བཀའ་ཡིག་དང་ཆབ་ཤོག་སོགས་ཐོར་བུ་སྣ་ཚོགས་སྐོར།

From Dudjom Wiki
DJYD-SUNGTHORBU-01-AA-017
Wylie title bka' yig dang chab shog sogs thor bu sna tshogs skor
Location bdud 'joms rin po che'i gsung thor bu
Volume 1, Text 17, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Bka' yig dang chab shog sogs thor bu sna tshogs skor. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །བཀའ་ཡིག་དང་ཆབ་ཤོག་སོགས་ཐོར་བུ་སྣ་ཚོགས་སྐོར་བཞུགས་སོ།།

རིགས་ཀྱི་བུ་ཕྲིན་ལས་ནོར་བུ་འདི་ལ། བདུད་འཇོམས་ཟབ་ཆོས་ཡོངས་རྫོགས་ཀྱི་དབང་ལུང་མན་ངག་བཀའ་རྫོགས་ལུང་རྫོགས་སུ་གདམས་པ་ཡིན་པས་དོན་བརྒྱུད་ཀྱི་གཉེར་ཁ་ཐུབ་པར་བགྱིས་ཤིག་ཅེས་ལུང་སྦྱིན་པ་ཡིན། ལྷ་རིགས་ཀྱི་སྔགས་པ་ཕ་རྒན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་བྲིས་པ་ཛཡནྟུ།། །། ༈ ཁམས་གསུམ་གྱི་དྲེགས་པ་ཅན་སྤྱི་དང་ཁྱད་པར་མདོ་ཁམས་བྲག་དམར་གཏེར་ལུང་བསྐོར་ཁུང་གི་ཕྱོགས་སུ་གནས་པའི་ཡིད་ཅན་ཡོད་དོ་ཅོག་ལ་བསྲིངས་པ། འདིར་ཨོ་རྒྱན་ཐོད་ཕྲེང་རྩལ་གྱི་བཀའ་ལུང་གི་ངེས་པ་དུས་སུ་བབས་ཏེ། འགྲོ་འདུལ་གྱི་སྐྱེས་བུ་ཨོ་རྒྱན་ཆེ་མཆོག་འདུས་པ་རྩལ་གྱིས་དུས་ངན་མུན་པའི་ཁྲོད་དུ་གསང་བསྟན་སྣང་བའི་སྒྲོན་མེ་གསར་དུ་སྦར་བའི་རྩ་ལག་དམ་པར་བསྟན་གཞི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། མདོ་སྔགས་ལུང་རྟོགས་བཤད་སྒྲུབ་ཀྱི་སྡེ་བཟང་པོ་འཛུགས་པའི་སྦྱོར་བརྩོན་ལྷུར་ལེན་པ་ལ། ཁྱེད་གཟུགས་ཅན་མི། གཟུགས་མེད་ཀྱི་ལྷ་འདྲེ་གང་སུ་ཡང་རུང་བས་སོ་སོའི་ནུས་པ་དང་འཚམས་པར་ཕན་པའི་སྡོང་གྲོགས་ཚུལ་བཞིན་དུ་བྱས་ན་འདི་ཕྱིའི་ཕན་བདེ་མ་ལུས་འབྱུང་བ་ཆོས་ཉིད་དང༌། གལ་སྲིད་ལོག་པར་སྤྱོད་པའི་སྡིག་སེམས་ཅན་སྲིད་ཚེ། བདག་ཉིད་ཁྲག་འཐུང་དཔའ་བོའི་ཕྱག་མཚན་རྡོ་རྗེ་ཕུར་བུ་འབར་བའི་འཕྲུལ་འཁོར་དང༌། ལས་མཁན་ལྕགས་སྡིག་གི་ཚྭ་ཚྭ་རླུང་ནག་ལྟར་འཚུབས་པས། ་ཁྱེད་རྣམས་ཀྱི་ཀླད་པ་ཚལ་པ་བརྒྱར་འགེམ་ཞིང༌། སྙིང་ཁྲག་དྲོན་མོ་སྡིག་པའི་དཔའ་སྐྱེམས་སུ་རྔུབ་པར་གདོན་མི་ཟ་བས་ཁེ་ཉེན་གྱི་གནས་ལ་ཅི་ནས་ཀྱང་བག་ཡོད་པར་བྱོས་ཤིག ཅེས་གོ་བར་བྱ་བའི་ཡི་གེ་འདི་ཡང་ཀོང་ཡུལ་བདུད་རི་རྔམས་ཆེན་སྒྲ་སྒྲོགས་ཀྱི་སྤོ་ནས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས་གདུག་པ་ཞེ་སྡང་ཅན་གྱི་ཉི་མ་ལ་བྲིས།། །། ༈ །ཨོཾ་སྭ་སྟི། དེ་ཡང་སངས་རྒྱས་སྣང་བ་མཐའ་ཡས་ཉིད་འགྲོ་འདུལ་སྤྲུལ་པ་སྐུ་ཡི་ཚུལ་དུ་སྣང་བ་ཨོ་རྒྱན་གྱི་སློབ་དཔོན་ཆེན་པོ་པདྨ་ཐོད་ཕྲེང་རྩལ་གང་ཉིད་སྙིགས་དུས་གདུལ་བྱ་ཞི་བས་མི་འདུལ་བ་རྣམས་ཀྱི་དོན་དུ་བདུད་འདུལ་འཇིགས་བྱེད་ཁྲོ་བོ་འཆོལ་བའི་སྐུར་བཞེངས་པ་ཆེ་མཆོག་རྡོ་རྗེ་གྲོ་བོ་ལོད་ཅེས་མཚན་ཙམ་འཛིན་པ་ལའང་སྲོག་བདག་རྒྱལ་པོ་གཟའ་ཀླུ་རྒྱལ་གསུམ་གཙོ་བོར་གྱུར་པའི་སྙིགས་དུས་ཀྱི་འདྲེ་རྒོད་གདུག་པ་ཅན་སུས་ཀྱང་གླགས་མི་རྙེད་པར་གསུངས་ན། དེའི་སྣང་བརྙན་བྱིན་རླབས་ཡེ་ཤེས་ཀྱི་གཟི་བྱིན་འབར་བ་གྲངས་འབུམ་ཕྲག་ལྷག་པ་དངོས་སུ་བཞུགས་པའི་བདུད་འདུལ་མཆོད་རྟེན་ཆེན་པོ་འདི་ལྟ་བུ་ལ་ཕྱག་མཆོད་བཀུར་སྟི་བྱས་པའི་ཕན་ཡོན་ནི་བསམ་གྱིས་མི་ཁྱབ་པ་ཉིད་ཀྱི་ཕྱིར་བརྗོད་ཀྱིས་མི་ལང་ལ་གནད་དོན་མདོར་བསྡུས་ཙམ་དུ། བསྐོར་བ་བྱས་པས་གནས་སྐབས་བར་ཆད་སེལ་ཚུལ་གྱི་དབང་དུ་བྱས་ན། བསྐོར་བ་བཅུ་བསྐོར་བས་ཉིན་ཞག་གཅིག་གི་བར་ཆད་སེལ། དེ་ཉིན་གྱི་རླུང་རྟ་བསྐྱེད། བརྒྱ་བསྐོར་བས་རྨི་ལམ་ངན་པ་དང༌། ལྟས་ངན་པ། རྣམ་རྟོག་ངན་པའི་མཚན་མ་ཐམས་ཅད་བཟློག་ཡིད་བདེ་ཞིང་ཤེས་པ་གསལ། སྟོང་གིས་ཤི་འདྲེ་གསོན་འདྲེ་མོ་འདྲེ་ཐེ་རང་དམ་སྲིའི་གནོད་པ་སོགས་གློ་བུར་རྩུབ་པའི་རྐྱེན་ཆག་ཐམས་ཅད་བཟློག བྱ་བ་གང་བརྩམ་ལམ་དུ་འགྲོ། ཁྲི་ཡིས་སྟེང་གདོན་གཟའ་དང་རྒྱུ་སྐར། འོག་གདོན་ཀླུ་དང་ས་བདག་བར་གདོན་བཙན་དང་རྒྱལ་འགོང༌། བྱད་ཁ་རྦོད་གཏོང༌། ཆུང་སྲི་དར་སྲི་དགྲ་སྲི་སོགས་ཀྱི་གནོད་པ་བཟློག་རང་ཉིད་གར་སོང་གར་བསྡད་དུ་བཀྲ་ཤིས་ཤིང་ཀུན་གྱིས་ཡིད་དུ་འོང༌། འབུམ་གཅིག་གིས་སྔོན་གྱི་ལས་དང་འཕྲལ་གྱིས་རྐྱེན་ལས་བྱུང་བའི་ལུས་ཀྱི་ན་ཚ། སེམས་ཀྱི་སྡུག་བསྔལ། དབུལ་ཕོངས་འཐབ་རྩོད་སོགས་མི་འདོད་པའི་ཕྱོགས་ཐམས་ཅད་ཞི། ཚེ་དང་བསོད་ནམས་ལོངས་སྤྱོད་དབང་ཐང་སྙན་གྲགས་འཕེལ། ལྷ་འདྲེ་མི་གསུམ་དབང་དུ་འདུ་ཞིང་ཟིལ་གྱིས་ནོན། སྡིག་ལྟུང་ཉམས་ཆག་སྒྲིབ་པ་ཐམས་ཅད་རིམ་གྱིས་བྱང་ནས། མཐར་ཐུག་པདྨ་འོད་ཀྱི་ཞིང་དུ་དབུགས་འབྱིན་པར་ངེས་ཏེ། གུ་རུ་ཉིད་ཀྱི་གསུང་ལས། ང་ཡི་གདུང་འཛིན་ལས་ཅན་གྱིས༔ ང་ཡི་སྐུ་ཚབ་བཞེངས་བྱེད་ན༔ རབ་གནས་རྔ་ཡབ་གླིང་ནས་བྱེད༔ ང་དངོས་མཇལ་དང་ཁྱད་པར་མེད༔ མོས་གུས་བསྐྱེད་ལ་གསོལ་བ་ཐོབ༔ འགལ་རྐྱེན་ཐམས་ཅད་སེལ་ནས་ཀྱང་༔ ཅི་འདོད་དངོས་གྲུབ་འཐོབ་པར་ངེས༔ ཞེས་རྡོ་རྗེའི་བདེན་ཚིག་ཟབ་མོ་ནམ་ཡང་བསླུ་བ་མེད་པས་ན་ཡིད་ཆེས་པའི་སྒོ་ནས། རྟེན་མཆོག་རིན་པོ་ཆེ་འདི་ལ་ཕྱག་མཆོད་བསྐོར་བ་སོགས་ཅི་ནུས་སུ་འབད་དེ་མི་ལུས་དོན་ལྡན་དུ་བསྒྲུབ་པར་འཚལ་ལོ། །ཞེས་པའང་རྣམ་འདྲེན་འཁོར་ལོའི་མགོན་པོ་གར་དབང་སངས་རྒྱས་རྡོ་རྗེ་འདུས་པ་རྩལ་གྱི་བཞེད་དགོངས་བཞིན། འཇིགས་བྲལ་ཡེ་ཤེས་རྡོ་རྗེས་ལྕགས་ཕག་ས་ཟླའི་ཡར་ཚེས་བཅུ་ལ་བྲིས་ཏེ་ཕུལ་བ་ཛཡནྟུ།། །། ༈ །ཨོཾ་སྭསྟི། དུས་ཀྱི་ཕོ་ཉ་ཞེས་པ་ས་ཕོ་རྟའི་ལོ་དབྱུག་པ་ཟླ་བའི་རྒྱལ་བ་ལྷ་ལས་བབས་པའི་དུས་ཚེས་བཟང་པོར་སྒྲུབ་གྲྭ་དབུ་ཚུགས་ཏེ། ཐོག་མར་ལམ་གྱི་རྟེན་གཞི་སྔོན་འགྲོ་བསགས་སྦྱོང་ཁ་གསོ་བའི་ཐོག་དྲངས། བར་ཆད་བདུད་དགྲའི་གཡུལ་ལས་རྒྱལ་བའི་རྟེན་འབྱུང་དུ། ཡི་དམ་རྡོ་རྗེ་ཕུར་པའི་དཀྱིལ་འཁོར་ཞལ་ཕྱེས་ཏེ་བསྐྱེད་རིམ་དང་འབྲེལ་བའི་བསྙེན་སྒྲུབ་ལས་གསུམ་ཁྱོན་དྲིལ་ཟླ་བ་དྲུག ཐུན་མོང་གི་རྫོགས་རིམ་རྩ་རླུང་ཐིག་ལེའི་རྣལ་འབྱོར་ཡན་ལག་ཆོས་ལྔ་དང་བཅས་པར་ཟླ་བ་གསུམ། ཁྱད་པར་གྱི་རྫོགས་རིམ་ཁྲེགས་ཆོད་ཐོད་རྒལ་གྱི་ཉམས་ལེན་ལ་ཟླ་བ་གསུམ་བཅས་དངོས་གྲུབ་ཀྱི་རྩ་བ་ཡི་དམ་ཕུར་པ་ཐལ་འབྱིན་རྣམ་པ་བཞིའི་དགོངས་པ་ལ་ལོ་གཅིག དེ་ནས་བྱིན་རླབས་ཀྱི་རྩ་བ་བླ་མ་སྒྲུབ་པའི་སྙིང་པོ་གསང་བ་འདུས་པའི་བསྙེན་སྒྲུབ་ལས་སྦྱོར་ཟླ་བ་གསུམ། མཚོ་སྐྱེས་ཐུགས་ཐིག་ཕྱི་ནང་གསང་བ་དང་བཅས་པའི་བསྙེན་སྒྲུབ་ལས་སྦྱོར་བཅས་ཟླ་བ་གསུམ། བླ་མ་དྲག་པོ་ཡང་གསང་རྡོ་རྗེ་གྲོ་ལོད་ཀྱི་བསྙེན་སྒྲུབ་ལས་སྦྱོར་རྣམས་ལ་ཟླ་བ་གསུམ། དེའི་རྫོགས་རིམ་ཁྲེགས་ཆོད་མན་ངག་ཟླ་བ་གསུམ་བཅས་ལོ་གཅིག དེ་ནས་དངོས་གྲུབ་ཀྱི་མྱུར་ལམ་ཡུམ་ཆེན་མཁའ་འགྲོ་ཐུགས་ཐིག་གི་ཕྱི་སྒྲུབ་མཚོ་རྒྱལ་གྱི་བསྙེན་སྒྲུབ་ལས་གསུམ་ལ་ཟླ་བ་གསུམ༌། ནང་སྒྲུབ་ཀུ་རུ་ཀུལླེ། གསང་སྒྲུབ་སེངྷ་མུ་ཁ། ཡང་གསང་ཁྲོས་མ་ནག་མོ་བཅས་ལ་ཟླ་བ་གསུམ། ཐུན་མོང་གི་རྫོགས་རིམ་རྩ་རླུང་མན་ངག་ཡན་ལག་ཆོས་ལྔ་དང་བཅས་ལ་ཟླ་བ་གསུམ། ཐུན་མིན་རྫོགས་རིེམ་ཁྲེགས་ཆོད་ཐོད་རྒལ་དང་བཅས་པ་ལ་ཟླ་བ་གསུམ་བཅས་ལོ་གཅིག་སྟེ་དེའི་ལོ་གསུམ་སོང༌། དེ་དག་ཀུན་གྱི་མཐའ་རྟེན་བཀྲ་ཤིས་འཆི་མེད་ཚེ་ཡི་སྒྲུབ་པ་ཚེ་སྒྲུབ་འཆི་མེད་སྲོག་ཐིག་གིེ་སྒྲུབ་པ་ཟབ་མོ་ཟླ་བ་གསུམ་དང་ཞག་གསུམ་བཅས་ཏེ་ལོ་གསུམ་ཕྱོགས་གསུམ་ལེགས་པར་ཟིན་ཏེ་ཡར་ངོའི་ཚེས་གྲངས་བཟང་བར་ནང་མཚམས་གྲོལ་ནས་གནས་སྲུང་ཞག་བདུན་ལ་སོགས་པས་ལེགས་པར་གྲུབ་བོ།། ༈ །སྒྲུབ་གྲྭ་བ་ཐུན་མོང་ལ། ཆེད་འབྲས། རང་རེའི་སྒྲུབ་གྲྭ་འདི་ཐད་ད་བར་སྒྲུབ་གྲྭའི་མིང་ཁྱེར་ཙམ་ལས་དོན་དུ་ཉིན་རེའི་ལས་བྱང་ཚར་རེ་ཤར་འགྲོ་ཞིག་ལས་བསྙེན་པ་སོགས་རྐང་ཐོན་རུ་ང་མ་བྱུང༌། གྲོ་ལོད་སྒྲུབ་རྒྱུན་འདི་བཞིན་དུས་བབས་གཏེར་ལུང་དགོངས་དོན་གལ་ཆེན་ཡིན། ལྷག་པར་དེང་དུས་སྤྱིར་འཛམ་བུའི་གླིང༌། སྒོས་གངས་ལྗོངས། ཡང་སྒོས་གསང་བསྟན་ལ་འཚུབས་ལྷོང་ཤིན་ཏུ་ཆེ་ཞིང༌། ཉམས་རྨི་ལམ་ལྟས་མཚན་གང་ངན་ལ་བརྟེན། ད་ལན་ཟབ་ནན་བསྐྱར་དགོས་བབས་པས། འདི་བོད་ཟླ་༢ཚེས་༡༠་ནས་བརྩམས་སྒྲུབ་གྲྭ་བརྒྱད་གྲངས་ནས་ཚུགས་རྒྱུར། མཁན་བླ་མ་རྡོ་རྗེ་ནི་སྐུ་གཟུགས་ཀྱིས་མི་ལྕོགས་ཤིང་བཀའ་ཆོས་སོགས་བསྟན་འགྲོའི་དོན་མཛད་རྒྱུར་ཐུགས་གཏད་ཙམ་ལས་ཞུ་ནུས་མེད། ཆོ་གའི་རྡོར་སློབ་བླ་མ་དབང་ཆེན་དང༌། དབུ་མཛད་དཀོན་མཆོག་རང་འཇགས་ཁུར་ལེན་ཐོག་ཐུན་གྱི་འགྲིགས་ཆགས་ཟུར་ཡོད་ལྟར་བོད་ཟླ་༣ཚེས་༡༠བར་བསྙེན་སྒྲུབ་༢ཁོ་ནས་འབུངས། ཚེས་༡༡་ནས་འགོང་པོ་ཨར་གཏད་ཀྱི་ལས་སྦྱོར་བརྩམས་ཏེ་ཚེས་༢༩ལ་མཐའ་བསྡུ་བྱ་རྒྱུར། འགོང་པོ་སྤུན་དགུའི་ལིངྒ་དང་འདོན་འགྲིགས་ལག་ལེན་སོགས་ཞིབ་གསལ་རྗེས་སུ་རིམ་བསྐུར་བྱས་འཐུས་ལ། སླར་བོད་ཟླ་ལྔ་པ་ནས་ཟླ་༦ཚེས་༢༩བར་ལན་གཅིག །ཡང་བོད་ཟླ་༨ནས་ཟླ་༩་ཚེས་༢༩བར་ལན་གཅིག་བཅས་ཨར་གཏད་གསུམ་ལྡབ་བསྒྲུབ་དགོས་ཀྱིས་དགོས་ཆ་གང་ཡོད་དགོན་གཞུང་ནས་འདོན་དགོས་སྨོས་མེད་ཁར་གང་ཅི་མཐུན་རྐྱེན་གྱིས་མ་ཤོལ་བ་དགོས་གལ་ལས་བྱེད་པར་འདི་ཐོག་ནས་མོལ་འཐུས་ཡིད་འཇགས་མཛོད། ཀ་སྤུངས་ནས། བདུད་འཇོམས་པས། ༦༦ཟླ་༣་ཚེས༢༤བོད་ཟླ་༢་ཚེས་༣ལ་བསྐུར། བདུད་འཇོམས། བར་སྟོང་ཟླ་གཅིག་ལྷག་ཙམ་རིང་བསྙེན་སྒྲུབ་སྤྱི་ལྟར་དང༌། གསོལ་ཕྲིན་གྱིས་དཔུང་བསྐྱེད་ནན་ཏན། རྒྱབ་ཆོས་སུ་བཀའ་ཐང་དང་གསུང་རབ་བཀླག་པ་སོགས་བྱ་དགོས། ༈ །སྒྲུབ་གྲྭའི་ཐུན་ཁྲིགས། ནམ་ཞོག་ཆུ་ཚོད་༥པར་བཞེངས་བརྡ། ཆུ་ཚོད་༧ ནས་ ༩ བར་ཐུན་དང་པོ། ༡༠ ནས་ ༡༢ བར་ཐུན་གཉིས་པ། ༢ ནས་༤ བར་ཐུན་གསུམ་པ། ༥ ནས་ ༧ བར་ཐུན་བཞི་པ། ཐུན་དང་པོར་ཧཱུཾ་བཟླས་གཙོ་བོ་དང༌། བསྙེན་སྔགས་ཉུང་ཙམ། ཐུན་གཉིས་པར་ཧཱུཾ་བཟླས་ཉུང་ཙམ་དང༌། བསྙེན་སྔགས་གཙོ་བོར། ཐུན་གསུམ་པའང་དེ་དང་འདྲ་མཉམ། ་ཐུན་བཞི་པར་ཕྱེད་ཧཱུཾ་བཟླས་དང་བསྙེན་སྔགས། ཕྱེད་ལས་སྦྱོར་དམིགས་བཟླས། ཚུལ་དེ་ལྟ་བུས་ཞག་ཉེར་གཅིག་ཐེམས་པ་ན། ཐུན་བཞི་པའི་ཕྱེད་ཀྱི་ཕྱེད་སྲུང་བ་དང༌། ཕྱེད་ལས་སྦྱོར་སྤུ་གྲི་གཟིར་སྔགས་བཅས། ནམ་ཡང་ཐུན་བཞི་པའི་མཇུག་ཏུ་དམ་ཅན་གཏོར་ཆོག་སོགས། རྒྱུན་པར་རྔ་ཆོག་ཉིན་འཕུལ་རྒྱུ་ལས་མེད་པས་དྲིལ་ཆོག་འཇམ་རོལ་ཙམ་གྱིས་འཐུས། བསྙེན་གྲངས་ཇི་སོང༌། རྨི་ལྟས་མཚན་མ་གང་བྱུང་སོགས་ཐོ་འགོད་རྒྱུ། ཐུན་སྒང་ངག་བཅད་སོགས་སྒོ་གསུམ་སྤྱོད་གཟབ་མ་བྱུང་ན་ཉེན་ཁའང་ཆེ། སྲུང་དམིགས་ཀྱི་ཧཱུྃ་གི་ཁོག་པར་༧གོང་ས་༧་སྐྱབས་མགོན་ཆེན་པོའི་དབུས་བོད་གངས་ཅན་པ་ཡོངས་རྫོགས་ཚུད་དམིགས། སྣ་སེལ་དུ་སྡེ་བརྒྱད་ཁེངས་མདོས་སམ་རྒྱལ་མདོས་གཏོང༌།། །། ༈ །སྐུ་ཚབ་རྒྱུ་མཆོག་དམ་རྫས་དཔལ་གྱི་སྙིང་པོ་གཏེར་བྱོན་དངོས་ཀྱི་གཏའ་ཕབ་སྦྱར་ཏེ། རྡོར་སེམས་སྒོ་ནས་བསྒྲུབས་པའི་བདུད་རྩི་ཆོས་སྨན་གྱིས་བཏབ་པའི་གུ་རུའི་སྐུ་སྤར་ནད་མཚོན་གདོན་རིགས་ཀུན་སྐྱོབས་གཏེར་བྱོན་དངོས་དང་ཁྱད་མེད་དུ་བཞུགས་པ་ལགས། ༈ །གཏེར་བྱོན་དམ་རྫས་བདུད་རྩི་ལྔ་དང་སྒྲོན་མ་ལྔ་རྩ་བརྒྱད་ཡན་ལག་སྟོང་སྦྱར་གྱི་རྩ་ཕབ་དང༌། རིག་འཛིན་གོང་མ་རྣམས་ཀྱི་སྒྲུབ་སྨན་སེལ་མེད་ཁུངས་བཙུན་གྱི་བྱིན་རྟེན་གཏའ་སྤེལ་རིགས་གཞིར་བཞག རྩི་བཅུད་སྨན་གྱི་སྦྱོར་སྡེ་ཕྱག་བཞེས་མཐོང་བརྒྱུད་ཀྱིས་གཏན་ལ་ཕབ་སྟེ། ཁོ་བོ་བདུད་འཇོམས་པས་རྡོ་རྗེ་སློབ་དཔོན་གྱི་ཁུར་བླངས་ཤིང་དམ་གཙང་རིག་པ་འཛིན་པའི་ཚོམ་བུ་གྲངས་ལོངས་པས། རྡོར་གླིང་གུམ་དགོན་ཡིད་དགའ་ཆོས་གླིང་དུ་ལྕགས་ཁྱི་གྲོ་བཞིན་ཟླ་བའི་ཡར་ཚེས་དགེ་བར་ཉང་གཏེར་བཀའ་བརྒྱད་བདེ་གཤེགས་འདུས་པའི་ཚོགས་སྒྲུབ་དང་འབྲེལ་བར་ཚུལ་བཞིན་རྟགས་ཐོན་དུ་བསྒྲུབས་པའི་དམ་རྫས་བདུད་རྩི་ཆོས་སྨན་གྲོལ་བ་བཞི་ལྡན་འདི་ཉིད་རིས་མེད་པའི་སྐྱེ་འགྲོ་ཀུན་ལ་ཐར་བའི་ས་བོན་དུ་སྤེལ་བ་དགེ་ཞིང་བཀྲ་ཤིས།། །། ༄༅། །རིགས་བདག་༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་དམ་རྫས་བདུད་རྩི་ཆོས་སྨན་གྱི་སྨན་སྦྱོར་གང་གི་ཕྱག་བྲིས་ལྟར་ན། ཨ་རུ། ཀི་ལོ ༤༠ ལ་གཞི་བྱས་ནས། བ་རུ། ཀི་ལོ་ ༡༠ ཀྱུ་རུ། ཀི་ལོ་༡༠ གུར་གུམ། ཀི་ལོ་༡༠ ཙནྡན་དཀར་པོ། ཀི་ལོ་ ༡ ཨ་ཀ་རུ་རིགས་གཉིས། ཀི་ལོ་ རེ་རེ། ཅུ་གང༌། ཀི་ལོ་ཕྱེད་ ལི་ཤི། ཀི་ལོ་ཕྱེད་ ཀ་ཀོ་ལ། ཀི་ལོ་ཕྱེད་ སུཀ་མེལ། ཀི་ལོ་ཕྱེད་ ཛ་ཏི། ཀི་ལོ་ཕྱེད་ གོང་གི་བཟང་དྲུག་དེ་ལྟར་མ་འགྲིག་ནའང་པོ་འ་རེ་རེའི་འགྲིག།། སིན་འབྲུ། ཀི་ལོ་ ༣ ན་གི་ གླ་རྩི་ གྷི་ཝང་ དོམ་མཁྲིས་ རྣམས་འོས་ཚོད། དབང་ལག །ཀི་ལོ་ཕྱེད་ རུ་ཏ། ཀི་ལོ་ཕྱེད་ ལི་ག་དུར། ཀི་ལོ་ཕྱེད་ ཙནྡན་དམར་པོ། ཀི་ལོ་ ༥ ཅོང་གཞི། ཀི་ལོ་ཕྱེད་ བྲག་ཞུན། ཀི་ལོ་ཕྱེད་ སྔོ་སྨན་གཞན་རྣམས་བསྡོམས་ ཀི་ལོ་ ༥ བཅས་ཚང་དགོས་སོ།། ༈ །རྣམ་གླིང་མདོ་སྔགས་རིག་པའི་འབྱུང་གནས་གླིང་གི་དབུ་འཛིན། ལས་བྱེད། བཤད་གྲྭ་བ་སོགས་ཐུན་མོང་དུ་གསོལ་རྒྱུ། ཐུབ་བསྟན་འབྱུང་གནས། ཤར་རྒྱལ་བ་དཔལ་ཡུལ་རྣམ་རྒྱལ་བྱང་ཆུབ་གླིང་གི་མཆོག་སྤྲུལ་པདྨ་ནོར་བུ་ཞེས། སྔ་འགྱུར་མདོ་སྔགས་བསྟན་པའི་སྲོག་རྩ་འཛིན་པ་གང་གི་ཐུགས་སྟོབས་དང་དགོངས་བཞེད་རླབས་པོ་ཆེ་ཡིས། རྒྱལ་བསྟན་སྤྱི་དང༌། བྱེ་བྲག་ཁྱད་ཆོས་ཆེ་བ་དྲུག་གིས་འཕགས་པའི། གསང་ཆེན་སྔ་འགྱུར་རྙིང་མའི་ཐེག་པ་རིམ་དགུ་གཙོ་བོར་གྱུར་པའི་མདོ་སྔགས་རིག་གནས་དང་བཅས་པའི་བཞེད་དགོངས་ཀྱི་གནད་དོན་ཕྲ་མོ་རེ་འང་མི་ཉམས་འཛིན་སྐྱོང་སྤེལ་ཆེད་དུ་དགོངས་ནས། འཕགས་ཡུལ་ལྷོ་ཕྱོགས་འདིར་སྔོན་མེད་རྙིང་མའི་མཐོ་སློབ་ཁང་བཏབ་ནས་ལོ་ལྔ་འཁོར་བའི་དགའ་སྟོན་དུས་ཚེས་ཁྱད་པར་ཅན་འདིར། ཁོ་བོས་ཡི་རངས་ཀྱི་གེ་སར་ཁོང་ནས་རྒོད་ཅིང༌། ཀུན་ཏུ་བསྔགས་བརྗོད་ཀྱི་མེ་ཏོག་ཡང་ཡང་འཐོར་བ་དང་ཆབས་གཅིག ཀུན་མཁྱེན་ངག་གི་དབང་པོ་སློབ་པ་མཐར་ཕྱིན་ནས། འཆི་མེད་གཉུག་མའི་སྐུར་བཞེངས་པའི་དུས་ཀྱི་རྒྱལ་པོ་འདིར། གཙུག་ལག་ཁང་འདི་ནས། ཟབ་མོ་དབུ་མའི་ལྟ་གྲུབ་ཀྱི་སྦྱང་པ་ཚད་དུ་ཕྱིན་པའི་བཤད་གྲྭ་པ་རྣམས་ལ། དེང་དུས་ལམ་སྲོལ་གྱི་གཟེངས་བསྟོད་ཕྱག་ཁྱེར་བསྩལ་བའི་རྟེན་འབྲེལ་གྱིས་མཚོན་ནས། མ་འོངས་པར་རྙིང་བསྟན་ལ་བྱ་བ་བྱེད་ནུས་ཀྱི་སྐྱེས་ཆེན་བཟང་ལ་མང་བ་ཤ་སྟག་འབྱུང་བའི་སྨོན་འདུན་ཆུ་འཛིན་དཀར་པོའི་བླ་བྲེ་ཕྱོགས་ཀྱི་ཆོས་དབྱིངས་འཁོར་ལོ་ཁྱབ་པར་བཀྲམ་པ་དང་འབྲེལ། དབུ་འཛིན་ལས་བྱེད་འདུས་སྡེ་ཡོངས་ནས། ལྷག་བསམ་གདུང་ཤུགས་གཅིག་སྒྲིལ་གྱིས། མཐོ་སློབ་གཙུག་ལག་ཁང་དང༌། ཐོས་བསམ་པ་རྣམས་ལ་བཀུར་བསྟི་རིམ་གྲོའི་འབད་པ་ལྷུར་ལེན་པ་བཞིན། ཀློག་པ་ཐོས་བསམ་པ་རྣམས་ཀྱང་ཐུགས་མཐུན་ཁྲིམས་གཙང་སྐྱོན་བྲལ་པད་དཀར་སྦུབས་ཀྱི་བརྟུལ་ཞུགས་རྒྱུན་ཆགས་འཛིན་ནས། ཐོས་བསམ་ཕྱོགས་རེ་བར་མ་གྱུར་པར། མཁན་སློབ་ཆོས་རྒྱལ་སོགས་སྤྲུལ་པའི་ལོ་པཎ་རྣམས་ཀྱི་ཐུགས་བསྐྱེད་བཞིན་འབད་པ་དུ་མས་སྤྱན་དྲངས་ནས། བསྒྱུར་ཞུས་གཏན་ལ་ཕབ་པའི་ཐུན་མོང་དང་ཐུན་མིན་གྱི་རིག་གནས་དང༌། དེ་དག་གི་དགོངས་འགྲེལ་བཀའ་གཏེར་གྱི་སློབ་དཔོན་གྲུབ་གཉིས་ཀྱི་ས་ལ་བཞུགས་པ་རྣམས་ཀྱི་གསུང་རབ་གསེར་ཞུན་ལྟ་བུ་འདི་ཉིད་དུས་ཀྱི་མཐར་ཡང། འཛམ་གླིང་གི་ཕྱོགས་ཀུན་གྱི་བླ་རུ་འོད་སྟོང་ལྡན་པ་ལྟར་ལྷང་ངེར་སྐལ་ལྡན་ཀུན་གྱི་སྤྱོད་ཡུལ་དུ་མངའ་བ་ཞིག་བྱ་སྙམ་པའི་ཐུགས་སྟོབས་རྡོ་རྗེ་ལྟ་བུ་འཆང་བཞིན་དུས་སྐབས་བཟང་པོ་ཆུད་ཟོས་མེད་པར། རང་འཁྲིའི་སྦྱང་བྱར་བརྩོན་པ་ཧུར་བསྐྱེད་རྒྱུན་འཆང་ཡོད་གནང་གལ་ཆེ་ངེས། ལྷག་བསམ་དྲང་པོས་མཛའ་བརྩེའི་གསལ་འདེབས་ཙམ་དུ། རབ་ཏུ་དགེ་བའི་བདེ་ལེགས་ཀྱི་ཤིས་སྨོན་པུཎྜ་རི་ཀའི་སིལ་མ་མངོན་པར་བཀྲམ་པ་དང་བཅས་ཏེ། ཨ་མེ་རི་ཀའི་གྲོང་ཁྱེར་ཆེན་པོ་ནིའུ་ཡོཀ་ནས། གསང་སྔགས་རྙིང་མའི་ཆོས་གྲལ་འཛིན་པ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས། ཕྱི་ལོ་༡༩༨༣ཟླ་༡ཚེས་༨བོད་རྒྱལ་ལོ་༢༡༠༩རབ་རྒྱལ་ཆུ་ཁྱི་ཟླ་༡༡ཚེས་༢༥་བཟང་པོར་ཕུལ་བ་དགེ་ཞིང་བཀྲ་ཤིས། བདུད་འཇོམས།། །། ༈ །རིམ་གཉིས་གདེང་དང་ལྡན་ཅིང་རིག་གྲོལ་གྱི་ཐུགས་རྒྱུད་ཕྱུག་པའི་བླ་མ་དང༌། གཏོང་བའི་སྒོ་འཕར་ཕྱེ་ཞིང་ཐུབ་བསྟན་རིན་པོ་ཆེར་སྲི་ཞུ་ལྷོད་མེད་དུ་བྱེད་པའི་བསྟན་པའི་སྦྱིན་བདག་ཁག་དང༌། གཞན་ཡང་ལྷག་བསམ་གྱི་ཟླ་ཟེར་རྟག་ཏུ་འཕྲོ་བའི་དད་ལྡན་ཡོངས་ལ་གསོལ་རྒྱུར། ད་ལམ་ཆེ་མོ་ཕུན་ཚོགས་བཟང་པོ་ལགས་ཀྱིས་བརྩོན་པ་དང་སྙིང་སྟོབས་ཁྱད་དུ་འཕགས་པའི་འདུ་བྱེད་གཙོ་བོར་གྱུར་པའི་བསྟན་པའི་སྦྱིན་བདག་དང༌། འདི་གའི་འདུས་སྤྱི་དང་ཚེས་བཅུ་ཚོགས་པ་ནས་མཐུན་འགྱུར་རོགས་བསྐུལ་མུ་མཐུད་ཀྱིས། ད་ལམ་ཀ་པཱ་ལ་སྤུངས་པའི་ཟངས་མདོག་དཔལ་གྱི་རི་བོ་འདིར་ལུང་རྟོགས་ཀྱི་རྩ་བ་བཤད་གྲྭའི་སྡེ་གསར་དུ་འཛུགས་པའི་རྨད་བྱུང་དུས་ཚེས་ཁྱད་པར་ཅན་འདིར་ཁོ་བོས་ལྷག་བསམ་ཅན་གྱི་ཕྱར་བ་གྲུ་འདེགས་ཀྱི་མཛད་བཟང་ལ་རྗེས་སུ་ཡི་རངས་ཀྱི་པད་དཀར་འཛུམ་རླབས་ཁོང་ནས་འཕྲོ་བཞིན་བསྟོད་བསྔགས་ཀྱི་རྒྱུད་མང་ཡང་ཡང་སྒྲེང་བར་བྱའོ། །དེ་ལ་སྤྱིར་སྟོན་པ་སངས་རྒྱས་ཀྱིས་གདུལ་བྱའི་བློ་རིགས་དང་མཐུན་པར་ཟབ་རྒྱས་ཆོས་ཀྱི་རྣམ་གྲངས་མང་པོ་གསུངས་པ་བཞིན། འཛམ་གླིང་གི་ཁྱོན་ཀུན་སྐལ་བ་དང་འཚམས་པར་ཅི་རིགས་པ་དར་ལ། དེ་ལས་བོད་གངས་ཅན་གྱི་ལྗོངས་སུ་ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་སཾ་བྷ་ཝ་དང༌། ན་ལེནྡའི་མཁན་ཆེན་བོ་དྷི་སཏྭ་ཤཱནྟ་རཀྵི་ཏ། ཡངས་པའི་ས་ཆེན་འདི་དཔུང་ཤུགས་བཙན་པོས་བདག་གིར་བགྱིད་ཅིང་རྒྱལ་སྲིད་ཆོས་བཞིན་སྐྱོང་བའི་འཇམ་དབྱངས་སྤྲུལ་པ་མངའ་བདག་ཁྲི་སྲོང་ལྡེའུ་བཙན་གསུམ་གྱི་རླབས་ཆེན་ཐུགས་བསྐྱེད་ཀྱི་བཀའ་དྲིན་ལ་བརྟེན་ནས། བསམ་ཡས་སྤྲུལ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། ཉན་ཐོས་ཀྱི་ཐེག་པ་ནས་བཟུང་སྟོན་པའི་ཆོས་ཀྱི་སྙིང་པོ་ཨ་ཏི་ཡོ་གའི་བར་གྱི་སངས་རྒྱས་ཀྱི་གསུང་དང༌། དེའི་དགོངས་འགྲེལ་རྡོ་རྗེའི་ལུང་གི་བསྔགས་པའི་རྒྱན་དྲུག་མཆོག་གཉིས་སོགས་ཚད་ལྡན་མཁས་གྲུབ་རྣམས་ཀྱི་བསྟན་བཅོས་ཏེ་ནང་རིག་པའི་གཙོས། ཚིག་ལ་འཁྲུལ་པ་སེལ་བ་སྒྲ་རིག་པ། དོན་ལ་འགལ་འབྲེལ་གཅོད་པ་ཚད་མ་རིག་པ། འདུ་བ་འཕེལ་ཟད་སྙོམས་པ་གསོ་བ་རིག་པ། ཉམས་མཚར་འདུ་བྱེད་ལྡན་པ་བཟོ་རིག་པ་སྟེ་ཐུན་མོང་དང་ཐུན་མིན་རིག་གནས་ཆ་ལག་བཅས་པ་སྤྲུལ་པའི་ལོ་པཎ་བརྒྱ་རྩ་མང་པོས་བསྒྱུར་ཞུས་གཏན་ལ་ཕབ། དེ་དག་ལ་འཆད་ཉན་དང་ཟབ་དོན་མན་ངག་ཉམས་སུ་བླངས་པས་སྐུ་ཚེ་དེ་ཉིད་ལ་མཆོག་གི་གོ་འཕང་མངོན་དུ་མཛད་པའི་རྗེ་འབངས་ཉེར་ལྔ་གཙོས་པའི་མཁས་གྲུབ་ཕོ་མོས་བོད་ཀྱི་རི་སུལ་ཀུན་བཀང་བར་མཛད་པ་འདི་འདྲ་འཕགས་ཡུལ་དུའང་མ་བྱུང་ཞེས་དཔལ་ལྡན་ཇོ་བོ་ཨ་ཏི་ཤས་བསྔགས་བརྗོད་མཛད་པར་གྲགས། དེ་ལྟ་བུའི་གསང་ཆེན་སྔ་འགྱུར་རྙིང་མའི་འོད་སྟོང་ལྡན་པ་འདི་ཉིད་ནུབ་མེད་བོད་ཀྱི་སྐྱེ་རྒུའི་བླ་ན་འབར་བ་དེ་ལས་རིམ་བཞིན་སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད། བཤད་རྒྱུན་འདེགས་པའི་ཀ་ཆེན་བཅུ་ལ་སོགས་གྱེས་པས་ན་སྔ་འགྱུར་པ་ནི་གངས་ཅན་པའི་རྒྱལ་བསྟན་ཡོངས་སུ་རྫོགས་པའི་ཕྱི་མོའམ་འབྱུང་གནས་ཁོ་ན་ཡིན་ནོ། །བསྟན་པའི་སྙིང་པོ་འདི་ཉིད་དེང་སང་བར་དུ་སྐལ་ལྡན་རྣམས་ཀྱི་སྤྱོད་ཡུལ་དུ་མངའ་བ་འདི་ནི། གྲུབ་ཆེན་རྗེ་འབངས་ཉེར་ལྔས་གཙོས་བཀའ་གཏེར་གྱི་སློབ་དཔོན་རྡོ་རྗེའི་སར་བཞུགས་པའི་མཁས་གྲུབ་རྣམས་ཀྱི་བཀའ་དྲིན་གྱི་མཐུ་འབའ་ཞིག་ཡིན་ལ། དེ་རྣམས་ཀྱི་བཀའ་དྲིན་རྗེས་དྲན་དང་ཕན་བདེའི་རྩ་ལག་འདི་ཉིད་ཇི་སྲིད་འགྲོ་ཁམས་མ་སྟོང་བར་དུ་གནས་ཕྱིར་བརྩོན་པ་ཆེར་བསྐྱེད་བྱེད་པ་ནི་རང་རེར་འགན་བབས་ལས་ཡིན་པས། འགན་འཛིན་དང་སྦྱིན་བདག་རྣམས་ཀྱིས་འབད་པ་ཆུད་ཟོས་མིན་པར། བཤད་གྲྭ་བ་རྣམས་ཀྱིས་སྔོན་གྱི་མཁས་གྲུབ་རྣམས་ཀྱི་རྣམ་ཐར་མིག་དཔེར་བཟུང་གིས་སྟོན་པ་གཅིག་གི་རྗེས་སུ་སློབ་ཅིང༌། དཀྱིལ་འཁོར་གཅིག་གི་འོད་ཁྱིམ་ནང་བཞུགས་ནས། ཇི་སྲིད་ཟུང་འཇུག་གི་གོ་འཕང་མངོན་དུ་མ་བྱས་བར་མེ་མར་སྡོང་བལ་ཚུལ་གྱིས་འགྲོགས་པར་གསུངས་པའི་རྡོ་རྗེའི་སྤུན་གྲོགས་རྣམས་ལ་ཕན་ཚུན་ཐུགས་མཐུན་གྱི་མདུད་རྒྱ་ནམ་ཡང་ལྷོད་མེད་དང༌། ཚུལ་ཁྲིམས་རྣམ་དག་སྐྱོན་བྲལ་པད་དཀར་གཞོན་ནུའི་བརྟུལ་ཞུགས་གཞི་བཟུང་གིས། ཉན་ལོ་དང་ཐོས་ལོའི་རྩིས་བགྲངས་ཙམ་མ་ཡིན་པར་མདོ་སྔགས་བསྟན་བཅོས་རིག་གནས་དང་ཐུན་མིན་སྔ་འགྱུར་རང་ལུགས་ཀྱི་ལྟ་བའི་འཛིན་སོ། གྲུབ་མཐའི་ཤན་འབྱེད། མཐོང་བརྒྱུད་ཀྱི་ཕྱག་བཞེས་སོགས་ལ་རང་བྱན་ཆུབ་པ་ཞིག་ཅི་ནས་བྱ་སྙམ་པའི་སྙིང་སྟོབས་དང་བརྩོན་པ་ཧུར་བསྐྱེད་ཡོད་པ་ནི་བཤད་གྲྭ་བ་རྣམས་ཀྱི་ཐུན་མིན་གྱི་འགན་ཡིན་པ་ངོ་ཤེས་རྒྱུན་བཅངས་ཡོད་པ་དང༌། སྤྱིར་ཀ་སྤུངས་ཟངས་མདོག་དཔལ་རི་འདི་ཁོ་བོ་དང༌། སྦྱིན་བདག་འདས་པོ་ཤར་པ་ཚེ་རྣམ་ལགས་དང༌། ཀ་སྤུངས་ཚེས་བཅུ་ཚོགས་པ་དང༌། གཞན་ཡང་ཐུབ་བསྟན་རིན་པོ་ཆེ་སྙིང་ལ་འཆང་བའི་ཕྱོགས་ཀྱི་དད་ལྡན་རྣམས་ཀྱི་རྒྱུ་གྲོན་དང་དཀའ་ངལ་འཛེམ་མེད་དངོས་ཤུགས་བརྒྱུད་ནས་རྒྱུན་རིང་མུ་མཐུད་བཏང་བའི་གྲུབ་འབྲས་ཀྱིས་ད་ལན་གང་འཚམས་གྲུབ་པ་འདི་ཉིད་ཡིན་ལ། ཟངས་མདོག་དཔལ་རི་ཞེས་པའི་བློས་བསླང་ཐིག་ཚད་ཀྱི་བཀོད་པ་ཕྱི་ནང་གང་ལ་མེད་ཅིང་འདྲེས་སུ་མི་རུང་པའི་རྙིང་མའི་ཐུན་མོང་མ་ཡིན་པའི་སྒེར་གྱི་བཟོ་བཀོད་ཞིག་ཡིན་ལ། འདི་ཉིད་དབྱིབས་བཀོད་གཙོར་འདོན་བྱས་པ་གཅིག་པུ་མ་ཡིན་པར་དོན་བརྒྱུད་ཀྱི་རྟོགས་པ་སྦར་ཞིང༌། འབྲེལ་ཚད་དོན་ལྡན་སྦྱོར་བའི་བྱིན་རླབས་གཟི་བྱིན་འཕྲོ་བའི་གཞལ་ཡས་ཁང་ཞིག་ཡིན་ནོ། །དེས་ན་ཐུབ་བསྟན་སྤྱི་དང་ཁྱད་པར་འཆུག་མེད་སྔ་འགྱུར་རྙིང་མའི་བཤད་སྒྲུབ་འཛིན་པའི་ཆོས་སྡེ་ཁྱད་པར་བ་ཞིག་ཏུ་ཡོང་རེ། ཐོག་མའི་འདུ་བྱེད་པ་ནས་བཟུང་འདས་སོན་ཐམས་ཅད་ཀྱི་རེ་ལྟོས་རྒྱུན་ཆགས་ཡོད་པས། སྤྱི་ནོར་༧གོང་ས་སྐྱབས་མགོན་བཅུ་བཞི་པ་མཆོག་དང༌། དེའི་དགོངས་དོན་བཞིན་རང་གཞུང་བཀའ་ཤག་གིས་ཀྱང་རྙིང་མའི་མ་མགོན་དགོས་ཚུལ་བཀའ་གླེགས་ཡང་ཡང་བསྩལ་བ་སོགས་ནི་འདི་འབྲེལ་སྐབས་བབ་ལོ་རྒྱུས་འཕྲོས་མོལ་ཙམ་དང༌། ད་རེས་སྔ་འགྱུར་རྙིང་མའི་བཤད་གྲྭའི་སྡེ་གསར་དུ་འཛུགས་པ་འདི་མཐུས། མ་འོངས་གསང་ཆེན་སྔ་འགྱུར་རྙིང་མའི་ལུང་རྟོགས་བསྟན་པ་ཕྱོགས་ཀྱི་སྐལ་ལྡན་ཀུན་གྱི་སྤྱོད་ཡུལ་དུ་འགྱུར་ནས་ཚེ་གཅིག་ལུས་གཅིག་འཚང་རྒྱ་ནས། དེ་མཐུས་འཛམ་གླིང་གི་མི་རིགས་ཀུན་ལ་ཉེས་རྒུད་མཚན་མ་ཕྲ་མོའི་མིང་ཙམ་མི་གྲགས་པར་ངོ་མཚར་ཞི་བདེའི་དཔལ་ལ་དུས་རྟག་ཏུ་ལོངས་སྤྱོད་པའི་སྨོན་ལམ་ཆུ་འཛིན་དཀར་པོའི་བླ་བྲེ་ཕྱོགས་ཀྱི་འཁོར་ལོ་ཁྱབ་པར་བཀྲམ་པ་དང་ཆབས་ཅིག དུས་བཟང་མཛད་སྒོའི་བྱ་བ་འདི་ཉིད་ཐོག་མཐའ་བར་དུ་དགེ་བའི་ཤིས་པའི་མེ་ཏོག་པུཎྜ་རི་ཀའི་སིལ་མ་འཐོར་བ་དང་བཅས། གསང་སྔགས་རྙིང་མ་པ་ལྷ་རིགས་ཀྱི་རིག་པ་འཛིན་པ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས། ཤེར་ཕྱོགས་ཀྱི་བཟང་པོ་གཉིས་པའི་དུས་ཚེས་དགེ་བ་ལ་བཀྲ་ཤིས་བདེ་ལེགས་འཕེལ། བདུད་འཇོམས།། ༈ །རྨད་བྱུང་མཁྱེན་བརྩེའི་བདག་ཉིད་བཀའ་བློན་དབང་རྡོར་ལགས་མཆོག་གི་ཞབས་དྲུང་དུ། སྟབས་འབུལ། བར་དེར་སྐུ་འཚོ་གསལ་བཞུགས་ངང་ནས་ཉེ་ཆར་གནས་བྲིས་ཉམས་མེད་ལེགས་སོན་དངོས་མཇལ་ལྟ་བུའི་སྤྲོ་བ་བརྟས། འདིར་རྒན་བུའང་ལུས་འཚོ་སྙོམས་ལྡན་ངང་ཕ་རེན་སི་དང་ཨ་རིའི་ཕྱོགས་སུ་ཆོས་ཚོགས་རེ་ཟུང་ཡོད་པ་ནས་བསྐུལ་ངོ་ལྡོག་མེད་ཀྱིས་སྔར་ལོའི་མགོ་སྟོད་ནས་ཕ་རེན་སིར་འབྱོར་ཞིང༌། དེར་ཆོས་ཚོགས་ཡས་མས་དང་སྒྲུབ་གྲྭ་ཡས་མས་ཀྱི་འདོད་མོས་རེ་སྐོང་གི་ཆོས་འཆད་སྤེལ་ཅི་རིགས་བགྱིས་བཞིན་ཟླ་ཤས་བསྡོད་དགོས་བྱུང༌། ད་ཆ་ཨ་རིར་འབྱོར་བ་ནས་དེ་བཞིན་ཆོས་སུ་བསྙད་པའི་རྣམ་གཡེང་གི་ངང་དུ་འཁྱམས་བཞིན་ཡོད། ཕེབས་གསལ་གཤིན་རྗེའི་ཁྲམ་མདོས་དང༌། ཆུ་སྦྱིན་སྟོང་ཟློག་གཉིས་པོ་རིན་ཆེན་གཏེར་མཛོད་དུ་ཡོད། འདི་གཉིས་དང་ཚེ་སྒྲུབ་ཚེ་མདོ་ཡང་ཡང་སྒྲུབ་གནང་ཞུས་པ་ད་ཆ་སྐུ་ཚེའི་དུས་སུ་སླེབས་པ་མ་ཡིན་ཡང༌། ཡུན་ནས་ཡུན་དུ་འཚོ་བཞེས་ཀྱི་དོན་དུ་ཞབས་བརྟན་སྔ་ཚགས་སུ་ཚུད་པ་གནང་གལ་ཆེ་སྙམ་ཞུས་པ་ཡིན། དེང་སྐབས་སྒྲོལ་དཀར་གྱི་ཚེ་སྒྲུབ་གནང་བཞིན་པ་ནི་གང་ལེགས་བྱུང་འདུག དངོས་གཞི་དམིགས་མེད་དམ་པ་ཞེས་པ་ནི། བསྐྱེད་རིམ་རྫོགས་རིམ་གང་གི་སྐབས་སུའང་འདིའོ་ཞེས་འཛིན་ཞེན་གྱི་ཡུལ་ཞིག་འདུག་ན་མ་འགྲིགས་པ་ཡིན་སྟབས་རང་སེམས་འཛིན་མེད་མ་བཅོས་ལྷུག་པར་བཞག་པ་དེ་ལ་ཟེར། ལྷུག་པར་བཞག་སྐབས་རྣམ་རྟོག་འགྱུ་བ་འཕྲོ་ཡོང་ཡང༌། དེ་མ་ཐག་ལམ་སེང་ངོ་ཤེས་ཀྱིས་དྲན་པས་རྩིས་ཟིན་པ་ན། རྣམ་རྟོག་འགྱུ་བ་ལ་སྐྱོན་དུ་མི་བལྟ་བར་འགྱུ་ཡུལ་དངོས་པོ་ཅི་འདྲ་བ་ཞིག་འདུག་བལྟས་པས་བལྟ་མཁན་བལྟ་ཡུལ་གར་སོང་རྗེས་མེད་ཧ་ཆད་དེ་བ་ཞིག་བྱུང་ན་དེ་ག་རང་ཡིན། སློབ་དཔོན་ཆེན་པོས། འགྱུ་བ་རང་སར་བཞག་པས་ཆོས་སྐུར་གྲོལ། །ཅེས་གསུངས་པ་ལྟར། ཤེས་པ་འགྱུ་ཐོག་ཏུ་གློད་པས་གློད་བྱ་གློད་བྱེད་ལས་འདས་པའི་སྟོང་སང་ངེ་བ་དེ་ལ་ཆོས་སྐུ་ཟེར་བ་ཡིན། ངོ་བོ་སྟོང་པ་རང་བཞིན་གསལ། ཐུགས་རྗེའི་འཆར་སྒོ་མ་འགགས་པ། ཞེས་སྐུ་གསུམ་གྱི་དགོངས་པ་རང་ལ་རྫོགས་ཤིང་རང་ལ་རྙེད་དགོས་པ་ཡིན་ཞེས་གསུངས་པ་ནི་རང་རེ་རྫོགས་ཆེན་པའི་ཁྱད་ཆོས་ཡིན། ཉིད་ནས་རྟ་མགྲིན་གྱི་ཐུགས་དམ་རྒྱུན་བཞེས་གནང་བ་དེས་སྐུ་ཚེ་མཛད་པ་གང་ལའང་བར་ཆད་ཀྱི་གླགས་མི་རྙེད་པ་ཡིན་པས་ཤིན་ཏུ་བཟང་པོ་བྱུང༌། མ་ཟད་ཐུགས་དམ་རྒྱུན་བསྙེན་གནང་བ་དེས་ཉིད་རང་མི་དགོས་བོད་གཞུང་སྤྱིའི་བསྟན་བྱུས་ལའང་ཕན་ནམ་སྙམ་ཡིན། ཆོས་ལ་ཕྱོགས་རིས་མེད་ཀྱང་གནས་དུས་བསྟན་འགྲོའི་དཔུང་གཉེན་དུ་སྔ་འགྱུར་བའི་གདམས་ངག་འདི་དག་ཟབ་པ་ཡིན། ཇི་ལྟར་ཕེབས་གསལ་བཞིན་དམིགས་བསལ་བརྟག་པ་ནན་ཞུས་ལ། སྐུ་ཕྱྭ་དང་མཛད་ལས་བཟང་མཚུངས་དང༌། དགོངས་ཁྲོལ་ཐད་ཞལ་ལྗིད་ཙམ་འདུག་ཀྱང་ནན་ཏན་དུ་ཞུས་ན་དོན་སྨིན་འབྱུང་ངོ་བབས། སྐུ་ཉིད་ལ་དམིགས་པའི་སྲུང་སྨོན་རྣམ་ཀུན་བརྗེད་མེད་ཁ་ཙམ་མིན་པས་ཞུ་ངེས་ལགས་ཤིང༌། ཕྲན་རྒན་བུ་གསར་ལོའི་དབྱར་ཐོག་སྔ་ཕྱི་ལ་མ་བལྟོས་པར་བལ་ཡུལ་དུ་ལོག་ངེས་ཡིན་པས་རིམ་བཞིན་གནས་འབུལ་ཞུ་ཆོག་པ་མ་ཟད་རིང་མིན་ཙམ་ན་དངོས་མཇལ་གྱི་དུས་བཟང་འཆར་སྨོན་བཅས་ཟབ་མཚོར་བསྟི་བ་མཁྱཻན། མཁྱེན། དགེ་ལེགས་ཤིས་པའི་མེ་ཏོག་འཐོར་བཞིན། ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཡེ་ཤེས་སྙིང་པོའི་ཆོས་ཚོགས་ནས། ཕྲན་བདུད་འཇོམས་རྒན་བུས། ཕྱི་༨༣་ཟླ་༢་ཚེས་༩ལ་ཕུལ། བདུད་འཇོམས།། །། ༈ །མཁྱེན་པའི་སྤྱན་རས་མཆོག་ཏུ་ཡངས་ཤིང་ལྷག་བསམ་དགེ་བ་སྐུ་ཞབས་ཏོ་ཤི་ཀ་རྫུ་ཀི་རི་ཡ་མ་མཆོག་གི་གཙོས་འགན་འཛིན་ཡོངས་ལ་གསོལ་རྒྱུར། དེ་ག་འཐུས་ཚོགས་ཡོངས་ནས་འཛམ་གླིང་གི་ཤེས་རིག་སྤྱི་དང༌། ཁྱད་པར་ནང་པ་སངས་རྒྱས་པའི་རིང་ལུགས་ཀྱི་གཙོ་བོ་སྔ་འགྱུར་རྙིང་མའི་ཆོས་དང་དེ་འབྲེལ་ཤེས་རིག་རྣམས་ལ་སྤྲོ་བ་ཆེན་པོས་དྲངས་ནས་འབད་པ་དུ་མས་བསྒྲུབས་པའི་མཛད་སྒོའི་དུས་བཟང་འདི་ལ་ཀུན་དགེའི་ཤིས་པའི་མེ་ཏོག་གི་ཆར་འཐོར་བ་དང་བཅས་ལྷག་བསམ་ཅན་རྣམས་ཀྱི་མཛད་བཟང་ལ་སྙིང་ནས་རྗེས་སུ་ཡི་རངས་ཀྱི་པད་དཀར་འཛུམ་མདངས་ཁོང་ནས་དགོད་བཞིན་བསྔགས་བརྗོད་ཀྱི་རོལ་མོ་ཡང་ཡང་འཁྲོལ་བར་སྤྲོའོ། །དེ་ལ་སྤྱིར་སྟོན་པ་རྫོགས་པའི་སངས་རྒྱས་བཅོམ་ལྡན་འདས་ཀྱིས་གདུལ་བྱའི་བློ་རིགས་དང་མཐུན་པའི་ཟབ་རྒྱས་ཆོས་ཀྱི་རྣམ་གྲངས་རྒྱ་ཆེ་བར་བཀའ་བསྩལ་བ་བཞིན། འཛམ་གླིང་གི་ས་ཕྱོགས་གང་སར་སྐལ་པ་དང་འཚམས་པར་ཅི་རིགས་སུ་དར་ལ། དེ་ལས་བོད་གངས་ཅན་གྱི་ལྗོངས་སུ་ཨོ་རྒྱན་སངས་རྒྱས་གཉིས་པ་པདྨ་སཾབྷ་ཝ། ན་ལེནྡའི་མཁན་ཆེན་ཞི་བ་འཚོ་གཉིས་ཀྱི་བཀའ་དྲིན་གྱི་མཐུ་ཁོ་ན་ལ་བརྟེན་ནས་དར་བ་ཡིན་ལ། སློབ་དཔོན་ཆེན་པོ་པདྨ་སཾབྷ་ཝ་ནི་སྟོན་པ་ཤཱཀྱ་ཐུབ་པ་ཉིད་ཀྱིས། མྱ་ངན་འདས་མདོ་ལས། ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་གཉིས་ལོན་མཚམས་སུ། །དྷ་ན་ཀོ་ཥའི་མཚོ་གླིང་དུ། །ང་ལས་ལྷག་པའི་སྐྱེས་བུ་འབྱུང༌། །ཞེས་དང༌། འཇམ་དཔལ་སྒྱུ་འཕྲུལ་དྲྭ་བ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང༌། །ཆེ་བ་སངས་རྒྱས་རིག་སྔགས་འཆང༌། །ཞེས་སོགས་མདོ་རྒྱུད་དུ་མ་ནས་ལན་གཅིག་མིན་པར་ལུང་གིས་བསྔགས་པའི་སངས་རྒྱས་གཉིས་པ་འདི་ཉིད་ཀྱིས་བོད་ཀྱི་ནག་ཕྱོགས་ཐམས་ཅད་ཚད་མེད་པའི་ཐུགས་རྗེས་དཀར་ཕྱོགས་སུ་ཞི་འཇམ་དུ་བཏང་ནས། བསམ་ཡས་སྤྲུལ་པའི་གཙུག་ལག་ཁང་རྟེན་དང་བརྟེན་པར་བཅས་པ་བཞེངས། ཉན་ཐོས་ཐེག་པ་ནས་སྟོན་པའི་ཆོས་ཀྱི་སྙིང་པོ་ཨ་ཏི་ཡོ་གའི་བར་གྱི་སངས་རྒྱས་ཀྱི་བཀའ་དང༌། དེ་དག་གི་དགོངས་པ་འགྲེལ་བའི་ཚད་ལྡན་མཁས་གྲུབ་རྣམས་ཀྱི་བསྟན་བཅོས། གཞན་ཡང་སྒྲ་ཚད་བཟོ་སོགས་མདོར་ན་ཐུན་མིན་དང་ཐུང་མོང་གི་རིག་གནས་ཡོངས་སུ་རྫོགས་པ་སྤྲུལ་པའི་ལོ་པཎ་བརྒྱ་རྩ་མང་པོས་བསྒྱུར་ཞུས་གཏན་ལ་ཕབ། དེ་དག་ལས་ཟབ་དོན་གྱི་མན་ངག་ཉམས་སུ་བླངས་པས་སྐུ་ཚེ་དེ་ཉིད་ལ་མཆོག་གི་གོ་འཕང་མངོན་དུ་མཛད་པ་རྗེ་འབངས་ཉི་ཤུ་རྩ་ལྔའི་གཙོས་གྲུབ་ཐོབ་ཕོ་མོས་བོད་ཀྱི་རི་སུལ་བཀང་བར་མཛད་པས། དེ་འདྲ་བའི་བསྟན་པ་རྒྱ་གར་དུའང་མ་བྱུང་ཞེས་མཉམ་མེད་ཇོ་བོ་རྗེ་མར་མེ་མཛད་ཀྱིས་བསྔགས་པར་མཛད་པའི་གསང་ཆེན་སྔ་འགྱུར་རྙིང་མའི་འོད་སྟོང་ལྡན་པ་ནུབ་པ་མེད་པར་བོད་གངས་ཅན་པའི་སྐྱེ་རྒུ་ཀུན་གྱི་བླ་ན་འབར་བ་དེ་ནས་རིམ་བཞིན་འགྱུར་སྔ་ཕྱིའི་བབ་ཀྱི་ཆོས་སྡེ་སྒྲུབ་བརྒྱུད་ཤིང་རྟ་མཆེད་བརྒྱད། བཤད་བརྒྱུད་འདེགས་པའི་ཀ་ཆེན་བཅུ་སོགས་གྱེས་པས་ན་སྔ་འགྱུར་རྙིང་མ་པ་འདི་ནི་བོད་ཀྱི་རྒྱལ་བསྟན་ཡོངས་རྫོགས་ཀྱི་ཕྱི་མོའམ་འབྱུང་གནས་ཁོ་ན་ཡིན། དེས་ན་རྣམ་འདྲེན་བཞི་པའི་བསྟན་པའི་སྙིང་པོ་གསང་ཆེན་སྔ་འགྱུར་རྙིང་མའི་ཐུན་མོང་མ་ཡིན་པའི་བརྒྱུད་པའི་ཕྱག་བཞེས་ཁུངས་དག་མ་ནོར་བ། བཟོ་བོ་མཁས་པས་བསྐྲུན་པའི་ཕྱི་གཞལ་ཡས་ཁང༌། ནང་སྐུ་གསུང་ཐུགས་རྟེན་འབུར་ཏུ་བཏོད་པ། ལུགས་སུ་བླུགས་པ། རིས་སུ་བྲིས་པ། གཞན་ཡང་སྣང་བ་ཐོག་བརྫིས་སུ་གཏོང་ཞིང་འདོད་ཡོན་ལམ་དུ་ཁྱེར་བའི་རྡོ་རྗེའི་གླུ་གར་དང་འབྲེལ་བའི་མཆོད་ཆས་སོགས་རྣམ་པ་མང་པོ། རྒྱུ་གྲོན་དང་དཀའ་ངལ་འཛེམས་མེད་ཀྱིས། བརྩོན་འགྲུས་དང་སྙིང་སྟོབས་ཆེན་པོས་ད་ལམ་ཉི་ཧོང་དུ་སྔོན་མེད་རྙིང་མའི་འགྲེམས་སྟོན་གྱི་སྐྱ་རེངས་གསར་དུ་ཤར་བའི་རྟེན་འབྲེལ་འདིས་མཚོན། མ་འོངས་པར་གསང་ཆེན་རྙིང་མའི་བསྟན་པ་ཡོངས་རྫོགས་ཀྱི་ཉི་མ་ཤར་ནས་ཉི་ཧོང་པའི་སྐལ་ལྡན་ཀུན་ཚེ་གཅིག་ལུས་གཅིག་ལ་འཚང་རྒྱ་ནས། དེ་མཐུས་འཛམ་གླིང་གི་མི་རིགས་ཀུན་ལ་ཉེས་རྒུད་ཀྱི་མིང་མི་གྲགས་པར་ངོ་མཚར་ཞི་བདེའི་དཔལ་ལ་དུས་རྟག་ཏུ་ལོངས་སྤྱོད་པའི་སྨོན་ལམ་ཆུ་འཛིན་དཀར་པོ་ཕྱོགས་ཀྱི་འཁོར་ལོ་ཁྱབ་པར་བཀྲམ་པ་དང་ཆབས་ཅིག་དུས་བཟང་གི་མཛད་སྒོ་འདི་ཉིད་ཐོག་མཐའ་བར་དུ་དགེ་བའི་ཤིས་པའི་མེ་ཏོག་པུཎྜ་རི་ཀའི་སིལ་མ་འཐོར་བ་དང་བཅས། གསང་སྔགས་རྙིང་མ་པ་ལྷ་རིགས་ཀྱི་རིག་སྔགས་འཛིན་པ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེས། སྟོན་པ་མཉམ་མེད་ཤཱཀྱའི་རྒྱལ་པོ་འཛམ་བུའི་གླིང་འདིར་མཚན་དཔེའི་སྐུའི་བཀོད་པ་ལུམྦི་ནིའི་ཚལ་དུ་བལྟམས་ནས་ལོ་༡༣༣༧། སངས་རྒྱས་གཉིས་པ་པདྨ་འབྱུང་གནས་ཨོ་ཌི་ཡ་ནའི་སིནྡྷུའི་པད་སྡོང་དུ་སྐུ་བལྟམས་ནས་ལོ་༢༢༥༡། བཅས་འདས་པ་ཆུ་མོ་ཕག་གི་ལོའི་དབྱར་ཟླ་འབྲིང་པོའི་ཡར་ཚེས་བཟང་པོར་ཕུལ་བ་ཤིན་ཏུ་དགེ་ཞིང་བཀྲ་ཤིས། བདུད་འཇོམས།། །། ༈ །སྔ་འགྱུར་བཤད་སྒྲུབ་འདོད་འཇོ་གླིང་གི་སློབ་ཚོགས་ཐུན་མོང་དེར། སྟབས་འཇོ། ཉེ་སྔོན་གནས་བྲིས་ཇི་ལྟར་བསྲིངས་སོན་ལྟར་བཤེས་གཉེན་སློབ་དཔོན་མཆོག་ཉིད་འཚོ་ཁམས་ཡུན་བཞེས་ཀྱི་སྨོན་ཚིག་བྲིས་ཏེ་སྤེལ་བ་བརྩམས་པ་དོན་ལྡན་ལེགས་ཚོགས་སུ་སྨིན་པའི་སེམས་བསྐྱེད་མོས་སྤྱོད་ལྷུར་ལེན་པ་དང༌། ཐོས་བསམ་གྱི་བྱ་བར་བརྩོན་པ་ཆེར་བསྐྱེད་དང་འབྲེལ་སྒོ་གསུམ་གྱི་སྤྱོད་ལམ་གང་ཅི་བསྟན་པའི་མིག་རྒྱན་དུ་འགྱུར་བ་ལ་སློབ་འོས་ནས། རིམ་པས་དངོས་འཕྲད་ཡོང་རྒྱུ་བཅས་ངེས་འཇགས་མཛོད། ཤིས་སྨོན་བཅས། བདུད་འཇོམས་པས་མེ་སྦྲུལ་ཟླ་༩ཚེས་༡་བཟང་པོར་བལ་པོའི་རྒྱལ་ས་ནས་བསྐུར།། །། ༈ །བསྟན་སྒྲོན་སྤྱི་ཏི་སྤྲུལ་སྐུར། སྟབས་འབུལ། བར་དེར་སྐུ་འཚོ་དགེ་ངང་གསན་བསམ་ལྷུར་བཞེས་ངོས་འདིར་གནང་རྟེན་ཉམས་མེད་འབྱོར་བས་ཡིད་སྤྲོ་འཕེལ། འདིར་རྒན་བུའང་མ་སྐྱོན་ཙམ་དུ་ཡོད། སླད་སྐུ་འཚོར་འཕྲོད་ཟབ་དང་འབྲེལ་ཐུན་མོང་རིག་གནས། ཐུན་མིན་གཞུང་དོན། ཁྱད་པར་མན་ངག་གི་གནད། གྲུབ་པའི་བཀའ་སྲོལ། ཁྱད་པར་རྡོ་རྗེ་སློབ་དཔོན་གྱི་ལས་ཆེན་བཅུ་གསུམ་བར་གྱི་ཡོན་ཏན་ལ་སྦྱང་བརྩོན་སྔ་འགྱུར་བསྟན་པའི་ཁུར་ཆེན་འདེགས་ནུས་པ་ཞིག་གི་བསམ་སྦྱོར་ཧུར་བསྐྱེད་བྱ་རྒྱུ་འདི་རང་རེ་སྤྲུལ་མིང་ཐོགས་ཚད་ཀྱི་ལས་འགན་ཡིན་པས་དེ་ལུགས་དང༌། འདི་ནས་སྐྱབས་སྲུང་སྨོན་འདུན་མི་བརྗེད་པར་སྤེལ་འོང་བ་བཅས་ངེས་འཇགས་ཡོད་པ་ཞུ། བལ་ས་ནས་སྲུང་བྱིན་བཅས་བདུད་འཇོམས་རྒན་བུས། བོད་ཟླ་༡༠་ཚེས་༢༧་ལ།། །། ༈ །རྣམ་དཀར་དགེ་བའི་ལས་ལ་བཅོས་མིན་སྙིང་ནས་གུས་ཤིང་རྒྱལ་གཅེས་སྙིང་སྟོབས་ཅན་གྱི་བོད་རིགས་སྤུན་ཟླ་ཡོངས་ཀྱི་སྙན་ལམ་དུ་གསོལ་རྒྱུར། དེང་དུས་མཁྱེན་གསལ་ལྟར། སྔོན་བྱུང་བོད་ཀྱི་རྒྱལ་རབས་དང་ལོ་རྒྱུས་གང་དུའང་མ་གྲགས་པའི་གནས་སྟངས་ཐ་ཆད་སྐྱོ་ངལ་ཅན་འདི་ལྟ་བུ་བྱུང་བའི་སྐབས་འདིར། རང་རེ་བོད་རིགས་ཡོངས་ཀྱི་སྙིང་སྟོབས་མེ་ལྕེ་གྱེན་དུ་འབར་ནས་གཡོ་མེད་སྤོབས་པ་རྡོ་རྗེ་ལྟ་བུས་སྔོན་གྱི་སྤྲུལ་པའི་ཆོས་རྒྱལ་རིམ་བྱོན་རྣམས་དང༌། ཁྱད་པར་མེས་དབོན་གསུམ་དང་མཁན་སློབ་ཆོས་གསུམ་གྱི་གཙོས་རིས་མེད་བསྟན་པའི་གསལ་བྱེད་དང༌། རྣམ་དཔྱོད་ཅན་གྱི་རྒྱལ་འབངས་རིམ་བྱུང་རྣམས་ནས་གཅེས་པའི་རྒྱུ་ནོར་དང་ལུས་སྲོག་འཕང་མེད་དུ་བཏང་ནས་འབད་པ་དུ་མས་བསྒྲུབས་པའི་ཆོས་དང་རིག་གཞུང་ཁྱད་པར་བ་འཛམ་གླིང་སྐྱེ་འགྲོའི་མདུན་དུ་རང་གིས་ངོམས་ཤིང་གཞན་གྱིས་བསྟོད་བསྔགས་ཀྱི་ཡུལ་དུ་གྱུར་པ་འདི་ཉིད། མདོངས་མཐའ་ཅན་གྱི་སྒྲོ་གུར་ལྟར་སྡེ་ཚན་འདྲེས་མེད་ཀྱི་ཐོག་མི་ཉམས་འཛིན་སྐྱོང་སྤེལ་བར་བྱེད་པ་ནི་བོད་རིགས་སྤུན་ཟླ་འགའ་ཙམ་མ་ཡིན་པར་ཡོངས་རྫོགས་ཀྱི་བྱ་བ་འཁུར་དུ་བབས་པ་ཞིག་ཡིན་ལ། དེ་ཉིད་སྔོན་གྱི་འཕགས་ཆེན་རིམ་བྱོན་བཀའ་དྲིན་ཅན་རྣམས་ཀྱི་བྱས་པ་དྲིན་དུ་གཟོ་ཞིང༌། བོད་རྒྱལ་འབངས་ཀྱི་མ་འོངས་རྒྱུན་བརྟན་ཕན་བདེའི་རྩ་ལག་དང་རྒྱལ་སྤྱིའི་ཞབས་འདེགས་ཁྱད་པར་བ་ཡིན་པ་ངོ་ཤེས་རྒྱུན་ཆགས་སྙིང་ལ་འཆང་ནས། ནང་ཁུལ་ཕན་ཚུན་ལུང་ཚན་ཆོས་དང་མིང་གྲགས་ཆེ་ཆུང་སོགས་རང་མཐོང་ཕྱོགས་འཐེན་དབྱེན་སྦྱོར་གྱི་བསམ་པ་རིང་དུ་དོར་ནས། ༧གོང་ས་ལྷ་མིའི་རྣམ་འདྲེན་རྒྱལ་དབང་སྐུ་ཕྲེང་བཅུ་བཞི་པ་མཆོག་གི་ཐུགས་ཀྱི་བཞེད་དགོངས་མཐའ་དག་འགྲུབ་ཕྱིར་བོད་ཀྱི་མི་རིགས་མཁས་དབང་རྒན་གཞོན་ཆེ་ཕྲ་ཡོངས་ནས་ཕྱར་བ་གྲུ་འདེགས་ཀྱིས་ཉིན་མཚན་ཁོར་ཡུག་ཏུ་བརྩོན་པ་ལྷུར་ལེན་ཅི་ནས་གནང་བར་འཚལ་ཅེས། ཟོལ་སྤང་ལྷག་བསམ་དགེ་བས་གསལ་འདེབས་ཙམ་དུ། ཕྲན་རྒན་བུ་བདུད་འཇོམས་པས་ཆུ་ཕག་ཟླ་༦ཚེས་བཟང་པོར་ཕུལ་བ་དགེ བདུད་འཇོམས།། །། ༈ །རིན་ཆེན་བཞི་པའི་ཁམས་ལྡན་སྤྲེའུའི་ལོ། །གསར་ཚེས་དགའ་བ་དང་པོའི་ཉི་མ་འདིར། །ལུས་འདི་རིང་ན་གནས་ཀྱང་སྤྲོ་བའི་སེམས། ཁྱེད་དྲུང་ལྷགས་ཏེ་བཀྲ་ཤིས་བདེ་ལེགས་ཞུ། ། ༈ མཆོག་གསང་བསྟན་པའི་ཉིན་བྱེད་དགུང་ནས་ཤར། །སྙིགས་ལྔའི་རྒུད་མུན་འཐུག་པོ་དྲུང་ནས་ཕྱུང༌། །ཡང་དག་ཞི་བདེའི་སྣང་བས་འཛམ་གླིང་ཁྱབ། །མི་འགྱུར་རྟག་ཏུ་བཀྲ་ཤིས་དཔལ་འབར་ཤོག ། ༈ བོད་ཀྱི་སྤྲེལ་རྒན་བདུད་འཇོམས་འཆལ་པོ་ཁོས། །མི་ཚེའི་ཁ་སྣོན་སྤྲེལ་ལོ་ཤར་འདིས་ཀྱང༌། །མ་ངོམས་ད་དུང་ལོ་སྐོར་གྲངས་བགྲང་བཞིན། །ལོ་གསར་ཟ་འདོད་ཡོད་ཟེར་བགད་མོ་ཤོར།། །། ༈ །ལྕགས་ཀྱི་ཁམས་འཛིན་བྱ་རྒྱལ་ཁུ་བྱུག་ཁྱོད། །ཤིང་ལོ་གསར་པའི་ལྡིང་གུར་ནས་ཐོན་ཏེ། །བཀྲ་ཤིས་སྒྲོ་གཤོག་བསྐྱངས་པའི་འཕུར་འགྲོས་ཀྱིས། །ཀུན་ལ་བཀྲ་ཤིས་བདེ་ལེགས་འབུལ་བར་སོང༌།། །། ༈ །ཡིད་འོང་དགྱེས་ཞལ་མིག་གི་དགའ་སྟོན་དུ། །གྱུར་ཀྱང་མཛེས་སྐུའི་འཁྲི་ཤིང་གསར་པ་ལ། །འཁྱུད་པའི་ངལ་གསོའི་བདེ་བ་མ་ཐོབ་པས། །ལུས་སེམས་དུབ་པ་འདི་ལས་ནམ་ཞིག་གྲོལ།། །། ༈ །གནམ་དེ་སྔོན་པོའི་དཀྱིལ་ན། །སྤྲིན་པའི་གཡའ་ཞིག་འཁོར་བཞག །ནམ་གཞུག་སྐྱེལ་ངེས་ཨེ་ཡིན། །ཡིད་ཐང་ཆད་རོག་མིན་འགྲོ། །ལྡུམ་རའི་ནང་གི་པད་སྡོང༌། །གཞོན་པའི་མཛེས་ནོར་ཡིན་འདྲ། །མི་རྒན་ལག་པ་འཆང་བ། །སྣང་བ་འཁྲུལ་བཞག་བསམ་བྱུང༌། །རྩ་བ་བཙུག་པའི་ཤིང་ལ། །ཡར་བསྐྱེད་གནང་རྒྱུ་ཡིན་ན། །ཚ་གྲང་ནམ་ཟླའི་བབས་ཀྱིས། །འབྲས་བུ་སྨིན་ནི་ཡོད་འགྲོ།། །། ༈ གཏིང་སྐྱེས་དགོན་པ་བྱང་གི་སྤྲུལ་སྐུའི་ཡང་སྲིད་ཐད་མཆོག་གསུམ་གསོལ་བཏབ་འབྲས་བུ་ཀུན་གསལ་སེམས་ཀྱི་མེ་ལོང་ལ་ཀུན་རྟོག་གཟུགས་བརྙན་གྱི་རི་མོ་འདི་ལྟར། སྤྲུལ་པའི་ཟློས་གར་གནས་དང་དུས། །སྣ་ཚོགས་སྲིད་འདིར་ཤར་ཞིང་སྣང༌། །ཤར་ཕྱོགས་སྦས་པའི་གནས་ཀྱི་འདབ། །བྱང་གི་ལྗོངས་ནས་ངེས་རྙེད་འགྱུར། །ཕ་མ་སྲིང་མོ་སྤུན་དང་བཅས། །ཕ་ནི་ཚེ་རིང་དཔལ་གྱི་བདག །མ་མ་ཀེ་ལ་ཤ་ཞེས་གྲགས། །ཐ་ཆུང་མྱུ་གུར་ངེས་པར་སྣང༌། །གནས་དུས་སྐབས་ལས་འགལ་རྐྱེན་ལྡང༌། །ངེས་སེལ་ཏཱ་རེ་དཀར་མོ་དང༌། །རྡོ་རྗེ་བེ་ཙོན་སྒྲུབ་བཟླས་བརྩོན། །སྲུང་མ་བསྐུལ་ཞིང་མཆོད་གསོལ་བྱ། །དེ་ཡིས་རྐྱེན་ངན་བཟློག་གྱུར་རོ། །ཞེས་བབས་ཀྱང་འཁྲུལ་སྣང་ལ་བདེན་འཛིན་དཀའ་བས་ཞིབ་ཏུ་དཔྱད་པར་ཞུ། ༈ ཆོས་འབྱུང་གསར་བཞེངས་ཀྱི་རྩིས་ཁྲ། ༼༡༽ ཞལ་འདེབས་བྱུང་བ། དགེ་སློང་ཚུལ་ཁྲིམས་རྒྱལ་མཚན་ནས་སྒོར་སུམ་སྟོང་ཐམ་པ། དགེ་གནས་ཕྲུག་ནས་སྒོར་ཉིས་སྟོང༌། ཡ་བ་རྗེ་དྲུང་ནས་སྒོར་ཆིག་སྟོང༌། དབེན་དགོན་རྡོར་སློབ་ནས་སྒོར་ཆིག་སྟོང༌། དགེ་སྟག་གཟིག་ནས་སྒོར་ལྔ་བརྒྱ། འཇིགས་མེད་ནས་སྒོར་སུམ་བརྒྱ། བླ་མ་དབང་རྒྱལ་ནས་སྒོར་བརྒྱ། ནོ་ནོ་བདེ་ཆེན་རྡོ་རྗེས་སྒོར་བརྒྱ། སློབ་དཔོན་བསོད་ནམས་བཟང་པོས་སྒོར་བརྒྱ། རྡོར་གླིང་ནས་བལ་པོ་དགེ་སློང་བརྒྱུད་སྒོར་བརྒྱ། བཀའ་འགྱུར་བླ་མ་རིན་པོ་ཆེས་སྒོར་ལྔ་བཅུ། སྟག་ལུང་གཟིམ་སྤྱིལ་ནས་སྒོར་བརྒྱ་དང་ལྔ་བཅུ། ཤར་པ་ངག་དབང་མགོན་པོས་སྒོར་བརྒྱ། འབར་ཆུང་དཔོན་མཐུ་སྟོབས་ནས་སྒོར་བརྒྱ། བྱ་རྒོད་ཚང་ནས་གསེར་གྱི་ཚིག་ཁེབས་ཨ་ན་བཅུ་གཅིག་གི་ལྗིད་ཚད་ཡོད་རིན་སྒོར་དགུ་བཅུ་གོ་ལྔ། གྲོ་མོ་རིན་སྒང་ཨ་བུར་དང་དབང་ཕྱུག་ཆོས་འཛོམ་ནས་སྒོར་བདུན་ཅུ་དོན་ལྔ། བཀྲས་རྩེ་བས་སྒོར་བཅོ་ལྔ། རྒྱ་ཤོད་སྤེན་རྡོར་ནས་སྒོར་བཅུ། སྤོམ་ཁ་མགོན་པོས་སྒོར་གཅིག བླ་མ་དོན་གཅེས་ནས་སྒོར་ལྔ། མགོ་ལོག་སྤྲུལ་སྐུ་ནས་སྒོར་བཅུ། རྟ་མང་ཤང་ལྡན་བླ་མ་ནས་སྒོར་ཉེར་ལྔ། བསོད་ནམས་བསྟན་འཛིན་ནས་སྒོར་བཅུ། བསོད་ནམས་སྟོབས་རྒྱས་ནས་སྒོར་བཅུ། བྱང་ཆུབ་ནས་སྒོར་བརྒྱ། གླིང་ཚང་རྒྱལ་པོ་ནས་གཟི་གཅིག་བྱེ་རུ་བཞི་བཅས་ཀྱི་རིན་སྒོར་བརྒྱ། ཤར་ལྷོ་སྲས་སྐུ་ནས་སྒོར་བརྒྱ། མ་རྒན་ཞིག་གི་དགེ་རྩར་སྒོར་ལྔ་བརྒྱ་བརྒྱད་ཅུ་གྱ་ལྔ། ཞྭ་དེའུ་འཁྲུལ་ཞིག་རིན་པོ་ཆེས་སྒོར་སུམ་བརྒྱ། མཁས་བཙུན་བཟང་པོས་སྒོར་བརྒྱ་དང་ལྔ་བཅུ། མ་ཎི་པིན་ཊིན་པར་ཁང་ནས་སྒོར་ཆིག་སྟོང་ཐམ་པ་བཅས་བྱུང་བསྡོམས་སྒོར་ཆིག་ཁྲི་ཆིག་སྟོང་བདུན་བརྒྱ་དྲུག་ཅུ་རེ་གཅིག། ༼༢༽ པར་ཐོག་ཏུ་སོང་བ། ལྷ་བྲིས་ཕུན་ཚོགས་བཟང་པོས་དབུ་ལྷ་རི་མོ་རྣམས་གླ་མེད་ཞབས་འདེགས་ཞུས་ཤིང༌། དབུ་ལྷ་དང་གནས་དགོན་གྱི་པར་གཞི་རྣམས་ཀ་ལི་ཀ་ཏར་བྷུ་ལོག་གསར་བཟོས་བགྱིས་པའི་རིན་དང་སྦྲགས་གླ། ཆོས་འབྱུང་ཚར་གཅིག་སྟོང་ཐམ་པའི་ཤོག་རིན་དང་པར་གླ། དེབ་བཟོས་པའི་རྒྱབ་ཤའི་རིན་དང་གླ། ཞུ་དག་པར་ཕོག་དང་ཁང་གླ། གནས་དགོན་པར་རིས་པ་དང༌། ཡིག་འབྲུ་སྒྲིགས་དཀྲོལ་དང་པར་འདེབས་ལས་བྱེད་པར་ལེགས་གསོས། སྔོན་འགྲོ་གནང་ཞུས་སྣ་སེལ་ཚོགས་ཕྲིན་དང༌། རྗེས་ཆོག་གཏང་རག་སྐོང་ཕྲིན་ཉིན་འཁྱོངས་བཅས་ཕར་སོང་བ་ཁྱོན་གཅིག་ཏུ་བསྡོམས་སྒོར་ཆིག་ཁྲི་ཆིག་སྟོང་དགུ་བརྒྱ་བཞི་བཅུ་ཞེ་གཅིག་དང་པད་གསར་ཉེར་ལྔ་ཐོབ་པ། གོང་གི་བྱུང་སོང་རྩིས་ཟོས་ཀྱི་འཕྲོས་ཆད་སྒོར་ཉིས་བརྒྱ་ཉི་ཤུ་ཐམ་པ་འདི་ནས་བཏང་བས་གཙང་དག་གྲུབ། ༼༣༽ ཆོས་འབྱུང་ཚར་ཆིག་སྟོང་ཐམ་པ་ནས། ༧གོང་ས་༧སྐྱབས་མགོན་ཆེན་པོའི་དབུས་བོད་ཀྱི་བླ་སྤྲུལ་ཁག་དང༌། སྦྱིན་བདག་ཁག རྒྱ་གར་དང༌། འབྲས་འབྲུག བལ་ཡུལ། གཞན་ཡང་བོད་ཡིག་ཉམས་བཞེས་གནང་མཁན་ཕྱི་རྒྱལ་གྱི་དཔེ་མཛོད་ཆེ་ཁག་རྣམས་བཅས་ལ་ཚར་རེ་རེ་རིན་མེད་དུ་འབུལ་དམིགས་ཚར་སུམ་བརྒྱ་ཐམ་པ་ཟུར་དུ་ཕུད། དེ་བྱིངས་རྣམས་སྒོར་བཅོ་ལྔ་རེར་བསླུ་ཡོན་དུ་འབུལ་རྒྱུར། བསླུ་ཡོན་ཇི་བྱུང་རྗེས་སུ་དཔེ་རྒྱུན་དཀོན་རིགས་པར་འགོད་བྱ་རྒྱུའམ། དགེ་རྒྱུན་གནད་གང་ཆེ་ཞིག་གི་ཐོག་ཏུ་སྨིན་གཏོང་ཞུ་རྒྱུའི་འཆར་གཞི་ཡིན་ལགས་པ་བཅས། བདུད་འཇོམས་སྤྲུལ་སྐུས། ཤིང་འབྲུག་ཟླ་༨ ཚེས་༥ ལ། ༈ །ཨོཾ་སྭསྟི། །ཚོགས་གཉིས་རྒྱ་མཚོ་ལས་ཐོན་པའི། །དོན་གཉིས་ཕན་བདེའི་འོད་སྟོང་ཅན། །ཟུང་འཇུག་ཉིན་མོར་བྱེད་པའི་མགོན། །གདུལ་བྱའི་པད་ཚལ་སྐྱོང་དེར་བསྔགས། །ཀུན་རྫོབ་འགྲོ་བ་དྲངས་པའི་སླད། །ཀུན་རྫོབ་གཟུགས་སྐུར་བཞེངས་པའི་རྟེན། །དོན་དམ་ཆོས་དབྱིངས་མཚོན་པའི་གཟུངས། །དོན་དམ་རྟོགས་པའི་ཆ་ཤས་སྤྲོ། །དེའང་རྟེན་གང་ལ་ནང་གཟུངས་རིང་བསྲེལ་གཞུག་དགོས་པར་གསུངས་པས་ན། དེའི་ཚུལ་ལག་ལེན་གྱི་གནད་མདོར་བསྡུས་བརྗོད་པ་ལ། ཐོག་མར་ཉེར་བསྡོག་བྱ་བ་དང༌། དངོས་གཞི་ཇི་ལྟར་འབུལ་བའི་ཚུལ་དང་གཉིས་ལས། དང་པོ་ནི། འབུལ་བྱ་རིང་བསྲེལ་རྣམ་པ་བཞི་སྟེ། ཆོས་སྐུའི་རིང་བསྲེལ། སྐུ་གདུང་རིང་བསྲེལ། སྐུ་བལ་རིང་བསྲེལ། ཡུངས་འབྲུ་ལྟ་བུའི་རིང་བསྲེལ་ལོ། །གཟུངས་འབུལ་ལག་ལེན་མཛད་འཕྲོ་ཅན་ཕྱག་བྲིས་དངོས་ལས་ཞལ་བཤུས་པ་ལགས།།



སྔགས་སྐྱེས་རྡོ་རྗེ་རྣམ་རྒྱལ་ལ། སྟབས་འཇོ། རྡོར་གླིང་ནས་བོད་ཟླ་ ༡༡ ཆེས་ ༤ ལ་བཏང་གནས་དེ་བཞིན་འདིར་ཟླ་ ༡༡ ཚེས་ ༡༠ ཉིན་འབྱོར། ཡིག་གསལ་ལྟར་པད་གླིང་ཁ་སྔོན་ཆ་ཚང་གསུམ་བཞག་ཡོད་ཀྱང་བར་ལམ་འདི་གར་དགོས་སྟབས་ཆ་ཚང་གཅིག་འདིར་འཁྱེར་བ་ཡིན། འོན་ཀྱང་ཆ་ཚང་ཞིག་སྔོན་ནས་ཀ་སྤུངས་ཀློང་གྲོལ་སར་བཞག་ཡོད་པས་དེ་ནས་ལེན་ཐབས་གྱིས། ཆ་གཉིས་པོ་་དེ་སྤྲུལ་སྐུ་ཨ་འཛིན་དང༌། དགེ་གླིང་པ་གཉིས་སོ་སོར་ཕུལ། དགོན་པར་ཀློང་གྲོལ་སར་ནས་ལེན་རྒྱུ། ལྷ་སྐུའི་ཐད་སྟོན་པ་དང་གུ་རུ་ཡང་ཁྲོས་གསུམ་བཞེངས་ན་འགྲིག །གཟུངས་གཞུག་ལ་སོ་སོའི་རང་སྔགས་གང་མང་དང༌། ཚེ་ལྷ་རྣམ་གསུམ་གྱི་སཙྪའི་སྤར་ཁོ་ནས་སྟོན་པ་དང་གུ་རུ་གཉིས་ཀྱི་ནང་བཀང་ན་དེས་འཐུས། ཡང་ཁྲོས་ལ་རང་སྔགས་ཁོ་ན་བུང་བསྐྱེད། སྐུ་སོ་སོར་ནང་གཞུག་སྐུ་གསུང་ཐུགས་རིལ་ཕྱོགས་བསྡུས་རིང་བསྲེལ་རྣམ་བཞིདང༌། རྟེན་འབྲེལ་ཉེས་སེལ་བཅས་བསྐུར་ཡོད་པ་གོ་རིམ་མ་ནོར་བ་དང༌། གཟུངས་སྔགས་རྣམས་མགོ་ཨོཾ་ཡིག་ངོ་ཕྱིར་བསྟན་གྱིས་བསྒྲིལ་ཏེ་ན་བཟའ་འབུལ་སྐབས་མགོ་མཇུག་མ་འཁྲུགས་པ་གལ་ཆེ། མ་འོང་པར་འབུ་སྲིན་ཆུ་སོགས་ཀྱིས་མི་འཇིག་པའི་ཕྱིར་དུ་གཟུངས་རིལ་ཚང་མ་ཟ་སྣུམ་མར་ནག་ནང་དུ་ཤན་ཏེ་གཟུངས་འབུལ་ན་ཕུག་བརྟན་ཅིང་ལེགས། སྐུའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་སྨན་སྒྲུབ་གུ་རུ་བདེ་བ་ཆེན་པོའི་སྐུ་པར་རེ་རེ་བསྐུར་ཡོད། སྐུའི་ལྟེ་བའི་ཐད་དུ་སྲོག་ཤིན་བརྟན་པའི་ཙཀྲ་སྟོན་པ་དང་གུ་རུ་གཉིས་ལ་རེ་རེ་དང༌། བསོད་ནམས་གླང་འཁོར་དང་གཡང་རྫས་རིལ་བུ་བཅས་སྐུ་གསུམ་པོ་སོ་སོའི་ནང་རེ་རེ་བཞིན་དང༌། གསང་གནས་འཐད་དུ་གནམ་ལྕགས་སྤུ་གྲི་དང་གྲོ་ལོད་སོགས་ཀྱི་སྲུངས་འཁོར་ཡོད་ན་གཞུག་དགོས། སྐུ་སོ་སོའི་སྲོག་འཁོར་བྲི་ནས་གཞུག་མི་དགོས། སྐུའི་ཞབས་འོག་ཏུ་དམ་འགོང་སྤུན་དགུའི་མནན་པ་གནད་སྨིན་བསྒྲུབས་ཟིན་པ་སྐུ་སོ་སོར་འོག་མནན་ཆ་ཚང་རེ་བསྐུར་ཡོད་པ་མནན་སྐབས་ཡི་དམ་བསྙེན་ཚད་སྔོན་སོང་གིས་བདག་བསྐྱེད་གང་ཡིན་གྱི་ང་རྒྱལ་གསལ་སྣང་བརྟན་པོས། འགུག་གཞུག་དབྱེ་འབེབས་གཟིར་མནན་ནན་གཏན་གྱིས་མནན་དགོས་པ་མ་ཟད་འདི་སྐབསགཞན་ནས་མཐོང་ཐོས་མེད་པ་གལ་ཆེ། ཐུབ་དབང་སྐུ་རྒྱན་དྲུག་བཞེངས་ཐུབ་ན་ཤིན་ཏུ་ལེགས་ཤིང་རྒྱན་དྲུག་བཟོ་བཀོད་བཞེངས་ཐོ་ཟུར་དུ་བསྐུར་ཡོད་པ་བཅས་ཡིད་འཇགས་མཛོད། བལ་ས་ནས་བདུད་འཇོམས་པས། བོད་ཟླ་ ༡༡ ཚེས་ ༡༥་ བཟང་པོར་བསྐུར། །།དབུས་སུ་སྟོན་པའི་སྐུ་རྒྱན་དྲུག་བཞེངས་ན༌། སྟོན་པའི་བཞུགས་ཁྲིའི་རྒྱབ་ཏུ་རྒྱབ་ཡོལ་གྱི་བཀོད་པ་་རྒྱན་དྲུག་ཅེས་གཡས་གཡོན་དུ་གླང་ཆེན་འདུད་པའི་རྣམ་པས་སྣས་མར་མེ་དང་སྤོས་སྣོད་བུམ་པ་བཟུང་བས་གདུང་འགོ་མ་འདེགས་པ། དེའི་སྟེང་སེང་གེ་རེ་རེ་ལག་པས་གྱི་ལིང་གི་ལག་པ་འདེགས་པ། རྐང་པས་གླང་ཆེན་གྱི་མགོ་བོ་གནོན་པ། དེའི་སྟེང་གྱི་ལིང་ངམ། རི་དྭགས་ཤ་རལ་རྭ་གཅིག་པ་འགའ་ཤས་ཀྱིས་ཁྱུང་སེང་འབྲེལ་བའི་ཕྲུ་གུ་ཤ་ར་བྷ་བྲི། གང་ལྟར་གང་བྱས་ཀྱང་འགལ་བ་མེད། དེ་རེ་རེའི་སྟེང་གཞོན་པའི་བུ་ཆུང་ལག་ཡ་གཅིག་གིས་དུང་འབུད་པ་ལག་ཡ་གཅིག་གིས་རྒྱབ་ཡོལ་གྱི་གདུང་མ་འདེགས་པ། གདུང་སྣེ་ནོར་བུ་འཁྱིལ་བར་མཚན་པ་ལ་དར་གྱི་ཁེབ་ཅན། དེའི་སྟེང་ཆུ་སྲིན་རྔམ་པ་ལག་གཉིས་གདུང་སྟེང་དང༌། འཇུག་པ་ཊ་རིས་རྒྱེན་དུ་འཁྱིལ་བ་གཉིས། དེ་གཉིས་ཀྱི་སྟེང་དུ་ཀླུ་སྦྲུལ་གྱི་གདེང་ཀ་ཅན་ནོར་བུའི་ཕྲེང་བ་བཟུང་བ་སྦྲུལ་འཇུག་གཡས་གཡོན་དུ་འདུད་སྟེང་དབུ་རྩེར་བྱ་ཁྱུང་སྦྲུལ་ཟ་བ་མཛེས་ཞིང་མཚར་བ་བཅས་སེང་དབར་དུ་པ་ཊ་རིས་མཛེས་ཚོན་དང་མུ་ཏིག་གི་ཕྲེང་བ། མེ་ཏོག་དང་འཇའ་སྤྲིན་སྣ་ཚོགས་པའི་བཀོད་པ་མཛད་པ་བཅས། ཁྲིག་རྒྱབ་ཡོལ་དེ་དག་གིས་ལམ་སྤོང་བདུན། ཕྱིན་དྲུག །བསྡུས་དངོས་བཞི། སྟོབས་བཅུའི་ཤུགས། དྲི་མ་མེད་པ། འོད་གསལ་བ་སོགས་ཀྱི་མཚོན་དོན་ཡོད། དེ་ལྟར་ཐུབ་པའི་སྐུ་རྒྱན་དྲུག་བཞེངས་ཐུབ་ན་ལེགས།།