ཤིང་རྟ་ཆེན་མོ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་བྱང་སྡོམ་སྨོན་ལམ་རྒྱལ་སྲས་བདེ་ལམ།

From Dudjom Wiki
DJYD-SUNGTHORBU-01-AA-009
Wylie title shing rta chen mo gnyis kyi bka' srol dang 'brel ba'i byang sdom smon lam rgyal sras bde lam
Location bdud 'joms rin po che'i gsung thor bu
Volume 1, Text 9, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Shing rta chen mo gnyis kyi bka' srol dang 'brel ba'i byang sdom smon lam rgyal sras bde lam. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །ཤིང་རྟ་ཆེན་མོ་གཉིས་ཀྱི་བཀའ་སྲོལ་དང་འབྲེལ་བའི་བྱང་སྡོམ་སྨོན་ལམ་རྒྱལ་སྲས་བདེ་ལམ་ཞེས་བྱ་བཞུགས་སོ།།

གང་ལ་སེམས་ཀྱི་དམ་པ་རིན་ཆེན་དེ། །སྐྱེས་པ་དེ་ཡི་སྐུ་ལ་ཕྱག་འཚལ་ཞིང༌། །གང་ལ་གནོད་པ་བྱས་ཀྱང་བདེར་འབྲེལ་བ། །བདེ་བའི་འབྱུང་གནས་དེ་ལ་སྐྱབས་སུ་མཆི། །སྲིད་སྤངས་ཞི་ལ་ཆགས་པའི་མཐའ་གཉིས་སུ། །མི་གནས་བླ་ན་མེད་པའི་མྱང་འདས་རྒྱུ། །ཐེག་མཆོག་ཆེན་པོ་བདུན་ལྡན་སྒོར་ཞུགས་ནས། །བྱང་ཆུབ་སྤྱོད་པ་རླབས་ཆེན་སྤྱད་པར་ཤོག །དགེ་བའི་བཤེས་བསྟེན་རིགས་དང་དགེ་རྩ་སྤེལ། །ཐེག་ཆེན་སྡེ་སྣོད་མང་དུ་ཐོས་པ་སོགས། །གྲོགས་རྒྱུ་དགེ་རྩ་ཐོས་པའི་སྟོབས་ལྔ་ཡིས། །སེམས་མཆོག་ནན་ཏན་སྙིང་ནས་བསྐྱེད་པར་ཤོག །ཐོས་ལ་དད་ཅིང་བསམ་འདུན་སྒོམ་ལ་བརྩོན། །ལེ་ལོ་ཆུང་ཞིང་སེམས་ཅན་དད་ལ་སྦྱོར། །སྙིང་རྗེ་ཆེ་ཞིང་བྱེད་སྤྱོད་ཡང་དག་ལྡན། །དོན་གཉིས་ཉམས་པའི་རྒྱུ་བདུན་མི་སྤྱོད་ཤོག །ཕན་ཡོན་ཉེས་དམིགས་རྙེད་དཀའ་དྲན་པ་དང༌། །ཡན་ལག་བདུན་དང་རྒྱལ་བ་སྲས་བཅས་ལ། །གསོལ་འདེབས་སྨོན་ལམ་དུས་གསུམ་བགྱིད་པ་དང༌། །ཆོས་འགལ་བདུད་ཀྱི་ལས་ལ་མི་འཇུག་ཤོག །སེམས་ཅན་རང་དང་དམ་ཆོས་ནོར་ལས་གཅེས། །བཤེས་གཉེན་ཕ་མ་བྱང་སེམས་སྙིང་ལས་གཅེས། །སངས་རྒྱས་གོ་འཕང་འཚོ་བའི་ལོངས་སྤྱོད་ལས། །གཅེས་པར་བལྟ་བས་མཐུན་རྐྱེན་སྒྲུབ་པར་ཤོག །སྤང་རྟོགས་ཕྲིན་ལས་ཕུན་ཚོགས་ཐོབ་པའི་རྒྱུ། །རང་གཞན་སྨིན་བྱེད་ཉེས་སྤྱོད་སྡོམ་པ་དང༌། །དགེ་བ་ཆོས་སྡུད་སེམས་ཅན་དོན་བྱེད་ཀྱི། །ཚུལ་ཁྲིམས་གསུམ་དང་འགལ་མེད་སྤྱོད་པར་ཤོག ། ༈ ནམ་སྙིང་ཐབས་ལ་མཁས་སོགས་མདོ་སྡེའི་དོན། །འཇམ་དཔལ་གདམས་ངག་འཕགས་ཞབས་ཡབ་སྲས་ལས། །རིམ་འོངས་ཟབ་མོ་ལྟ་བརྒྱུད་བཞེད་གཞུང་གི །བསླབ་པའི་གནས་ཀུན་མི་འགལ་སྲུང་བར་ཤོག །གཞན་དོན་རྫོགས་བྱང་དོན་གཉེར་བློས་བཏང་ནས། །ཐེག་དམན་རང་དོན་ཉི་ཚེ་ཡིད་ལ་བྱེད། །ཕས་ཕམ་ལས་ལྕི་ཚུལ་ཁྲིམས་སྐྱོན་བྱེད་པའི། །སྡོམ་པའི་རྩ་བ་སྨོན་སེམས་མི་བཏང་ཤོག །བྱང་ཆུབ་སེམས་འདོར་སེར་སྣས་སྦྱིན་མི་བྱེད། །མི་བཟོད་ཁྲོ་བས་བརྡེག་ཅིང་ཉོན་མོངས་དང༌། །གནས་མཐུན་ཆོས་ལྟར་བཅོས་པ་བསྟན་ལ་སོགས། །འཇུག་པས་དགེ་ལ་མི་སྦྱོར་མི་བགྱིད་ཤོག །སྐུ་གཟུགས་མཆོད་རྟེན་དམ་ཆོས་གླེགས་བམ་དང༌། །ཆོས་སྨྲའི་ཆ་རྐྱེན་དགེ་འདུན་འདུ་བའི་རྫས། །དཀོན་མཆོག་དཀོར་ལ་རྐུ་འཕྲོག་ལོངས་སྤྱོད་པ། །རྩ་ལྟུང་དང་པོས་གོས་པར་མི་བྱེད་ཤོག །ཐེག་གསུམ་གང་ཡང་རུང་བའི་སྡེ་སྣོད་དང༌། །ཚུལ་ཁྲིམས་ཏིང་འཛིན་སེམས་ཀྱི་བསླབ་པ་ལ། །རང་འདོད་བློ་ཡིས་ཕྱོགས་ཁྱེར་སྨད་ཅིང་སྤོང༌། །རྩ་ལྟུང་གཉིས་པས་གོས་པར་མི་བྱེད་ཤོག །རབ་བྱུང་རྟགས་ཙམ་འཛིན་པ་ཡན་ཆད་ལ། །སྡང་བས་གོས་འཕྲོག་བརྡེག་ཅིང་བཙོན་དུ་བཅུག །ཁྱིམ་པར་དབབ་དང་བསད་དམ་གསོད་སེམས་འཆང༌། །རྩ་ལྟུང་གསུམ་པས་གོས་པར་མི་བྱེད་ཤོག །དགེ་འདུན་དབྱེན་འབྱེད་ཕ་མ་དགྲ་བཅོམ་གསོད། །དེ་བཞིན་གཤེགས་ལ་ངན་སེམས་ཁྲག་ཕྱུང་བ། །མཚམས་མེད་ལྔ་ལས་གང་རུང་ཞིག་སྤྱད་པ། །རྩ་ལྟུང་བཞི་པས་གོས་པར་མི་བྱེད་ཤོག །ལས་འབྲས་ཁྱད་གསོད་ལོག་ལྟས་མི་དགེ་སྤྱོད། །དགེ་རྩ་ཆད་པའི་རྩ་ལྟུང་ལྔ་པས་གོས། །བྱང་སེམས་རྒྱལ་ལ་འབྱུང་ཉེའི་ལྟུང་བ་རྣམས། །བགྱིད་དམ་བགྱིད་དུ་བཅུག་པར་མི་བྱེད་ཤོག །ཁྱིམ་ཉུང་གྲོང་དང་རིགས་བཞི་ཚང་བའི་ལྗོངས། །གྲོང་ཁྱེར་གྲོང་བརྡལ་ཡུལ་འཁོར་ཆེན་པོ་རྣམས། །སྡང་བས་འཇིག་པ་འཇོམས་སོགས་བློན་པོ་ལ། །འབྱུང་ཉེའི་རྩ་ལྟུང་ལྔ་པོས་མི་གོས་ཤོག །དང་པོའི་ལས་ཅན་བློ་མ་སྦྱངས་པ་ལ། །མ་བརྟགས་སྟོང་ཉིད་བརྗོད་སྔས་ཉན་ཐོས་སྨོན། །སངས་རྒྱས་སྒྲུབ་ལ་ཞུགས་པའི་བློ་ཆེན་པོ། །དེ་ལྡོག་ཐེག་དམན་ལམ་དུ་མི་འགོད་ཤོག །ཉན་ཐོས་རིགས་ཅན་སོ་ཐར་སློབ་པ་ལ། །སྨད་ནས་དེ་འདོར་ཐེག་ཆེན་སློབ་ཏུ་བཅུག །ཉན་ཐོས་ཐེག་པས་ཆགས་སོགས་མི་སྤོང་ཞེས། །ཐར་ལམ་མེད་པར་འཛིན་དུ་མི་འཇུག་ཤོག །ཕྲག་དོག་དབང་གིས་བྱང་སེམས་གཞན་གྱི་སྐྱོན། །ཡོད་མེད་ཀུན་གླེང་རང་གི་ཡོན་ཏན་ངོམས། །མ་རྟོགས་བཞིན་དུ་རྙེད་དང་བཀུར་སྟིའི་ཕྱིར། །རྟོགས་པར་ཁས་འཆེ་བདག་ཉིད་མི་འཚོང་ཤོག །རྒྱལ་དང་དབྱེན་བྱས་དགེ་སློང་ཆད་འབེབས་ཤིང༌། །ཆད་འཇལ་ལྐོག་བརྔན་དཀོན་མཆོག་དཀོར་ནོར་བླངས། །ཞི་གནས་ལ་སོགས་རྣལ་འབྱོར་འདོར་འཇུག་ཅིང༌། །སྤོང་བའི་ལོངས་སྤྱོད་ཀློག་སྡེར་མི་སྦྱིན་ཤོག །དང་པོའི་ལས་ཅན་ཕལ་ལ་འབྱུང་ངེས་ཤིང༌། །མི་བཟད་དམྱལ་བ་ཆེན་པོར་ལྟུང་བའི་རྒྱུ། །དགེ་རྩ་སྔོན་བསྐྱེད་ཐལ་བར་རློག་བྱེད་པ། །རྩ་ལྟུང་བརྒྱད་པོས་གོས་པར་མི་བྱེད་ཤོག །བདེ་སྡུག་ཡལ་བར་འདོར་བ་ཉི་ཤུ་བཞི། །སྒྲུབ་པ་ཡལ་བར་འདོར་བ་བཅུ་དྲུག་བཅས། །གནས་སྐབས་སུའམ་གཏན་དུ་འདོར་བ་ཡི། །ཡན་ལག་ཉེས་བྱས་བརྒྱད་ཅུས་མི་གོས་ཤོག །མི་དགེ་བཅུ་དང་ཆོས་བརྒྱད་ལོག་འཚོ་ལྔ། །ལོག་རྟོག་བརྒྱད་དང་སྤྱོད་ཡུལ་མིན་པ་ལྔ། །སྡིག་གྲོགས་སྡིག་ལྟ་འཛིན་སོགས་བདུད་ཀྱི་ལས། །དགེ་རྩ་འཛད་པའི་རྒྱུ་བཞི་མི་བྱེད་ཤོག །དོན་མེད་རྒྱུག་མཆོང་བྲེ་མོའི་གཏམ་སྨྲ་ཞིང༌། །ཆགས་སྡང་མནོ་སོགས་དགག་པའི་བསླབ་བྱ་ཉམས། །འཛུམ་དེས་ཞི་དལ་དྲང་པོར་མི་སྨྲ་སོགས། །སྒྲུབ་པའི་བསླབ་བྱ་ཉམས་པར་མི་བྱེད་ཤོག ། ༈ འཁོར་ལོ་ཕྱི་མ་གཉིས་ཀྱིས་བསྟན་པའི་དོན། །བྱམས་མགོན་གདམས་ངག་ཐོགས་མེད་སྐུ་མཆེད་ལས། །རིམ་འོངས་རྒྱ་ཆེན་སྤྱོད་བརྒྱུད་བཞེད་གཞུང་གི །བསླབ་པའི་གནས་ཀུན་དང་འགལ་མི་བྱེད་ཤོག །རིན་ཆེན་གླིང་དུ་འགྲོ་འདོད་བསམ་པ་བཞིན། །སངས་རྒྱས་སྒྲུབ་ལ་མེད་ཐབས་མེད་པ་ཡི། །སྨོན་པའི་སེམས་ཀྱི་བསླབ་བྱ་སྡེ་ལྔ་པོར། །མི་བསླབ་པའམ་འགལ་ཉམས་མི་བྱེད་ཤོག །ཕན་བཏགས་ལན་དུ་གནོད་པ་ཆེར་བྱས་ཀྱང༌། །ཡང་ལན་སྙིང་རྗེ་ཆེན་པོས་མི་སློན་པར། །སེམས་ཅན་གཅིག་ལ་སྐད་ཅིག་གཅིག་ཙམ་དུ། །ཁྲོ་བའི་བློ་ཡིས་བཏང་བར་མི་བྱེད་ཤོག །སྡོང་པོ་བཀོད་པར་ཉིས་བརྒྱ་སུམ་ཅུའི་དཔེས། །བསྟན་སོགས་སྨོན་སེམས་བསྐྱེད་པའི་ཕན་ཡོན་ནི། །དངོས་པོར་གྲུབ་ན་ནམ་མཁར་མི་ཤོང་བ། །རྟག་ཏུ་དྲན་ཏེ་གཅེས་སྤྲས་བྱེད་པར་ཤོག །ཐུན་ཚོད་རེར་ཡང་གཞན་ཕན་འབའ་ཞིག་བློས། །ཆོས་སྤྱོད་རྣམ་བཅུ་བསྡུ་བའི་དངོས་པོ་བཞི། །ཕར་ཕྱིན་བཅུ་སོགས་བྱང་སེམས་སྟོབས་བསྐྱེད་པའི། །ཚོགས་གཉིས་ཟུང་འཇུག་གསོག་ལ་འབད་པར་ཤོག །བྱམས་དང་སྙིང་རྗེ་བསྒོམ་སོགས་རྒྱུ་ལ་སྦྱང༌། །ཉིན་མཚན་དུས་དྲུག་བྱང་ཆུབ་སེམས་བསྐྱེད་བླང༌། །བདེ་སྡུག་བཏང་༼གཏོང་༽ལེན་དམིགས་རྣམ་སྦྱོང་བ་སོགས། །བྱང་སེམས་འཕེལ་བའི་ཐབས་ལ་བརྩོན་པར་ཤོག །མཆོད་འོས་བསླུ་ཞིང་གཞན་ལ་འགྱོད་པ་བསྐྱེད། །དགེ་སྦྱོང་སྐྱོན་བརྗོད་འགྲོ་ལ་གཡོ་སྒྱུས་སྤྱོད། །སྤྱད་པ་ཙམ་གྱིས་སྡོམ་པ་འཇིག་བྱེད་པ། །ནག་པོའི་ཆོས་བཞིས་གོས་པར་མི་བྱེད་ཤོག །སྲོག་གི་ཕྱིར་ཡང་ཤེས་བཞིན་རྫུན་མི་སྨྲ། །སེམས་བསྐྱེད་པ་ལ་སྟོན་པའི་དུས་ཤེས་འཇོག །འགྲོ་ལ་གཡོ་མེད་ཀུན་ཀྱང་ཐེག་པ་ཆེར། །འགོད་འདོད་དཀར་པོའི་ཆོས་བཞི་སྤྱོད་པར་ཤོག །རྙེད་དང་བཀུར་སྟིར་ལྷག་པར་ཆགས་པའི་བློས། །བདག་ལ་བསྟོད་ཅིང་གཞན་གྱི་ཡོན་ཏན་སྨོད། །སྡུག་བསྔལ་མགོན་མེད་པ་དང་སྣོད་གྱུར་ལ། །སེར་སྣས་ཆོས་ནོར་མི་སྟེར་མི་བྱེད་ཤོག །གཞན་གྱིས་བཤགས་སྦྱང་མི་བཟོད་ཁྲོ་བ་ཡིས། །ཞེ་འཁོན་མི་ལྡོག་རྡེག་ཅིང་འཚོག་པས་འཚེ། །གཏི་མུག་དབང་གིས་ཆོས་ལ་སྐུར་འདེབས་ཤིང༌། །ཆོས་མིན་ཆོས་ལྟར་བཅོས་ཏེ་མི་འཆད་ཤོག །འཇུག་པའི་བསླབ་བྱ་དང་འགལ་རྩ་ལྟུང་བཞི། །ཉོན་མོངས་ཆེ་འབྲིང་ཆུང་ངུས་སྤྱད་པ་ལས། །སྡོམ་པ་ཤོར་དང་ཉམས་འགལ་གྱུར་པ་ཡིས། །ས་ལམ་རིང་དུ་བྱེད་པར་མ་གྱུར་ཅིག །དཀོན་མཆོག་མི་མཆོད་འདོད་སེམས་རྗེས་སུ་ཞུགས། །རྒན་ལ་མ་གུས་དྲིས་ལ་ལན་མི་འདེབས། །མགྲོན་བོས་མ་སོང་སེར་སོགས་སྦྱིན་མི་ལེན། །ཆོས་འདོད་མི་སྟེར་སྦྱིན་འགལ་བདུན་སྤོང་ཤོག །ཚུལ་འཆལ་ཡལ་འདོར་དད་ཕྱིར་རང་མི་སློབ། །གཞན་དོན་མི་བྱེད་སྤང་བདུན་ཕན་ཡང་འཛེམ། །ལོག་འཚོ་དང་ལེན་འཕྱར་གཡེང་རྩེ་མོར་དགའ། །སྲིད་པའི་དཔལ་འབྱོར་དག་ལ་མི་ཆགས་ཤོག །གཞན་གྱི་གྲགས་ངན་མི་སེལ་རང་གཞན་ལ། །ཉོན་མོངས་ཆེར་ལྡན་མཐོང་ཡང་ཆོས་བཞིན་དུ། །མི་སེལ་ཁྲིམས་འགལ་དགུ་དང་གཤེ་ཁྲོ་བརྡེག །མཚང་འབྲུར་དེ་ལན་ཟློག་པ་མི་བྱེད་ཤོག །གཞན་ཁྲོས་སེམས་གསོ་མ་བྱས་ཡལ་བར་དོར། །བཤགས་པ་མ་བླངས་ཁྲོ་བའི་སེམས་བྱུང་ན། །མ་སྤངས་བཟོད་འགལ་བཞི་དང་རྙེད་གྲགས་ཆེད། །འཁོར་སྡུད་གཉིད་སྙོམས་ལེ་ལོ་མི་བྱེད་ཤོག །འདུ་འཛིའི་གཏམ་ཆགས་བརྩོན་འགྲུས་འགལ་ཟླ་གསུམ། །སེམས་གནས་ཐབས་བོར་སྒྲིབ་པ་ལྔ་མི་སྤོང༌། །བདེ་གསལ་རོར་ཆགས་བསམ་གཏན་དང་འགལ་གསུམ། །ཐེག་དམན་ཐེག་ཆེན་སྡེ་སྣོད་འདོར་སྤོང་ཤོག །སངས་རྒྱས་གཞུང་དོར་མུ་སྟེགས་བསྟན་བཅོས་བརྩོན། །ནང་རིག་ལས་ཀྱང་ཕྱི་གཞུང་ཆེད་ཆེར་བཟུང༌། །ཐེག་པ་ཆེ་ལ་སྐུར་འདེབས་བདག་ཉིད་བསྟོད། །གཞན་ལ་སྨོད་པ་ནམ་ཡང་མི་བགྱིད་ཤོག །ཆོས་སྨྲའི་དྲུང་དུ་ཆོས་ཕྱིར་མི་འགྲོ་བར། །འཕྱ་ཞིང་ཁྱད་གསོད་ཤེས་རབ་འགལ་བརྒྱད་དང༌། །གཞན་གྱི་གྲོགས་དན་ནད་པའི་རིམ་གྲོ་དང༌། །སྡུག་བསྔལ་བསལ་བར་མི་བརྩོན་མི་བགྱིད་ཤོག །བདག་གཞན་བག་མེད་གྱུར་ལས་ཚུལ་བཞིན་དུ། །འཆོས་པར་མི་བྱེད་གཞན་དོན་ལས་ཉམས་བཞི། །ཕན་བཏགས་ལན་དུ་དྲིན་བཟོ་མི་བྱེད་དང༌། །མྱ་ངན་བསལ་བར་མི་འགྱིད་མི་བྱེད་ཤོག །སློང་ལ་འདོད་མི་སྦྱིན་དང་འཁོར་མི་བསྐྱངས། །གཞན་སེམས་མི་བསྟུན་གཞན་བསྔགས་མི་བརྗོད་པ། །ཕན་འདོགས་གཡེལ་བ་དྲུག་དང་ཆོས་འགལ་ལ། །ཆད་པ་འོས་ཀྱང་བཏང་སྙོམས་མི་བྱེད་ཤོག །ཆོས་ལྡན་གཏམ་དང་རྫུ་འཕྲུལ་གྱིས་མི་བསྡིགས། །ངན་པ་ཚར་མི་གཅོད་པའི་ཉེས་གཉིས་བཅས། །ཉེས་བྱས་ཕྲ་བ་བཞི་བཅུ་རྩ་དྲུག་གིས། །སྨོན་འཇུག་བྱང་ཆུབ་སེམས་གཉིས་མི་སྒྲིབ་ཤོག །གཞན་ཡང་སོ་སོ་ཐར་པ་རིས་བརྒྱད་ཀྱི། །བཅས་ལྟུང་བླང་འདས་ཀུན་རྩ་སྐྱབས་སྡོམ་དང༌། །འགལ་སོགས་མ་གུས་སྙོམས་ལས་ལེ་ལོ་ཡིས། །ཉེས་སྤྱོད་སྡོམ་པའི་ཚུལ་ཁྲིམས་མི་དཀྲུག་ཤོག །མི་མཐུན་ཕྱོགས་ཉམས་མི་རྟོག་ཡེ་ཤེས་ལྡན། །འདོད་དོན་རྫོགས་ཤིང་སེམས་ཅན་རབ་སྨིན་བྱེད། །ཁྱད་ཆོས་བཞི་ལྡན་ཕར་ཕྱིན་སོ་དྲུག་སོགས། །དགེ་ཆོས་མཐའ་དག་བདག་རྒྱུད་ལ་འདུ་ཤོག །ཟང་ཟིང་དམ་ཆོས་མི་འཇིགས་མི་སྦྱིན་དང༌། །སྡོམ་དང་ཆོས་སྡུད་དོན་བྱེད་ཚུལ་ཁྲིམས་ཉམས། །གནོད་དང་སྡུག་བསྔལ་ཟབ་མོའི་དོན་མི་བཟོད། །གོ་དགེ་གཞན་ཕན་བརྩོན་འགྲུས་ལྷོད་སྤོང་ཤོག །བདེར་གནས་སྒྲུབ་དང་གཞན་དོན་བསམ་གཏན་གཡེལ། །ཐོས་བསམ་སྒོམ་པའི་ཤེས་རབ་མ་གོམས་ཏེ། །ཡོན་ཏན་བཞི་དང་ལྡན་པའི་ཕ་རོལ་ཕྱིན། །དམ་པ་དྲུག་ལྡན་དང་འགལ་མི་བགྱིད་ཤོག །དུས་གསུམ་གྱིས་བསྡུས་སེམས་ཅན་སྨིན་བྱེད་ཐབས། །ཀུན་འདུས་སྦྱིན་དང་སྙན་སྨྲ་དོན་སྤྱོད་དང༌། །དོན་མཐུན་དངོས་པོ་བཞི་ཡིས་སེམས་ཅན་གྱི། །དོན་བྱེད་ཚུལ་ཁྲིམས་མ་ཉམས་བསྲུང་བར་ཤོག །ལུས་དང་ལོངས་སྤྱོད་དགེ་བའི་དངོས་གསུམ་པོ། །བསྲུང་དང་དག་པ་གཏོང་དང་སྤེལ་བ་ཡི། །ས་མཚམས་བཞིན་དུ་མཐུན་ཕྱོགས་ཀུན་སློབ་ཅིང༌། །མི་མཐུན་ཕྱོགས་སྤང་ཇི་བཞིན་བྱེད་པར་ཤོག །མདོར་ན་དྲན་དང་ཤེས་བཞིན་བག་ཡོད་པས། །འདི་དང་གཏན་དུ་ཕན་པའི་རྒྱུར་འགྱུར་པའི། །རྒྱལ་སྲས་རྣམས་ཀྱི་བསླབ་བྱ་གང་ཡིན་པ། །མིག་དང་སྲོག་ལྟར་གཅེས་པར་བསྲུང་བར་ཤོག །གང་གིས་རིགས་དང་མི་རིགས་མ་བརྟགས་པར། །བརྩམ་མམ་ལྡོག་གམ་བཏང་སྙོམས་འཇོག་ཀྱང་རུང༌། །འོས་འདས་ལྟུང་དང་ལྟུང་མེད་གཟུགས་བརྙན་སོགས། །བྱང་སེམས་བསླབ་པའི་གནས་ལས་འཛོལ་མེད་ཤོག །རྒྱལ་དང་རྒྱལ་བའི་ཆོས་ལ་དད་བྱེད་ཅིང༌། །རྒྱལ་སྲས་རྣམས་ཀྱི་སྤྱོད་ལ་རབ་དད་པས། །བླ་མེད་བྱང་ཆུབ་སྤྱོད་པ་མཐར་ཕྱིན་ནས། །འགྲོ་རྣམས་ཕན་བདེ་རྒྱ་མཚོས་འཚོ་བྱེད་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང༌། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང༌། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །ཇི་ལྟར་བསྔོ་བ་སྨོན་ལམ་འགྲུབ་པར་ཤོག །ཅེས་པའང་རྒྱ་གར་ནུབ་བྱང་ཕུ་ལ་ཧ་རི་ཕྱོགས་ཀྱི་དགེ་སྦྱོང་བསྟན་འཛིན་ཆོས་འཕེལ་བཟང་པོས་བསྐུལ་བའི་ངོར།» རྒྱལ་སྲས་བློ་གྲོས་དྲི་མེད་ཕན་བདེའི་འོད་ཟེར་རམ་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་སིདྡྷི་རསྟུ།། །།