སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་གསུང་མཁའ་འགྲོ་མ་ཁྲོས་མའི་བསྐོར་གྱི་ཡིག་ཆ་ཁག།

From Dudjom Wiki
DJYD-SUNGTHORBU-01-AA-019
Wylie title skyabs rje bya bral rin po che'i gsung mkha' 'gro ma khros ma'i bskor gyi yig cha khag
Location bdud 'joms rin po che'i gsung thor bu
Volume 1, Text 19, Pages (Folios to )
Author བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་
Citation Dudjom Rinpoche 'Jigs bral ye shes rdo rje. Skyabs rje bya bral rin po che'i gsung mkha' 'gro ma khros ma'i bskor gyi yig cha khag. In Bdud 'joms 'jigs bral ye shes rdo rje yi gsung gi thor bu chos sku'i ring bsrel. Kathmandu: Pal Ngagyur Shedrup Dojoling, 2026.
Side notes  
More details More details
Genre

[edit]
༄༅། །སྐྱབས་རྗེ་བྱ་བྲལ་རིན་པོ་ཆེའི་གསུང་མཁའ་འགྲོ་མ་ཁྲོས་མའི་བསྐོར་གྱི་ཡིག་ཆ་ཁག་བཞུགས།།

བླ་མ་དང་རྗེ་བཙུན་ཁྲོས་མ་ནག་མོ་ལ་ཕྱག་འཚལ་ལོ། །རིག་འཛིན་དགའ་ཚལ་གྱི་སྒྲུབ་སྡེར་ལོ་གསུམ་གཏོང་བའི་སྒྲིག་པ་རྣམས་སྔོན་འགྲོ་བསགས་སྦྱང་དང་གཞི་བསྙེན་སོགས་སྔོན་དུ་སོང་བའི་དབང་དུ་བྱས་ཏེ། འདིར་དངོས་གཞི་ཐུན་མོང་མ་ཡིན་པ་འོད་གསལ་ཁྲེགས་གཅོད་དང་ཐོད་རྒལ་གྱི་ཉམས་ལེན་སྲང་ལ་གཅུད་དེ་ལག་ཏུ་ལེན་ཚུལ་གྱི་ངག་འདོན་ཁྲིགས་སུ་འགོད་པ་ལ། ཐོག་མར་ཐོ་རངས་བྱ་གྲགས་ཙམ་ནས་ལངས་ཏེ་རླུང་རོ་གསལ། ངག་བྱིན་རླབས་བྱ། དེ་ནས་སྒོ་གསུམ་རྡོ་རྗེ་གྲོང་འཕོ་དང༌། གསང་བ་ཐབས་ཀྱི་གནད་ཐིག་གི་གསོལ་འདེབས་༧་དབང་བླང་མཐར་བྱ་བ་དགུ་ཕྲུགས་སུ་བཏང་ལ་འོད་གསལ་གྱི་ངང་མདངས་བསྐྱང། ནམ་ལངས་པ་དང་དཀར་འགྱེད་ཀྱིས་ཐུན་གྲོལ་ལ། རང་ལུགས་རྩ་གསུམ་དམ་ཅན་གྱི་བསང་བསྡུས་དང་གྲིབ་བསང་བཏང༌། ཁྲོས་མའི་ཆུ་སྦྱིན་བསྡུས་པ་བསྔོས་ལ།་་་་ཏིང༌། སྐྱོ་ཚ་བསྐོལ། རྒྱུན་གྱི་ཡི་དམ་ཆག་མེད་ཡོད་ན་ཤར་ཙམ་རེ་འདིར་འདོན། ༼ གཞན་ཡང་ཐུན་མཚམས་རྣམས་སུ་གཏེར་གསར་གྲོ་ལོད། རྟ་མགྲིན་ཡང་ཁྲོས། ཕུར་པ་སྤུ་གྲི་རེག་ཕུང་རྣམས་ཀྱི་རྒྱུན་ཁྱེར་ལ་བརྟེན་ནས་བསྙེན་པ་སྟོང་རྩ་རེ་བཟླ་དགོས། མཆན།༽ ཉི་མ་ཤར་ནས་སྔ་ཐུན་ལ་འཇུག་སྟེ། ཁྲོས་མའི་སྔོན་འགྲོ་ཚིག་རྗེས་དོན་གཞོལ་གྱིས་བཏང་སྟེ། དེ་ཡང་སྐུ་གསུམ་མཁའ་འགྲོའི་སྔགས་སོ་སོར་ཉེར་གཅིག་རེ་ཙམ་དང༌། གུ་རུ་ཧ་རི་ནི་ས་ བརྒྱ་རྩ་བཟླ། དེ་ནས་གསང་བ་ཐབས་ཀྱི་གནད་ཐིག་གིས་སྔར་བཞིན་ཉམས་ལེན་ཁྲེགས་ཐོད་སྐྱོང་ངོ༌། །མཐར་ཉིན་ཕྱེད་མ་ཟིན་ཙམ་ནས་ཁྲ་འགྱེད་ཀྱིས་གྲོལ་ལ། གུང་ཚིག་བཟའ། བཤགས་པ་ཡེ་ཤེས་འོད་ཟེར། ཉམས་ཆག་སྐོང་བའི་ལུང་བྱང་གིས་བརྐྱང་ཕྱག་བརྒྱ་ཕྲག་རེ་བཙལ། ཉི་མ་གྲིབ་ཆེན་ཙམ་ནས་དགོང་ཐུན་ལ་འཇུག་སྟེ། ངག་བྱིན་བརླབ་དོར་བ་ཙམ་ལས་ཐོར་ཐུན་དང་འདྲ། ཕྱི་དྲོ་ཉི་མ་ཐལ་ཙམ་མཚམས་ནས། དམར་འགྱེད་ཀྱིས་གྲོལ་ལ། རྩ་གསུམ་དམ་ཅན་སྤྱིའི་གཏོར་འབུལ་དང༌།་་་་་རྔ༌། རང་ལུགས་ལྷ་གཟའ་ཤན་གསུམ་གྱི་གསོལ་ཀ་ཤོག་གཅིག་མ་རེ་རེ་བྱ་ཞིང་ཕྲིན་ལས་བཅོལ། འདིར་གདུགས་ཤེར་སེང་གསུམ་ཐལ་བརྡེབ་བཅས་དང༌། འབྲེལ་ཐོགས་ཀྱིས་གཙོས་པ་ལ་སེམས་བསྐྱེད་ཀྱིས། ཡིག་དྲུག་སྟོང་རྩ་དང༌། གསུར་བསྔོས་བསྡུས་པ་རེ་བྱས་ལ།་་་་ཏིང༌། ནུབ་བྱ་བཏུང༌། ས་རིབ་ཙམ་ནས་སྲོད་ཐུན་ལ་འཇུག་དགོང་ཐུན་དང་འདྲ་ཞིང༌། མི་ཉལ་ཕྱི་བ་ཙམ་ནས་ནག་འགྱེད་གྲོལ་ལ། བསྟན་འགྲོའི་དོན་དུ་མཚོ་དབུས་གེ་སར་སོགས་སྨོན་ལམ་དང་ཞབས་བརྟན་རིགས་ཡིད་ཚིམ་པ་རེ་བྱས་ལ། མཚན་མོའི་རྣལ་འབྱོར། སྦ་བསྡུ་དག་སྦྱོར་ལ་བསླབ་བོ། །ཐུན་ཐམས་ཅད་ཀྱི་མགོར་སེམས་བསྐྱེད། དངོས་གཞི་སེམས་ཀྱི་ངོ་བོ་སྐྱོང་བ། མཇུག་ཏུ་སྨོན་ལམ་བྱ་བ་གསུམ་མེད་ན་མི་རུང་བ་ཡིན་པས་ཐུགས་ལ་གཞུག་འཚལ། ཐུན་མཇུག་རྣམས་སུ་སྨོན་ལམ་གྱི་འདོན་ཆ་ཡང་ཕ་དམ་པའི་སྨོན་ལམ་སུམ་ཅུ་པ་དང༌། རང་ལུགས་སྐྱབས་གནས་དཀོན་མཆོག་མ། ཟངས་མདོག་དཔལ་རིའི་སྨོན་ལམ་བསྡུས་པ་ཙམ་གྱིས་དགོས་པ་གྲུབ་བོ། །ཞེས་པའང་སྒྲུབ་བླ་ཚེ་རིང་གིས་རྒིས་གཏེར་རང་གི་ཕྱག་བཞེས་ད་ལྟ་གདན་ས་ན་ཇི་ལྟར་མཛད་སྲོལ་དར་བ་བཞིན་འདོན་འགྲིགས་ཤིག་དགོས་ཞེས་བསྐུལ་བའི་ངོ་དང་བརྒྱུད་པའི་ཕྱག་བཞེས་མི་ཉམས་པའི་ཆེད་དུ་ཡང་དག་པར་དམིགས་ནས། རས་ཆོད་དང་རང་བཟོ་སྤངས་ཏེ་ཡི་གེར་བཏབ་པ་པོ་ནི་གཏེར་སྲས་གསང་བདག་རྡོ་རྗེ་དགྲ་འདུལ་དང་བླ་མ་མཁའ་འགྲོ་བདེ་བའི་རྡོ་རྗེ་སོགས་དམ་པ་དུ་མའི་ཞབས་རྡུལ་ལ་རེག་པའི་རྣལ་འབྱོར་རྒྱལ་ཁམས་སྤྱོད་པ་སངས་རྒྱས་རྡོ་རྗེས་འོག་མིན་པདྨའོད་གླིང་དུའོ།། །།

ཟབ་ཆོས་ཁྲོས་མའི་ལམ་རིམ་དང་སྦྱར་བའི་སྨོན་ལམ་ཌཱ་ཀི་དགྱེས་པའི་བཞད་སྒྲ་འདི་ཉིད་འཆད་པ་ལ། སྤྱིའི་ཆིངས་གསུམ་སྟེ། མཚན། གཞུང༌། མཇུག་གོ། དང་པོ་ནི། ཟབ་གཏེར་ཁྲོས་མ་སོགས་ནས་བཞུགས་སོའི་བར་གྱི་བསྟན། གཉིས་པ་ལ་གཉིས་ཏེ། བསྔོ་བ་དང༌། སྨོན་ལམ་མོ། །དང་པོ་ལ་བཞི་སྟེ། གང་གི་སྤྱན་སྔར་བསྔོ་བའི་དཔང་པོ་གསོལ་བ། གང་བསྔོ་རྒྱུའི་དགེ་རྩ་ངོས་བཟུང་བ། གང་ལ་བསྔོ་བའི་ཡུལ་བསྟན་པ། གང་གི་ཆེད་དུ་བསྔོ་བའི་དོན་བཤད་པའོ། །དང་པོ་ནི། ཧོ། བླ་མ་ཡུམ་ཆེན་སོགས་རྐང་པ་གཅིག་གིས་བསྟན། གཉིས་པ་ནི། དེང་འདིར་བསྒྲུབས་པའི་སོགས་རྐང་པ་གཉིས་ཀྱིས་བསྟན། གསུམ་པ་ནི། མཁའ་ཁྱབ་འགྲོ་རྣམས་ཞེས་པས་བསྟན། བཞི་པ་ནི། བྱང་ཆུབ་དོན་དུ་བསྔོ་ཞེས་པས་བསྟན། གཉིས་པ་ལ་གསུམ་སྟེ། ལམ་གྱི་གཞི་བསྟན་ལ་སྨོན་པ། ལམ་རང་གི་ངོ་བོ་ལ་སྨོན་པ། དེ་ཡང་ཚེ་གཅིག་ལ་འབྲས་བུ་མངོན་དུ་གྱུར་པར་སྨོན་པའོ། །དང་པོ་ལ་གཉིས་ཏེ། བསྟེན་བྱེད་སློབ་མ་ཁམས་དྲུག་ལྡན་པའི་མི་ལུས་རིན་པོ་ཆེ་ཐོབ་པར་སྨོན་པ། བསྟེན་བྱ་བླ་མ་འབྲལ་མེད་རང་གི་ངོ་བོར་ཤེས་པར་སྨོན་པའོ། །དང་པོ་ནི། ཚེ་རབས་ཀུན་ཏུ་སོགས་་ཀ་གཅིག་གིས་བསྟན། གཉིས་པ་ནི། འགྲན་གྱི་ཟླ་བྲལ་སོགས་་རྐང་གཅིག་གིས་བསྟན། གཉིས་པ་ལ་གཉིས་ཏེ། རྩ་བ་དབང་བཞིའི་ཆོ་གས་སྨིན་པར་སྨོན་པ་དང༌། གྲོགས་དབང་སྲོག་དམ་ཚིག་དག་པར་བསྲུང་བར་སྨོན་པའོ། །དང་པོ་ནི། བླ་མེད་རྡོ་རྗེ་སོགས་རྐང་པ་གཉིས་ཀྱིས་བསྟན། གཉིས་པ་ལ་གསུམ་སྟེ། སྤྱི་དང༌། ཁྱད་པར། ལྷག་པའི་དམ་ཚིག་ལ་གནས་པར་སྨོན་པའོ། །དང་པོ་ནི། རྡོ་རྗེ་མཁའ་འགྲོས་སོགས་རྐང་པ་གཉིས་ཀྱིས་བསྟན། གཉིས་པ་ནི། སྣང་སྲིད་གཞིར་བཞེངས་སོགས་རྐང་གཅིག་གིས་བསྟན། གསུམ་པ་ལ་གཉིས་ཏེ། རིགས་ལྔའི་མཁའ་འགྲོ་སོ་སོ་དང༌། བསྡུས་པའི་དམ་ཚིག་གོ དང་པོ་ལ་དྲུག་སྟེ། སངས་རྒྱས། རིན་ཆེན། པདྨ་མཁའ་འགྲོ་སྤྱི། རྡོ་རྗེ། ལས་ཀྱི་མཁའ་འགྲོའི་དམ་ཚིག་གོ དང་པོ་ནི། ཀུན་ལ་བྱམས་ཤིང་ཞེས་པས་བསྟན། གཉིས་པ་ནི། ཅི་ལའང་ཆགས་པ་མེད་ཅེས་པས་བསྟན། གསུམ་པ་ནི། ཤེས་རབ་བདུད་རྩི་སོགས་རྐང་པ་གཅིག་གིས་བསྟན། བཞི་པ་ནི། བརྟུལ་ཞུགས་ཆས་ལྡན་སོགས་རྐང་པ་གཅིག་གིས་བསྟན། ལྔ་པ་ནི། གདུག་གཏུམ་ཞེས་པས་བསྟན། དྲུག་པ་ནི། རྒྱུག་མཆོང་སྤྱོད་པ་སོགས་རྐང་པ་གཅིག་གིས་བསྟན། གཉིས་པ་ནི། མི་ཕོད་ཐོག་ཏུ་སོགས་་རྐང་གཅིག་གིས་བསྟན། གསུམ་པ་ལ་བཞི་སྟེ། ཚེ་འདིར་ཆོས་ཟད་གདོད་མའི་ས་ལ་ཕྱིན་པར་སྨོན་པ། དེ་ལྟར་སྦྱངས་བརྩོན་གྱིས་སྟོབས་སུ་མ་གྱུར་ན་འཆི་སྲིད་ཆོས་སྐུའི་འོད་གསལ་ཟིན་པར་སྨོན་པ་དང༌། མཁའ་སྤྱོད་ཞིང་ཁམས་བསྒྲོད་པར་སྨོན་པ། ཟུང་འཇུག་རྡོ་རྗེ་འཆང་དབང་མངོན་དུ་གྱུར་པར་སྨོན་པའོ། །དང་པོ་ནི། ཆོས་ཅན་འཁྲུལ་པའི་སོགས་་ཀ་གཅིག་གིས་བསྟན། གཉིས་པ་ནི། གལ་ཏེ་སྦྱངས་གོམས་སོགས་རྐང་གཅིག་གིས་བསྟན། གསུམ་པ་ནི། རང་སྣང་དཔའ་བོ་སོགས་་རྐང་གཅིག་གིས་བསྟན། བཞི་པ་ནི། སྣང་ཆ་མ་འགགས་སོགས་རྐང་གཅིག་གིས་བསྟན། རྩ་བའི་གསུམ་པ་མཇུག་གི་དོན་ནི། ཞེས་པའང་ནས་སིདྡྷི་རསྟུ་ཞེས་པའི་བར་གྱིས་བསྟན་ཏོ། ཞེས་པའང་རྡོ་རྗེའི་སྤུན་དམ་པ་རིགས་བཟང་རྡོ་རྗེའི་ངོར་བྱ་བྲལ་བ་སངས་རྒྱས་རྡོ་རྗེས་ཆེད་དུ་དཔྱད་པ་དགེའོ། །མངྒལཾ།། །།

གཅོད་ཀྱི་བྲོ་ར་ཕུར་ཁྱེར་གྱི་འཆམས་ཡིག་བཞུགས། གཉན་དམིགས་སུ་སླེབས་ཚེ་ཁུར་ཕོག་ཏེ། གཡང་གཞི་བསྐོར་བ་༣་བརྡབ་༣་ཀྱིས་ས་ལ་བོར་བ་རུ་ཏྲ་གན་རྐྱལ་དུ་གནས་པའི་སྟེང་དུ་རང་ཉིད་ཁྲོས་མའི་ང་རྒྱལ་གྱིས། ཕཊ་ཕཊ་ཕཊ༔ ཌུ་འུར་རྐང་༣ སྐབས་གོམ་ཆུང་འགྲོས་ཀྱིས་ ཕཊ༔ བརྗོད་པ་དང་བཅད། གཡས་བསྐུམ་གཡོན་བརྐྱང་བའི་གར་སྟབས་ཀྱིས། ཁྱབ་བདག་རྡོ་རྗེ་སོགས་ནས་བྲོ་ཡིས་བཅོམ༴ བར་དང༌། ཌཱ་འུར་༼རྐང་པ་འགྲོས་ཆུང་ཚུལ་བཅས། མཆན།༽ རྐང་༣ ཕཊ༔ བརྗོད་པ་དང་རྐང་གཡོན་བཀྱག་ལ། རྩ་གསུམ་ཀུན་འདུས༴ སོགས་ལ་ཌཱ་དྲིལ་པད་སྐོར་ཚུལ་དུ་ཌཱ་འཕན་གྲུ་མོ་གཡོན་སྟེང་ནས་དྲངས། བླ་མ་དང་༴ ཞེས་རྐང་པ་མདུན་ངོས་སུ་བཞག དབུས་ཕྱོགས་སངས་རྒྱས་ལ་ཌ་ཕྱིར་འཁྲོལ་དང༌། རྐང་གཡས་བཏེགས་པ་གཡས་སུ་དལ་གྱིས་བསྐོར་ཏེ། བྲོ་ལ་བྱོན༔ ཞེས་ལྷོ་ཕྱོགས་སུ་བཞག ཆོས་དབྱིངས་ཡེ་ཤེས༴ སོགས་ལ་རྐང་གཡོན་བཏེགས་པ་གཡས་སུ་དལ་གྱིས་བསྐོར་ཏེ། གཏི་མུག་ལྷ་འདྲེ་མགོ་ལབརྗོད་པ་དང༌། ཤར་ཕྱོགས་སུ་བཞག ཌཱ་ནང་་་ཆེམས་་་ གཡོན། ཕྱིར་་་སེ་་་གཡས། ནང་་་ཆེམས་་་གཡོན། འདི་ལ་རྐང་པ་གཡས་གཡོན་རང་རང་གི་ཕྱོགས་སུ་བགྲད་སྟབས་བྱེད་པ་ཡིན་ནོ། དེ་ནས་ཤར་ལྷོ་མཚམས་སུ་རྐང་གཡས་དོར་ལ། ཧཱུཾ་་་ཌཱ་ཕྱིར་རྒྱག་་་ཧཱུཾ༔ ལྷོ་ནུབ་ཏུ་དེ་བཞིན་རྐང་གཡོན་དོར་ལ། ཧ་་་ནང་རྒྱག་་་ཧ༔ ཞེས། ནུབ་བྱང་དུ་རྐང་གཡས་དོར་ལ། ཧེ་་་ཕྱིར་རྒྱག་་་ཧེ༔ཞེས། བྱང་ཤར་དུ་རྐང་གཡོན་དོར་ལ། འདི་ལ་རྐང་པ་གཡས་གཡོན་རང་རང་གི་ཕྱི་ངོས་ཕྱོགས་སུ་བགྲད་སྟབས་བྱེད་པ་ཡིན་ནོ། ཧོ་་་ནང་རྒྱག་་་ཧོ༔ རྐང་གཡོན་ཤར་གྱི་བྲོ་རར་ཕཊ༔ ཕྱིར་བཅད། ཅེས་མཆོང་པ་ནས་ཕྱོགསགཞན་རྣམས་ཀྱང་དེའི་འགྲོས་མཐར་བྱང་ནས་དབུས་སུ་མཆོང་ལ། ཆོས་སྐུ་དབྱིངས་ཀྱི་སོགས་ལ། གར་སྟབས་གོང་ལྟར་བྱ། ཀློང་དུ་བཤིག༔ ཕཊ་ཕཊ་ཕཊཿ༔ ནས་ཌཱ་འུར་བཞག་ཐབས་བྱ། དེ་ནས་ཅོག་བུ་བཀྲམ་ཞིང་གཡས་གདབ་རྡོ་དང༌། གཡོན་ཕུར་པ་བཟུང་སྟེ། ཤེལ་གིང་དཀར་མོ་སོགས་ཕུར་གདབ་བྱའོ། །ཞེས་པའང་བརྒྱུད་པའི་ཕྱག་བཞེས་ལྟར་བཛྲ་བུདྷས་བྲིས་པ་དགེའོ། །དགེ་ལེགས་འཕེལ་བར་གྱུར་ཅིག མངྒལཾ། དགེའོ། །བཀྲ་ཤིས་ཤོག། །།


༄༅། །ཌཱ་རུ་ཌཱ་བཅད་ནི། བཀྲོལ་བཞིན་བཅད་པ་དེ་ག་རང༌། ཉིས་བཅད་ནི། བཀྲོལ་བཞིན་བཅད་པའི་རང་ཐོག་ལྷག་པ། བཞག་ཐབས་ནི། བདུན་སྟེང་༣བསྣན་པ། བཀྲ་ཤིས་འུར་༣་ནས་བཞག རྐང་གླིང་གསུམ་འབུད་ལ། ཧང་ ཧང་ ཧང་ སྤྱན་འདྲེན་བཞི་འབུད། ཛ་ ཧཱུྃ་ བཾ་ ཧོ་ འགུགས་པར་ ཧང་ ཧང་ ཧང་ མཆོད་པའི་མཐར། ཧང་ རིང་ཙམ་གཅིག་བཅས་སོ།། །།་་་་༼རི་མོ་ཡོད༽