་བོ་ཁྱོད་ལ་ཡང་། །ལོག་པར་རྟོག་པའི་སྨྲེ་སྔགས་སྒྲོགས་ལ་ [2a] བརྩོན། །ཀྱེ་མ་དེ་དག་ལས་ཀྱི་མཐུ་ཡིས་བཅོམ། །འདི་ནི་ཕྱོགས་ཞེན་སྦར་མོའི་སྒྱུ་རྩལ་གྱིས། །གསང་བསྟན་ཉིན་བྱེད་བསྒྲིབ་པར་ནུས་མིན་ཀྱང་། །ཆོས་སྤོང་ལས་ངན་མེ་ལྕེས་རང་རྒྱུད་ཀྱི། །ཐར་པའི་ས་བོན་བསྲེག་མཐོང་མཆི་མ་དཀུ། །སྙིགས་མའི་རྣམ་འགྱུར་སྡུག་བསྔལ་རླབས་ཕྲེང་ཅན། །ལས་ཀྱི་རྒྱ་མཚོ་ཆེར་བྱིངས་གདུལ་བྱ་ལ། །སྙིང་རྗེའི་ཆུ་ཡིས་བཞིན་རས་བཀྲུས་པ་དེས། །འགྲོ་ཕན་གཏེར་ནི་ནམ་མཁའི་མཛོད་དུ་གཏམས། །སྨོན་ལམ་ལས་ཀྱི་འཕྲོ་སད་དགུ་ལྡན་གྱི། །བརྒྱུད་པའི་སྙིང་བཅུད་ཌཱ་ཀིའི་ཞལ་རླངས་ཅན། །ཡང་ཟབ་གདམས་ [2b] པའི་དབྱིག་གི་རྡོ་རྗེའི་རྒྱ། །རྣམ་སྣང་ལོ་ཧཱ་གཏེར་བདག་གླིང་པས་བཀྲོལ། །མཛེས་པའི་རྒྱུ་སྐར་ཁྲོད་ན་ཟླ་བ་བཞིན། །བསིལ་ལྡན་མཁས་གྲུབ་བྱེ་བའི་གཙུག་ཕུད་དུ། །ཞབས་སེན་ཅོད་པན་གསར་པ་རབ་བཀོད་པའི། །གྲགས་པའི་སྒྲ་དབྱངས་སྲིད་ཞིའི་ཁོངས་ན་སྙན། །གང་གི་ཟབ་གཏེར་ཡོངས་ཀྱི་ཕྱི་མོ་ནི། །རིག་འཛིན་ཐུགས་ཀྱི་ཐིག་ལེ་དྭངས་མའི་བཅུད། ཞིང་ཁམས་ཀུན་ཏུ་མཚན་ཙམ་ཐོས་དཀའ་བ། །བགྲོད་གཅིག་ལམ་བཟང་མཆོག་ཏུ་ངེས་པ་རྙེད། །ཚུལ་དེ་སྔ་འགྱུར་བསྟན་པའི་བཙས་དང་ནི། །ཐར་འདོད་སྐལ་བཟང་ཡིད་ཀྱི་གདུང་སེལ་ཕྱིར། །རིན་ཆེན་དྭངས་ཤེལ་ངོས་སུ་གཟུགས་བརྒྱ་བཞིན། །གཅིག་ལས་དུ་མར་འཇོ་བའི་སྤར་གྱི་འཕྲུལ། །དད་དང་ལྷག་བསམ་གཏོང་ཕོད་རིགས་ལ་སོགས། །ཡོན་ཏན་བརྒྱ་ཕྲག་ཀྭ༵་བས་ཉེར་བརྟན་ཅིང་། །བསོད་ནམས་ནོར་བུའི་བ་གམ་བརྩེགས་པའི་ཤོ༵ད། །མི་ཡི་གདེངས་ཅན་དབང་པོའི་བང་མཛོད་ལས། །འོ༵ག་མི༵ན་གངས་རིའི་ཁྲོད་ཀྱི་པདྨ་འོད། །སྨི༵ན་གྲོ༵ལ་གདམས་ཟབ་བདུད་རྩིའི་མཚོ་གླི༵ང་གི། །ངོ་མཚར་ཆོས་རྒྱུན་ནོར་བུའི་གྲམ་བུ་ཆེ། །ནོར་འཛིན་བཅུད་དུ་བརྡལ་བའི་དཔྱིད་དུ་བསྐྲུན། །སྔགས་ [3a] བཏུ་ཟུར་ཆགས་མཁའ་འགྲོའི་བརྡ་ལ་སོགས། །དགོས་པ་ཁྱད་འབྲེལ་རྡོ་རྗེའི་གསང་ཚིག་ལ། །ཐ་མལ་རྟོག་གེ་རིག་པས་དཔྱད་པ་ནི། །ནམ་ཡང་མི་མཛའ་ཡོངས་དག་ཆེན་པོར་རྟོགས། །འོན་ཀྱང་ཚིག་སྡེབ་ནོར་བ་རྒྱུན་འབྱམས་རིགས། །ཚུལ་བཞིན་བཅོས་ལ་ནོངས་པའི་དྲིས་དབེན་ཕྱིར། །སྒྲ་དང་ཐ་སྙད་ཕྱོགས་རེར་མ་སོང་བར། །དཔྱད་པ་གསུམ་གྱིས་ཞུས་ཤིང་གཏན་ལ་ཕབ། །དེ་ལྟ་མོད་ཀྱི་བདག་ལྟ་སོ་སྐྱེས་བློ། །ཟབ་མོའི་གནས་ལ་ལྐོག་ཏུ་གྱུར་པས་ན། །གཟུ་ལུམ་རས་ཆོད་འགལ་འཁྲུལ་ཉེས་ཅི་མཆིས། །རྩ་གསུམ་སྤྱན་སྔར་འཆགས་སོ་དག་ཚངས་སྩོལ། །ཆོས་བརྒྱད་འདམ་བྲལ་ལེགས་བྱས་པདྨོ་ནི། །དགོས་པ་བརྒྱ་ཕྲག་འཇོ་བའི་ཟིལ་དངར་ཅན། །སྨོན་ལམ་ཉི་མའི་རླབས་ཀྱིས་ཕྱེས་པ་ལས། །ས་གསུམ་བུང་བའི་དགའ་སྟོན་འདི་གྲུབ་བོ། །དེ་ལས་ཐོབ་པའི་རྣམ་དཀར་ས་བོན་གང་། །དམིགས་མེད་བྱང་ཆེན་ཞིང་སར་རྒྱས་བཏབ་པས། །བསོད་ནམས་རྒྱུ་ལས་ཡོངས་སྨིན་འབྲས་བཟང་ནི། །དོན་གཉིས་ལྷུན་གྱིས་གྲུབ་པའི་དཔལ་གྱུར་ཅིག ། ཕན་བདེའི་འབྱུང་གནས་རྒྱལ་བསྟན་རིན་པོ་ཆེ། །སྤྱི་དང་ཁྱད་པར་སྔ་འགྱུར་ [3b] རྡོ་རྗེ་ཐེག །བཤད་སྒྲུབ་སྣང་བས་ས་ཆེན་ཀུན་ཁྱབ་ཅིང་། །ནམ་ཡང་མི་ནུབ་སྲིད་འདིར་ཡུན་གནས་ཤོག ། བསྟན་འཛིན་མཆོག་རྣམས་ཞབས་པད་བསྐལ་བརྒྱར་བརྟན། །འགྲོ་དོན་ཕྲིན་ལས་རབ་རྒྱས་བ་ཞེད་རྒུ་འགྲུབ། །དགེ་འདུན་སྡེ་ཀུན་ཐུགས་མཐུན་བསླབ་ལ་གནས། །འཁོར་ལོ་གསུམ་གྱི་བྱ་བ་གོང་འཕེལ་ཤོག ། དག༵འ་བ་བརྒྱ་ལྡ༵ན་གནམ་བསྐོས་ཕོ༵་བྲ༵ང་ཆའི། །ལུགས་ཟུང་ཆབ་སྲིད་མངའ་ཐང་དགུང་དུ་བདོ། །ཕྱོ༵གས་ལ༵ས་རྣམ༵་རྒྱལ༵་དབུ་རྨོག་བཙན་པོ་ཡིས། །ཡངས་པའི་ནོར་འཛིན་ཆོས་བཞིན་སྐྱོང་བར་ཤོག །སངས་རྒྱས་གཉིས་པའི་རིང་ལུགས་ཟླ་བྲལ་བ། །བཀའ་གཏེར་སྨི༵ན་གྲོ༵ལ་རྒྱ་མཚོ་འཁྱིལ་བའི་གླི༵ང་། །ཕུན་ཚོགས་དགའ་བ་དབྱར་གྱི་ཆུ་གཏེར་བཞིན། །ས་ཡི་ཁོངས་འདིར་མཚུངས་མེད་དར་རྒྱས་ཤོག །གངས་ཅན་འདིས་མཚོན་རྒྱལ་ཁམས་ཕྱོགས་ཀུན་ཏུ། །མི་མཐུན་རྒུད་པའི་མིང་ཡང་མི་གྲགས་ཤིང་། །སྣོད་བཅུད་ཕན་བདེའི་དགེ་མཚན་རབ་འཕེལ་བས། །རྫོགས་ལྡན་དཔྱིད་ཀྱི་དཔལ་མོ་འཛུམ་པར་ཤོག །འདིར་འབད་བྱེད་པོ་འབྲེལ་བཅས་ཚེ་རབས་སུ། །ཨོ་རྒྱན་རྡོ་རྗེ་འཆང་གིས་རྗེས་བཟུང་སྟེ། །སྒྲིབ་གསུམ་རང་གྲོལ་ཚོགས་ཆེན་གསུམ་མཐར་ཕྱིན། །ཚོམ་དུ་གཅིག་ཏུ་ [4a] འཁོར་བ་དོང་སྤྲུགས་ཤོག །གསུང་རྟེན་འདི་ཡང་མཁའ་དང་ཉི་ཟླའི་འགྲོས། །མཚུངས་པར་སྲིད་ན་རྟག་ཅིང་ཡོངས་སུ་ཁྱབ། །མཚོ་སྐྱེས་བླ་མའི་དགོངས་པ་རྫོགས་གྱུར་ཏེ། །བསྟན་ལ་བྱ་བ་རླབས་སུ་ཆེ་བར་ཤོག །ལྷག་བསམ་གསེར་གྱི་ཡུ་བས་བཏེགས་པ་ཡི། །ལེགས་སྤྱད་གོས་བཟང་གཡོ་བའི་རྒྱལ་མཚན་རྩེ། །ངེས་གསང་རིང་ལུགས་ནོར་བུ་བཻཌཱུརྱས། །ཉེར་མཛེས་གྲུབ་གཉིས་འདོད་རྒུ་ཆར་འབེབས་ཤོག ། མཚན་མས་འཇི༵གས་བྲ༵ལ་མི་ཤིགས་བདེ་བ་ཆེ། །ཡེ༵་ཤེ༵ས་ཉི་མའི་དགའ་བའི་ལང་ཚོ་ནི། །རྡོ༵་རྗེ༵་སྙིང་པོའི་སྲོག་ཏུ་ཡོངས་གྲུབ་པའི། །བདེན་པ་གང་དེས་དེང་འདིར་ཤིས་གྱུར་ཅིག །ཅེས་པའང་རིང་ནས་ཐུགས་བསྐྱེད་ཀྱི་ཕྲིན་ལས་རྨད་དུ་བྱུང་བས་ཆོས་སྦྱིན་གཏོང་བའི་སྒོ་འཕར་ཡངས་པར་ཕྱེ་བ་དཔལ་མིའི་དབང་པོ་ཉིད་དང་། །སྨིན་གླིང་ནས་སྔ་འགྱུར་བསྟན་པའི་ཤིང་རྟ་སྐྱབས་རྗེ་གཅུང་རིན་པོ་ཆེ་ལྷན་རྒྱས་པས་ཆེད་དུ་བཀའ་སྩལ་པ་བཞིན། རང་ཉིིད་ཀྱང་ཚུལ་འདིར་མངོན་པར་མོས་པའི་བློས་སྤར་ཤིང་ཡོངས་རྫོགས་ཞལ་འདེབས་དང་འབྲེལ་ཕྱི་མོའི་ཞུས་དག་དང་སྤར་གྱི་དོ་དམ་སྲི་ཞུ་ལྷུར་བླངས་ཏེ་ཁྱུ་མཆོག་གི་ལོ་སྨིན་ཟླའི་ཡར་ངོའི་ཚེས་བཅུ་ལ་ [4b] ལེགས་པར་གྲུབ་པའི་སྐབས་སུ་འདོད་དོན་སྨོན་པའི་ཚིག་ཕྲེང་མདོ་ཙམ་སྤེལ་བ་པོ་ནི། །ཨོ་རྒྱན་སངས་རྒྱས་གཉིས་པའི་རིང་ལུགས་སྨྲ་བ་ལྷ་རིགས་ཀྱི་སྔགས་བན་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྟེ། །ཤར་ཕྱོགས་ཀོང་ཡུལ་ལྗོན་པའི་སའི་ཐིག་ལེ་བུ་ཆུ་བདེ་ཆེན་སྟེང་གི་ཆོས་སྡེ་རིག་པ་འཛིན་པའི་དགའ་ཚལ་དུའོ། །འདིས་ཀྱང་བསྟན་འགྲོ་ཡོངས་ལ་བདེ་ལེགས་ཀྱི་དཔལ་ཕུན་སུམ་ཚོགས་པ་སིདྡྷི་རསྟུ།། །།
༈    །   ཨོཾ་སྭསྟི།   རབ་འབྱམས་རྒྱལ་ཀུན་ཕྲིན་ལས་འདུས་པའི་དངོས།   །བདུད་འདུལ་ཐོད་ཕྲེང་རྩལ་འཆང་ཧེ་རུ་ཀ   །མཁའ་འགྲོ་མི་བཟད་འབར་བའི་སྤྲིན་འཕྲོ་བས།   །དེང་འདིར་བདུད་ལས་རྣམ་རྒྱལ་ཤིས་པ་སྩོལ།   །ཐུགས་བསྐྱེད་ཁྱད་འཕགས་གདུལ་བྱ་དུས་བབས་ཀྱི།   །སྨོན་ལམ་ལས་འཕྲོ་བཟང་པོ་ཉེར་སད་ལས།   །གཏེར་བྱིན་གྲུབ་པའི་ཚོགས་རྗེ་བདུད་འཇོམས་པའི།   །ཟབ་གཏེར་སྙིང་པོ་གནམ་ལྕགས་སྤུ་གྲིའི་སྲོལ།   །གང་གི་མཚན་ཙམ་འཛིན་ཅིང་མོས་པ་ལའང་།   །དངོས་གྲུབ་རྣམ་གཉིས་རྫོགས་ལྡན་སྤྲིན་བཞིན་དུ།   །མངོན་སྣང་ཌཱ་ཀིའི་ཞལ་རླངས་མ་ཡལ་བ།   །དུས་གསུམ་འབྱོན་དཀའ་ཨུ་དུམྺ་རར་མཚུངས།   །སྙིགས་དུས་མཐའ་དམག་བར་གཅོད་འདུལ་བའི་ཕྱིར།   ། [5a] གངས་ལྗོངས་བསྟན་པའི་སྲོག་རྩ་འདིས་བཟུང་ཞེས།   །བདེན་གསུངས་རྡོ་རྗེའི་ལྗགས་ཀྱི་ཆེ་ཐང་དུ།   །ལན་གཅིག་མིན་པར་བསྔགས་པའི་གླིང་བུ་བསྒྱུར།   །དེ་སླད་བསྟན་དང་གཞན་ཕན་ཁོ་ནའི་ཆེད།   །འཛད་མེད་ཆོས་སྦྱིན་གྲུ་ཆར་འབེབས་བྱའི་ཕྱིར།   །ངོ་མཚར་སྤར་གྱི་ཆུ་འཛིན་སྟུག་པོ་ནི།   །ལྷག་བསམ་ཡིད་ཀྱི་མཁའ་ལམ་ཡངས་པར་བྲེས།   །ལེགས་བྱས་ཆུ་བོའི་གཏེར་ལས་ཉེར་འཐོན་པའི།   །བསོད་ནམས་འོད་སྟོང་ཅན་དེ་ཤར་ཙ་ན།   །ཉེས་བརྒྱའི་རྒུད་མུན་འཐུག་པོ་མཐར་བྱས་ཏེ།   །ཕན་བདེའི་གེ་སར་འཛུམ་ཕྲེང་ཅིས་མི་དགོད།   །ཕྲིན་ལས་གྲུབ་པའི་རིག་འཛིན་ཚོམ་བུར་བཅས།   །དབྱིངས་ནས་དགྱེས་པའི་འཛུམ་ཞལ་མངོན་བསྟན་ཏེ།   །བསྔགས་པའི་དབྱངས་བཅས་རབ་མཛེས་མེ་ཏོག་ཆར།   །སིལ་མར་འབེབས་པས་ཀུན་ཏུ་ཤིས་པར་མཛོད།   །ཐུབ་བསྟན་སྤྱི་དང་རྡོ་རྗེ་ཐེག་པའི་སྲོལ།   །དེ་འཛིན་སྐྱེས་བུ་འདུས་པའི་དགེ་འདུན་བཅས།   །མི་མཐུན་བར་ཆད་གཡུལ་ལས་རབ་ཏུ་རྒྱལ།   །ཆོས་སྲིད་ལེགས་ཚོགས་མངའ་ཐང་གོང་འཕེལ་ཤོག    །གངས་ཅན་འདིས་མཚོན་ཡངས་པའི་རྒྱལ་ཁམས་སུ།   །ནད་མུག་མཚོན་སོགས་དུས་ཀྱི་རྒུད་པ་ཞི།   །སྣོད་ [5b] བཅུད་ཕན་བདེའི་དགེ་མཚན་རབ་རྒྱས་པས།   །བདེ་སྐྱིད་རྫོགས་ལྡན་ལང་ཚོ་གསར་འཆར་ཤོག    །ཚུལ་འདིར་མོས་པས་འབྲེལ་བཅས་སྐྱེ་རྒུ་རྣམས།   །གནས་སྐབས་མི་འདོད་ཀུན་ཞི་མཐུན་རྐྱེན་འབྱོར།   །མཐར་ཐུག་ལྷག་པའི་ལྷ་ཡིས་རྗེས་བཟུང་སྟེ།   །དོན་གཉིས་བསམ་པ་ཡིད་བཞིན་འཇོ་བར་ཤོག  །   ལམ་མཆོག་ཉིན་མོར་བྱེད་པའི་ཚུལ་འདི་ཡང་།   །མི་ནུབ་གདུལ་བྱའི་ཡིད་མཁར་རྟག་འཆར་བས།   །སྐལ་བཟང་ཀུན་དགའི་དགའ་སྟོན་རྒྱས་པ་ཡི།   །བདེ་ལེགས་སྣང་བས་ཞིང་ཀུན་མཛེས་གྱུར་ཅིག  །   ཅེས་པའང་རིགས་ལྡན་གྱི་ཤེས་རབ་མ་ཚེ་བརྟན་གཡུའི་སྒྲོན་མས་དད་གཏོང་གི་སྒོ་འཕར་ཡངས་པོར་ཕྱེས་པ་རྩ་བར་བཟུང་།   དད་པ་ཅན་རྣམས་ཀྱིས་ཀྱང་ཇི་ལྟར་འོས་པའི་མཐུན་པའི་རྐྱེན་སྦྱར་བ་དང་བཅས་ཏེ་ས་མོ་ཡོས་ཀྱི་ལོ་ལ་སྤར་དུ་བསྐྲུན་པའི་ཚེ།   རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་སྤྲོ་བའི་སེམས་ཀྱིས་ཆེད་དུ་བརྗོད་པ་ཤྲཱི་བི་ཛ་ཡནྟུ།།   །།
༈    །   ཨོཾ་སྭསྟི་སིདྡྷཾ།   ཀུན་ཁྱབ་གདོད་ནས་ཀ་དག་གཉུག་མའི་གཤིས།   །མ་འགག་ཟུང་འཇུག་བདེ་ཆེན་རྡོ་རྗེའི་སྤྲིན།   །གང་འདུལ་ཐུགས་རྗེ་རང་སྣང་སྟོན་པ་རུ།   །ཡོངས་ཤར་ཁྲག་འཐུང་བདུད་ [6a] འཇོམས་དཔའ་བོ་རྒྱལ།   །ཁྱོད་ཐུགས་འོད་གསལ་ཀློང་ཆེན་ནམ་མཁའི་བབས།   །བློས་བྱས་སྒོམ་ལས་རབ་འདས་རྫོགས་པ་ཆེ།   །བརྗོད་བྲལ་བདེ་བ་ཆེན་པོའི་ལྷུམས་ཞུགས་པས།   །ཀུན་བཟང་བླ་མའི་དགོངས་པར་རོ་གཅིག་འདྲེས།   །གང་ཚེ་ལྷུན་གྲུབ་སྒྱུ་འཕྲུལ་དྲྭ་བའི་གར།   །ཞིང་དང་སྟོན་འཁོར་མི་ཟད་རྒྱན་འཁོར་ལོར།   །ཡོངས་སྣང་སྐད་ཅིག་བསྐལ་པར་བསྒྱུར་བའི་སྟོབས།   །ངོ་མཚར་དག་པའི་གཟིགས་མོ་འབྱམས་སུ་ཀླས།   །དེ་ཚེ་ཆོས་ཉིད་མི་ཤིགས་ན་དཱའི་དབྱངས།   །གནས་ལུགས་རང་བྱུང་རྡོ་རྗེ་གསང་བའི་རྒྱུད།   །ཟབ་ལས་ཆེས་ཟབ་ཀུན་བཟང་དགོངས་པའི་བཅུད།   །འབུམ་ཕྲག་རྒྱུད་སྡེའི་སྙིང་པོའི་ཆོས་ཆར་ཕབ།   །ལུང་རིག་བཤད་ཡམ་ཚིག་གིས་མ་རྙོགས་པའི།   །ཀློང་བརྡོལ་གཏམ་གྱི་བདུད་རྩིའི་ཉིང་ཁུ་ནི།   །གདམས་ངག་ཚེ་གཅིག་སངས་རྒྱས་ལག་བཅངས་སུ།   །ལེགས་གཏོད་སྐལ་བཟང་སྙིང་གི་ཟུངས་སུ་སྨིན།   །མཁས་པའི་གཞུང་ལུགས་ཕལ་དང་འདི་མི་འདྲ།   །གྲུབ་པའི་དོ་ཧ་ཕལ་དང་འདི་མི་འདྲ།   །ཟབ་ཟབ་གདམའ་པ་ཕལ་དང་འདི་མི་འདྲ།   །ཡིན་ཡིན་ཉམས་ལེན་ཕལ་དང་འདི་མི་འདྲ།   །རྗོད་ [6b] བྱེད་ཚིག་ཉུང་བརྗོད་བྱ་དོན་ཟབ་པ།   །དུས་གསུམ་མ་རྙེད་ཨུ་དུམྦ་ར་བཞིན།   །ལེགས་བྱོན་ཀུན་ཏུ་བཟང་པོ་དངོས་མཇལ་ཡང་།   །འདི་ལས་གཞན་དུ་ཚིག་གཅིག་ཡོད་རེ་ཀན།   །ཤིན་ཏུ་ལྔ་བདོ་ཐ་མའི་དུས་འདིར་ཡང་།   །ཀུན་བཟང་ཐུགས་ཀྱི་བསྟན་པ་འབྱུང་ངོ་ཞེས།   །རྡོ་རྗེས་ལུང་གིས་དྲིལ་ཆེན་བསྒྲགས་པའི་དོན།   །བསླུ་མེད་མངོན་སུམ་མཐོང་བའི་དགེ་མཚན་ཤར།   །སྙིང་ནས་ཐར་འདོད་སྐལ་བཟང་གྲོགས་རྣམས་ཀྱི།   །ཟབ་ཟབ་མང་པོས་འགྲམ་ཆུ་མ་ལྡང་བར།   གཞུང་བཟང་གཅིག་ཤེས་ཀུན་གྲོལ་འདིར་གཟིགས་ལ།   །སྣ་ཚོགས་གདམས་པའི་སྤྲོས་པ་འདི་རུ་ཆོད།   །ཐ་སྙད་རྟོག་གེ་རིག་པའི་བསྟན་བཅོས་བཞིན།   །ཚིག་དོན་འཚོལ་ལ་དཀའ་ངལ་མི་འཚལ་གྱི།   །མོས་གུས་བསྐྱེད་ལ་མ་ཡེངས་རང་བབས་དང་།   །མཇལ་ན་བྱིན་བརྒྱུད་ཡེ་ཤེས་འཐོབ་པར་ངེས།   །མི་བསླུ་ཉག་གཅིག་གདམས་པ་རིན་པོ་ཆེ།   །འདི་འདྲའི་ཚིག་གཅིག་ཐོས་དང་མཇལ་བས་ཀྱང་།   །ཆོས་སྐུའི་ཡེ་ཤེས་རྗེན་པར་རྟོགས་འགྱུར་ན།   །ཚུལ་བཞིན་འཛིན་རྣམས་རྒྱལ་བ་དངོས་མིན་ནམ།   །དེ་སླད་སྲིད་པ་རིན་ཐང་མེད་བགྱིད་པའི།   །ཆོས་སྐུའི་འདྲ་འབག་ཆོས་ཀྱི་རིང་ [7a] བསྲེལ་མཆོག    །སྙིང་པོ་མེད་པ་སྒྱུ་མའི་ནོར་རྫས་ལས།   །སྙིང་པོའི་དབྱིག་ཏུ་བསམ་ཕོ་ཐའི་ཇིས་བསྐྲུན།   །རིང་ནས་གོམས་པའི་རྣམ་དཔྱོད་གྲུང་པོ་ནི།   །ཨ་ཏི་རྫོགས་པ་ཆེན་པོའི་བསྟན་པ་ལ།   །རིམ་གྲོར་བགྱི་བའི་གཡར་དམ་རྡོ་རྗེ་བཞིན།   །དུས་སུ་ངོམས་འདི་སངས་རྒྱས་ཉིད་ཀྱི་མཐུ།   །འདུས་བྱས་རྣམ་དཀར་ཕྲ་མོའི་དགེ་ཚོགས་ཀྱང་།   །དཔག་པར་དཀའ་ན་ཟག་མེད་འདུས་མ་བྱས།   །ཁམས་གསུམ་ཆོས་དབྱིངས་ཀློང་དུ་བཟླུམ་པ་ཡི།   །བསོད་ནམས་ཕ་མཐའ་སུ་ཞིག་གཞལ་བར་ནུས།   །བློ་ཡི་ཡུལ་མིན་བརྗོད་བྲལ་གཉུག་མའི་དོན།   །རྗོད་བྱེད་གླེགས་བམ་འཕྲུལ་གྱིས་གསལ་བྱས་གང་།   །རྒྱལ་བའི་ཕྲིན་ལས་བསམ་མི་ཁྱབ་པའི་གནས།   །གདུལ་བྱའི་ཁམས་ལ་འཇུག་པའི་ཚུལ་ཁོ་ན།   །ལེགས་བྱས་དྲི་མ་མེད་ལས་འགྲོ་ཀུན་གྱི།   །མེད་སྣང་གློ་བུར་འཁྲུལ་པ་རང་སངས་ཏེ།   །གནས་ལུགས་མ་བཅོས་རང་བྱུང་གདོད་མའི་གཞི།   །སྤངས་ཐོབ་བྲལ་བའི་དེ་ཉིད་མངོན་གྱུར་ཤོག    །ཆོས་ཚུལ་འདི་ཡང་ཉི་ཟླའི་དཀྱིལ་འཁོར་བཞིན།   །ནམ་མཁའ་ཇི་སྲིད་རྟག་ཅིང་ཡོངས་སུ་ཁྱབ།   །ཐེག་མཆོག་སེང་གེའི་ང་རོ་ཆེར་སྒྲོགས་པས།   །ལོག་རྟོགས་ [7b] ཝ་སྐྱེས་ཀླད་པའི་འགེམས་བྱེད་ཤོག    །ཀུན་ཁྱབ་གན༵ས་ལུག༵ས་ཀ་དག་རྫོགས་པ་ཆེ།   །མ་བཙལ་ར༵ང་བྱུང༵་ལྷུན་གྲུབ་རིག་པའི་གཤིས།   །འཕོ་བྲལ་རྟག་པ་དམ་པའི་བདེན་པ་ཡིས།   །བཀྲ་ཤིས་ཀུན་ཏུ་བཟང་པོར་གྲུབ་གྱུར་ཅིག  །   ཅེས་པའང་དཔལ་མིའི་དབང་པོ་ཚེ་དབང་རིག་འཛིན་རྣམ་པར་རྒྱལ་བའི་སྡེའི་ཐུགས་བསྐྱེད་ཕྲིན་ལས་ཀྱི་ཆ་ལས་ཆོས་སྐུའི་རིང་བསྲེལ་ཆོས་སྦྱིན་མི་འཛད་པའི་གཏེར་དུ་བསྐྲུན་ཏེ་ངོ་མཚར་བས༵མ་རྒུ་འགྲུབ༵་པའི་གནྡྷོ་ལ་འོག་མིན་ཀུན་ཏུ་བཟང་པོའི་ཕོ༵་བྲ༵ང་གི་མཆོད་སྡོང་ཆེན་པོར་བཞུགས་སུ་གསོལ་བའི་སྐབས།   ཕྱི་མོའི་ཡིག་བསྡེབས་ཡུལ་སྐད་དུ་ཤར་བ་སོགས་མ་དག་ནོར་བ་རྒྱུན་འབྱམས་ཀྱི་སྐྱོན་རྣམས་བསལ་ཏེ་ལེགས་པར་དཔྱད་པའི་སྒོ་ནས་དག་གཙང་དུ་གཏན་ལ་ཕབ་པ་དང་འབྲེལ་སྤར་བྱང་སྨོན་པའི་ཚིག་ཕྲེང་ཅུང་ཟད་བསྟར་བ་པོ་ནི་གཏེར་འབྱིན་རིག་འཛིན་ཆེན་པོ་གང་གི་སྐྱེ་བའི་སྒྱུ་གར་དུ་རློམ་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྟེ།   འདིས་ཀྱང་འོད་གསལ་རྫོགས་པ་ཆེན་པོའི་བསྟན་པ་བཤད་སྒྲུབ་ཀྱི་བྱ་བ་རླབས་པོ་ཆེར་སྤྱོད་པས་སྐལ་ལྡན་གྱི་གདུལ་བྱ་དཔག་ཏུ་མེད་པ་ནང་དབྱིངས་གདོད་མའི་གཞི་ཐོག་ཏུ་གྲོལ་བའི་རྒྱུར་གྱུར་ཅིག།   །།   
༈     །ཨོཾ་སྭསྟི།   ཞབས་སེན་ནོར་བུའི་དོ་ཤལ་ [8a] ནི།   །གྲུབ་པ་བྱེ་བའི་ཅོད་པན་དུ།   །རབ་མཛེས་ཁམས་གསུམ་ཆོས་ཀྱི་རྒྱལ།   །ཁྲག་འཐུང་བདུད་འཇོམས་དཔའ་བོར་བསྔགས།   །སངས་རྒྱས་གཉིས་པ་མཚོ་སྐྱེས་རྗེའི།   །དགོངས་བརྒྱུད་གཅིག་ཆར་འཕོས་པ་ལས།   །ངེས་གསང་སྙིང་པོའི་རྒྱལ་ཐབས་ལ།   །ཡང་དག་ཉིད་དུ་ཁྱོད་དབང་བསྒྱུར།   །གྲུབ་བརྒྱའི་མེས་པོ་ས་ར་ཧས།   །ཟབ་དོན་གདམས་པའི་ཕ་ཕོག་གང་།   །རང་དབང་བྱིན་ལས་རྩོད་དུས་འདིར།   །ཨ་ཏིའི་ཤིང་རྟ་མཆོག་ཏུ་གྲུབ།   །ཆོས་ཉིད་འོད་གསལ་ཀློང་ལྔའི་སྒྲོམ།   །རང་བྱུང་རིག་པས་རྒྱ་བཀྲོལ་བས།   །ཀུན་བཟང་ཐུགས་ཀྱི་གཏེར་ཁ་ནི།   །འཛད་མེད་ནམ་མཁའ་མཛོད་དུ་བརྡོལ།   །ཐེག་རྩེ་ཤིན་ཏུ་རྣལ་འབྱོར་དང་།   །ཡོངས་འབྲེལ་བསྐྱེད་དང་རྫོགས་པའི་རིམ།   །ཤེས་རབ་ཡུམ་ཆེན་ཁྲོས་མ་རུ།   །བསྒྲུབ་པའི་མན་ངག་བཅུད་དུ་ཕྱུངས།   །འདིར་ཞུགས་དངོས་གྲུབ་མཆོག་བརྙེས་པ།   །མང་བྱོན་མངོན་སུམ་ཚད་མ་སྟེ།   །གྲུབ་བརྙེས་འབུམ་ཕྲག་གྲངས་འབྱུང་བར།   །བསླུ་མེད་རྡོ་རྗེའི་ལུང་གིས་བསྒྲགས།   །དེ་སླད་སྐལ་བཟང་གདུལ་བྱ་ལ།   །ཕན་པའི་བཙས་སུ་ཐུགས་བསྐྱེད་དེ།   །སྔོན་མེད་ཆོས་སྦྱིན་སྒོ་འཕར་ [8b] ནི།   །མི་དབང་ཐའི་ཇིས་དེང་འདིར་ཕྱེས།   །བས༵མ་རྒུ་འགྲུབ༵་པའི་ལྷའི་དགའ་ཚལ།   །བདེ་བ་ཆེན་པོའི་ཕོ༵་བྲ༵ང་དུ།   །མི་འཛད་ཆོས་ཟབ་གཏེར་བདོགས་ཀྱི།   །མོས་ལྡན་ཚོགས་རྣམས་སྤྲོ་བས་ལོངས།   །འདི་དང་གཏན་གྱི་རྒུད་པའི་མུན།   །མཐར་བྱེད་བསོད་ནམས་འོད་སྟོང་ཅན།   །ལེགས་བྱས་དགུང་དུ་ཆས་པ་གང་།   །ཡིད་བཞིན་ནོར་བུས་བསྐྲུན་ནུས་མིན།   །ཁྱབ་བདག་བླ་མ་ཧེ་རུ་ཀ   །གནས་གསུམ་ཌཱ་ཀིའི་སྤྲིན་འཕྲོ་བ།   །དབྱིངས་ནས་དགྱེས་པའི་གར་དང་བཅས།   །བསྔགས་པའི་མེ་ཏོག་འཐོར་ལ་བརྩོན།   །ཚུལ་འདིར་འབད་པའི་དགེ་བ་གང་།   །ཚུལ་འདིའི་རིང་ལུགས་རྒྱས་ཕྱིར་བསྔོ།   །དེ་ཡིད་གདུལ་བྱ་རབ་སྨིན་ཅིང་།   །དེས་ཀྱང་འཁོར་བ་དོང་སྤྲུགས་ཤོག    །བསྟན་ལ་བྱ་བ་རླབས་ཆེ་བ།   །འདི་ཀོ་དམ་པའི་ངང་ཚུལ་ཏེ།   །དམ་པའི་བདེ་པ་མཐར་ཕྱིན་ནས།   །བསྟན་པའི་སྒྲོན་མེ་ཡུན་གནས་ཤོག  །   བཀྲ་ཤིས་ཀུན་གྱི་བཀྲ་ཤིས་པ།   །མི་འགྱུར་ཡེ༵་ཤེ༵ས་བདེ་བ་ཆེ།   །རྡོ༵་རྗེ༵་བཙུན་མོར་དགྱེས་རོལ་པའི།   །བཀྲ་ཤིས་སྣང་བ་རྟག་གྱུར་ཅིག    །ཅེས་པའང་གཏན་པ་མེད་པའི་ཆོས་སྦྱིན་གྱི་སྒོ་འཕར་འབྱེད་པ་པོ་དཔལ་མིའི་དབང་པོ་ཚེ་དབང་རིག་ [9a] འཛིན་རྣམ་པར་རྒྱལ་བའི་སྡེའི་ཐུགས་ཀྱི་བཞེད་པ་སྐོང་བའི་སླད་དུ་རིག་པ་འཛིན་པའི་མྱུ་གུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་སྤྲོ་ཞིང་རྗེས་སུ་ཡི་རང་བའི་སེམས་ཀྱིས་བརྗོད་པ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག    །སརྦ་དཱ་མངྒ་ལཾ།།   །།
༈     །ཨོཾ་སྭསྟི།   རབ་འབྱམས་དཀྱིལ་འཁོར་འཁོར་ལོའི་སྤྲིན་ཇི་སྙེད།   །ཁྱབ་བདག་བླ་མའི་ཡེ་ཤེས་ཉག་གཅིག་སྟེ།   །དེ་སྙེད་མངོན་པར་མཆོད་ཅིང་བསྙེན་པ་བས།   །ཆེས་འཕགས་ལམ་བཟང་གཞན་དུ་ཡོད་མ་ཡིན།   །ཉེས་གདུང་མུན་པའི་གཡུལ་ངོ་མཐར་བྱེད་ཅིང་།   །ཚོགས་ཟུང་ཀུནྡའི་ལང་ཚོ་སྤེལ་བ་ལ།   །བཀའ་གཏེར་རྒྱུད་ལུང་རྒྱ་མཚོ་བསྲུབ་པའི་བཅུད།   །སྔོན་མེད་མན་ངག་ཟླ་གཞོན་དེང་འདིར་ཤར།   །ཚུལ་འདི་མོས་ལྡན་ཐར་འདོད་སྐལ་བཟང་གིས།   །མྱུར་བདེའི་འཇུག་ངོགས་གཅིག་ཏུ་ངེས་རྙེད་ནས།   །འགྱུར་མེད་རྡོ་རྗེའི་ལྷག་བསམ་ཆུ་འཛིན་ལས།   །མི་འཛད་ཆོས་སྦྱིན་གྲུ་ཆར་འདི་ན་ཕབ།   །དེ་ལྟའི་བསོད་ནམས་རིན་ཆེན་མྱུ་གུ་ལས།   །ཕན་བདེའི་སྙེ་མ་གཡུར་དུ་རབ་ཟ་བ།   །ལུས་ཅན་སྐྱེ་རྒུའི་ཉེར་འཚོའི་གཞིར་གྱུར་ནས།   །བཀྲ་ཤིས་དཔལ་གྱིས་ཞིང་ཀུན་མཛེས་བྱེད་ཤོག  །    [9b] ཅེས་ལེགས་བྱས་ཡོངས་སུ་གྲུབ་པའི་འདོད་དོན་གྱི་སྨོན་ཚིག་དགའ་བ་བཞིའི་གྲངས་ལྡན་འདིའང་རྣམ་དཀར་སྒྲུབ་པ་པོའི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་རྗེས་སུ་ཡི་རང་བའི་སེམས་ཀྱིས་བརྗོད་པ་སིདྡྷི་རསྟུ།།   །།
༈     །ཨོཾ་སྭསྟི།   བསྒྲངས་ཡས་ཐེག་པའི་ཡང་རྩེ་རྨད་བྱུང་བ།   །སྔ་འགྱུར་འོད་གསལ་རྫོགས་པ་ཆེན་པོའི་སྲོལ།   །གསང་བ་མན་ངག་ཨ་ཏིའི་མཐར་ཐུག་ལམ།   །གདོད་མའི་གནས་ལུགས་རང་ཞལ་མཛད་པའི་ཐབས།   །གྲུབ་དབང་གཏེར་ཆེན་བདུད་འཇོམས་གླིང་པ་རྩལ།   །གང་གི་ཐུགས་ཀློང་ཡེ་ཤེས་སྒྱུ་འཕྲུལ་ལས།   །བརྒྱུད་གསུམ་རང་སྣང་སྟོན་པའི་ཕ་ཕོག་ཏུ།   །སྩལ་བའི་གདམས་ཟབ་བདུད་རྩིའི་ཟེག་མ་འདི།   །སྐལ་ལྡན་གདུལ་བྱའི་ཡིད་ཀྱི་པད་ཚལ་དུ།   །རྡོ་རྗེ་སྙིང་པོའི་འོད་སྟོང་འབར་བའི་གཟི།   །ནུབ་མེད་སྤྲོ་ཕྱིར་སྤར་གཞིའི་མཁའ་ལམ་ངོས།   །ལྷག་བསམ་རྣམ་དཀར་ཤིང་རྟའི་འཕྲུལ་གྱིས་དྲངས།   །ལེགས་བྱས་དེ་མཐུས་གསང་བསྟན་དྲི་བསུང་ཆེ།   །མུ་མེད་ཕྱོགས་ཀྱི་ཕ་མཐར་བགྲོད་ནས་ཀྱང་།   །ཡིད་ཅན་རྐང་དྲུག་ཚོགས་རྣམས་ཡོངས་བསྡུས་ཏེ།   །རྣམ་གྲོལ་ཟིལ་མངར་མཆོག་ལ་སྦྱོར་ [10a] གྱུར་ཅིག    །ཅེས་པའང་སྦས་ལྗོངས་པདྨ་བཀོད་དུ་རྣམ་དཀར་བྱེད་པོ་རིག་འཛིན་བདུད་འཇོམས་གླིང་པའི་མཚན་གྱི་བྱིན་རླབས་འཆང་བ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་རང་ཉིད་ཀྱིས་སྤར་བྱང་སྨོན་ཚིག་ཏུ་སྤེལ་བ་དགེ་ལེགས་མཆོག་གི་རྒྱུར་གྱུར་ཅིག།   །།   
༈     །སྭསྟི།   ཐུགས་རྗེའི་སྟོབས་ཀྱིས་སྙིགས་མའི་འགྲོ་སྒྲོལ་བའི།   །ཚད་མེད་ཕྲིན་ལས་རྒྱ་མཚོའི་རྣམ་ཐར་ཆེར།   །བདེན་གསུངས་དཔལ་གྱི་མགུར་ནས་ཡོངས་བསྔགས་པ།   །བཅོམ་ལྡན་བདེ་གཤེགས་མཆེད་བརྒྱད་མཆོད་པའི་ཐབས།   །ཨོ་རྒྱན་སྨན་གྱི་བླ་མའི་ཞལ་ལུང་བཅུད།   །ཟབ་ལམ་འཇུག་བདེ་ངོ་མཚར་རྨད་བྱུང་བ།   །གང་དེ་ལྷག་བསམ་བཟང་པོས་ཀུན་བསླངས་ཏེ།   །གཏན་པ་མེད་པའི་ཆོས་སྦྱིན་སྤར་དུ་བསྒྲུབས།   །ལེགས་བྱས་བསོད་ནམས་སྤྲིན་གྱི་བླ་བྲེ་ལས།   །བྱིན་རླབས་འདོད་རྒུའི་གྲུ་ཆར་རབ་འཇོ་བས།   །ལུས་ཅན་ཐར་པའི་ཞིང་ས་བརླན་བྱས་ཏེ།   །གཏན་བདེའི་འབྲས་བཟང་གཡུར་དུ་ཟ་བར་ཤོག    །ཅེས་པའང་རྣམ་དཀར་སྒྲུབ་པ་པོ་གཡང་སྒང་མུག་གཏེར་ཆོས་དབང་ཀུན་བཟང་བསྟན་འཛིན་རྡོ་རྗེའི་ངོར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །།   [10b]  ༈     །སྭསྟི།   རྩོལ་མེད་ཐེག་མཆོག་ཨ་ཏི་རྫོགས་པ་ཆེའི།   །མན་ངག་སྙིང་པོ་ཀུན་བཟང་དགོངས་པའི་བཅུད།   །ཆོས་སྐུའི་ཡེ་ཤེས་རྗེན་ཕྱུངས་ལག་གཏོད་དུ།   །ལེགས་སྩལ་གདམས་པའི་མཐར་ཐུག་འདི་ཁོ་ན།   །བློས་བྱས་བླུན་སྒོམ་བཟང་བརྫུའི་སྦུབས་བརྟོལ་ཕྱིར།   །གཅིག་ཆོག་མན་ངག་གསེར་ཐུར་འདི་ཟུངས་ལ།   །སྣ་ཚོགས་ཉམས་ལེན་སྤྲོས་པ་འདིར་བཅད་དེ།   །གདོད་མའི་གྲོལ་གཞིར་གཤེགས་ཤིག་སྐལ་བཟང་ཚོགས།   །དེ་སླད་གདམས་ཟབ་ཆོས་ཀྱི་རིང་བསྲེལ་གང་།   །ཐར་འདོད་གདུང་སེལ་བདུད་རྩིའི་བགོ་སྐལ་དུ།   །འགྱེད་པའི་དགའ་སྟོན་གཏན་པ་མེད་པའི་སྒོ།   །ལྷ་རིགས་འབྲས་ལྗོངས་ས་སྐྱོང་དབང་མོས་ཕྱེས།   །བསོད་ནམས་དྲི་མ་མེད་མཐུས་འགྲོ་བ་ཀུན།   །ཟབ་གསང་རྫོགས་པ་ཆེན་པོའི་སྣོད་གྱུར་ནས།   །ཆོས་ཟད་ཀློང་དུ་འཁོར་བ་གཏིང་སྤྲུགས་ཏེ།   །སྣང་སྲིད་ཀུན་བཟང་བདེ་ཆེན་རོ་མཉམ་ཤོག    །ཅེས་པའང་རྣམ་དཀར་སྒྲུབ་པ་པོ་གང་གི་བཞེད་པ་སྐོང་ཕྱིར་སྤར་གྱི་ཕྱི་མོའི་ཞུས་དག་དང་འབྲེལ་བར་འཇིིགས་བྲལ་ཡེ་ཤེས་རྡོ་རྗེས་ཆེད་དུ་བརྗོད་པ་སྟེ།   ཀུན་བཟང་ཐུགས་ཀྱི་བསྟན་པ་རིན་པོ་ཆེ་འདི་ཉིད་ནམ་མཁའ་ཇི་སྲིད་རྟག་ཅིང་ཁྱབ་པའི་རྒྱུར་གྱུར་ཅིག།   །།   [11a]  ༈     །སྭསྟི།   ངོ་མཚར་ཟབ་ལམ་ཀུན་གྱི་ཡང་སྙིང༵་སྙིང༵་པོའི་གདམས་བཅུད་སྔོན་འགྲོའི་ཁྲིད་ཚུལ་མཆོ༵ག    །མཆོ༵ག་གྱུར་གདུལ་བྱ་རྣམ་མང་ཀུན་དག༵འ་དག༵འ་ཆེན་མི་འཛད་ཆོས་སྦྱིན་འདོད་འཇོའི་ཕུལ༵།   །ཕུལ༵་བྱུང་ལྷག་བསམ་དྲི་མེད་ཤེས་ར༵བ་ར༵བ་གསལ་རིག་འཛིན་དབང་མོའི་ལེགས་བྱས་དཔ༵ལ།   དཔ༵ལ་ལྡན་བླ་མའི་བཞེད་དོན་ལྷུན་གྲུབ༵་གྲུབ༵་གཉིས་བྱོན་པས་འགྲོ་འདི་ཕྱུག་ཕྱིར་རོ།   །སརྦ་དཱ་ཀ་ལྱཱ་ཎཾ་བྷ་ཝནྟུ།   ཞེས་པའང་ཛྙཱ་ནས་སོ།།   །།
༈     །ཀུན་བཟང་དགོངས་པ་རྗེན་ཕྱུངས་ཟབ་པའི་ཕུལ།   །མན་ངག་གསང་ཁྲིད་བཀའ་རྒྱ་ཅན་གྱི་སྤར།   །སྐལ་ལྡན་འོད་སྐུར་སྐྱེལ་བའི་བཙས་དམ་པར།   །མི་དབང་ཐའི་ཇིའི་ཐུགས་བསྐྱེད་ཆ་ལས་སྤྲོས།   །ཞེས་པའང་ཛྙཱ་ནས་སོ།།   །།
༈     །སྭསྟི།   ཆོས་སྤྱོད་རྣམ་གྲོལ་ལམ་བཟང་ཤིང་རྟའི་འཕྲུལ།   །ཆོས་སྦྱིན་གཏན་པ་མེད་པའི་སྒོ་འཕར་གང་།   །ཆོས་ཀྱི་སྒྲོན་མ་སྤོར་སླད་ལེགས་ཕྱེས་མཐུས།   །ཆོས་རྒྱུན་མི་ནུབ་རྒྱལ་མཚན་ཡུན་གནས་ཤོག  །   ཅེས་པའང་ཛྙཱ་ནས་སོ།།   །།
༈     །སྭསྟི།   རྣམ་དག་ལྷག་བསམ་འགྱུར༵་མེ༵ད་ཆུ་འཛིན་ལས།   །རྣམ་དཀར་ཆོས་སྦྱིན་གྲུ་ཆར་རབ་ [11b] འཇོ་བས།   །རྣམ་མང་འགྲོ་རྒྱུད་ཞིང་སར་བརླན་བྱས་ཏེ།   །རྣམ་གྲོལ་ཕན་བདེའི་སྙེ་མ་གཡུར་ཟ་ཤོག    །ཅེས་པའང་ཛྙཱ་ནས་སོ།།   །།
༈     །སྒྲོལ་མ་དབྱངས་ཅན་དད་པའི་ཆུ་སྐྱེས་ལས།   །ཆོས་སྦྱིན་སྦྲང་རྩིའི་དོ་ཤལ་ཉེར་སྤྲོས་པ།   །སྐལ་བཟང་བུང་བའི་དགའ་སྟོན་ཉིད་གྱུར་ཏེ།   །གདམས་པའི་མྱོས་གླུ་ཅི་དགར་སྒྲོགས་བྱེད་ཤོག    །ཅེས་པའང་ཛྙཱ་ནས་སོ།།   །།
༈     །སྭསྟི།   ལུགས་ཀྱི་བསླབ་བྱ་ལེགས་པར་བཤད་པའི་གཏེར།   །ལུགས་མཐུན་སྐྱེ་བོ་དགའ་བའི་སྐྱེས་བཟང་འདི།   །ཆོས་ཉིད་མིང་གིས་སྤར་དུ་བསྒྲུབས་པའི་དགེས།   །ཆོས་བཞིན་སྤྱོད་པས་ས་ཀུན་མཛེས་བྱེད་ཤོག    །ཅེས་པའང་ཛྙཱ་ནས་སོ།།   །།
༈    །   ཀུན་གཟིགས་བཤེས་གཉེན་དྲང་སྲོང་ཆེན་པོའི་གཏམ།   །ལེགས་བཤད་ཚངས་པའི་ཐིག་གི་མཆེད་པོ་འདི།   །ལོག་རྟོག་གྱ་གྱུའི་འཁྱོགས་པ་སྲོང་བའི་སླད།   །འབྲས་ལྗོངས་ས་སྐྱོང་དབང་མོས་སྤར་དུ་བསྒྲུབས།   །ཞེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།།   །།
༈     །སྭསྟི།   ལྟ་ངན་དུས་ཀྱི་མུན་རུམ་སྟུག་པོའི་ཁྲོད།   །ངེས་དོན་བདུད་རྩིའི་འོད་དཀར་སྤྲོ་བའི་གཉེན།   ངོ་མཚར་ཀླུ་དབང་གཉིས་པའི་ཟླ་གཞོན་ཞིག    །དྲི་མེད་ [12a] ཐུབ་བསྟན་མཁའ་ལ་དེང་འདིར་ཤར།   །ཆོས་མིག་རྡུལ་དང་བྲལ་བའི་རྣམ་དཔྱོད་ཀྱིས།   །ཆོས་ཉིད་གཏན་ལ་འབེབས་པ་རྡོ་རྗེའི་ཚིག    །སྔོན་མེད་ལེགས་པར་བཤད་པའི་ཆ་ཤས་རེས།   །སྔོན་དུས་གྲུབ་མཐའི་སྲོག་ཤིང་སློང་བར་བྱས།   །དེ་ཚུལ་མཚོན་བྱེད་ཆོས་ཀྱི་རིང་བསྲེལ་དུ།   །བསྒྲུབས་པའི་བསོད་ནམས་འདི་ལས་ཡིད་ཅན་ཀུན།   །སྲིད་ཞི་སྒྱུ་མའི་གྲོང་ཁྱེར་ལས་འདས་པའི།   །གནས་ལུགས་དབུ་མའི་བདེན་དོན་མངོན་བྱེད་ཤོག  །   ཅེས་པའང་རྒྱལ་ཁམས་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་དང་བའི་བློས་ཆེད་དུ་བརྗོད་པ་ཛ་ཡནྟུ།།   །།
༈     །སྭསྟི།   ཐེག་དགུའི་རྩེ་རྒྱལ་ཨ་ཏི་རྫོགས་པ་ཆེའི།   །མན་ངག་མཐར་ཐུག་པདྨའི་ཐུགས་བཅུད་མཆོག    །བྱང་གཏེར་ཀུན་བཟང་དགོངས་པ་ཟང་ཐལ་གྱི།   །ཉམས་ཁྲིད་དམར་བཅངས་ཟུར་སྟོན་ཆེན་པོའི་གསུང་།   །ཚུལ་འདི་ཐར་འདོད་ཀུན་དགའི་འཇུག་ངོགས་སུ།   །སྤེལ་ཕྱིར་ཕྲིན་ལས་དཔལ་རབ་འབར་བའི་སྡེས།   །ཆོས་སྐུའི་རིང་བསྲེལ་ཆོས་སྦྱིན་བྱེ་བའི་ཕུལ།   །གཏོང་བའི་སྒོ་འཕར་ནམ་མཁའ་མཛོད་དུ་ཕྱེས།   །བསོད་ནམས་དྲི་མེད་སྣང་ [12b] བས་ཟབ་གསང་གི   །   བསྟན་པའི་སྙིང་པོ་སླར་ཡང་རབ་གསལ་ཏེ།   །ཀ་དག་ལྷུན་གྲུབ་རྡོ་རྗེའི་གསེང་ལམ་ལས།   །འབྲེལ་བཅས་འགྲོ་ཀུན་འོད་སྐུར་རབ་དེངས་ཤོག  །   ཅེས་པའང་རྣམ་དཀར་སྒྲུབ་པ་པོའི་བཞེད་པ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།
༈      །ཕུལ་བྱུང་རི་ཆོས་ཞལ་གདམས་གང་།   །རྗེས་འཇུག་སྐལ་བཟང་འདོད་འཇོའི་ཕྱིར།   །པདྨ་བཟང་མོས་དད་པས་བསྒྲུབས།   །དགེ་བས་རྟོགས་གྲོལ་མངོན་གྱུར་ཤོག    །ཛྙཱ་ནས་སོ།།   །།
༈    །   ཟབ་ལམ་བླ་མའི་ཐུགས་སྒྲུབ་བྱེ་བའི་ཕུལ།   །གསང་འདུས་གདམས་སྲོལ་བྲུག་བསྡུས་ཕྲིན་ལས་གང་།   །སྐལ་བཟང་ཚོགས་གཉིས་དགའ་སྟོན་སྤེལ་བའི་སླད།   །ཆོས་སྦྱིན་འཛད་མེད་ནོར་བུའི་གཏེར་དུ་བསྒྲུབས།   །ཛྙཱ་ནས་སོ།།   །།
༈     །སྭསྟི།   ཆོས་སྲིད་དཔལ་གྱི་མཚར་སྡུག་ཅན།   །རྣམ་དཔྱོད་ཆ་གང་ཟླ་གཞོན་ནི།   །བློ་གསལ་བློ་ཡི་མཁའ་ལམ་དུ།   །ཡི་གེའི་ཤིང་རྟ་ཁོ་ནས་འདྲེན།   །རྒྱ་ཆེའི་གཞུང་ལམ་གྱིས་དུབ་པའི།   །དོན་གཉེར་བྱིས་པའི་དགའ་སྟོན་བུ།   །རྣམ་གསལ་གོ་སླ་འཇུག་བདེའི་སྐྱེས།   །མཆོག་དམན་སྙིང་གི་བཅུད་དུ་གྲུབ།   །དེ་སླད་སྤར་གྱི་ཕྱི་མོའི་འཕྲུལ།   །བཀྲ་ཤིས་མཐོང་བ་ཀུན་སྨོན་པའི།   ། [13a] ལྷ་སྲས་སྟོབས་འབྱོར་དབང་ཕྱུག་གི  །   ཐུགས་བསྐྱེད་གཞན་ཕན་ཆ་ལས་སྤྲོས།   །ལེགས་བྱས་ཆུ་འཛིན་ལས་བྱུང་བའི།   །བསོད་ནམས་སྤྲིན་གྱི་མྱུ་གུའི་རྒྱུན།   །སྐལ་བཟང་ཞིང་སར་རྟག་འཇོ་བས།   །ཤེས་རབ་སྙེ་མ་གཡུར་ཟ་ཤོག    །ཅེས་པའང་རྣམ་དཀར་བསྐྲུན་པ་པོ་གང་གི་བཞེད་པ་སྐོང་ཕྱིར་རྩོམ་པ་པོ་རང་ཉིད་ཀྱིས་བྲིས་པ་ཤུ་བྷཾ།།   །།
༈      །ཨོཾ་སྭསྟི།   །ཀུན་མཁྱེན་ཆོས་ཀྱི་རྒྱལ་པོར་བསྟོད་པའི་དབྱང༵ས།   །དབྱང༵ས་ཀྱི་ཉམས་འགྱུར་རྫོགས་པའི་ལེགས་བཤད་ག༵ཏེར།   །ག༵ཏེར་ཆེན་བླ་མའི་གསུང་གི་ཟེགས་མའི་མཚོ༵།   །མཚོ༵་བྱུང་མགྲིན་པའི་ཀླུངས་ནས་འོངས་པ་བཞིན།   །གང་བྱིན་འོད་ཀྱི་དོ་ཤལ་གྱིས་སྦྲན་པས།   །བདག་བློ་མོས་པའི་འདབ་སྟོང་བཞད་པའི་ལྟོར།   །ངོ་མཚར་བསོད་ནམས་བྱེ་བའི་ཟིལ་དངར་ཅན།   །ལེགས་བྱས་གེ་སར་མཛེས་པ་ཅི་ཡང་ངོམས།   །སྐལ་བཟང་བུང་བའི་ཚོགས་ཀྱི་འདོད་འཇོའི་སྐྱེས།   །གཏན་པ་མེད་པའི་དགའ་སྟོན་འདིར་སྤྱོད་ལ།   །ཟབ་གསང་ཉམས་ཀྱིས་མྱོས་པའི་དོ་ཧའི་དབྱངས།   །སྒྲོགས་བཞིན་འཕོ་ཆེན་རྡོ་རྗེའི་གར་བསྒྱུར་ཞིག    །ཅེས་པའང་སྣམ་དཀར་སྒྲུབ་པ་པོ་རང་ [13b] ཉིད་ཀྱིས་སྨྲས་པ་སྟེ།   འཇིགས་བྲལ་ཡེ་ཤེས་རྡོ་རྗེར་འབོད་པའི་སྙོམས་ལས་པ་དེའི་སུག་རྗེས་ཤུ་བྷཾ།།   །།
༈     །ཀུན་བཟང་རྒྱལ་བའི་དགོངས་གསང་རྫོགས་པ་ཆེའི།   །མན་ངག་སྙན་བརྒྱུད་ཀུན་མཁྱེན་ཆོས་ཀྱི་རྗེའི།   །ཞལ་གདམས་མཐར་ཐུག་ཚིག་ཉུང་དོན་འདུས་པ།   །སྐལ་བཟང་མགུལ་གྱི་གོང་ཁུག་མ་འདི་ཀོ   །   རྡོ་རིང་སྤྲུལ་སྐུས་ཆོས་སྦྱིན་ཆེར་སྤེལ་དགེས།   །ཚུལ་འདི་ཇི་བཞིན་འཆང་ཞིང་རྟོགས་པ་ཡི།   །སྐྱེས་བུའི་ཚོགས་ཀྱིས་ས་སྟེང་ཁྱབ་གྱུར་ཏེ།   །ཀུན་བཟང་ཐུགས་ཀྱིས་བསྟན་པ་རྒྱས་བྱེད་ཤོག    །ཅེས་པའང་རྣམ་དཀར་སྒྲུབ་པ་པོ་འབྲུ་ལ་ལྷ་རྗེ་ཆོས་སྡེ་རྒྱ་འདིང་སྐྲུན་པས།   །དམ་ལྡན་སྒྲུབ་པོའི་ཡིད་བཞིན་འདོད་འཇོ་རུ།   །ཕྲིན་ལས་སྙེ་མ་གཡུར་དུ་སྨིན་གྱུར་ཅིག    །ཅེས་པའང་རྣམ་དཀར་སྒྲུབ་པ་པོ་འབྲུ་ལ་ལྷ་རྗེ་ཆོས་སྡེ་རྒྱ་མཚོ་དང་ཡེ་ཤེས་ཆོས་སྒྲོན་ཟུང་གིས་བསྐུལ་བ་ལྟར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།
༈     །ཨོཾ་སྭསྟི།   གང་མཚན་དྲི་མེད་ནོར་བུའི་རྣ་ལུང་མཆོག    །དབྱངས་ཙམ་ཉིད་ [14a] ནས་སྲིད་པའི་ཉེས་བཅོམ་སྟེ།   །ཕྱིར་མི་ལྡོག་པའི་གནས་སུ་འཁྲིད་མཛད་པ།   །འོད་མཚན་སྟོང་འབར་མགོན་དེས་ཤིས་པ་སྩོལ།   །རྒྱལ་བ་ཀུན་ལས་ཐུགས་བསྐྱེད་ཁྱད་འཕགས་ཤིང་།   །ཞིང་ཁམས་གཞན་ལས་ངོ་མཚར་ཕུལ་བྱུང་བ།   །བདེ་བ་ཅན་དུ་བགྲོད་པའི་ཤིང་རྟ་ཆེ།   །རྣམ་དག་སྨོན་ལམ་རྒྱལ་པོ་རྨད་བྱུང་འདི།   །གཏན་བདེས་ཕོངས་པའི་འགྲོ་རྣམས་དབུགས་དབྱུང་ཕྱིར།   །བཟང་པོའི་རིགས་སད་ཡེ་ཤེས་ཆོས་སྒྲོན་གྱི།   ཕྱིར་མི་ལྡོག་པའི་ལྷག་བསམ་ཆུ་གཏེར་ལས།   །ཆོས་སྦྱིན་དཔག་བསམ་ལྗོན་པ་དེང་འདིར་བསྐྲུན།   །དེ་ལས་བྱུང་བའི་ལེགས་བྱས་འབྲས་བཟང་གཏེར།   །མི་ཟད་རིས་བྲལ་སྐྱེ་བོའི་འདོད་འཇོ་རུ།   །གྱུར་ཏེ་སྲིད་མཚོར་དུབ་པའི་ཡིད་ཅན་ཀུན།   །དབང་ཆེན་ཞིང་དུ་ཕྱམ་གཅིག་བགྲོད་གྱུར་ཅིག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྨོན་པ་དགེ་ལེགས་མཆོག་ཏུ་གྱུར་ཅིག།   །།   
༈      །ཨོཾ་སྭསྟི།   སྙིགས་འགྲོའི་སྐྱོབ་པ་མཚུངས་མེད་ཨོ་རྒྱན་རྗེས།   །རྗེས་འཇུག་བུ་ལ་བརྩེ་བའི་ཕ་ཕོག་ཏུ།   །རང་གི་སྒྲུབ་ཐབས་རང་ཉིད་ཀྱིས་མཛད་པའི།   །གདམས་སྐོར་རྒྱ་མཚོའི་ཉིང་ཁུ་དགོངས་གཏེར་བཅུད།   ། [14b] ཡང་གསང་འདུས་པ་བདུད་འདུལ་གྲོ་ལོད་ཀྱི།   །སྒྲུབ་སྐོར་རྩ་བ་ཡན་ལག་ཡོངས་རྫོགས་པ།   །སྐལ་བཟང་དོན་གཉིས་སྒྲུབ་པའི་བཙས་དམ་པར།   །ཆོས་སྦྱིན་མི་འཛད་སྤར་གྱི་ཕྱི་མོར་བསྒྲུབས།   །ལེགས་བྱས་མཐུ་ལས་རྡོ་རྗེའི་ལུང་དོན་བཞིན།   །བསྟན་འགྲོའི་རྒུད་པ་མ་ལུས་ཡོངས་ཞི་ནས།   །ཕན་བདེའི་དཔལ་ཡོན་བླ་ནས་བླར་འཕེལ་བས།   །གསང་ཆེན་ཆོས་ཀྱི་རྒྱལ་སྲིད་བརྟན་གྱུར་ཅིག  །   གནས་སྐབས་སུ་ཡང་རྣམ་དཀར་སྒྲུབ་པོ་རྣམས།   །འགལ་བར་སྤྱོད་པའི་གཡུལ་ལས་རབ་རྒྱལ་ཏེ།   །མཐུན་རྐྱེན་བསམ་རྒུ་ལྷུན་གྱིས་འགྲུབ་པ་དང་།   །མཐར་ཐུག་པདྨ་འོད་དུ་དབུགས་འབྱིན་ཤོག  །   ཅེས་ལ་དྭགས་ནོ་ནོ་ཚེ་རིང་དཔལ་འབྱོར་གྱིས་དགེ་བའི་ཐུགས་བསྐྱེད་རྒྱུད་བསྐུལ་ལ་བརྟེན་ཧི་མི་ཕྱག་མཛོད་མཆོག་ནས་གཏོང་བའི་སྒོ་འཕར་ཕྱེས་ཏེ་སྤར་དུ་བསྒྲུབས་པའི་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ།།   །།
༈      །ཨོཾ་སྭསྟི།   རྒྱལ་བ་ཀུན་གྱི་གསང་གསུམ་ཡེ་ཤེས་གར།   །སྙིགས་དུས་འགྲོ་བའི་མགོན་གཅིག་ཨོ་རྒྱན་རྗེ།   །མི་ཕྱེད་དད་པས་གཙུག་ཏུ་རྟག་མཆོད་ན།   །འཆི་མེད་ཚེ་དབང་མཆོག་གི་དངོས་གྲུབ་སྩོལ།   །རྨད་བྱུང་ངོ་མཚར་བསོད་ནམས་རྒྱ་མཚོའི་སྤྲིན།   ། [15a] ཡོན་ཏན་མི་ཟད་རྒྱན་གྱི་འཁོར་ལོ་ཆེ།   །མཐའ་ཡས་འགྲོ་ལ་ཕན་བདེའི་དཔལ་ཡོན་ཅན།   །སྩོལ་མཛད་སྙིགས་དུས་སྐྱབས་གནས་པདྨ་འབྱུང་།   །གང་གི་གསང་གསུམ་རྣམ་ཐར་རྒྱ་མཚོའི་བཅུད།   །གསང་འཛིན་ཌཱ་ཀི་ཡེ་ཤེས་མཚོ་རྒྱལ་གྱིས།   །ལེགས་འདུས་པདྨ་བཀའ་ཡི་ཐང་ཡིག་ཆེ།   །འགྲོ་བའི་མཆོད་སྡོང་བསོད་ནམས་ཞིང་གཅིག་པུ།   །འདི་ཉིད་ལ་དད་མཐོང་ཐོས་དྲན་རེག་ཀུན།   །ཚེ་འདིར་མི་མཐུན་ཉེས་ཚོགས་ཀུན་ཞི་ཞིང་།   །ཕྱི་མ་རྔ་ཡབ་དཔལ་གྱི་ཞིང་མཆོག་ཏུ།   །འདྲེན་པའི་དེད་དཔོན་ཉིད་དུ་ལུང་འདིས་གྲུབ།   །དེ་སླད་འཕྲུལ་པར་ནམ་མཁའི་ནོར་བུ་གང་།   །པད་རྒྱལ་གླིང་པའི་ཐུགས་བསྐྱེད་སྐྱ་རེངས་ཀྱིས།   །མི་འཛད་མཁའ་ལམ་ཡངས་པར་དྲངས་འདི་ཀོ   །   བསྟན་འགྲོའི་པད་ཚལ་བཞད་པའི་བཙས་སུ་གྲུབ།   །ལེགས་བྱས་འདི་ལས་བྱུང་བའི་རྣམ་དཀར་རྒྱུན།   །དུས་གསུམ་བསགས་ཡོད་དགེ་ཚོགས་དང་འགྲོགས་ཏེ།   །རྣམ་མཁྱེན་རྒྱ་མཚོ་ཆེན་པོར་གཞོལ་བ་དང་།   །ཆབ་གཅིག་འགྲོ་ཀུན་རྣམ་གྲོལ་ཉིད་གྱུར་ཅིག    །བསྟན་འཛིན་མཆོག་རྣམས་ཞབས་པད་ཡུན་བརྟན་ཅིང་།   །བསྟན་ལ་རབ་དད་ཡངས་པའི་རྒྱལ་ཁམས་ [15b] ཀུན།   །བསྟན་པའི་སྣང་བས་ཡོངས་སུ་ཁྱབ་གྱུར་ཏེ།   །བསྟན་པ་ཡུན་དུ་གནས་པའི་བཀྲ་ཤིས་ཤོག    །ཅེས་པའང་རྣམ་དཀར་སྒྲུབ་པ་པོའི་ཐུགས་བཞེད་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྤེལ་བ་དགེ་ཞིང་ཤིས་པར་གྱུར་ཅིག།   །།   
༈     །།ཨོཾ་སྭསྟི།   རྒྱལ་ཀུན་འདུས་ཞལ་སྙིགས་འགྲོའི་སྐྱབས་གཅིག་པུ།   །དུས་གསུམ་མཁྱེན་པ་ཨོ་རྒྱན་རྡོ་རྗེ་འཆང་།   །གང་གི་རྣམ་ཐར་མཛད་པ་བསམ་ཡས་ལས།   །ཚུར་མཐོང་སྣང་ངོར་ཆ་ཙམ་ཉེར་མཚོན་པ།   །ཁུངས་ལྡན་བཀའ་གཏེར་ལོ་རྒྱུས་རྒྱ་མཚོ་ཆེའི།   །སྙིང་པོའི་ཡང་སྙིང་བཅུད་དུ་ཕྱུངས་འདི་ཀོ   །   མཁས་གྲུབ་བྱེ་བའི་དེད་དཔོན་སོག་ཟློག་པ།   །བློ་གྲོས་རྒྱལ་མཚན་བཟང་པོའི་ལེགས་བཤད་དོ།   །ཚུལ་འདི་འགྲོ་མང་དད་པ་འཕེལ་སླད་དང་།   །མགོན་དེའི་བཀའ་དྲིན་དྲན་པས་ཡིད་བསྐུལ་ཏེ།   །བདག་ཉིད་ལྷག་བསམ་འབད་རྩོན་དུ་མ་ཡིས།   །ཕྱི་མོ་བཙལ་ཞུས་སྤར་དུ་བསྒྲུབ་ལ་ཕྱོགས།   །དེ་ཚེ་སྤྲིན་དགོན་ཨོ་རྒྱན་ཚེ་རིང་གིས།   །གཏོང་བའི་མཛོད་སྒོ་གཏན་པ་མེད་ཕྱེས་ཏེ།   །ཆོས་ཀྱི་རིང་བསྲེལ་ཅི་དགར་རབ་འཇོ་བའི།   །ངོ་མཚར་འཕྲུལ་ཆེན་ཤིང་རྟ་འདི་དྲངས་སོ།   ། [16a] ལེགས་བྱས་ལས་བྱུང་རྣམ་དཀར་ཆ་ཅི་མཆིས།   །བསྟན་དང་འགྲོ་བའི་ཕན་བདེའི་བཙས་སུ་བསྔོ།   །མཆོག་གསང་རིང་ལུགས་ནུབ་མེད་འཕེལ་རྒྱས་ཤིང་།   །རྣམ་མང་གདུལ་བྱ་སྨིན་གྲོལ་བཀྲ་ཤིས་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ཆེད་དུ་བརྗོད་པ་ཛ་ཡནྟུ།།   །།
༈     །ཐུན་མིན་མན་ངག་གསང་མཛོད་གླེགས་བམ་དང་།   །འཇིགས་མེད་ཕྲིན་ལས་ནོར་བུའི་བཞེད་སྐོང་ཕྱིར།   །དད་སློབ་གསུམ་ནས་སྤར་གྱི་ཕྱི་མོར་བསྒྲུབས།   །དགེ་བས་རྫོགས་ཆེན་བསྟན་པ་དར་རྒྱས་ཤོག    །ཅེས་པའང་ཛྙཱ་ནས་སོ།།   །།
༈    །སྭསྟི།   རྡོར་སེམས་ཟབ་ལམ་བཅུད་འདུས་ཡན་ལག་བཅས།   །བསྐུལ་བ་པོ་ཡིས་སྤར་དུ་བསྐྲུན་པའི་དགེས།   །འབྲེལ་ཐོབ་ཀྱིས་མཚོན་མ་གྱུར་སེམས་ཅན་ཀུན།   །འཁོར་མཚོ་ལས་གྲོལ་གཏན་བདེའི་ས་ཐོབ་ཤོག    །ཅེས་པའང་ཛྙཱ་ནས་སོ།།   །།
༈     །སྔགས་ཀྱི་དངོས་གྲུབ་ཡིད་བཞིན་ནོར་བུ་ཆེ།   །སྐལ་བཟང་བསོད་ནམས་དཔལ་དུ་ཐོབ་འདི་ཀོ   །   དད་ལྡན་ཚེ་བརྟན་མིང་གིས་ཡོན་སྦྱར་ནས།   །ཆོས་སྦྱིན་འཛད་མེད་གཏེར་དུ་འབད་པས་བསྒྲུབས།   །བསོད་ནམས་འདི་མཐུས་ལུས་བསྐྱེད་ཕ་མས་གཙོས།   །ཉེ་ལྟོས་འབྲེལ་ [16b] བཅས་མཁའ་ཁྱབ་འགྲོ་ཀུན་གྱི།   །སྒྲིབ་གཉིས་འཁྲུལ་པའི་མུན་པ་རབ་སངས་ཏེ།   །རྣམ་གྲོལ་ཡེ་ཤེས་སྣང་བ་རྒྱས་གྱུར་ཅིག  །   ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།
༈     །མཆོག་གི་གཏེར་ཆེན་ཡ་གྱལ་རྒོད་ལྡེམ་པའི།   །བྱང་གཏེར་ཆོས་མཛོད་མི་ཉམས་འཕེལ་བའི་སླད།   །མོས་ལྡན་བློ་གསལ་མིང་གིས་སྤར་བསྐྲུན་དགེས།   །ཟབ་གཏེར་བསྟན་པ་རིན་ཆེན་སླར་འཕེལ་ཤོག    །ཅེས་པའང་བདུད་འཇོམས་པས་སོ།།   །།
༈     །གངས་ཅན་གྲུབ་པའི་ཁྱུ་མཆོག་ཧེ་རུ་ཀ   །མི་ལ་བཞད་པ་རྡོ་རྗེའི་རྣམ་པར་ཐར།   །རང་བྱུང་རྡོ་རྗེའི་ཐུགས་ཀྱི་མཛོད་ནག་མ།   །མོས་ལྡན་དམ་ཆོས་བཟང་པོས་སྤར་དུ་སྤེལ།   །དགེ་བས་ལུས་བསྐྱེད་དྲིན་ལྡན་ཡེ་ཤེས་དང་།   །ཆོས་ཉིད་གཙོར་གྱུར་འབྲེལ་བཅས་འགྲོ་བ་ཀུན།   །སྒྲིབ་གཉིས་རང་གྲོལ་ཚོགས་གཉིས་རབ་རྫོགས་ཏེ།   །དོན་གཉིས་ལྷུན་གྲུབ་ཆོས་ཀྱི་རྒྱལ་པོར་ཤོག    །ཅེས་པའང་རྣམ་དཀར་སྒྲུབ་པ་པོས་བསྐུལ་བའི་ངོར་བདུད་འཇོམས་པས་སོ།།   །།
༈     །སྭསྟི།   དུས་གསུམ་མཁྱེན་པ་ཨོ་རྒྱན་ཆེན་པོ་ཡི།   །གསང་གསུམ་ཡོན་ཏན་ཕྲིན་ལས་མི་ཟད་པའི།   །རྣམ་ཐར་ཡོན་ཏན་རྒྱ་མཚོའི་སྤྲིན་བཀོད་པ།   །ཐང་ཡིག་སྡེ་ལྔར་གྲགས་པ་ [17a] མོས་ལྡན་དཔྱིད།   །ཚུལ་འདི་དད་བརྩོན་འབྱོར་ལྡན་སྦྱིན་བདག་ནས།   །ལེགས་བྱས་སྤར་དུ་བསྐྲུན་པའི་དགེ་ཚོགས་ཀྱིས།   །སྙིགས་དུས་རྒུད་པ་མིང་གི་མཐར་བྱས་ཏེ།   །སྐལ་བཟང་ཕན་བདེའི་དགའ་སྟོན་རྒྱས་གྱུར་ཅིག    །སྦྱིན་པའི་བདག་པོའི་འགལ་རྐྱེན་ཉེས་ཚོགས་ཞི།   །མཐུན་རྐྱེན་བསམ་རྒུ་འབད་མེད་ཡིད་བཞིན་འཇོ།   །གུ་རུའི་རྣམ་ཐར་ངོ་མཚར་འོད་སྟོང་ཅན།   །ས་གསུམ་ཀུན་ཁྱབ་བཀྲ་ཤིས་དཔལ་འབར་ཤོག    །ཅེས་པའང་སྤར་གྱི་རིགས་བྱེད་ངག་དབང་བརྩོན་འགྲུས་ནས་བསྐུལ་བ་བཞིན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །།   
༈     །ཕུལ་བྱུང་རི་ཆོས་ཞལ་གདམས་གང་།   །རྗེས་འཇུག་སྐལ་བཟང་འདོད་འཇོའི་ཕྱིར།   །པདྨ་བཟང་མོས་དད་པས་བསྒྲུབས།   །དགེ་བས་རྟོགས་གྲོལ་མངོན་གྱུར་ཤོག    །ཛྙཱ་ནས་སོ།།   །།
༈     །ཐེག་རྩེ་ཤིན་ཏུ་རྣལ་འབྱོར་གྱི།   །གདམས་ཟབ་སྙིང་པོའི་སྤར་གྱི་འཕྲུལ།   །ཕྱེས་འདིས་གདུལ་བྱ་དཔག་མེད་པ།   །འཇའ་ལུས་དྭངས་མའི་སྐུར་སྨོན་ཤོག    །ཛྙཱ་ནས་སོ།།   །།
༈     །སྭསྟི།   བདེ་ཆེན་ཞིང་གི་སྒྲུབ་ཐབས་རྒྱ་མཚོའི་ཕུལ།   །རིགས་འདུས་པདྨའི་ [17b] ཐུགས་བཅུད་ཉེ་བརྒྱུད་ཀྱི།   །ཟབ་ཆོས་འབྲེལ་ཚད་དོན་ལྡན་འཕྲུལ་སྤར་འདི།   །བྱང་ཆུབ་མིང་གིས་ལྷག་བསམ་དག་པས་བསྒྲུབས།   །འདིས་ཀྱང་འབྲེལ་བཅས་མཐའ་ཡས་འགྲོ་བ་རྣམས།   །བདེ་ལྡན་ཞིང་དུ་དཀའ་བ་མོད་བགྲོད་ནས།   །འདྲེན་པ་གཟི་བརྗིད་རྐྱལ་པོ་དང་མཚུངས་པའི།   །ངོ་མཚར་ཡོན་ཏན་སྐལ་བཟང་ཐོབ་གྱུར་ཅིག    །ཅེས་པའང་བསྐུལ་བ་པོའི་བསམ་པ་རྫོགས་ཕྱིར་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སོ།།   །།
༈     །ཨོཾ་སྭསྟི།   ཉུང་ངུའི་ངག་གིས་རྒྱ་ཆེའི་དོན་སྟོན་པ།   །སྔ་འགྱུར་བསྟན་པ་རྒྱ་མཚོའི་རྣམ་གཞག་གང་།   །དད་ལྡན་ལྡིང་རི་དཔལ་ལྷུན་གཡུལ་རྒྱལ་ནས།   །ཆོས་སྦྱིན་མི་འཛད་སྤར་གྱི་ཕྱི་མོར་བསྒྲུབས།   །བསོད་ནམས་དེས་མཐུས་བསྟན་པ་རིན་པོ་ཆེ།   །དུས་ཀྱི་མཐར་ཡང་མི་ནུབ་འཕེལ་ཞིང་རྒྱས།   །ངེས་གསང་བཤད་སྒྲུབ་ཆོས་ཀྱི་རྔ་ཆེན་སྒྲ།   །འཛམ་གླིང་ཁྱོན་ཀུན་འགེངས་པར་སྒྲོགས་བྱེད་ཤོག  །   རྒྱུ་སྦྱོར་གང་དེའི་ལུས་བསྐྱེད་ཕ་མས་གཙོས།   །འབྲེལ་བཅས་འགྲོ་ཀུན་སྒྲིབ་གཉིས་རང་གྲོལ་ནས།   །ཚོགས་གཉིས་མྱུར་རྫོགས་སྐུ་གཉིས་མངོན་གྱུར་ཏེ།   །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག    །ཅེས་པའང་འཇིགས་བྲལ་ [18a] ཡེ་ཤེས་རྡོ་རྗེས་ཆེད་དུ་བརྗོད་པ་ཛ་ཡནྟུ།།   །།
༈     །འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་སྐད་རིགས་གསུམ་འདུས་ཀྱི་གླེགས་བམ་མཇུག་དོན་སྤར་བྱང་སྨོན་ཚིག་ལྷའི་རྔ་བོ་ཆེའི་རང་སྒྲ་ཞེས་བྱ་བ།   ཨོཾ་སྭསྟི།   བསྐལ་བཟང་ཞིང་འདིའི་འདྲེན་མཆོག་ཤཱཀྱའི་རྒྱལ།   །ངོ་མཚར་མཁྱེན་རབ་དབང་ཕྱུག་འཇམ་དཔལ་དབྱངས།   །དབྱེར་མེད་ཁྱབ་བདག་འཁོར་ལོའི་མགོན་ཞབས་ཀྱིས།   །དེང་འདིར་ཤིས་པའི་མེ་ཏོག་ཆར་དབབ་གསོལ།   །རྒྱལ་བ་ཀུན་ལ་ཡེ་ཤེས་སེམས་དཔའ་སྟེ།   །སྲིད་པའི་ཞིང་ན་ཤེས་རབ་ཅེས་སུ་གྲགས།   །དོན་ལ་བརྗོད་མེད་བརྗོད་པ་ཀུན་གྱི་གཞི།   །མཁའ་ཁྱབ་ཡེ་ཤེས་འཇམ་དཔལ་དཔའ་བོ་ཞེས།   །ཤེས་རིག་རྡོ་རྗེ་རྣོན་པོའི་རལ་གྲི་གང་།   །འཁོར་འདས་སྟོང་སྲོག་གཅོད་པའི་མཚོན་ཆེན་ཏེ།   །འདིར་མ་བརྟེན་པར་ཐབས་གཞན་གང་གིས་ཀྱང་།   །སྲིད་པའི་དྲྭ་བ་བཅད་པར་མ་གྱུར་གྲང།   །དེ་སླད་ཡང་དག་སྒྱུ་མའི་ཟློས་གར་མཁན།   །རྐང་གཉིས་མཆོག་དེས་སྐལ་བཟང་གདུལ་བྱའི་མགྲོན།   །རྣམ་གྲོལ་ཞི་བའི་ལྟད་མོར་ཁ་དྲང་ཕྱིར།   །མཚན་བརྗོད་བསྟོད་དབྱངས་གླུ་རུ་བླངས་པར་མཛད།   །འཇམ་དཔལ་གཞོན་ནུ་ཁྲི་སྲོང་ [18b] ལྡེའུ་བཙན་གྱིས།   །གངས་ལྗོངས་མུན་པའི་གླིང་དུ་རྒྱལ་བསྟན་གྱི།   །སྣང་བྱེད་ནོར་བུ་ཐོག་མར་དྲངས་པའི་དབྱིག    །ཐེག་ཀུན་ཡང་བཅུད་མཐར་ཐུག་འདི་ཁོ་ན།   །ཚུལ་འདིར་སངས་རྒྱས་གཉིས་པ་པད་འབྱུང་དང་།   །པཎ་གྲུབ་བྱེ་བའིགཙུག་རྒྱན་བི་མ་ལ།   །སོ་སོའི་ལེགས་བཤད་མན་ངག་དགོངས་འགྲེལ་བཅས།   །ལོ་ཙཱ་ཆེན་པོ་སྐ་བ་དཔལ་བརྩེགས་དང་།   །གཉགས་ལོ་ཡེ་ཤེས་གཞོན་ནུ་ལྷན་ཅིག་པས།   །ལེགས་སྦྱར་བརྡ་ལས་བོད་ཀྱི་སྐད་ཡིག་ཏུ།   །མ་ནོར་བསྒྱུར་ཞུས་གཏན་ལ་ཕབ་པ་ཉིད།   །གངས་ཅན་བོད་ཀྱི་གདུལ་བྱའི་སྐལ་པར་ཐོབ།   །འདི་དང་ཕྱོགས་མཚུངས་མ་ཧཱ་ཙི་ནའི་ཡུལ།   །ཤིན་ཏུ་དགེ་བ་ཡོན་གྱི་དུས་རབས་སྐབས།   །རྒྱལ་བསྟན་རིན་ཆེན་ཐང་མར་བརྡལ་བའི་ཚེ།   །འཇམ་དཔལ་མཚན་དོན་བརྗོད་པའི་རྒྱུད་འདི་ཉིད།   །སྔ་མའི་ཐུགས་བསྐྱེད་སྨོན་ལམ་ཉེར་སད་པ།   །དགེ་སློང་ཤཱཀྱ་ཡེ་ཤེས་ཞེས་གྲགས་པས།   །རྒྱ་ཡི་སྐད་དང་ཡི་གེར་གཏན་ཕབ་པ།   །ཕྱི་རབས་མོས་ལྡན་རྣམས་ཀྱི་མིག་ཏུ་མཚོན།   །རྣམ་དཀར་བསགས་པའི་འབྲས་བུ་ཕྲ་མོ་ཙམ།   །ནམ་ཡང་ཆུད་མི་ཟ་བར་རྒྱལ་བས་གསུངས།   །བདེན་གསུང་བསླུ་བ་མེད་པའི་མངོན་རྟགས་དེ།   །དུས་ཀྱི་མཐའ་མ་འདིར་ཡང་སྣང་ལ་ལྟོས།   ། [19a] སྔོན་རབས་མཆོད་ཡོན་ལོ་པཎ་མཆོག་རྣམས་ཀྱིས།   །ཕྱི་རབས་དོན་དགོངས་དཀའ་ཐུབ་ཁུར་བཞེས་པའི།   །ངོ་མཚར་རྣམ་ཐར་དྲན་ཚེ་བསམ་ཡས་དག    །དགའ་གུས་བཀའ་དྲིན་ནམ་ཡང་བརྗེད་ཐབས་ཅི།   །ད་དུས་ཞིང་འདིར་སྔོན་གོམས་སེམས་བསྐྱེད་སྟོབས།   །ལས་འཕྲོའི་བསོ༷ད་ན༷མས་འབྲས་བུ་རང་དབང་དུ།   སྤྱོད་མཁས་སྐྱེས་བུ་གང་དེས་དམ་ཆོ༷ས་ཀྱི༷།   །བསྟན་པའི་རྒྱ༷ལ་མཚ༷ན་ཕྱོགས་མཐར་བསྒྲེང་ལ་བྲེལ།   །ཆོས་མཆོག་མི་ནུབ་དར་རྒྱས་བཙས་དམ་པར།   །དཀར་ནག་རྒྱ་དང་བོད་ཀྱི་སྐད་ཡིག་བཅས།   །རྣམ་གྲངས་མི་འདྲ་གསུམ་འདུས་རིན་ཆེན་མཛོད།   །སྔོན་མེད་གླེགས་བམ་སྐལ་བཟང་འདོད་འཇོའི་དཔལ།   །འདིར་འབད་ལས་བྱུང་བསོ༷ད་ན༵མས་ཕུང་པོའི་ཚད།   །འདི་ཙམ་མོ་ཞེས་ཆོ༷ས་ཀྱི༷་དབང་ཕྱུག་མཆོག    །འཇམ་དཔལ་ཉིད་ཀྱིས་ཀྱང་ནི་མཚོན་དཀའ་ན།   །བསྟན་པ་མི་ནུབ་རྒྱ༷ལ་མཚ༷ན་བསྒྲེངས་འདི་མཚར།   །ཕུལ་བྱུང་བསོ༷ད་ན༷མས་བྱེ་བའི་གཟི་བརྗིད་ཅན།   །ངོ་མཚར་ཆོ༷ས་ཕུང་བརྒྱད་ཁྲིའི་མཛོད་ཀྱི༷་བཅུད།   །མ་རིག་གཡུལ་ལས་རྣམ་རྒྱ༷ལ་མཚ༷ན་བརྗོད་གཞུང་།   །འཛམ་གླིང་ཕན་བདེའི་སྲོག་ཏུ་རྟག་ཁྱབ་སྨོན།   །ལེགས་བྱས་བསོ༷ད་ན༷མས་ཆུ་འཛིན་ [19b] དཀྲིགས་འདི་ལས།   །མི་འཛད་ཆོ༷ས་ཀྱི༷་གྲུ་ཆར་རབ་འཇོ་བས།   །ཐར་འདོད་ཉེས་པའི་གཡུལ་ལས་རྣམ་རྒྱལ་ཏེ།   །མཚ༷ན་དཔེས་མཛེས་པའི་སྐུ་མཆོག་མྱུར་ཐོབ་ཤོག    །ངོ་མཚར་གསུང་རབ་འདི་ཉིད་གར་བཞུགས་སུའང་།   །སྡིག་དང་སྡུག་བསྔལ་མིང་ཡང་མི་གྲགས་པར།   །ཕན་དང་བདེ་བའི་དཔལ་གྱིས་ཀུན་ནས་བརྗིད།   །དོན་གཉིས་ལྷུན་གྲུབ་བཀྲ་ཤིས་དཔལ་འབར་ཤོག  །   ཅེས་པའང་ལྷག་པའི་ཐུགས་བསྐྱེད་མཚུངས་མེད་རང་སློབ་རྒྱ་སྟོན་བསོད་ནམས་ཆོས་ཀྱི་རྒྱལ་མཚན་ཆོས་ཀྱི་རྒྱལམཚན་ནས་ཆོས་སྦྱིན་སྤར་གྱི་སྒོ་འཕར་གསར་དུ་དབྱེ་བའི་སྐབས།   ལྷ་རིགས་ཤཱཀྱའི་དགེ་བསྙེན་རྣལ་འབྱོར་སྤྱོད་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་དགའ་མགུ་རྗེས་སུ་ཡི་རང་བའི་བློས་སྤར་བྱང་སྨོན་ཚིག་ཏུ་སྤེལ་བ་དགེ་ལེགས་མཆོག་ཏུ་གྱུར་ཅིག།   །།   
༈     །ཨོཾ་སྭསྟི།   རྨད་བྱུང་གསང་བ་སྔགས་ཀྱི་ཆོས་དབྱིངས་ན།   །ཟབ་དོན་ཐེག་ཀུན་རྫོགས་པའི་ལུས་དེ་ནི།   །རྡོ་རྗེའི་དབྱངས་སུ་འཕོས་པ་འཇམ་དཔལ་གྱི།   །མཚན་དོན་བརྗོད་པའི་སྒྲ་འདི་གཅིག་པུ་ཡིན།   །དེ་སླད་རྒྱལ་བསྟན་གནས་དང་འཛིན་པའི་ཞིང་།   །དཀར་ནག་རྒྱ་དང་གངས་ཅན་བོད་ཡུལ་གྱི།   །རང་རང་སྐད་དུ་མ་ནོར་གཏན་ཕབ་པའི།   །གཞུང་བཟང་འདི་ཀོ་ [20a] ཡིད་བཞིན་ནོར་ལས་ལྷག    །དེ་ཕྱིར་རིས་སུ་མ་ཆད་འཛམ་གླིང་གི   །   མོས་ལྡན་སྐྱེ་བོའི་ཡིད་ཀྱི་གདུང་སེལ་ཕྱིར།   །རྒྱ་སྟོན་བསོད་ནམས་ཆོས་ཀྱི་རྒྱལ་མཚན་ནས།   །ལྷག་བསམ་དད་པས་འཕྲུལ་སྤར་ཕྱི་མོར་སྤྲོས།   །འདི་ལས་བྱུང་བའི་དགེ་ཚོགས་ཆུ་བོའི་གཏེར།   །འཛམ་གླིང་ཡངས་པའི་སྐྱེ་འགྲོའི་འདོད་འཇོ་རུ།   །ཉེར་སྨིན་ངོ་མཚར་གྲགས་པའི་དབྱངས་སྙན་གྱིས།   །ས་གསུམ་ཀུན་ཁྱབ་བཀྲ་ཤིས་དཔལ་འབར་ཤོག    །ཅེས་པའང་ལྷ་རིགས་ཤཱཀྱའི་དགེ་བསྙེན་རིག་པ་འཛིན་པ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་སྙིང་ནས་སྤྲོ་ཞིང་ཡི་རང་བའི་སེམས་ཀྱིས་བརྗོད་པ་སིདྡྷི་རསྟུ།།   །།
༈     །ཨོཾ་སྭསྟི།   མཚན་ཙམ་ཐོས་པས་ངན་འགྲོའི་སྐྱེ་སྒོ་གཅོད།   གསོལ་བ་བཏབ་པས་ཐར་ལམ་དབུགས་ཆེན་འབྱིན།   །བསྐལ་བཟང་འདིར་བྱོན་རྣམ་འདྲེན་སྟོང་རྩ་ལ།   །མོས་པ་ཙམ་ཡང་འཁོར་བ་མཐའ་ཅན་ཉིད།   །དེ་སླད་དད་ནོར་ལྡན་རྣམས་གདུང་སེལ་གྱི།   །བདུད་རྩི་སྐྱེས་ཀྱི་མཆོག་ཏུ་གྱུར་འདི་ཀོ   །   ལན་གཅིག་འབྲེལ་བ་ཙམ་ཡང་དོན་ཆེ་ཕྱིར།   །གཞན་ལ་ཕན་སླད་ཁོ་ནས་ཡིད་དྲངས་ཏེ།   །རྒྱ་སྟོན་བསོད་ནམས་ཆོས་ཀྱི་རྒྱལ་མཚན་ནས།   །སྐད་ཟུང་ཤན་ [20b] སྦྱར་གོ་སླ་འཇུག་བདེ་རུ།   །འཕྲུལ་ཆེན་སྤར་དུ་སྤེལ་བའི་དགེ་ཚོགས་ཀྱིས།   །འགྲོ་ཁམས་ཕན་བདེ་སྣང་བས་འཚོ་བྱེད་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་སྙིང་ནས་སྨོན་པའི་ཚིག་ཏུ་བརྗོད་པ་སིདྡྷི་རསྟུ།།   །།
༈     །སྭསྟི།   གངས་ཅན་མཐའ་ཁོབ་མུན་གླིང་ཁྲོད་འདིར་རྨད་བྱུང་ཐུགས་བསྐྱེད་སྐྱ་རེངས་གསར་པས་ཡོངས་བསྐུལ་ཏེ།   །རྒྱལ་བསྟན་རིན་ཆེན་མདོ་སྔགས་ཆོས་ཚུལ་འོད་སྟོང་ཅན་དེ་འབད་བརྩོན་ཤིང་རྟ་བདུན་ཤུགས་ཀྱིས།   །ཐོགས་མེད་དྲངས་ལས་ཆོས་ཚིགས་ཡུལ་དབུས་འཕགས་ཡུལ་གཉིས་པ་སྐལ་བ་བཟང་པོར་བསྒྲུབ་པའི་གཏམ།   །སྔ་འགྱུར་པ་ཞེས་ཡོངས་སུ་གྲགས་འདི་གང་འདུལ་བཀའ་བབ་རྒྱལ་བསྟན་ཡོངས་ཀྱི་ཕྱི་མོའང་ཡིན།   །དེ་སླད་བསྟན་པ་རྒྱས་པའི་སྨོན་ལམ་དྲང་སྲོང་མི་ཕམ་གསུང་གི་དགོངས་འགྲེལ་ལེགས་བཤད་མཆོག    །མཁྱེན་རབ་དབང་ཕྱུག་རྒྱལ་ཚབ་འཇམ་དབྱངས་བློ་གྲོས་རྒྱ་མཚོའི་སྒྲ་དབྱངས་སྒྲོགས་དེས་བརྩམས་མཛད་པ།   །འདི་ཀོ་སྔ་འགྱུར་བཀའ་མའི་ཆོས་མཛོད་ཡན་ལག་མཐའ་རྒྱས་ཁོངས་སུ་བསྡུས་ཤིང་སྤེལ་བར་བྱས།   །བསོད་ནམས་གང་དེས་སྐབས་དོན་སྨོན་པའི་གནས་ཀུན་གེགས་མེད་ཡོངས་གྲུབ་[21a] བཀྲ་ཤིས་དཔལ་འབར་ཤོག    །ཅེས་པའང་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛ་ཡནྟུ།།   །།
༈     །ཨོཾ་སྭསྟི།   མཐའ་ཡས་མ་གྱུར་འགྲོ་འདི་འཁོར་མཚོ་ལས།   །ཡོངས་བསྒྲལ་བདེ་ཆེན་ས་ལ་དབུགས་དབྱུང་སླད།   །རིགས་འདུས་རྡོར་སེམས་སྒྲུབ་ཕྲིན་འཇུག་བདེའི་སྐྱེས།   །ཆོས་སྦྱིན་སྤར་དུ་བསྐྲུན་པའི་དགེ་ཚོགས་མཐུས།   །ཕ་མས་གཙོ་བྱས་འབྲེལ་བཅས་འགྲོ་བ་ཀུན།   །རྣམ་གྲོལ་བྱང་ཆུབ་གོ་འཕང་མྱུར་ཐོབ་ཤོག    །ཅེས་སོག་རྩེ་སྤྲུལ་སྐུ་ཀུན་བཟང་བསྟན་འཛིན་རྒྱལ་མཚན་དང་།   ཨང་རྟ་མགྲིན་ལྷན་ནས་རྣམ་དཀར་སྤེལ་བའི་སྨོན་བྱང་དུ་ཛྙཱ་ནས་བྲིས་པ་དགེ།   །།   
༈     །ཨོཾ་སྭསྟི།   བཅོས་མིན་ལྷག་བསམ་བཟང་པོས་ཉེར་དྲངས་ཏེ།   །སྲིད་ན་མཚུངས་མེད་ཡིད་བཞིན་ནོར་གཅིག་པུ།   །རྒྱལ་བའི་གསུང་རབ་མཐར་ཐུག་ངེས་པའི་དོན།   །ཡུམ་ཆེན་ཤེར་ཕྱིན་རྒྱས་འབྲིང་བསྡུས་པའི་ཚུལ།   །གླེགས་བམ་གཟུགས་སྐུར་འཕོས་པའི་ངོ་མཚར་རྟེན།   །བསོད་ནམས་དཔལ་དུ་བསྐྲུན་པའི་ལེགས་བྱས་མཐུས།   །ཐོག་མེད་དྲིན་གྱིས་བསྐྱངས་པའི་ཕ་མས་གཙོས།   །ཉེ་འབྲེལ་ལྟོས་ [21b] པར་བཅས་པའི་འགྲོ་བ་ཀུན།   །སྡུག་བསྔལ་འཁོར་བའི་རྒྱ་མཚོ་ལས་བརྒལ་ཏེ།   །རྣམ་གྲོལ་ཞི་བ་རིན་ཆེན་གླིང་མཆོག་ཏུ།   །གཏན་གྱི་བདེ་བ་ཆེ་ལ་ལོངས་སྤྱད་ནས།   །ཁམས་གསུམ་འཁོར་བ་དོང་སྤྲུགས་དཔལ་ཐོབ་ཤོག    །ཅེས་ལྷག་པའི་བློ་གྲོས་དགེ་བ་འཆི་མེད་གཡུལ་རྒྱལ་ཉེ་འབྲེལ་ལྟོས་བཅས་དུས་ལ་ཡོལ་བ་རྣམས་ཀྱི་དགེ་རྩར་རྒྱལ་བའི་གསུང་རབ་གླེགས་བམ་ཚོགས་མཆོག་གི་རྟེན་དུ་བསྒྲུབས་པའི་སྨོན་ཚིག་ཏུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་དགེ།   །།   
༈ །ཨོཾ་སྭསྟི། སྨན་པའི་རྒྱལ་པོ་བྱང་སེམས་ཁྱིམ་པའི་ཚུལ། །སྐྱེ་བ་སྤྲུལ་པའི་སྐུར་སྣང་གངས་ཅན་གྱི། །དྲང་སྲོང་གཡུ་ཐོག་ཡོན་ཏན་མགོན་པོ་ཞེས། །གྲགས་པའི་སྒྲ་དབྱངས་སྲིད་པའི་ཁོངས་ན་སྙན། །གང་དེའི་དགོངས་པའི་ཀློང་ནས་རང་བརྡོལ་བ། །བདེ་མྱུར་ལམ་གྱི་ཁྱད་གྱུར་གསང་སྔགས་བཅུད། །བཀའ་གཏེར་ཟུང་འཇུག་མན་ངག་བདུད་རྩིའི་རྒྱུན། །གཡུ་ཐོག་སྙིང་གི་ཐིག་ལེ་ཞེས་གྲགས་པའི། སྨིན་གྲོལ་ལམ་བཟང་ཚང་ལ་མ་ནོར་བ། །སྐལ་བཟང་སྐལ་པར་བསྐྱིལ་བའི་གཞུང་ཡོངས་རྫོགས། །བསོད་ནམས་ཅན་གྱི་མགྲོན་ [22a] པོ་དབུགས་དབྱུང་ཕྱིར། །ཚེ་རིག་འཛིན་པ་བཀྲ་ཤིས་གཡང་འཕེལ་ནས། །ལྷག་བསམ་ཁོ་ནས་སྐྱེས་ཀྱི་མཆོག་ཏུ་བསྒྲུབས། །དེ་ལས་བྱུང་བའི་དགེ་ཚོགས་མི་ཟད་པ། །འབྲེལ་བཅས་འགྲོ་བའི་ཉེར་འཚོར་ཡོངས་སྨིན་ནས། །ཚུལ་འདིའི་རིང་ལུགས་མི་ནུབ་དཔལ་གྱུར་ཅིག །ཅེས་རྣམ་དཀར་སྒྲུབ་པ་པོའི་བཞེད་སྐོང་དུ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཤུ་བྷཾ།། །།