གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་འགྲེལ་བཤད་མདོར་བསྡུས་ལས་ཉོན་ནད་ཀྱི་དུཿཁ་སེལ་བའི་བདུད་རྩི་སྨན་གཅིག་མ།

From Dudjom Wiki
TNR-SUNGBUM-02-AH-007
Wylie title gu ru'i tshig bdun gsol 'debs kyi 'grel bshad mdor bsdus las nyon nad kyi duHkha sel ba'i bdud rtsi sman gcig ma
Location phrin las nor bu'i gsung 'bum
Volume 2, Text 7, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Gu ru'i tshig bdun gsol 'debs kyi 'grel bshad mdor bsdus las nyon nad kyi duHkha sel ba'i bdud rtsi sman gcig ma. In Phrin las nor bu'i gsung 'bum, Vol. 2.
Side notes  
More details More details
Genre

[edit]
༄༅། །གུ་རུའི་ཚིག་བདུན་གསོལ་འདེབས་ཀྱི་འགྲེལ་བཤད་མདོར་བསྡུས་ལས་ཉོན་ནད་ཀྱི་དུཿཁ་སེལ་བའི་བདུད་རྩི་སྨན་གཅིག་མ་བཞུགས། །

༄༅། །ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་སྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔

༄༅། །གཞན་གྱིས་དྲི་བ་དང་དྲིས་ལན་སྔོན་འགྲོའི་གཏམ་གྱི་ཁོངས་སུ་མདོར་བསྡུས་སུ་བསྒྲིལ་བ་ལ། བོད་གྲངས་ ༡ སྣང་བ་དང་སྣང་ཡུལ་མཐུན་སྣང་དུ་གྲུབ་པ་དང་མ་གྲུབ་ པའི་གནས་སྐབས་ལ་བརྟེན་ནས་རྟག་ཆད་ཀྱི་གྲུབ་མཐའ་མི་འདྲ་བའི་འདོད་ཚུལ་ཟུར་ཙམ་བརྗོད་པ། ༡༠ དངོས་མེད་སེམས་ཀྱི་གནས་ལུགས་དངོས་པོ་རྫས་ཀྱི་འཕྲུལ་ཆ་ལ་བརྟེན་ནས་རྟོགས་པར་འདོད་པ་ བྱེ་མའི་མཁར་རྫོང་གི་བརྩིག་པ་ལ་ནམ་ཡང་ཡིད་རྟོན་མི་རུང་བའི་རྒྱུ་མཚན་དང་། རྟེན་གསུམ་གནས་རི་སྒྲུབ་ཕུག་རྣམས་ལ་ཡིད་ཆེས་ངེས་པར་བྱ་དགོས་པ་ཟུར་ཙམ་བརྗོད་པ། ༡༦ བོད་དུ་ཕེབས་པའི་ པདྨ་སམྦྷ་ཝ་དང་། པདྨ་འབྱུང་གནས་ལ་བཟང་ངན་བྱེ་བྲག་འབྱེད་པའི་དབྱེན་གཏམ་བསྒྲགས་པ་ལ་དོགས་སེལ་ཚིག་འགའ་བརྗོད་པ། ༢ ན༣ གཏེར་སྟོན་དགེ་སློང་ཡིན་པ་འཇའ་ཚོན་སྙིང་པོ་ཙམ་མོ་ཞེས་ བརྗོད་པ་ལུང་རིགས་གཉིས་ཀ་དང་འགལ་བའི་ཚུལ་ཟུར་ཙམ་བརྗོད་པ། ༢༣ ན༣ ན༣ ནང་པ་སངས་རྒྱས་པའི་གྲུབ་མཐའི་བཞེད་ཚུལ་མི་འདྲ་བ་ཅུང་ཟད་རེ་བརྗོད་པ། ༢༧ ཐེག་པ་ཐུན་མོང་དང་ཐུན་མིན་གྱི་

སྐྱབས་ཡུལ་དཀོན་མཆོག་གསུམ་ངོས་འཛིན་སྟངས་མི་འདྲ་བ་ཟུར་ཙམ་རེ་བརྗོད་པ། ༢༦ན༡་ཐེག་དམན་ནས་ཐེག་ཆེན་ཁས་མི་ལེན་པའི་ཚུལ་དང་དེ་དག་ལ་ཐེག་པ་ཆེན་པོ་ནས་འགལ་བ་སྤོང་བའི་ལན་ལྡོན་པ་ཟུར་ཙམ་བརྗོད་པ། ཐེག་པ་ཆེ་ཆུང་གི་བཞེད་ཚུལ་མི་འདྲ་བའི་དོན་མདོར་བསྡུས། ༣༨ན༦་བཅོམ་ལྡན་འདས་ཀྱི་ངེས་ཚིག །ལྷ་ཞི་དྲག་གི་ལོ་རྒྱུས་བཅས་སྔོན་དུ་གླེང་བའི་གཏམ་མདོར་བསྡུས་སུ་བཀོད་པ་སོང་ནས། ༈ རྩ་བའི་བརྗོད་བྱ་ཚིག་བདུན་གསོལ་འདེབས་ལ། ༤༨ན༡་ཚིག་བདུན་གསོལ་འདེབས་བྱིན་རླབས་ཆེ་བའི་ལོ་རྒྱུས་འབྱུང་ཁུངས། ༦༦་༦་ཚིག་བདུན་གསོལ་འདེབས་ཕྱི་ལྟར་བསྐྱེད་པའི་དག་དྲན། ཚིག་བདུན་གསོལ་འདེབས་ནང་ལྟར་ཉམས་སུ་ལེན་པ་ལ་གཞི་ཡི་སྐབས་སུ་རྣམ་ཤེས་ཚོགས་བདུན། ལམ་གྱི་སྐབས་སུ་བྱང་ཆུབ་ཡན་ལག་བདུན། འབྲས་བུའི་སྐབས་སུ་དོན་དམ་དཀོར་བདུན་ཇི་ལྟར་རྫོགས་པ། དབང་བཞི་ལེན་པ་དང་འབྲེལ་བའི་བསྡུ་རིམ། རིག་ངོ་སྐྱོང་བ། དྲན་སྣང་ཡེ་ཤེས་སུ་ལ་བཟླ་བ། དགེ་བ་བསྔོ་བ་བཅས་ཀྱིས་གྲུབ་བོ།། །།

དེ་ཡང་ཀུན་རྟོག་སེམས་ཀྱི་བཟོ་བོས་བདག་གཞན་འཁོར་འདས་ཀྱི་སྣང་བའི་བཀོད་པ་ཇི་ལྟར་བཟོས་པ་ལ་ཚད་བཟུང་དུ་མེད་ཀྱང་འོལ་སྤྱི་ཙམ་དུ་སྨྲོས་ན། ཆོས་སམ་སྣང་བ་གང་ཞིག་ལ་ཡིད་ཆེས་མཁན་སེམས་ཡིན་པ་སྨྲོས་ཅི་དགོས། ཡིད་མི་ཆེས་མཁན་ཡང་སེམས་ཡིན་ཏེ། དཔེར་ན་ང་དེ་ལ་ཡིད་མི་ཆེས་སོ་ཞེས་སྨྲ་བ་ན་ཡིད་མི་ཆེས་མཁན་སེམས་སམ་ཤེས་པ་ཞིག་ཡོད་པར་ཁས་འཆེས་པ་བསྙོན་དུ་མེད་པ་བཞིན་ནོ། །ཡིད་ཆེས་བྱེད་མཁན་ནང་ནའང་འཇིག་རྟེན་གྱི་ལྷ་ལ་ཡིད་ཆེས་བྱེད་མཁན་དང་། ཡེ་ཤེས་ཀྱི་ལྷ་ལ་ཡིད་ཆེས་བྱེད་མཁའ་དང་།

འདྲེ་ལྷ་རུ་འཁྲུལ་ཏེ་ཡིད་ཆེས་བྱས་ཏེ་སྐྱབས་སུ་བསྙེན་པ་དང་། ལྷ་འདྲེ་རུ་འཁྲུལ་ཏེ་སྤངས་པ་ལ་སོགས་སེམས་ཅན་རང་རང་གི་ཚེ་སྔོན་བྱས་བསགས་ལས་སྣང་གི་བཀོད་ཐང་རྣམ་པ་སྣ་ཚོགས་ཡོད་པ། དེའི་ཕྱིར་ན་སྟོན་པ་བདེ་བར་གཤེགས་པས། ཨེ་མ་འཇིག་རྟེན་ལས་ལས་སྐྱེས། །ལས་ཀྱིས་བདེ་དང་སྡུག་བསྔལ་བྱེད། །རྐྱེན་རྣམས་ཚོགས་ན་ལས་འབྱུང་ཞིང་། །ལས་ཀྱིས་བདེ་དང་སྡུགབསྔལ་བྱེད། །ཅེས་གསུངས་པ་ལ་དད་པ་བསྐྱེད་དེ་དགེ་སྡིག་བླང་དོར་བྱ་བ་ལ་ཡིད་ཆེས་དགོས་སོ། །དེས་ན་ཆོས་ཕྱོགས་ཀྱི་ཁ་འཛིན་གྲུབ་མཐའ་ཅི་ཡང་མི་ཤེས་པ་འཇིག་རྟེན་སོ་སོའི་སྐྱེ་བོ་ནས་ཆོས་ཕྱོགས་ཀྱི་ཁ་འཛིན་སྒྲུབ་མཐའ་འཛིན་པའི་རྟོག་གེ་བ་མཁས་པ་རྣམས་ཀྱི་བར་ལྐོག་མིན་དངོས་མཐོང་གི་ཡུལ་མངོན་སུམ་དབང་པོ་དང་དེའི་ཤེས་པའི་ཡུལ་དུ་ཐུན་མོང་དུ་སྣང་བའི་ཆོས་རྣམས་ལ་མངོན་སུམ་ཚད་མ་ཟེར། མངོན་སུམ་ཚད་མས་གཞལ་བར་མ་ནུས་པ་ཆོས་གང་ཞིག་རྟགས་ལ་བརྟེན་ནས་གཞལ་བར་བྱ་དགོས་པ་དཔེར་ན་ཕ་རོལ་ལ་ཡི་རྒྱབ་ན་མེ་ཡོད་པ་མངོན་སུམ་མ་མཐོང་ཡང་བར་སྣང་ལ་དུ་བ་འཕྱུར་བའི་རྟགས་ལ་བརྟེན་ནས་མེ་ཡོད་པར་ཤེས་པ་དང་། ཚོང་དོན་དུ་གཉེར་བའི་དོན་མཐུན་རྣམས་ནས་ཕ་མཐའ་མི་མངོན་

པའི་རྒྱ་མཚོ་ཆེན་པོར་གཟིངས་ལ་ཞུགས་ཏེ་འགྲུལ་པའི་སྐབས་ན་སྐམ་ས་དངོས་སུ་མ་མཐོང་ཡང་ནམ་མཁའ་ལ་ཆུ་སྐྱར་ལྡིང་བ་མཐོང་བའི་ཚེ་ན་གཤེད་ན་སྐམ་ ས་ཞིག་ངེས་པར་ཡོད་པ་ཚོད་དཔོག་ཐུབ་པ་ལྟ་བུ་རྟགས་ལ་བརྟེན་ནས་དོན་གྱི་རྗེས་སུ་བསྙེགས་པ་ལྟ་བུ་ལ་རྗེས་དཔག་ཚད་མ་ཟེར་ཞིང་། རྗེས་དཔག་ཚད་མས་ཀྱང་དཔོག་པར་མ་ནུས་པ་ཤིན་ ཏུ་ལྐོག་ཏུ་གྱུར་པའི་ཆོས་རྣམས་ཐམས་ཅད་མཁྱེན་པའི་བཀའ་ལུང་ཚད་མ་ཁོ་ན་ལ་བརྟེན་ནས་ཤེས་དགོས་སོ། །དེའི་ཕྱིར་དང་པོ་འདི་བརྗོད་པར་བྱ་སྟེ་འགོག་པའི་སྙོམས་འཇུག་དང་། འདུ་ཤེས་མེད་པ། གཉིད་འཐུག ཆང་ངམ་རྫས་སོགས་ཀྱིས་བཟི་བ། །ཆང་ངམ་རྫས་སོགས་ཀྱིས་གཟི་བ། །ཆང་ངམ་རྫས་སོས་ཀྱིས་བཟི་བ། །ཆང་ང་མ་རྫས་སོགས་ཀྱིས་བཟི་བ་། །ཆང་ང་མ་རྫས་སོགས བརྒྱལ་བ་ །བརྒྱལ་བ་ །ལ་སོགས་སེམས་མེད་པའི་གནས་སྐབས་ལྔ་ཙམ་མ་གཏོགས་སེམས་ལ་བདེ་སྡུག་བཟང་ངན་བག་ཆགས་ཀྱི་སྣང་བ་འཆར་དུ་རུང་བའི་ འཆར་སྒོ་མ་འགགས་པ་ཙམ་ལ་སྣང་བ་ཞེས་བྱ། སེམས་མེད་པའི་གནས་སྐབསལྔ་ཡི་དུས་ཡུན་རིང་ཐུང་ནི་སྔོན་མའི་བག་ཆགས་དུས་ཡུན་རིང་ཐུང་ཇི་ཙམ་བཞག་པ་ལ་རག་ལས་ཤིང་།

བསྐལ་པ་སྐད་ཅིག་དང་སྐད་ཅིག་བསྐལ་པའི་སྣང་བའང་སེམས་ཅན་རང་རང་གི་སྣང་བས་འཆར་དུ་རུང་བའང་ཡིན་ལ། དེས་ན་རང་གཞན་བསམ་ཡོད་རྣམས་ནས་ཡུན་ཐུང་ཚེ་འདིའི་མི་ལུས་མི་ལུས་ཙམ་པོ་པའི་སྣང་བ་ཙམ་དུ་གྲོན་དུ་མི་གཏོང་བར་ད་ལྟ་སེམས་ལ་རང་དབང་ཡོད་པའི་སྐབས་སུ་དྲན་པའི་རྟེན་སངས་རྒྱས་དཀོན་མཆོག་སྤྱི་དང་ཁྱད་པར་སངས་རྒྱས་ཐམས་ཅད་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་སྣང་བ་ཆེན་པོའི་སྤྱི་གཟུགས་ཨོ་རྒྱན་གུ་རུ་རིན་པོ་ཆེར་མོས་གུས་བསྐྱེད་པར་བྱས་ན་སེམས་ཅན་རྣམས་ཀྱི་ཁམས་སམ་དབང་པོ་དང་། བག་ལ་ཉལ་དང་སྤྱོད་པ་དང་། སེམས་ཅན་གང་ལ་གཉེན་པོ་གང་གིས་འདུལ་བ་ཉན་ཐོས་རྣམས་བཞིན་འདུན་པ་སྔོན་དུ་བཏང་སྟེ་དགོངས་པར་མཛད་མ་དགོས་པར་ཡེ་ཤེས་ཀྱི་གཟིགས་པ་རྣམ་པར་དག་ཅིང་། ཐུགས་ལ་དྲན་པ་ཉམས་པ་ཟེར་བ་ཡེ་ནས་མི་མངའ་བའི་བདེན་མཐུ་དང་། རང་ཉིད་སངས་རྒྱས་ཀྱི་གོ་འཕང་མངོན་དུ་བྱེད་པ་དེ་སྲིད་དུ་གང་དུ་སྐྱེས་ཀྱང་དྲན་པ་མཆོག་ཏུ་གསལ་ཞིང་། བདེ་སྐྱིད་ཀུན་གྱི་གཞི་རྟེན་དགེ་སྡིག་བླང་དོར་གང་དགོས་སྐབས་ཐོབ་ཚུལ་བཞིན་བྱེད་པ་ལ་ཤིན་ཏུ་མཛངས་ཤིང་། ལྷག་པར་བསྐྱེད་རྫོགས་རྫོགས་ཆེན་ལ་སོགས་གང་ཞིག་ཉམས་སུ་བླངས་

པ་ཡིན་ཀྱང་ཞི་ལྷག་དང་མཉམ་རྗེས་ཀྱི་དབྱེ་བ་སོ་སོར་རྟོག་པའི་ཤེས་རབ་ཀྱིས་འབྱེད་པར་ཤེས་ཏེ་གཉིས་མེད་ཡེ་ཤེས་ཀྱི་སྣང་བའི་དཔལ་ལ་རྟག་ཏུ་སྤྱོད་པར་ཕན་པ་ཆེན་པོ་འབྱུང་བར་གདོན་མི་ཟའོ། །སྣང་ཡུལ་ལམ་གཟུང་ཡུལ་ཞེས་སེམས་གཅིག་དེ་ཉིད་སྔ་ཕྱི་གཉིས་སུ་མཆེད་པའི་སྐབས་ན་སེམས་ཕྱི་མ་གང་ཟག་སྒོས་ཀྱི་སྣང་བ་ལ་ཡིན་རུང་། རེ་ཞིག་ཐུན་མོང་ལ་སྣང་བ་ཡིན་རུང་འདྲ་སྟེ། དཔེར་ན་ཕྱིའི་སྣོད་ས་རྡོ་རི་བྲག་ཁང་ཁྱིམ་དགྲ་གཉེན་བར་མ་ལ་སོགས་ཆགས་སྡང་སྐྱེ་བའི་ཡུལ་ལམ། ཐོས་བསམ་སྒོམ་སྒྲུབ་ལ་སོགས་དམ་པའི་ཆོས་ཀྱི་སྣང་བ་དང་འབྲེལ་བའི་སེམས་ཀྱི་རྣམ་པ་གཟུང་བའི་ཡུལ་སྔོན་དུ་གང་འཆར་བ་དེ་ལ་ཆགས་སྡང་གི་གཞི་བྱེད་པའི་འཛིན་པ་ཞུགས་པ་དེ་ལ་འཛིན་པའི་སེམས་ཞེས་བྱ། གང་ཟག་སྤྱི་སྒོས་ཀྱི་སེམས་ལས་བྱུང་བའི་སྣང་བ་དང་སྣང་ཡུལ་ཇི་ལྟར་ཡིན་རུང་འདྲ་སྟེ། སེམས་ཀྱི་གནས་ལུགས་ངོ་བོ་ཡེ་དག་ནམ་མཁའ་གཡའ་དག་པ་ལྟ་བུའི་ངང་ལ་རྟག་ཏུ་གནས་མ་ཐུབ་པས་སྣང་ཚུལ་དག་དང་མ་དག་སྣ་ཚོགས་འཆར་ཏེ་གང་ཟག་སྒོས་ཀྱི་སྣང་བ་ཐུན་མོང་གི་སྣང་བ་དང་གཟུང་ཡུལ་དུ་གྱུར་ཏེ་ཆོས་དང་འཇིག་རྟེན་གྱི་གྲུབ་མཐའ་སྣ་ཚོགས་བྱུང་བ་ཡིན་ལ། དེ་དག་

འབྱུང་བའི་གཞི་ནི་ཅིར་ཡང་སྣང་དུ་རུང་བའི་གཞི་ཙམ་ཀུན་གཞི་ལས་སྐྱེས་པའི་ཀུན་གཞིའི་རྣམ་ཤེས་ཡོད་པས་ཡིན་ཏེ། ལང་ཀར་གཤེགས་པ་ལས། ལངྐ་ཨ་བ་ཏཱ་ར། ༼ཆ༽ རྣམ་པར་ཤེས་པ་ཡིད་ལས་བྱུང་། །ཡིད་ནི་ཀུན་གཞི་ལས་བྱུང་སྟེ། །ཀུན་གཞི་ལས་ནི་སེམས་ཀུན་ཀྱང་། །དབའ་རླབས་བཞིན་དུ་འབྱུང་བར་འགྱུར། ། ཞེས་གསུངས། ཀུན་གཞི་ནི་ཐམས་ཅད་པའི་རྟེན་རྟོག་མེད་ལུང་མ་བསྟན་ཏེ་དཔེར་ན་གང་དུའང་རྟོག་དཔྱོད་མེད་ཅིང་གསལ་དྭངས་མེད་པའི་ཤེས་པ་རང་སོའི་གནས་སྐབས་ལྟ་བུའོ། ། ཀུན་གཞིའི་རྣམ་ཤེས་ནི་ཤེས་པ་གསལ་དྭངས་ཡུལ་ལ་མ་འཕྲོས་པའི་གནས་སྐབས་སོ། །ཡིད་ཀྱི་རྣམ་ཤེས་ནི་དོན་སྤྱིའི་ཡུལ་དང་རྗེས་ཀྱི་བློས་ཡུལ་ལ་སྤྱོད་པའམ་སོ་སོར་ཤེས་པའི་ཤེས་ པའོ། །སྒོ་ལྔའི་རྣམ་ཤེས་ནི་གཟུགས་མཐོང་བ་ལ་སོགས་པ་རྟོག་མེད་ལྔའོ། །ཉོན་ཡིད་ནི་དགག་སྒྲུབ་ཏུ་སྐྱེས་ཏེ་ཀུན་གཞིའི་སྟེང་དུ་ལས་གསོག་པའོ། །དེའི་ཕྱིར་ན་ཀུན་གཞིའི་རྣམ་ཤེས་དེ་ ལས་སེམས་ཅན་སྤྱི་ཡི་སྣང་བ་སྐབས་རེ་མཐུན་སྣང་དུ་གྲུབ་པར་སྣང་བ་དང་། སྐབས་རེ་མཐུན་སྣང་དུ་མ་གྲུབ་པའི་སྣང་བ་འཆར་ཞིང་། སྐྱེ་གནས་མཐུན་པའང་མཐུན་སྣང་དུ་གྲུབ་པའི་སྣང་

བདུད་འགྲོའི་ཁམས་སུ་གཏོགས་པའི་སེམས་ཅན་ལ་དཔེར་མཚོན་ན་ཚེ་འདིར་ཤ་གཟན་དང་རྩྭ་གཟན་རིགས་ཀྱི་སྡེ་ཚན་སོ་སོར་སྐྱེས་པའི་སྐབས་ན་སྐྱེ་བ་སྔོན་མའི་ བག་ཆགས་ཀྱི་སྣང་བས་རང་གི་རིགས་སུ་གཏོགས་པའི་བཟའ་བཏུང་གང་ཞིག་མཐུན་སྣང་དུ་གྲུབ་པ་དེ་དག་ལ་གྲོས་བསྟུན་གང་ཡང་བྱ་མ་དགོས་པར་ཚམ་ཚོམ་མེད་པར་སྤྱོད་པའོ། ། དཔེ་དེ་བཞིན་དུ་སྐྱེ་གནས་མཚུངས་པ་འགྲོ་བ་མིའི་རིགས་ཀྱི་ཁོངས་སུ་གཏོགས་པ་རྣམས་སུ་ད་རེས་ཀྱི་མི་ཚེ་འདི་ཉིད་ཁོ་ན་ལ་སྣང་བའི་ཚོགས་དྲུག་གི་སྣང་བ་དང་སྣང་ཡུལ་ལ་དངོས་པོ་དང་ རིལ་བུར་འཛིན་པའི་བདེན་ཞེན་སྐྱེས་ཏེ་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ལྷ་དང་དཀོན་མཆོག་ལ་སོགས་པར་ཡིད་མི་ཆེས་ཤིང་། ཚེ་འདི་ཁོ་ནའི་དོན་བསྒྲུབ་པ་ལ་མཐའ་གཅིག་ཏུ་ཡིད་ཆེས་པའི་ རིགས་སུ་སྐྱེས་ཤིང་། དེའི་གྲུབ་མཐའ་འཛིན་པ་ལ་ཆད་ལྟ་བ་ཞེས་ཟེར། རྒྱུ་ཆད་པར་ལྟ་བ་ནི། སྔར་གྱི་སེམས་ད་ལྟའི་འདི་མ་ཡིན་ཏེ། རྒྱུ་འབྱུང་བ་བཞི་ལ་རང་བཞིན་གྱིས་གནས་པའི་ སེམས་ཡོད། དེ་ཉིད་འབྱུང་བ་རང་རང་གི་རྒྱ་ཡིས་འཐིབ་ནས་མི་མངོན་པ་ལ་རྐྱེན་དྲོད་གཤེར་སོགས་དང་འཕྲད་ཚེ་དེ་དག་གི་སེམས་དེ་ལངས་ནས་སེམས་སུ་གྲུབ་པ་ཡིན་ཏེ། རྒྱུ་མཚན་ས་

ལ་རྩི་ཤིང་དང་། ཆུ་ལ་འགྲོ་བ། མེ་ལ་སྒྲ་འབྱིན་པ། རླུང་ལ་གཡོ་བ་སོགས་སེམས་ཡིན་ཅེས་ཟེར་རོ། །འབྲས་བུ་ཆད་པར་ལྟ་བ་ནི། ཚེ་སྔ་མ་མེད་པར་མ་ཟད་འབྱུང་བ་བཞི་པོ་དེ་ལ་རྒྱུ་སྐྱེད་པའི་སེམས་ཡང་མེད་དེ་རང་རང་གི་ངོ་བོས་འབྱུང་བར་འདོད་དེ་དཔེར་ན་ཚེར་མ་རྣོ་བ། ཉི་མ་ཤར་ནས་འབྱུང་བ། ཆུ་བོ་ཐུར་དུ་འབབས་པ། སྲན་མ་ཟླུམ་པ། རྨ་བྱའི་སྒྲོ་མདོངས་ལེགས་པ། རྒྱལ་པོའི་བུ་མོ་ལྟ་ན་སྡུག་པ་རྣམས་སུས་ཀྱང་བྱེད་མཁན་མེད་པར་ངོ་བོ་ཉིད་ཀྱིས་བྱུང་བ་ཡིན་ཅེས་ཟེར་རོ། །དེ་ལ་འགྲོ་བ་རིགས་དྲུག་སེམས་ཅན་སྤྱི་སྒོས་ཀྱི་སྣང་བ་དང་སྣང་ཡུལ་མཐུན་པ་དང་མི་མཐུན་པའི་མཚན་ཉིད་བཀའ་དང་བསྟན་བཅོས་རྣམས་ལས་རྒྱ་ཆེར་གསུངས་པ་ལས་དམྱལ་བ་ཡི་དྭགས་དུད་འགྲོ་སྟེ་ངན་སོང་གསུམ་གྱི་སྣང་བ་ལས་མཐོ་རིས་ལྷ་མི་མངོན་མཐོའི་སྣང་བ་བཟང་བས་དེ་དག་གི་གོ་འཕང་ཐོབ་པའི་ཆེད་དུ་ལས་འབྲས་ལ་ཡིད་ཆེས་ནས་དཀར་པོའི་སྣང་བ་སྡིག་སྤོང་དགེ་སྒྲུབ་ལ་བརྩོན་པ་བསྐྱེད་པ་བཟང་ཞིང་། དེ་དག་ལས་ཀྱང་གཏན་གྱི་བདེ་བ་དམ་པ་བྱང་ཆུབ་ཀྱི་གོ་འཕང་ཐོབ་པའི་བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་བསགས་པའི་ཆེད་དུ་འབད་རྩོལ་བསྐྱེད་པ་མཆོག་ཏུ་བཟང་སྟེ་དེའི་ཕྱིར་སྣང་བ་དང་སྣང་ཡུལ་

ད་ལྟའི་གློ་བུར་གྱི་རྣམ་རྟོག་ཙམ་སྟེ་དོན་ལ་གང་ཡང་གྲུབ་པ་མེད་དོ་སྙམ་དུ་ཆད་པར་ལྟ་བའི་ལྟ་བ་མ་འཛིན་པར་གཉིས་སྣང་རྟེན་ཅིང་འབྲེལ་འབྱུང་གི་སྣང་བ་གཉིས་མེད་སྐྱེ་བ་མེད་པ་སྒྲིབ་བྲལ་ཆོས་སྐུའི་དགོངས་པའི་དབྱིངས་ལ་དག་པའི་བར་དུ་བསོད་ནམས་དང་ཡེ་ཤེས་ཀྱི་ཚོགས་གསོག་པ་ལ་ཡིད་ཆེས་བསྐྱེད་ནས་འབད་རྩོལ་བྱེད་པ་དགའ་སྟེ་དབུ་མ་རིན་ཆེན་ཕྲེང་བ་ལས། ཡོད་པ་པ་ནི་བདེ་འགྲོར་འགྲོ། །མེད་པ་པ་ནི་ངན་འགྲོར་འགྲོ། །ཡང་དག་ཇི་བཞིན་ཡོངས་ཤེས་ཕྱིར། །གཉིས་ལ་མི་བརྟེན་ཐར་པར་འགྱུར། །ཞེས་དང་། ཨོ་རྒྱན་ཆོས་ཀྱི་རྒྱལ་པོས། རྒྱལ་པོ་ཆེན་པོ་ངའི་གསང་སྔགས་འདི་ལྟ་བ་གཙོ་ཆེ། ལྟ་བའི་ཕྱོགས་སུ་སྤྱོད་པ་མ་ཤོར་བར་མཛོད། དེ་ཤོར་ན་དགེ་སྟོང་སྡིག་སྟོང་ནག་པོ་ཁ་འབྱམས་བདུད་ཀྱི་ལྟ་བར་འགྲོ། ཡང་སྤྱོད་པའི་ཕྱོགས་སུ་ལྟ་བ་མ་ཤོར་བར་མཛོད། དེ་ཤེར་ན་དངོས་པོ་དང་མཚན་མས་བཅིངས་ནས་གྲོལ་བའི་དུས་མེད། ཅེས་དང་། གྲུབ་ཆེན་ཏེ་ལོ་པས་ན་རོ་པ་ལ། བུ་སྣང་བ་རྟེན་ཅིང་འབྲེལ་འབྱུང་འདི། །དོན་སྐྱེ་བ་མེད་པར་མ་རྟོགས་བར། །ཚོགས་གཉིས་ཤིང་རྟའི་འཕང་ལོ་དང་། །འབྲལ་བར་མ་བྱེད་ན་རོ་པ། །ཞེས་སོགས་གསུངས་པས་དེའི་ཕྱིར་ན་

དཔལ་མགོན་ཀླུ་སྒྲུབ་ཀྱིས། སྣང་ནས་སྣང་བའི་མཐར་ཐུག་མུན་པ་ནས། །མུན་པའི་མཐར་ཐུག་སྣང་ནས་མུན་མཐར་ཐུག །མུན་ནས་སྣང་བའི་མཐར་ཐུག གང་ཟག་ནི། །བཞི་སྟེ་དེ་དག་རྣམས་ཀྱི་དང་པོ་མཛོད། །ཅེས་མངོན་པར་མཐོ་བ་ལྷ་མིའི་གོ་འཕང་སྣང་བ་དཀར་པོ་ནས་ངེས་ལེགས་གཏན་གྱི་བདེ་བ་དམ་པ་སངས་རྒྱས་ཀྱི་གོ་འཕང་མཆོག་ཏུ་གྱུར་པའི་སྣང་བ་དཀར་པོའི་ས་ལ་འགྲོ་དགོས་པར་གདམས་སོ། །དེས་ན་འདིར་དང་པོ་དགེ་སྡིག་གི་ལས་བསགས་པའི་རྟེན་སེམས་ཀྱི་ལ་ཤན་འབྱེད་པའི་གཏམ་ཅུང་ཟད་ཅིག་སྨོས་ན། ནམ་ལས་འབྲས་དང་ཚེ་སྔ་ཕྱི་དགེ་སྡིག་ལ་སོགས་པར་ཡིད་མི་ཆེས་མཁན་བློ་དེ་གྲུབ་མཐའ་དང་ཆོས་ལུགས་ཀྱིས་བསྒྱུར་ཏེ་ཤེས་བྱའི་ཆོས་ལ་རྟོག་དཔྱོད་ཞུགས་ཤིང་། དེ་ཡང་ཚེ་སྔོན་ཀུན་གཞི་སེམས་ཀྱི་སྟེང་དུ་ཕྱི་ནང་གི་གྲུབ་མཐའ་མི་འདྲ་བ་གང་ལ་བག་ཆགས་གང་ཞིག་བཞག་པ་དེ་ཡི་རིགས་སད་དེ། དེ་ཡི་རྗེས་སུ་སླར་ཡང་རྟོག་དཔྱོད་ཞུགས་ནས་བདེན་འཛིན་གྱི་མཐུ་བརྟས་པ་ལས་སྔར་བརྗོད་པ་བཞིན་གྲུབ་མཐའ་བྱུང་བ་ཡིན་ལ། དེ་ཡང་སྔོན་བྱུང་ལྷ་ཡི་ལོ་རྒྱུས་དང་། དེ་དག་ནས་འཇིག་རྟེན་ཇི་ལྟར་བཀོད་པའི་ཚུལ་ལ་ཡིད་ཆེས་ཤིང་། རང་རང་གི་ཆོས་ལུགས་གྲུབ་མཐའི་གཞུང་སོ་སོ་

ནས་བཤད་པ་བཞིན་དད་པས་ཕྱག་དང་མཆོད་པ་ལ་བརྩོན་ཏེ་འདི་ཕྱིའི་དོན་བསྒྲུབ་པ་ལ་ཡིད་ཆེས་པའི་ལྟ་བ་འཛིན་མཁན་གྱི་རིགས་སུ་སྐྱེས་ཤིང་དེ་དང་དེ་དག་གི་ཆོས་ལུགས་འཛིན་པ་རྣམས་ལ་རྟག་པར་ལྟ་བ་ཞེས་ཟེར། གང་ཟག་འདི་ལྟ་བུའི་རིགས་ལ་ཡིད་ཆེས་བྱེད་མཁན་ཤེས་པ་ཞིག་ཡོད་པས་དེར་བརྟེན་ནམ་ཞིག་ན་དེ་དག་གི་རྒྱུད་ལ་ལྷན་ཅིག་ཡོད་པའི་སངས་རྒྱས་ཀྱི་རིགས་སད་པའི་རེ་བ་ཡོད་པ་ཡིན་ནོ། །འདུས་བྱས་བློ་ཡིས་གནས་སྐབས་ཡུད་ཙམ་པའི་སྣང་བ་གང་ཞིག་འཆར་བ་ལ་རྟག་པ་མཐར་འཛིན་གྱིས་ཡུན་རིང་དུ་འཛིན་པ་རྒྱུ་འདུས་བྱས་ཀྱི་བློ་དང་། རྐྱེན་དངོས་པོའི་རྫས་གཉིས་འཛོམ་པ་ལ་བརྟེན་ནས་བྱུང་བའི་སྣང་བ་འགྱུར་བའི་ཆོས་ཅན་འབའ་ཞིག་ལས་མི་འདའ་བས་ཆོས་ལུགས་གྲུབ་མཐའི་གྲངས་ཀྱི་ངེས་པ་མཐའ་གཅིག་ཏུ་བཟུང་དུ་རུང་བ་གཏན་ནས་མེད་ཀྱང་། རེ་ཞིག་ཛམ་གླིང་འདི་ན་སྐྱེ་བོ་རྣམས་ཀྱིས་ཡིད་ཆེས་བྱེད་པའི་གྲུབ་མཐའ་དཔེ་མཚོན་ཙམ་དུ་བཀོད་ན། རྟག་པར་ལྟ་བ་ཐམས་ཅད་ཀྱི་ཕྱི་མོ་གྲངས་ཅན་པ་ནི། སྔོན་ཚེ་ལོ་དཔག་མེད་ཀྱི་དུས་སུ་དྲང་སྲོང་སེར་སྐྱ་ཞེས་བྱ་བས་རང་གི་བསྟི་གནས་སུ་ཡུན་རིང་བསྒོམས་པས་ཐར་པ་ཐོབ་པར་རློམས་ནས། རང་གིས་བདེན་པ་གང་

མཐོང་བ་དེ་ཉིད་གཞན་ལ་བསྟན་ཕྱིར། གྲངས་ཅན་གྱི་བསྟན་བཅོས་བྱས་ཤིང་། དེས་ནི་རྡུལ་མུན་སྙིང་སྟོབས་གསུམ་ལམ་དུ་བྱེད་ཅིང་དེ་དག་ཆ་མཉམ་པའི་ངོ་བོ་བདག་ཅེས་བྱ་བ། དཀར་བ། སྣུམ་པ། འདྲིལ་བ། ཆེ་བ་མཐེ་བོང་ཆུང་བ་ཡུངས་འབྲུ་ཙམ་སེམས་ཅན་ཐམས་ཅད་ཀྱི་སྙིང་ནང་དུ་གཞིག་ཅིང་གཞོམ་དུ་མེད་པར་གནས་པར་འདོད་དོ། །ཕྱིས་གྲོལ་བའི་ ཚེའང་དེ་མཐོ་རིས་ཀྱི་སྟེང་ན་གདུགས་དཀར་པོ་ཀུན་ནས་བསྐོར་བ་ཐར་པ་མདོག་དབྱིབས་ཅན་དུ་འདུག་པའོ། །དབང་ཕྱུག་ལྷར་འཛིན་པའི་དྲང་སྲོང་ཆུ་ཀླུང་བྱ་བས་དབང་ཕྱུག་ནག་པོའི་རྒྱུད་ སུམ་ཅུ་པ་དང་དྲུག་པ་སོགས་བྱས་པ་ལ་བརྟེན་ནས་དབང་ཕྱུག་པའི་གྲུབ་མཐའ་འཛིན་པ་བྱུང་སྟེ། འདི་རྣམས་ཀྱིས་ལྷ་དབང་ཕྱུག་འཇིག་རྟེན་འདིའི་བྱེད་པ་པོར་འདོད་དེ་ཇི་སྐད་དུ། མུན་པ་ སེལ་ཕྱིར་ཉི་ཟླ་གཉིས། །བརྟན་གཡོ་སྐྱེད་ཕྱིར་འབྱུང་བ་ལྔ། །སྨིན་པར་བྱེད་ཕྱིར་མཆོད་སྦྱིན་ཏེ། །ཞེས་གསལ་བའི་གཟུགས་བརྒྱད་སྤྲུལ་པ་དང་། ཕྲ་བ་ཡང་བ་མཆོད་པར་འོས། ། བདག་པོར་གྱུར་དང་དབང་དུ་གྱུར། །གང་ཡང་བྱིན་པ་འདོད་རྒུར་སྒྱུར། །དགའ་མགུར་གནས་ཏེ་ཡོན་ཏན་བརྒྱད། །ཅེས་ཡོན་ཏན་བརྒྱད་དང་ལྡན་པར་འདོད་ཅིང་། འཁྲིག་པའི་བདེ་བ་ལ་

བརྟེན་ནས་མཚོན་བྱ་ལས་འདས་པའི་ཆོས་སྐྱེ་ནས་གྲོལ་བར་འདོད་པ་དང་། ཁྱབ་འཇུག་པ་ནི། ང་ནི་མེ་ཆུ་རླུང་ཡང་ཡིན། །བཟའ་བཏུང་སྐྱེ་རྒུའི་བདག་པོའང་ ང་། །ང་ནི་བྲམ་ཟེའི་ལུས་སུ་གནས། །སྤྱོད་པ་པོ་ཡིན་སྦྱིན་པོའང་ཡིན། །ཅེས་བཤད་པ་ལྟར་ཆེ་བའི་ང་རྒྱལ་ཆེན་པོ་དང་ལྡན་པའི་གྲུབ་མཐའ་སྟེ། དེས་འཇུག་པ་བཅུ་བརྩམས་པར་ཡང་ འདོད་དེ། དུས་སྔ་ཆེས་པའི་དབང་གིས་རིག་བྱེད་བཞི་རྒྱ་མཚོར་ནུབ་པ་ཉ་བོ་ཆེར་སྤྲུལ་ནས་བཏོན་པ་དང་། རུས་སྦལ་དུ་སྤྲུལ་ཏེ་འཇིག་རྟེན་བཏེགས་ནས་གནས་པ་དང་། ཕག་རྒོད་ཀྱི་ གཟུགས་སུ་སྤྲུལ་ནས་ཚངས་པའི་འཇིག་རྟེན་མནན་པ་དང་། མི་སེང་གེའི་སྟོད་ཅན་དུ་སྤྲུལ་ནས་ལྷ་མ་ཡིན་གྱི་དབང་པོ་འགྲོ་བ་སྐྱོབ་སྡེར་མོས་བསད་པ་དང་། ལྷ་མིན་སྟོབས་ལྡན་མཆོད་ སྦྱིན་བྱེད་པ་ལ་མིའུ་ཐུང་དུ་སྤྲུལ་ནས་གོམ་པ་གསུམ་གྱི་ས་བསླངས་པས་བསླུས་ཏེ་ས་འོག་ཏུ་བཅུག་པ་དང་། དྲང་སྲོང་ཛཱ་མ་ཨགྣའི་བུ་རྭག་མར་སྤྲུལ་ཏེ་རྒྱལ་བུ་སྲིད་སྒྲུབ་སོགས་བསད་དེ་ རྒྱལ་རིགས་མེད་པར་བྱས་པ་དང་། རྒྱལ་པོ་ཤིང་རྟ་བཅུ་པའི་བུ་རཱ་མ་ཎར་སྤྲུལ་ཏེ་རང་གི་ཆུང་མ་སྲིན་པོ་ལངྐ་མགྲིན་བཅུས་འཕྲོག་པ་སྤྲེའུ་ཧ་ནུ་མནྠ་ལ་གྲོགས་བཅོལ་ཏེ་སྲིན་པོའི་མགྲིན་པ་

བཅད་པ་དང་། ནག་པོར་སྤྲུལ་ཏེ་རྩོད་དུས་སུ་སེམས་ཅན་གྱི་དོན་བྱས་པ་དང་། སངས་རྒྱས་ཤཱཀྱ་ཐུབ་པར་སྤྲུལ་ཏེ་སྔོན་རྒྱལ་རིགས་བསད་པའི་སྡིག་པ་སྦྱོང་བའི་ཕྱིར་སེམས་ཅན་བསྐྱབ་པ་དང་། འདི་སྐོར་བོད་ཀྱི་མཁས་མཆོག་འགའ་ནས་སངས་རྒྱས་ལ་བསྟོད་པའི་ཁུལ་གྱིས་སྨད་པ་ཡིན་ཅེས་ཀྱང་གསུང་སྣང་ངོ་། །མཆན། རིགས་ལྡན་བྲམ་ཟེའི་བུ་ཀརྐེ་ཙེ་ཞེས་པས་མ་འོངས་པ་ན་སེམས་ཅན་མང་པོ་བཏུལ་བའི་མཐར་དུས་འཁྲུག་བཟློག་པར་འགྱུར་བ་དང་། བསྐལ་པ་འཇིག་པའི་ཚེ་དྲང་སྲོང་རྣམས་འདི་ཡི་ལྟོ་བར་གནས་པར་འདོད་དོ། །གཞན་ཡང་སེམས་ཉིད་རྟག་པ་སྐྱེ་འཇིག་དང་བྲལ་བ་དངོས་དང་དངོས་མེད་གཉིས་ཀ་མ་ཡིན་པའི་བདག་དམ་པ་ནོར་ལྷའི་བུ་ཞེས་བྱ་བར་འདོད་པས་རྟག་པར་སྨྲ་བ་དང་། ཡང་འཐབ་དཀའ་བརླག་པར་བྱེད་པའི་ཚེ་མེད་པར་ལྟ་བའི་ཚིགས་བཅད་མང་དུ་སྨྲས་པ་ལས་བྱུང་བའི་ཆད་པར་སྨྲ་བའང་ཡོད་དོ། །གཅེར་བུ་པ་ནི་དྲང་སྲོང་རྒྱལ་བ་ལྷར་འཛིན་ཅིང་ལུས་དཀའ་ཐུབ་ཀྱིས་གདུངས་པས་སེམས་ཀྱི་མདུད་པ་འཇིག་པར་འདོད་པས་གོས་མེད་གཅེར་བུར་སྡོད་པས་གཅེར་བུ་པ་ཞེས་གྲགས་ལ། དེ་རྣམས་ཀྱིས་ནི་དགེ་སྡིག་གང་ལའང་བསླུ་མེད་ཀྱི་འབྲས་བུ་ཡོད་པར་འདོད་ཅིང་། གང་བསགས་པའི་ལས་རྣམས་

མ་ཟད་བར་དུ་ནམ་ཡང་ཐར་པ་མིན་པས། ལས་དེའི་འབྲས་བུ་ཟད་པའི་ཕྱིར་དུ་རང་ལུགས་ཀྱི་སྡོམ་པ་དང་། བརྟུལ་ཞུགས་ཀྱི་སྤྱོད་པ་རྣམས་ལ་ཤིན་ཏུ་བརྩོན་ ཅིང་། དེ་ཡང་སྔར་བྱས་ཀྱི་ལས་ནི་ད་ལྟའི་དཀའ་ཐུབ་ཀྱི་མཐུ་ཡིས་ཟད་དེ། ཕྱིན་ཆད་མི་བྱ་བའི་དམ་བཅའ་དང་ལྡན་ན། འཇིག་རྟེན་འདི་ཡི་སྟེང་དུ་གནས་པའི་འཇིག་རྟེན་འདུས་པ་ཞེས་བྱ་ བའི་སྲོག་ཡོད་པས་དངོས་པོ་དང་། འཁོར་བ་ལས་ཐར་བས་དངོས་མེད་ཀྱང་ཡིན་པའི་ཐར་པའི་ཞིང་གདུགས་བཀན་པ་ལྟ་བུ་དཀར་ཞིང་དྲི་ཞིམ་ལ་ཡིད་དུ་འོང་བ་དཔག་ཚད་འབུམ་ཕྲག་ཞེ་ ལྔའི་ཚད་ཅན་དེ་ཡི་གནས་སུ་ཐར་པར་འདོད་པའོ། །ཚངས་པ་ལྷར་འཛིན་པ་རྣམས་ནས་ཚངས་པས་སྣོད་བཅུད་ཐམས་ཅད་ཇི་ལྟར་སྤྲུལ་པ་དྲན་ཅིང་བྱས་པ་ཡིན་གྱིས། གཞན་སུ་ཞིག་གིས་ ཀྱང་བྱས་པ་མིན་པས་ཚངས་པ་ཁོ་ན་རྟག་པ་དང་ཚད་མར་གྲུབ་པ་ཁས་ལེན་ཅིང་། སྐྱེ་བོ་གང་དག་ཚངས་པ་ལ་དད་ཅིང་དེའི་གྲུབ་མཐའ་ལ་ཞུགས་པ་རྣམས་དྲང་སྲོང་དང་བྲམ་ཟེའི་རིགས་སུ་ གཏོགས་པ་ཚངས་པའི་བུ་ཡིན་པས་རིགས་གཞན་ལས་མཐོ་བར་འདོད་པ་དང་། བསྲེག་བླུག་གཙོ་བོར་བྱེད་ཅིང་། སེམས་ཅན་ལ་འཚེ་བ་ཤས་ཆེ་བའི་མཆོད་སྦྱིན་བྱེད་པ། ཚངས་པ་དང་

དབང་ཕྱུག་ལ་བསྟོད་པའི་ཚིག་སྙན་པར་སྒྲོག་པའི་སྙན་ཚིག ཚངས་པ་དང་དབང་ཕྱུག་ལུགས་ཀྱི་ངེས་པའི་དེ་ཁོ་ན་ཉིད་སྟོན་པ་ངེས་བརྗོད་དང་། སྲིའུ་གསོ་བའི་ཐབས་གཞུང་ཡན་ལག་དང་ བཅས་པ་སྟེ་རིག་བྱེད་བཞི་ལ་གཙིགས་སུ་བྱེད་པ། གཡུལ་ངོར་ཤི་བ་མཐོ་རིས་སུ་སྐྱེ་བར་འདོད་པ་དང་། ཆུ་བོ་གངྒ་ལ་ཁྲུས་བྱས་པས་སྡིག་པ་དག་པར་འདོད་པའོ། །མདོར་ན་སྔོན་རྒྱ་ གར་ལ་སོགས་སུ་བྱུང་བའི་རྟག་པར་ལྟ་བའི་གྲུབ་མཐའ་འཛིན་པ་ཕལ་ཆེ་བ་ནས་ཚངས་པ་དང་དབང་ཕྱུག་དང་། ཁྱབ་འཇུག་རྣམས་ཀྱིས་འཇིག་རྟེན་འདི་དག་བྱས་པར་འདོད་ལ། སྲོག་ གཅོད་དང་འབྲེལ་བའི་མཆོད་སྦྱིན་རིགས་རྒྱ་ཆེར་བྱེད་པ། འདི་དག་གི་ལུགས་ལ་འབྲས་བུ་བསམ་གཏན་བཞིས་བསྡུས་པའི་གཟུགས་ཁམས་ཀྱི་ལྷ་ཡི་བདེ་བ་ཙམ་ཐོབ་ཀྱང་། ནང་བདག་ མེད་གནས་ལུགས་སྟོང་པ་ཉིད་ཀྱི་དོན་རྟོགས་པའི་སྐབས་ཆེས་དཀོན་པས་ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཡང་དག་ཐོབ་པར་མི་འགྱུར་བས་དེའི་ཕྱིར་རེ་ཞིག་ཕྱི་རོལ་པའི་ཆོས་ཀྱི་ གྲུབ་མཐའ་འཛིན་པའི་ཁོངས་སུ་གཏོགས་པར་གསུངས་སོ། །མདོར་ན་རྟག་པར་ལྟ་བ་ཐམས་ཅད་ནས་ཚངས་པ་དང་དབང་ལ་ཕྱུག་དང་ཁྱབ་འཇུག་རྣམས་ལྷར་འཛིན་པ་དང་། རིག་བྱེད་བཞི་

ཆོས་སུ་འཛིན་པ་དང་། བདག་དང་རྟག་དངོས་སྨྲ་བ་དང་། འཚེ་བ་ཆོས་སུ་སྨྲ་བ་དང་། ནང་པ་སངས་རྒྱས་པ་ལ་སྡང་སྨྲས་བྱེད་པ་ལ་སོགས་ཕལ་ཆེར་མཐུན་ལ། རྟག་པར་ལྟ་བ་ཕལ་ཆེ་བ་ནས་སངས་རྒྱས་དང་། བདག་ཏུ་ལྟ་བ་སྤངས་པ་ལ་འཇིགས་པས་ནང་པ་སངས་རྒྱས་པ་ལ་ལྡང་བའོ། །ཆད་ལྟ་བ་ཕལ་ཆེ་བ་ནས་མངོན་སུམ་ཚད་མ་ལ་ལོག་པར་རྟོག་པ་ལ་སོགས་པའི་ཕྱི་ནང་གི་ཆོས་ལུགས་གྲུབ་མཐའ་མི་འདྲ་བ་གང་ཞིག་འཛིན་པ་ཡིན་རུང་ཁོང་ཚོའི་ལྟ་བ་དང་མི་མཐུན་པའི་ལོག་རྟོག་ཐམས་ཅད་སྒྲོ་བརྟགས་འབའ་ཞིག་གོ་སྙམ་སྟེ་སྡང་བར་བྱེད་པའོ། །རྗེ་ཝེ་ཤིའི་ཆོས་ལུགས་གྲུབ་མཐའ་འཛིན་པ་རྣམས་ནས་སྟོན་པ་ཡེ་ཤུ་ནི་གང་ཟག་ཕལ་པ་ཞིག་ལས་འཇིག་རྟེན་བྱེད་པ་པོའི་སྲས་སམ་སྤྲུལ་པ་ཡིན་པར་མི་འདོད། ཞེས་པའམ་ལྷ་ཡིས་བྱིན་གྱིས་བརླབས་པའི་དངོས་པོའི་རྫས་ལ་བརྟེན་ནས་མངའ་གསོལ་ཞིང་། ཏེ་དམ་པའི་གསུང་རབ་ལས། ལུང་བསྟན་པའི་སྐྱེས་བུ་ཟེར་བ་བྱོན་པར་འགྱུར་ཞིང་། ནམ་ཁོང་བྱོན་པ་དང་རྗེ་ཝེ་ཤི་མི་རིགས་སྡེ་ཚན་བཅུ་གཉིས་ཀྱི་མངའ་བདག་ཏུ་གྱུར། ཁོང་ཚོའི་གསུང་རབ་ནས་རྫུ་ཝེ་མི་རིགས་རྣམས་མི་རིགས་གཞན་དང་མི་

འདྲ་བ་འཇིག་རྟེན་བྱེད་པ་པོ་ནས་བདམས་པའི་མི་རིགས་གཞན་ལས་ཁྱད་པར་དུ་འཕགས་པར་འདོད་པ་རྒྱ་གར་བའི་གཏམ་རྒྱུས་ལ་འཇིག་རྟེན་བྱེད་པ་པོ་ཚངས་པའི་རྗེས་འཇུག་རྣམས་ནས་ཁོང་ ཅག་མི་རིགས་གཞན་ལས་ཁྱད་བར་དུ་འཕགས་པར་འདོད་ད་དང་འདྲའོ། །ཁ་ཆེའི་གྲུབ་མཐའ་འཛིན་པ་རྣམས་ནས་སྟོན་པ་ཡེ་ཤུ་ནི་འཇིག་རྟེན་བྱེད་པ་པོའི་ཕོ་ཉར་འདོད་ཅིང་། འཇིག་རྟེན་ བྱེད་པོ་དེའི་ཞིང་ཁམས་སུ་བསྐྱེད་བསྲིངས་པར་གྲགས་པ་ལས་ཁྲམ་ཤིང་སྟེང་དུ་བཀྲོངས་པ་ནི་ཡོངས་གྲགས་སུ་མི་འདོད། མ་འོངས་པར་ཁོང་ཚོའི་སྐྱོབས་པ་མཱ་ཌྷི་ཞེས་པས་སྐྱབས་གནས་ ལོག་པར་གྲགས་པ་དང་རྫལ་ཞེས་པ་དེ་རྩད་ནས་གཅོད་པའི་ཆེད་སྟོན་པ་ཡེ་ཤུ་དེའི་སྡོང་གྲོགས་སུ་སླར་ཡང་བྱོན་ནས། སྐབས་དེར་ཁྲམ་ཤིང་ལ་གཙིགས་སུ་འཛིན་ཅིང་མཆོད་པའི་སྲོལ་ མཐའ་དག་སྣུབ་པར་འགྱུར་ཞེས་གྲགས། ཁ་ཆེའི་སྐྱབས་གནས་ལ་ཨ་ལ་ཞེས་སུ་འབོད། ཡེ་ཤུའི་ཆོས་ལུགས་གྲུབ་མཐའ་འཛིན་པ་རྣམ་ནས་སྟོན་པ་ཡེ་ཤུ་ནི་འཛིག་རྟེན་བྱེད་པ་པོའི་སྲས་ སམ་སྤྲུལ་པར་འདོད་པ་དང་། ཁོང་ནི་ཁྲམ་ཤིང་གི་སྟེང་དུ་སྐུ་ལུས་བརྒྱངས་ཏེ་བཀྲོངས་པར་གྲགས། མ་འོངས་པ་ནའང་སྟོན་པ་ཡེ་ཤུ་གཉིས་པ་ཞིག་འབྱུང་བར་འདོད། ཁོང་ཚོའི་སྐྱབས་

གནས་མིང་ལ་ཡོངས་གྲགས་སུ་ཡ་ཝེཧ་ཟེར།། །། ༈ །དེ་ལ་འདིར་ཐོག་མར་བདག་ཉིད་རང་ནས། རང་སྐྱོན་རི་བོ་ཙམ་ཡང་ཁོང་དུ་སྦས། །གཞན་སྐྱོན་ཏིལ་ འབྲུ་ཙམ་ཡང་སྒྲོགས་ཤིང་སྨོད། །ཡོན་ཏན་ཅུང་ཟད་མེད་ཀྱང་བཟང་པོར་རློམ། །ཆོས་པའི་མིང་བཏགས་ཆོས་མིན་ཁོ་ནར་སྤྱོད། །བླ་མ་མཁྱེན་ནོ་ཐུགས་རྗེས་མྱུར་དུ་གཟིགས། །རང་ འདོད་ང་རྒྱལ་ཞི་བར་བྱིན་གྱིས་རློབས། །ཞེས་གསུངས་པ་ཡིད་ལ་དྲན་པར་བྱས་ནས་གཞན་གྱིས་དྲིས་ལན་དུ་སྐབས་སུ་བབས་པའི་སྤྱི་བརྟོལ་གྱི་འཆལ་གཏམ་ཐུང་ཙམ་རེ་སྤྲོས་ན། ཀུན་ རྫོབ་ཟག་བཅས་ཀྱི་དགེ་བ་ཀུན་སློང་བཟང་པོའི་སྒོ་ནས་དངོས་པོའི་རྫས་ལ་བརྟེན་ནས་ཚོགས་བསགས་སྒྲིབ་སྦྱོང་དགོས་ཤིང་། དེའི་རྒྱུ་མཚན་ནི་སྡུག་བསྔལ་ཁོར་མོ་ཡུག་ཏུ་མྱོང་བར་བྱེད་ པའི་རྒྱུ་རྐྱེན་འདུས་བྱས་འཁོར་བའི་ཆོས་ཀྱི་མཚན་ཉིད་རྫས་དང་རྡུལ་དུ་གྲུབ་པའི་སྐྱེ་འགག་ཆོས་ཀྱི་སྣང་བའི་བདེན་ཞེན་གྱི་འཆིང་ཞགས་ལས་མ་གྲོལ་བ་གྲོལ་བའི་ཐབས་སུ་གསུངས་ཏེ། དེའི་ཕྱིར་ན་དངོས་མེད་སེམས་ཀྱི་གནས་ལུགས་སྐྱེ་འགག་གནས་གསུམ་དང་བྲལ་བ་འདུས་མ་བྱས་པ་དོན་དམ་པའི་གནས་ཚུལ་ལ་རྟོན་པའི་སྐབས་སུ་དྲང་སྲོང་ཆེན་པོ་བདེན་པར་སྨྲ་བའི་

གསུང་ལ་དད་པར་བྱས་ནས། དགེ་བའི་བཤེས་གཉེན་ནམ་རྟོགས་དགོངས་ལྡན་པའི་བླ་མ་བཟང་པོའི་ཞབས་ལ་ང་རྒྱལ་སྤངས་ཏེ་སྒོ་གསུམ་གུས་པས་བརྟེན་ནས་སེམས་ཀྱི་གནས་ཚུལ་དང་སྣང་ཚུལ་གྱི་ཞུན་མཐར་ཡང་དག་པར་དཔྱད་ན་བྱིན་རླབས་ཀྱི་བརྒྱུད་པ་མ་ཉམས་པར་འཇུག་པ་ལ་ཕན་རླབས་ཤིན་ཏུ་ཆེ་བ་ཡིན་མོད། དེང་དུས་ལྟ་བའི་སྙིགས་མས་དྲག་ཏུ་བསླད་པས་སེམས་ཀྱི་གནས་ལུགས་ལ་དཔྱོད་པར་རློམ་པའི་ཤར་ནུབ་རྒྱལ་ཁབ་ཀྱི་ནང་པའི་ཆོས་ལ་རྟོག་ཞིབ་བྱེད་པའི་རྟོག་གེ་བ་འགའ་ནས་དངོས་གཙོའི་རྫས་འབའ་ཞིག་ལ་མཐའ་གཅིག་ཏུ་ཞེན་པས་ཆད་ལྟ་བའི་མཚན་རིག་པ་རྣམས་ཀྱིས་རྫས་ཀྱི་མཐར་ཐུག་ཕྲ་བ་ལ་ཨེ་ཀྲོམ། །དེ་ལས་ཕྲ་བ་ལ་ཁོ་ཝག །ནམ་ཞིག་དེ་ལས་ཀྱང་ཕྲ་བའི་མཐར་ཐུག་པ་མིག་གིས་མཐོང་ནས་ཁུངས་སྐྱེལ་བྱེད་ཐུབ་པ། ལག་པས་བཟུང་ནས་ཁུངས་སྐྱེལ་བྱེད་ཐུ་བ་པ་ཞིག་རྙེད་ཐུབ་པའི་འབད་རྩོལ་བྱས་དང་བྱེད་པ་བཞིན་དུ་སེམས་ཀྱི་ཉམས་རྟོགས་ཡོན་ཏན་རྫས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་ཤེས་རྟོགས་ཐུབ་པར་སྨྲ་བ་ནི་ལུང་རིགས་གཉིས་ཀ་དང་འགལ་ཏེ་བདག་ཅག་གི་སྟོན་པ་དེ་བཞིན་གཤེགས་པས་མངོན་སངས་རྒྱས་པའི་རྗེས་ཐོགས་སུ། ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་

མ་བྱས། །བདུད་རྩི་ལྟ་བུའི་ཆོས་ཤིག་བདག་གིས་བརྙེས། །སུ་ལ་བསྟན་ཀྱང་གོ་བར་མི་འགྱུར་བས། །མི་སྨྲ་ནགས་འདབ་ཉིད་དུ་གནས་པར་བྱ། །ཞེས་གསུངས་ཤིང་། གཞན་ཡང་། མིག་དང་སྣ་དང་རྣ་ཡང་ཚད་མ་མིན། །གལ་ཏེ་དབང་པོ་འདི་དག་ཚད་ཡིན་ན། །འཕགས་པའི་ལམ་གྱིས་སུ་ལ་ཅི་ཞིག་བྱ། །ཞེས་པ་ལ་སོགས་གསུངས་པས་ཤེས་སོ། །དེའི་ཕྱིར་ན་མཐའ་གཅིག་ཏུ་བེམ་པོའི་རྫས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་གང་ཟག་གི་ཉམས་རྟོགས་ཡོན་ཏན་བཟང་ཞན་ཁ་མཚོན་གཅོད་པ་ནི་ཡ་ཆ་ཞིང་། རིགས་པས་ཀྱང་ཡང་དག་པར་བསྒྲུབ་ཏུ་མི་རུང་སྟེ་དཔེར་ན་རྩ་རླུང་གི་འཕར་འབུབ་ཆེ་ཆུང་ལ་དཔྱད་ནས་ཉམས་ལེན་བཟང་ཞན་རྟོགས་མི་ཐུབ་པ་ནི། གང་ཟག་ལ་ལ་ཉམས་ལེན་ཅི་ཡང་མི་ཤེས་ཀྱང་གནས་སྐབས་རིང་སེམས་དྲན་མེད་ལུང་མ་བསྟན་དུ་འབྱམས་ནས་ཞི་ཞིང་དུལ་བ་ལྟར་གནས་པའང་ཡོད། སེམས་ཅན་ལ་ལ་དགུན་གང་ཞི་ཞིང་དུལ་བར་ཉལ་ནས་སྡོད་པའང་ཡོད། སྐྱེ་རྒུ་ལ་ལ་ཆང་རག་དང་མྱོས་རྫས་ཀྱིས་བཟི་ཞིང་དྲན་མེད་དུ་ཞི་ཞིང་དུལ་བར་སྡོད་པ་བདག་དང་བདག་འདྲ་བའང་མང་པོ་ཡོད། རྒྱོ་དུས་སྐྱེ་བ་མི་དྲན། སྐྱེ་དུས་རྒྱོ་བ་མི་དྲན་པའི་དཔེ་ལྟར་སེམས་ཅན་

མང་པོ་དྲན་པ་མེད་པའི་གནས་སྐབས་ཀྱི་ངང་ལ་འབྱམས་པ་མང་པོ་ཡོད་པ་དེ་དག་ཐམས་ཅད་བསམ་གཏན་བསྒོམ་པའམ་ཞི་གནས་ཀྱི་ངང་ལ་གཡོ་བ་མེད་པར་གནས་པ་ག་ལ་ཡིན། དེ་བཞིན་དུ་ལ་ལ་ལུས་ཀྱི་ན་ཚ་ལ་བརྟེན་ནས་རྩ་རླུང་འཁྲུགས་པའང་ཡོད། སྨྱོན་པ་ལ་ལ་སེམས་འཚོ་མ་ཟིན་པར་སྤྱོད་པ་ཡ་མ་ཟུང་བསྟན་པའང་ཡོད། སྔོན་བྱུང་འཕགས་པའི་གང་ཟག་རྣམས་ཀྱི་རྣམ་ཐར་ལས་བྱུང་བ་བཞིན་གྲུབ་ཐོབ་མང་པོ་དུས་ལ་བབས་པའི་ཚེ་ན་བརྟུལ་ཞུགས་ཀྱི་སྤྱོད་པ་བྱུང་རྒྱལ་དུ་སྐྱོང་བའང་ཡོད་པས་དེ་དག་ཐམས་ཅད་མཚན་རིག་པའི་འཕྲུལ་ཆས་ཁོ་ན་ལ་བརྟེན་ནས་གང་ཟག་གི་རྒྱུད་ལ་ཞུགས་པའི་ཉམས་དང་རྟོགས་པའི་ཡོན་ཏན་གྱི་གནས་ཚད་འཛིན་དུ་ག་ལ་རུང་། སྨན་པ་རྣམས་ཀྱིས་འཕྲུལ་ཆས་ལ་བརྟེན་ནས་ནད་པའི་རྩ་རླུང་ན་ཚ་འཁྲུགས་དང་མ་འཁྲུགས་གཟུགས་ཁམས་ལ་རྟག་དཔྱད་བྱེད་པ་ནི་ཀུན་སློང་དང་ཐབས་སོ་སོ་ཡིན་ཏེ་ཇི་ལྟར་ཞེ་ན། སྨན་པས་འདུ་བ་སྙོམས་དང་མ་སྙོམས་བརྟག་དཔྱད་བྱེད་པ་དང་། མ་སྙོམས་ན་སྨན་བཅོས་འཕྲོད་བརྟེན་བསྣན་འཕྲི་གང་དགོས་ཕྱིར་དུ་དཔྱད་པ་བྱས་པ་ཡིན་པས་དེང་དུས་ཆོས་དང་གང་ཟག་གི་རྒྱུད་ལ་བཞུགས་པའི་ཉམས་རྟོགས་ཡོན་ཏན་བཟང་ངན་འཕྲུལ་

ཆས་ཀྱི་སྒོ་ནས་བརྟག་དཔྱད་བྱེད་པ་དང་གཏན་ནས་མི་འདྲ། ཅིའི་ཕྱིར་ན། འདུས་བྱས་རྒྱུས་བྱུང་སྐྱེ་འགག་བྱེད། །འདུས་མ་བྱས་ནི་དེ་ལས་ལྡོག །ཅེས་གསུངས་པས་འཕྲུལ་ཆས་ཇི་ལྟར་བཟང་ཞིང་ཁུངས་བཙན་ཡང་འདུས་བྱས་ཀྱི་རྫས་ཤིག་ཡིན་པས་བདེ་གཤེགས་སྙིང་པོ་མེད་པའི་ཕྱིར་ན་སེམས་དང་ཡེ་ཤེས་གཉིས་ཀ་མེད་པས་སེམས་ཀྱི་གནས་ལུགས་མི་ཤེས་ཏེ། དེ་མ་ཤེས་ན་བྱང་ཆུབ་ཕྱོགས་ཀྱི་ཆོས་སུ་མི་འགྲོ་སྟེ། སཉྩ་ཡ་གཱ་ཐཱ། ཐེག་པ་ཆེན་པོའི་མདོ་སྡུད་པ་ཚིགས་སུ་བཅད་པ་ལས། ༼༦༠༽ཡེ་ཤེས་མེད་ན་ཡོན་ཏན་འཕེལ་མེད་བྱང་ཆུབ་མེད། །རྒྱ་མཚོ་འདྲ་བའི་སངས་རྒྱས་ཆོས་ཀྱང་ག་ལ་འབྱུང་། །ཞེས་གསུངས་པས་ཤེས་ལ། སེམས་ཀྱི་གནས་ལུགས་འཕྲུལ་ཆས་ལ་བརྟེན་ནས་རྟོགས་པར་འདོད་པ་ནི་རང་གི་རྒྱུད་ལ་བདེ་གཤེགས་སྙིང་པོ་ཡོད་ཀྱང་རིགས་མ་སད་པའི་སྐྱོན་གྱིས་རང་སེམས་འདུས་མ་བྱས་པའི་གནས་ལུགས་དང་སྣང་ལུགས་ཇི་བཞིན་པ་ཕྱོགས་ཙམ་ཡང་ངོ་མ་འཕྲོད་པས་འདུས་བྱས་དངོས་ཡོད་རགས་པ་རྫས་ཀྱི་འཕྲུལ་ཆས་ཁོ་ན་ལ་བློ་ཕུག་ཡོངས་སུ་རྫོགས་པ་བཅོལ་དགོས་པ་དེ་

བྱུང་། གལ་སྲིད་འཕྲུལ་ཆས་དང་འཕྲུལ་ཆས་བདེ་སྤྱོད་བྱ་མཁན་གཉིས་ཀ་བསྡོངས་ནས་བརྟགས་ཤིང་དཔྱད་པའི་སྐབས་ན་རང་གཞན་གྱི་ཉམས་ལེན་བཟང་ངན་མཐོ་དམན་མི་འདྲ་བའི་ཁྱད་པར་ཅན་གྱི་རྟོག་པ་ཞིག་སྐྱེས་ན་དེ་ནི་འཁྲུལ་སྣང་རྟེན་ཅིང་འབྲེལ་འབྱུང་གི་རྣམ་རྟོག་གི་ཆ་ཤས་ཡུད་ཙམ་པ་རེ་འཆར་བ་ཁོ་ན་ཡིན་གྱིས་བློ་ཡི་ཡུལ་ལས་འདས་པའི་རྣམ་པར་མི་རྟོག་པའི་སྐུ་དང་ཡེ་ཤེས་འཆར་བ་ག་ལ་ཡིན། བྱིས་པ་དག་ནས་ལྒང་བུ་ནང་དུ་ཆུ་བླུག་སྟེ་བར་སྣང་ལ་བུས་པས་བར་སྣང་ལ་ལྦུ་བ་འཇའ་ཚོན་ཅན་མང་པོ་ཤར་བ་ལ་སྦར་འཛིན་བྱེད་པ་དང་འདྲ་བ་ཁོ་ནར་འདུག་པས་བུད་མེད་མོ་གཤམ་མའི་རྨི་ལམ་ལ་ཞི་བ་ལྷས། དཔེར་ན་རྨི་ལམ་བུ་ཤི་ལ། །དེ་མེད་སྙམ་པའི་རྣམ་རྟོག་ནི། །དེ་ཡོད་རྣམ་པར་རྟོག་པ་ཡི། །གེགས་ཡིན་དེ་ཡང་རྫུན་པ་ཡིན། །ཞེས་དང་དཔལ་སྤྲུལ་འཇིགས་མེད་ཆོས་ཀྱི་དབང་པོས། ཀྱེ་མ་མཁས་པ་རྣམས་ནི་རྟོག་དཔྱོད་དུབ། །མྱང་བཞིན་མྱང་བཞིན་གཅིག་ལ་གཉིས་སུ་འཁྲུལ། །ཆོས་སྐུ་རང་ལ་གནས་པ་མ་མཐོང་ནས། །སྲིད་པའི་རྡུལ་ཕྲན་བགྲང་ནས་རྙེད་དུ་རེ། །ཞེས་བཀའ་སྐྱོན་ཇི་ལྟར་ཕེབས་པ་ཐུགས་མད་དོ། །དངོས་དང་དངོས་མེད་ཀུན་གྱི་འབྱུང་ཁུངས་སེམས་ཀྱི་གནས་ལུགས་དང་

སྣང་ཚུལ་མི་ཤེས་པའི་ཆད་པར་ལྟ་བའི་གྲུབ་མཐའ་ལ་གཙིགས་སུ་བྱེད་པའི་མཚན་རིགས་པ་རྣམས་ཀྱིས། དངོས་དང་དངོས་མེད་ཀྱི་ཆོས་སོ་ཅོག་ཀུན་སེམས་ཀྱིས་ཡང་ཡང་སེམས་ཤིང་ཡང་ཡང་བསམས་པའི་བག་ཆགས་མཐུག་པོའི་མཐུ་བརྟས་པ་ལས་བྱུང་བ་ཁས་མི་ལེན་ཅིང་། རྫས་ཀྱི་འཕྲུལ་ཆ་འབའ་ཞིག་ལ་བརྟེན་ནས་སྣང་བ་ལ་ཅི་འདོད་བཟོ་བསྐྲུན་ཐུབ་པའི་གཏན་ཚིགས་མཐའ་གཅིག་ཏུ་བཀོད་པ་ནི་ཤིན་ཏུ་ནོར་བ་ཆེན་པོ་སྟེ། འདི་ལྟར་གཞན་དོན་འབའ་ཞིག་ལ་དགོངས་པའི་བྱང་ཆུབ་སེམས་དཔའ་སེམས་མ་འདྲ་ཡིན་ན་མ་གཏོགས་འཇིག་རྟེན་ཁམས་ཀྱི་སོ་སོའི་སྐྱེ་བོ་སེམས་དང་ལྡན་པ་གང་ན་སུ་ཞིག་མཆིས་པ་རྣམས་བདེ་བ་འབའ་ཞིག་ལས་སྡུག་བསྔལ་འདོད་པ་ཕལ་ཆེར་མེད་པས་དངོས་པོ་ཁོ་ན་ལ་མཐའ་གཅིག་ཏུ་བདེན་གྲུབ་ཏུ་འཛིན་པའི་མཚན་རིགས་པས་གྲངས་ཀྱིས་མི་ལངས་པའི་སྐྱེ་རྒུ་དེ་དག་ཐམས་ཅད་ཀྱི་རེ་འདོད་རེ་རེ་བཞིན་དངོས་པོའི་རྫས་འབའ་ཞིག་ལ་བརྟེན་ནས་སྐོང་ཐུབ་པའི་ནུས་པ་མེད་པ་ནི་སེམས་ཅན་རང་རང་གི་ལས་ཀྱི་བསྐོས་ཐང་གི་རྗེས་སུ་དབང་མེད་དུ་འབྲངས་ཏེ་རང་རང་གི་འདོད་པ་གང་ཡོད་འདོད་ཐོག་ཏུ་མ་ཁེལ་བར་སྡུག་བསྔལ་མྱངས་དང་མྱོང་བཞིན་པ་

མཐོང་བའི་ཆོས་སུ་གྱུར་པ་རང་གཞན་ཀུན་ནས་ཤེས་གསལ་ལྟར་ཡིན་པས་དེའི་ཕྱིར་ཞི་བ་ལྷས། སྡུག་བསྔལ་འདོར་འདོད་སེམས་ཡོད་ཀྱང་། །སྡུག་བསྔལ་ཉིད་ལ་མངོན་པར་རྒྱུ། །བདེ་བ་བསྒྲུབ་འདོད་སེམས་ཡོད་ཀྱང་། རང་གི་བདེ་བ་དགྲ་ལྟར་སྤངས། །ཞེས་གསུངས། དེ་བས་ན་སྟོན་པ་ཐམས་ཅད་མཁྱེན་པའི་གསུང་རྟེན་ཅིང་འབྲེལ་འབྱུང་གི་ཆོས་ལ་ཡིད་ཆེས་ཏེ། ཕྱི་རོལ་རྫས་ཀྱི་འཕྲུལ་ཆས་ལ་བརྟེན་ནས་མ་ཡིན་པར་ནང་རང་གི་སེམས་ཀྱི་གནས་ཚུལ་དང་སྣང་ཚུལ་ལ་མཁས་པར་བྱ་བ་ལས་གཞན་མཐར་ཐུག་པའི་བདེ་བའི་དངོས་པོ་རང་རྐྱ་ཐུབ་པའི་རྫས་སུ་གྲུབ་པ་ཞིག་བསྐལ་བརྒྱར་བཙལ་ཀྱང་ནམ་ཡང་རྙེད་དུ་མེད་དོ། །རྒྱུ་མ་རིག་པ་ལ་བརྟེན་ནས་རྐྱེན་ཉོན་མོངས་འཕེལ་ཏེ། འབྲས་བུ་འཁོར་བའི་སྡུག་བསྔལ་མྱོང་བ་དང་། རྒྱུ་བདེ་གཤེགས་སྙིང་པོ་ལ་བརྟེན་ནས་རྐྱེན་དགེ་བ་སྤེལ་བ་དང་། འབྲས་བུ་བདེ་བ་མྱོང་བ་སྟེ་དཔེར་ན་རྒྱུ་ས་བོན་གྲུང་པོ་ལ་བརྟེན་ནས་རྐྱེན་ཆུ་ལུད་དྲོད་གཤེར་མ་ཚང་བ་མེད་པར་ཚོགས་པ་ལས་འབྲས་བུ་ལོ་ཏོག་ཕུན་སུམ་ཚོགས་པ་ཞིང་པ་བསོད་ནམས་དང་ལྡན་པ་རྣམས་ལ་ཐོབ་པ་བསྙོན་དུ་མེད་པ་བཞིན་ནོ། །བསོད་ནམས་ཀྱི་ཚོགས་བསགས་དགོས་པའི་དོན་ནི། གནས་སྐབས་

མཐོ་རིས་ཀྱི་ཡོན་ཏན་བདེ་ཞིང་སྐྱིད་པ་དང་། མཐར་ཐུག་ལོངས་སྐུ་དང་སྤྲུལ་སྐུ་སྟེ་གཟུགས་སྐུ་གཉིས་འཐོབ་པའི་དོན་དུ་གསུངས་ལ། བསོད་ནམས་ཀྱི་ ཚོགས་དང་འབྲེལ་བའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ཀྱི་ཚོགས་བསགས་དགོས་པའི་དོན་ནི། གཟུགས་སྐུ་གཉིས་ཀྱི་འཆར་གཞི་ཆོས་སྐུ་འཐོབ་པའི་དོན་དུ་ཡིན་པས། དེའི་ཕྱིར་ན་བདེ་སྡུག་ ཐམས་ཅད་སེམས་ཀྱིས་བཟོས་ཤིང་། སེམས་ཀྱིས་དགེ་སྡིག་གང་བྱས་ལས་བཟོས་པ་ལ་ཡིད་ཆེས་དགོས་སོ། །དེའི་ཕྱིར་ཨོ་རྒྱན་གྱི་ཡུལ་ལ་སོགས་གནས་རྣམས་ལའང་ཕྱི་ནང་གི་རྣམ་ བཞག་མི་འདྲ་བ་རྒྱུད་སྡེ་སོ་སོ་ནས་མི་འདྲ་བ་གསུངས་པ་རྣམས་ལའང་དེ་དག་གི་ཡོན་ཏན་རྗེས་སུ་དྲན་པ་ལས་རང་རྒྱུད་ལ་ཐར་པའི་ས་བོན་ཐེབས་པ་སོམ་ཉི་མི་དགོས་ཏེ་མདོ་ལས། ང་མྱ་ངན་ལས་འདས་པའི་རྗེས་སུ། དགེ་སློང་གསར་བུ་འགའ་ཞིག་འོང་ནས། ཁྱེད་ཀྱི་སྟོན་པ་ཇི་འདྲ་ཞེས་འདྲི་ན། དེ་དག་ལ་གནས་བཞི་པོ་འདི་དག་བསྟན་པར་བྱ། ཞེས་དང་། འདུལ་བ་ལུང་ཕྲན་ཚེགས་ལས། དགེ་སློང་དག་ང་འདས་པའི་འོག་ཏུ་གནས་བཞི་པོ་འདི་དག་ནི་རིགས་ཀྱི་བུ་དང་བུ་མོ་དད་པ་ཅན་རྣམས་ཀྱིས་ཇི་སྲིད་འཚོ་བའི་བར་དུ་འགྲོ་བར་བྱ་ཞིང་དྲན་

པར་འགྱུར་བ་བྱའོ། །བཞི་གང་ཞེ་ན། འདིར་ནི་བཅོམ་ལྡན་འདས་འཁྲུངས་སོ། །འདིར་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པར་སངས་རྒྱས་སོ། །འདིར་ནི་བཅོམ་ལྡ་འདས་ཀྱིས་ཆོས་ཀྱི་འཁོར་ལོ་རྣམ་པ་བཅུ་གཉིས་སུ་བསྐོར་ཏོ། །འདིར་ནི་བཅོམ་ལྡན་འདིས་ཡོངས་སུ་མྱ་ངན་ལས་འདས་པ་སྟེ། དགེ་སློང་དག་ང་འདས་པའི་འོག་ཏུ་འདིར་མཆོད་རྟེན་བསྐོར་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བ་དག་འོང་གི། དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ། ཞེས་པ་ནས་ང་ལ་དད་པས་ཚེའི་དུས་བྱས་པ་དེ་ཐམས་ཅད་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོའོ། །ཞེས་དང་དེ་བཞིན་དུ་རཏྣ་གླིང་པའི་གཏེར་བྱོན་ཚེས་བཅུ་བསྐུལ་ཐབས་ལས་ཨོ་རྒྱན་ཆེན་པོས། ཡུལ་ཕྱོགས་རེ་ལ་གནས་ཆེན་རེ༔ དེ་ཡང་ཨོ་རྒྱན་བརྗེད་རྡོ་ཡིན༔ ས་མཚམས་རེ་ལ་གཏེར་ཁ་རེ༔ དེ་ཡང་ཨོ་རྒྱན་བརྗིད་རྡོ་ཡིན༔ ཞེས་སོགས་གསུངས་པས་དྲན་པའི་རྟེན་དགེ་བ་ལ་བརྟེན་ནས་དགེ་བ་དྲན་པར་བྱས་པ་ལ་དགེ་བ་འབའ་ཞིག་ལས་ཉེས་པ་ཅི་ཡང་ཤེས་བྱ་ལ་ཡོང་མི་སྲིད་པས་དེའི་ཕྱིར་རང་རེ་སངས་རྒྱས་ཀྱི་རྗེས་འཇུག་རྣམས་ནས་སྔོན་བྱོན་འཕགས་པའི་གང་ཟག་རྣམས་གང་དུ་འཁྲུངས་པའང་མཛད་པ་ཕྲིན་ལས་བསྐྱངས་པའི་གནས་དང་རྟེན་

རྣམས་ལ་འདི་དག་ནི་སྔོན་བྱུང་གི་ལོ་རྒྱུས་སྒྲུང་གཏམ་ཙམ་སྟེ་དེང་གི་སྐབས་སུ་ནི་གཙིགས་སུ་ཆེ་བ་ཅི་ཡང་མིན་ནོ་སྙམ་པའི་ཆད་པར་ལྟ་བའི་བག་ཆགས་ངན་པ་རྒྱུན་མཐུད་མི་སྐྱོང་བར་གཏེར་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེས། ལོ་རྒྱུས་རྙིང་པས་ངེས་ཤེས་གསར་པ་སྐྱེས། །ཞེས་གསུངས་པས། བདག་གཞན་ཐམས་ཅད་དམ་པ་སྐུ་གཉིས་ཐོབ་པའི་ཕྱིར་དངོས་པོའི་རྫས་ལ་བརྟེན་ནས་དགེ་བ་བསྒྲུབ་པ་ཡིན་ཅིང་། འོན་ཀྱང་ཆད་ལྟ་བའི་གྲུབ་མཐའ་འཛིན་པའི་མཚན་རིགས་པའི་འདོད་ཚུལ་ལྟར་ཀུན་སྤྱོད་ཡ་བྲལ་དུ་སོང་ན་བྱང་ཆུབ་ཀྱི་ལམ་དུ་མི་འགྲོ་བར་གསུངས་སོ། །ཕྱི་ནང་གཉིས་ཀའི་ཆོས་ལ་ཡིད་ཆེས་མེད་པའི་རྒྱལ་ཁབ་མང་པོའི་མི་རྣམས་ནས་རང་གི་རྒྱལ་ཁབ་ལ་འཇིག་རྟེན་ལུགས་སུ་བྱས་རྗེས་བཞག་པའི་མི་མནངས་ཆེན་རྣམས་གྲོངས་པའི་རྗེས་སུ་དྲན་རྟེན་འདྲ་གཟུགས་བཅོས་ཤིང་དེ་དག་གི་བྱས་རྗེས་དྲན་པའི་རྗེས་སུ་ཡི་རང་གིས་མིང་ནས་བོས་ཏེ་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་བ་དང་། རྟག་པར་ལྟ་བའི་གྲུབ་མཐའ་འཛིན་ལ་ལ་ནས་གནམ་ནས་ལྷུང་བའི་གནམ་རྡོ་དང་། ས་ལས་འཐོན་པའི་རང་བྱུང་གི་ལིང་གའམ་བཅོས་མའི་ལིང་ག་སོགས་ལ་རང་རང་གི་ལྷ་དེ་དང་དེ་དག་གི་སྐུ་རྟེན་

དངོས་ཀྱི་དོད་དུ་འདུ་ཤེས་པའི་དད་པ་ཅན་ཁྲི་ཕྲག་འབུམ་ཕྲག་མང་པོས་འགྲོ་གྲོན་དང་དཀའ་ངལ་ལ་མ་འཛེམ་པར་དུས་དང་དུས་སུ་འོངས་ཏེ་ཕྱག་བསྐོར་མཆོད་འབུལ་ལ་ཆེ་ཐང་བསྐྱེད་པ་ཡིན་ན། རྒྱ་དཀར་ནག་དང་ཧི་མ་ལ་ཡའི་རི་བརྒྱུད་ལ་སོགས་སུ་གནས་ཀྱིས་གང་ཟག་བྱིན་གྱིས་རློབས་པའི་ཕྱིར་དུ་རྒྱུ་མེད་པའི་སྙིང་རྗེ་ཆེན་པོ་དང་ལྡན་པའི་སྔོན་བྱོན་འཕགས་པའི་གང་ཟག་རྣམས་ནས་ཞབས་ཀྱིས་བཅགས་ཤིང་། བྱིན་གྱིས་བརླབས་པའི་རྟེན་གསུམ་གནས་རི་སྒྲུབ་ཕུག་རྣམས་ལ་ཆེ་བའི་ཡོན་ཏན་དྲན་པས་ཅིའི་ཕྱིར་གུས་པ་མི་བསྐྱེད་དེ་ཅི་ནས་ཀྱང་བསྐྱེད་པར་རིགས་སོ། །སྔ་ཕྱིར་རྒྱ་གར་དང་ཁ་ཆེའི་ཡུལ། བོད་ཡུལ་ལ་སོགས་པར་མི་ཁོག་ལ་འདྲེ་ཞུགས་ཏེ། བདེ་བར་གཤེགས་པའི་སྐུ་བརྙན་དང་། ཨོ་རྒྱན་ཆེན་པོའི་སྐུ་བརྙན་ལ་སོགས་པར་དགྲ་བོ་དངོས་ཀྱི་འདུ་ཤེས་བཞག་སྟེ་སྟོར་བཤིག་གཏོང་བར་བྱེད་པ་པོ་རྣམས་ནི་ཆོས་ལུགས་ཕྱི་ནང་གི་གྲུབ་མཐའ་འཛིན་པ་གང་ཞིག་ཡིན་རུང་ནང་པ་སངས་རྒྱས་པའི་གྲུབ་མཐའ་ལ་ཤིན་ཏུ་རྨོངས་པ་སྙིང་རྗེའི་ཡུལ་དུ་གྱུར་པ་ལས་ངན་གྱི་མཚོ་ཆེན་བརྡོལ་བ་འབའ་ཞིག་ཏུ་ཟད་དེ། ཅིའི་ཕྱིར་ན་དེ་དག་ནས་ཆོས་ཉིད་རྣམ་པར་དག་པ་དོན་དམ་པའི་བདེན་པ་མ་རྟོགས་པས་ནོངས་པ་སྟེ་

རྡོ་རྗེ་གཅོད་པ་ལས། བཛྲ་ཙྪེད་ཀ ། གང་དག་ང་ལ་གཟུགས་སུ་མཐོང་། །གང་དག་ང་ལ་སྒྲར་ཤེས་པ། །ལོག་པའི་ལམ་དུ་ ཞུགས་པ་སྟེ། །སྐྱེ་བོ་དེས་ནི་ང་མི་མཐོང་། །སངས་རྒྱས་རྣམས་ནི་ཆོས་ཉིད་ལྟ། །འདྲེན་པ་རྣམས་ནི་ཆོས་ཀྱི་སྐུ། །ཆོས་ཉིད་ཤེས་བྱ་མ་ཡིན་ཏེ། །དེ་ནི་ཤེས་པར་ནུས་མ་ཡིན། །ཅེས་ གསུངས་པ་ལྟར་རྟེན་གཟུགས་སྐུར་སྣང་ཡང་དོན་ལ་ཆོས་སྐུ་ངོ་བོ་སྟོང་པའི་ཡེ་ཤེས་ཡིན་པས་གཞིག་ཅིང་གཞོམ་དུ་རུང་བའི་བེམ་པོ་རང་མཚན་པར་ནམ་ཡང་གྲུབ་པ་མེད་ཕྱིར་གནས་དུས་ དང་འཚམས་པའི་འགྲོ་བའི་དོན་མཛད་ཟིན་པ་དང་ཡེ་ནས་འཕོ་བྲལ་རྟག་པ་དམ་པ་ཆོས་སྐུའི་དབྱིངས་སུ་དབྱེར་མེད་དུ་བཞུགས་པ་ནི་རབ་ཏུ་གནས་པར་བྱ་བའི་གཞུང་ལས། ཇི་སྲིད་ས་ཆུ་མེ་ དང་ནི། །རླུང་གི་བསྐལ་པས་འཇིག་བར་དུ། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །བཅོམ་ལྡན་ཁྱོད་ནི་བཞུགས་པར་གསོལ། །ཞེས་འབྱུང་བས་ཤེས་ལ། དེས་ན། བྱང་ཆུབ་སེམས་ དཔའ་རྣམས་ཀྱིས་ནི། །འགྲོ་དོན་ཐུགས་ལ་དགོངས་འགྲུབ་ཤོག །མགོན་པོ་ཡིས་ནི་གང་དགོངས་པ། །སེམས་ཅན་རྣམས་ལ་དེ་འབྱོར་ཤོག །ཅེས་ཇི་སྐད་གསུངས་པའི་རྗེས་སུ་རྟག་ཏུ་

སྨོན་པར་བྱས་ན་ཁེ་ཕན་དེ་ལས་ཆེ་བ་སྲིད་པ་ན་བསྒྲུབ་ཏུ་མེད་དོ།། །། ༈ །ཡང་བོད་དུ་སྔ་འགྱུར་བའི་བསྟན་པ་ལ་སྒོ་གང་ས་ནས་འབད་པ་ཆེན་པོས་དབྱེན་བཅོས་མཁན་རྣམས་ནས་བོད་ན་པདྨ་སམྦྷ་ཝ་ཕེབས་ཤིང་། པདྨ་འབྱུང་གནས་ཟེར་བ་རྒྱ་གར་གྱི་སཱ་དུའུ་ཞིག་ཡིན་ཟེར་བ་ལ་སོགས་པའི་རྨོངས་པ་རྣམས་སླར་ཡང་རྨོངས་སུ་འཇུག་པའི་འཆལ་གཏམ་སྣ་ཚོགས་བསྒྲགས་པར་བྱས་པ་བྱུང་མོད། སྤྱིར་ཐེག་པ་ཆེན་པོའི་བཀའ་དང་བསྟན་བཅོས་རྣམས་ལས་སངས་རྒྱས་སྤྲུལ་པའི་སྐུའི་གསང་བ་གསུམ་གྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་གནས་དུས་སོ་སོར་གང་འདུལ་གདུལ་བྱའི་བློ་དང་འཚམས་པ་བྱོན་དང་འབྱོན་པར་འགྱུར་བར་གསུངས་པ་ལ་འཇིག་རྟེན་ན་གང་ཟག་མཁས་བླུན་སུ་ཞིག་གིས་ཀྱང་བཀགས་པས་ཁེགས་པ་མ་ཡིན་ནོ། །དཔེར་ན་སྟོན་པའི་གསུང་རབ་ཡན་ལག་བཅུ་གཉིས་ཀྱི་ནང་ཚན་སྐྱེས་རབས་ཀྱི་ཡན་ལག་སྡེ་ཚན་དགུ་པའི་ནང་ལས་བཅོམ་ལྡན་འདས་ཉིད་སྔོན་ཞིང་ཁམས་གང་དང་གང་དུ་མཛད་པ་གང་དང་གང་ཞིག་བསྐྱངས་པའི་ཚུལ་བསྟན་པའི་སྐབས་སུ་ཞིང་དང་ཡུལ་དང་ཡབ་མེས་དང་རང་ཉིད་ཀྱི་རིགས་དང་ཆོས་ཀྱི་བརྒྱུད་པ་འཕགས་པ་དང་སོ་སོའི་སྐྱེ་བོའི་རྣམ་པ་ཇི་ལྟ་བུའི་ཚུལ་བཟུང་བ་

དང་མཐུན་པའི་མཚན་ཡང་མི་འདྲ་བ་སོ་སོར་གྲགས་ཤིང་། དེ་དག་ཐམས་ཅད་ཀྱང་ངོ་བོ་རྡུལ་བྲལ་ཚད་མེད་ནམ་མཁའི་རང་བཞིན་ཆོས་ཀྱི་དབྱིངས་གཅིག་ ལས་རྣམ་པ་སོ་སོར་རྟོག་པའི་ཡེ་ཤེས་ཡོན་ཏན་གྱི་རོལ་རྩལ་འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་མ་གོས་པ། གཟུངས་མེད་པ་དག་དང་ཡང་མ་འདྲེས་པ་ནམ་མཁའི་རང་ བཞིན་ལས་མེ་ལོང་དྲི་མ་མེད་པ་ལ་གཟུགས་བརྙན་ཅིར་ཡང་སྣང་བ་བཞིན་འཆར་བས་ནམ་ཡང་ཚད་འཛིན་དུ་མི་རུང་ལ། དཔེར་ན་ཡེ་ཤེས་ཀྱི་སྐུ་གཅིག་གིས་བསྡུས་པའི་བདག་ཅག་གི་སྟོན་ པ་ཤཱཀྱ་ཐུབ་པ་ལྟ་བུ་ལ་མཚོན་ན་སངས་རྒྱས་སྟོང་ལས་འཁོར་བ་འཇིག་དང་། གསེར་ཐུབ་དང་། འོད་སྲུང་སྟེ་འདས་པའི་སངས་རྒྱས་གསུམ་བྱོན་ཟིན་ཏེ། དེ་ལས་བདག་ཅག་གི་སྟོན་པ་ ཛམ་གླིང་འདི་ཉིད་དུ་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ཏེ་བྱོན་པས་རྣམ་འདྲེན་བཞི་པ་ཞེས་གྲགས་ཤིང་། ཛམ་གླིང་འདི་ཉིད་དུ་མ་བྱོན་གོང་ལྷ་ཡུལ་དགའ་བ་བརྒྱ་ལྡན་དུ་ལྷ་རྣམས་ལ་ཆོས་ སྟོན་ཅིང་བཞུགས་པའི་སྐབས་ན་དམ་པ་ཏོག་དཀར། ཤཱཀྱའི་རྒྱལ་པོའི་ཁབ་ཏུ་འཁྲུངས་པའི་སྐབས་ན་ཀུན་དགའ་བོ་ལ་སོགས་ཤཱཀྱ་གཞོན་ནུ་ལྔ་བརྒྱ། བསྔགས་ལྡན་ལ་སོགས་རྟེའུ་ལྔ་བརྒྱ།

ཁམས་ཀྱི་རྒྱལ་ཕྲན་བཞི་ལ་བུ་བཞི་བཙས་པ་ལ་སོགས་ཡབ་རྒྱལ་པོ་ཟས་གཙང་གི་ཐུགས་ལ་ཇི་ལྟར་དགོངས་པ་བཞིན་གྱི་དོན་ཀུན་ཡོངས་སུ་གྲུབ་པས་རྒྱལ་བུ་དོན་ཀུན་གྲུབ་པ། སྒྱུ་རྩལ་དྲུག་ཅུ་རྩ་བཞིའི་རོལ་རྩེད་གང་ལ་ཐུག་ཀྱང་ཤཱཀྱ་གཞོན་ནུ་རྣམས་ཐུབ་པར་སྣང་བས་ཤཱཀྱ་ཐུབ་པ། ཤཱཀྱའི་རུས་རྒྱུད་ཀྱི་མེས་པོ་དང་པོ་དྲང་སྲོང་གོའུ་ཏཱ་མ་ཡིན་ཅིང་། དེའི་སྐབས་ནང་པའི་ཆོས་ལ་དད་པ་མི་བྱེད་པའི་ཕྱི་པ་མུ་སྟེགས་པ་རྣམས་ཀྱིས་གོའུ་ཏཱ་མ་ཞེས་འབོད་པས་མི་རྣམས་ཀྱིས་མཚན་ལ་དེ་གཉིད་དུ་འབོད། ལྷ་དང་བཅས་པའི་འཇིག་རྟེན་ཐམས་ཅད་ཀྱིས་ཕྱག་བྱ་བའི་འོས་སུ་གྱུར་པས་ལྷ་ཡི་ཡང་ལྷ། ཆོས་ཐམས་ཅད་རྟེན་ཅིང་འབྲེལ་འབྱུང་ལས་བྱུང་བ་དང་། ཇི་ལྟ་བ་དང་ཇི་སྙེད་པའི་ཆོས་ཀྱི་རྣམ་གྲངས་བདེན་པ་གཉིས་ཀྱི་ཚུལ་ལ་ཇི་ལྟར་གནས་པ་བཞིན་དུ་ཚུལ་བཞིན་བསླུ་བ་མེད་པར་སྟོན་པས་དྲང་སྲོང་ཆེན་པོ། འཇིག་རྟེན་ན་ཉི་མའི་འོད་ཀྱིས་མུན་པ་སེལ་བ་བཞིན་དུ་དམ་པའི་ཆོས་ཀྱི་སྣང་བས་འགྲོ་བའི་རྒྱུད་ཀྱི་མ་རིག་པའི་མུན་པ་སེལ་བས་ཉི་མའི་གཉེན་དང་པདྨའི་གཉེན། སྔོན་གྱི་རྒྱལ་བ་རྣམས་གང་དུ་ཇི་ལྟར་གཤེགས་པ་དེ་བཞིན་དུ་གཤེགས་པས་དེ་བཞིན་གཤེགས་པ་ཞེས་པ་ལ་སོགས་མཚན་གྱི་རྣམ་གྲངས་མི་འདྲ་བ་མང་ངོ་། །

གང་ལྟར་ཡང་གནས་དུས་ཀྱི་རྗེས་སུ་འགྲོ་བའི་དོན་ལ་ཆགས་ཐོགས་མེད་པར་འཇུག་པའི་སྐུ་ཡི་ཕྲིན་ལས་བསམ་གྱིས་མི་ཁྱབ་པ་སྣང་བ་བཞིན་དུ་མཚན་ཡང་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་དུ་འཇམ་དཔལ་དབྱངས་ལ་དཔེར་མཚོན་ན། གང་ལ་བརྟེན་ན་འཆད་རྩོད་རྩོམ་གསུམ་ལ་སོགས་པར་འཇིགས་པ་མེད་པའི་སྤོབས་པའི་གཏེར་ཆེན་པོ་བརྒྱད་ལ་མངའ་དབང་འབྱོར་བར་བྱེད་པས་འཇམ་དཔལ་སྨྲ་བའི་སེང་གེ། སྨྲ་བའི་དབང་ཕྱུག །སྨྲ་བའི་ལྷ་མཆོག །སྐྱེ་འཆི་བགྲེས་རྒུད་དང་བྲལ་བའི་མཚན་དཔེའི་གཟི་བྱིན་གྱི་སྐུ་མངའ་བས་འཇམ་དཔལ་གཞོན་ནུ། སྐྱེ་འགག་གནས་གསུམ་ལ་སོགས་པའི་དུས་ཀྱི་དགྲ་བོ་འཇོམས་པས་འཇམ་དཔལ་གཤིན་རྗེ་གཤེད། དེ་བཞིན་དུ་འཕགས་མཆོག་སྤྱན་རས་གཟིགས་ཡུལ་དག་པ་ཆོས་ཀྱི་དབྱིངས་ཀྱི་ལྷ་ལ་སྦྱར་ན་ལོ་ཀེ་ཤྭ་ར་སྟེ་འཇིག་རྟེན་དབང་ཕྱུག་ལ་སོགས་པ་དང་། ཡུལ་ཅན་དག་པ་ཕུང་པོ་ལྔ་དང་སྣང་གྲགས་རིག་གསུམ་ལ་སོགས་ལྷ་སྔགས་ཆོས་ཉིད་དུ་རོལ་པའི་རྣལ་འབྱོར་པའི་ཉམས་ལེན་ལ་སྦྱར་ན་ཐོག་མཐའ་བར་གསུམ་དུ་དགེ་བའི་གཏམ་ལས་འདི་སྐད་གསུངས་ཏེ། གཟུགས་ཕུང་ཡེ་སྟོང་སྐྱེ་མེད་ནམ་མཁའི་ངང་། །སྟོང་ཉིད་རིག་པའི་ཐིག་

ལེ་སྤྱན་རས་གཟིགས། །འཕགས་པ་ནམ་མཁའི་རྒྱལ་པོ་ལོགས་ན་མེད། །སྟོང་ཉིད་ལྟ་བའི་ངང་ནས་ཡིག་དྲུག་སྒྲོངས། །ཚོར་བ་ཡུལ་སེམས་གཉིས་སྦྲེལ་འཆིང་བའི་ཞགས། །མཉམ་ཉིད་གཉིས་མེད་རྟོགས་ན་སྤྱན་རས་གཟིགས། །འཕག་པ་དོན་ཡོད་ཞགས་པ་ལོགས་ན་མེད། །རོ་མཉམ་རྟོགས་པའི་ངང་ནས་ཡིག་དྲུག་སྒྲོང་། །འདུ་ཤེས་མཚན་མར་འཛིན་པ་འཁྲུལ་པའི་བློ། །འགྲོ་ཀུན་སྙིང་རྗེས་འཛིན་ན་སྤྱན་རས་གཟིགས། ། འཕགས་མཆོག་འཁོར་བ་དོང་སྤྲུགས་ལོགས་ན་མེད། །དམིགས་མེད་སྙིང་རྗེའི་ངང་ནས་ཡིག་དྲུག་སྒྲོང། །འདུ་བྱེད་འཁོར་བའི་ལས་ཀྱིས་རིགས་དྲུག་འཁོར། །སྲིད་ཞི་མཉམ་ཉིད་རྟོགས་ན་སྤྱན་རས་གཟིག། །འགྲོ་འདུལ་ཐུགས་རྗེ་ཆེན་པོ་ལོགས་ན་མེད། །གཞན་ཕན་རོ་གཅིག་ངང་ནས་ཡིག་དྲུག་སྒྲོངས་། །རྣམ་ཤེས་སེམས་ཀྱི་རང་བཞིན་ཚོགས་བརྒྱད་ཆ། །སེམས་ཉིད་ཆོས་སྐུར་རྟོགས་ན་སྤྱན་རས་གཟིག་། །འཕགས་མཆོག་རྒྱལ་བ་རྒྱ་མཚོ་ལོགས་ན་མེད། །རང་སེམས་སངས་རྒྱས་ཤེས་པས་ཡིག་དྲུག་སྒྲོངས། །ལུས་སྣང་གདོས་བཅས་འཛིན་པ་འཆིང་བའི་རྒྱུ། །སྣང་སྟོང་ལྷ་རུ་ཤེས་པ་སྤྱན་རས་གཟིགས། །འཕགས་མཆོག་ཁ་སརྤ་ཎི་ལོགས་ན་མེད། །སྣང་སྟོང་ལྷ་སྐུའི་

ངང་ནས་ཡིག་དྲུག་སྒྲོངས། །ངག་སྣང་བརྗོད་པའི་སྒྲ་རྟོག་འཁྲུལ་པའི་རྒྱུ། །གྲགས་སྟོང་སྔགས་སུ་ཤེས་ན་སྤྱན་རས་གཟིགས། །འཕགས་མཆོག་སེངྒེ་སྒྲ་ཞེས་ལོགས་ན་མེད། །སྒྲ་གྲགས་སྔགས་སུ་ཤེས་པས་ཡིག་དྲུག་སྒྲོངས། །སེམས་སྣང་བདེན་ཞེན་འཁྲུལ་པ་འཁོར་བའི་རྒྱུ། །རྟོག་བྲལ་གཤིས་ལ་བཞག་ན་སྤྱན་རས་གཟིགས། ། འཕགས་མཆོག་སེམས་ཉིད་ངལ་བསོ་ལོགས་ན་མེད། །སེམས་ཉིད་ཆོས་སྐུའི་ངང་ནས་ཡིག་དྲུག་སྒྲོངས།།སྣང་སྲིད་ཡེ་ནས་དག་པ་ཆོས་སྐུའི་ངང་། །ཆོས་སྐུའི་རང་ཞལ་མཇལ་ན་སྤྱན་རས་གཟིགས། འཕགས་མཆོག་འཇིག་རྟེན་དབང་ཕྱུག་ལོགས་ན་མེད། །དག་པ་རབ་འབྱམས་ངང་ནས་ཡིག་དྲུག་སྒྲོངས་། །ཞེས་སོགས་གསུངས་པ་ལ་དད་པ་བསྐྱེད་པར་བྱས་ན་འགལ་འདུའི་ཕུང་པོ་ནམ་ཡང་རྙེད་པ་མིན་ནོ། །ཕྱག་ན་རྡོ་རྗེ་ལ་དཔེར་མཚོན་ན་ཐེག་པ་ཆེན་པོའི་ཉེ་བའི་སྲས་ཆེན་བརྒྱད་ཀྱི་ནང་ཚན་སྐབས་མཐུ་ཆེན་ཐོབ་དང་། ལག་ན་རྡོ་རྗེ་ལ་སོགས་པ་དང་། གསང་སྔགས་ཀྱི་བསྟན་པའི་བདག་པོའམ་བསྡུ་བ་མཛད་པའི་སྐབས་སུ་གསང་བའི་བདག་པོ་དང་། རིག་འཛིན་རྡོ་རྗེ་ཆོས་ལ་སོགས་ངོ་བོ་སངས་རྒྱས་སམ་སངས་རྒྱས་ཀྱི་སྤྲུལ་གཞི་

འཕགས་པའི་གང་ཟག་གཅིག་ལ་སྐུའི་བཀོད་པ་དང་མཚན་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་མདོ་རྒྱུད་བསྟན་བཅོས་སྒྲུབ་ཐབས་རྣམས་ལས་གསུངས་སོ། །དེ་བཞིན་དུ་ཨོ་རྒྱན་ཆེན་པོའི་སྐུ་གཅིག་ལ་རྣམ་འཕྲུལ་མཚན་བརྒྱད་དང་། འཕྲུལ་མཚན་ཉི་ཤུ། བྱེ་བ་ཕྲག་བརྒྱ་ལ་སོགས་བྱོན་དང་འབྱོན་འགྱུར་གྱི་སྐུ་དང་ཞིང་ཁམས་ཀྱི་མཚན་མི་འདྲ་བ་བསམ་གྱིས་མི་ཁྱབ་བོ། །ཆོས་ལ་རྒྱུ་མཚན་ཤེས་ཤིང་། དད་པ་དང་ལྡན་པའི་མཁས་གྲུབ་གོང་མ་རྣམས་ནས། མདའ་རྒྱང་གང་གི་མཚོ་ནང་དུ༔ པདྨའི་སྟེང་དུ་བསིལ་བསིལ་འདྲ༔ པདྨའི་ནང་ན་དགོངས་པ་མཛད༔ མཚན་ཡང་པདྨ་འབྱུང་གནས་ཞེས༔ རྫོགས་པའི་སངས་རྒྱས་དངོས་སུ་བྱོན༔ དེ་འདྲའི་སྤྲུལ་སྐུ་ཡ་མཚན་ཅན༔ ཞེས་དང་། དམ་པ་ཆོས་ཀྱི་བསྟན་པ་ནི༔ རྒྱལ་མཚན་ལྟ་བུར་བཙུག་པའི་ཚེ༔ བསམ་ཡས་མ་བཞེངས་ལྷུན་གྱིས་གྲུབ༔ རྒྱལ་པོའི་དགོངས་པ་མཐར་ཕྱིན་མཛད༔ སྐྱེས་མཆོག་གསུམ་གྱི་མཚན་ཡང་གསོལ༔ གཅིག་ནི་པདྨ་འབྱུང་གནས་ཞེས༔ གཅིག་ནི་པདྨ་སམྦྷ་ཝ༔ གཅིག་ནི་མཚོ་སྐྱེས་རྡོ་རྗེ་ཞེས༔ གསང་མཚན་རྡོ་རྗེ་དྲག་པོ་རྩལ༔ ཞེས་པ་ལ་སོགས་གསོལ་བ་འདེབས་དང་འདེབས་བཞིན་པ་ཡིན་པས། དེས་ན་ས་

སྐྱ་པཎ་ཆེན་ཀུན་དགའ་རྒྱལ་མཚན་དཔལ་བཟང་པོས། མཁས་པ་རང་གིས་དཔྱོད་ཤེས་ཀྱིས། །བླུན་པོ་གྲགས་པའི་རྗེས་སུ་འབྲངས། །ཁྱི་ངན་ཀུ་ཅོ་འདོན་པ་ ན༑ ༑རྒྱུ་མཚན་མེད་པར་གཞན་རྗེས་ཟློ། །ཞེས་གསུངས་པ་ལ་དྲན་པ་ཉེ་བར་བཞག་ན་དགའོ།། །། ༈ །ཡང་གཏེར་སྟོན་དགེ་སློང་ཡིན་པ་རིག་འཛིན་འཇའ་ཚོན་སྙིང་པོ་ ཙམ་མོ་ཞེས་དེང་གི་དུས་སུ་མཁས་པ་དང་བཙུན་པའི་ཡོན་ཏན་གྱི་འཁུར་བཞེས་པ་འགའ་ནས་གསལ་བསྒྲགས་གནང་བ་ཐོས་པས་དེ་ལྟ་ཉིད་དུ་བདེན་ན། སྟོན་པ་ཐམས་ཅད་མཁྱེན་པས་གང་ ཟག་གི་ཚོད་ང་དང་ང་འདྲ་བས་མ་གཏོགས་གཟུང་དུ་མི་རུང་ངོ་ཞེས་དང་། འདུས་མ་བྱས་ཀྱིས་ཕྱེ་བ་ནི་འཕགས་པའི་གང་ཟག་གོ་ཞེས་གསུངས་པས་རིག་འཛིན་འཇའ་ཚོན་སྙིངཔོ་སངས་ རྒྱས་སྣང་བ་མཐའ་ཡས་ཨོ་རྒྱན་ཆེན་པོའི་གཟུགས་སུ་སྤྲུལ་པའི་སྤྲུལ་པ་ཞིག་ཡིན་པས་སོ་སྐྱེའི་དགེ་སྦྱོང་ཕལ་པ་ཚུལ་ཁྲིམས་མཆོག་འཛིན་གྱི་ལྟ་བ་ལ་ཞེན་པའི་གང་ཟག་ཅིག་ཏུ་ངོས་འཛིན་པ་ ནི་གཏན་ནས་མི་རུང་སྙམ་ཞིང་། སློབ་པ་ལམ་ལ་གནས་པའི་རྣལ་འབྱོར་པ་རྟེན་དགེ་བསྙེན་ནམ་དགེ་ཚུལ་ལམ་དགེ་སློང་ཞིག་ཡིན་དུ་ཆུག་ཀྱང་། མྱུར་ལམ་རྡོ་རྗེའི་ཐེག་པ་ལ་ཁ་ཙམ་མིན་

པའི་དད་པ་དམ་ཚིག་དང་ལྡན་པ་ཞིག་ཡིན་དགོས་པ་ནི་སློབ་དཔོན་ཆེན་པོས། བསྟན་པ་འདི་ལ་དལ་འབྱོར་གྱི་མི་ལུས་ཐོབ༔ གསང་སྔགས་ཀྱི་སྒོར་ཞུགས༔ ཚེ་འདི་ལ་བྱང་ཆུབ་ཐོབ་པར་འདོད་པ་རྣམས་ཀྱིས༔ རྩ་བ་དང་ཡན་ལག་གི་དམ་ཚིག་གཙང་མ་བསྲུང་བ་གལ་ཆེ༔ དེ་མ་བསྲུང་ན་འཚོ་བྱེད་ཀྱི་སྨན་བཙལ་བས་རེག་ཕུང་གི་དུག་དང་འཕྲད་པ་ལྟ་བུའོ༔ དམ་ཚིག་བསྲུང་བ་ལ་དད་པ་དང་བརྩོན་འགྲུས་ཤེས་རབ་གསུམ་ཚང་དགོས༔ དད་པ་མེད་ན་གསང་སྔགས་ཀྱི་སྣོད་དུ་མི་རུང་༔ བརྩོན་འགྲུས་མེད་ན་ལེ་ལོ་ཅན་ཐ་མལ་དུ་འཆོར༔ ཤེས་རབ་མེད་ན་གསང་སྔགས་ཀྱི་ལྟ་སྤྱོད་ཟབ་མོ་དབྱེ་མི་ཤེས༔ གསང་སྔགས་ནི་འགྲོ་བ་དད་གུས་ཅན་གྱི་དོན་དུ་བྱོན་པ་ཡིན༔ ཅེས་གསུངས་པས། གསང་སྔགས་ནང་པའི་མཚན་བཅས་བསྐྱེད་རིམ་དང་རྫོགས་རིམ་ལ་བརྟེན་ནས་གཞི་ལ་བཞུགས་པའི་བདེ་སྟོང་དབྱེར་མེད་ཕྱག་རྒྱ་ཆེན་པོའི་གོ་འཕང་མངོན་དུ་བྱ་བར་འདོད་པ་དག་གིས་ཕྱི་དངོས་རིག་ལས་ཀྱི་ཕྱག་རྒྱ། ནང་ཡིད་རིག་ཆོས་ཀྱི་ཕྱག་རྒྱ། གཏུམ་མོ་དམ་ཚིག་གི་ཕྱག་རྒྱ་སྟེ་རང་ཉིད་ཀྱི་ཁམས་སམ་དབང་པོ་དང་འཚམས་པ་ལ་བརྟེན་ནས་སྡོམ་གསུམ་ངོ་བོ་གཅིག་ཏུ་བསྒྲུབ་པའམ་ངོ་བོ་གནས་འགྱུར། ཡོན་ཏན་ཡར་

ལྡན། གནད་ཀྱིས་མི་འགལ་བའི་དོན་གང་ཞིག་གི་རྗེས་སུ་འབྲང་ཡང་ཇི་བཞིན་དུ་རྟོགས་ཏེ་ཉམས་སུ་བླངས་པ་ཡིན་ན་གསུམ་ལྡན་རྡོ་རྗེ་འཛིན་པར་འགྱུར་བར་གསུངས་ཏེ་འབུམ་ཕྲག་ལྔ་པའི་རྒྱུད་ལས། རྡོ་ཡི་རིགས་ཀྱི་བྱེ་བྲག་ཅིག །བཞུ་བས་ལྕགས་དང་ཟངས་དངུལ་འབྱུང་། །གསེར་འགྱུར་རྩི་ཡི་དངོས་པོ་ཡིས། །ཀུན་ཀྱང་གསེར་དུ་སྒྱུར་བར་བྱེད། །དེ་བཞིན་སེམས་ཀྱི་བྱེ་བྲག་གིས། །རིགས་ཅན་གསུམ་གྱི་སྡོམ་པ་ཡང་། །དཀྱིལ་འཁོར་ཆེན་པོ་འདིར་ཞུགས་ན། །རྡོ་རྗེ་འཛིན་པ་ཞེས་བྱའོ། །ཞེས་གསུངས་པས་ཕྱག་རྒྱ་རྣམ་བཞིའི་རྣལ་འབྱོར་ཟབ་མོ་ལ་བརྟེན་ནས་འབྲས་བུ་སངས་རྒྱས་ཀུན་དང་དབྱེར་མེད་མཉམ་པ་ཉིད་དུ་སྦྱོར་བ་ཡིན་འདུག་པས་སངས་རྒྱས་ཀུན་དང་མཉམ་པར་སྦྱོར། །ཞེས་གསུངས་པ་འདྲའོ། །གཟུགས་ལའང་རྣམ་པ་རིགས་བྱེད་ཀྱི་གཟུགས་དང་། རྣམ་པ་རིགས་བྱེད་མིན་པའི་གཟུགས་སོགས་གསུངས་པས་གང་ལ་སྡོམ་པ་ལྡན་མི་ལྡན་པའི་ཁ་མཚོན་གཅོད་པའང་ཐལ་ཆེས་སམ་སྙམ་ཞིང་། སྔོན་བོད་དུ་མངའ་རིས་རྒྱལ་བརྒྱུད་ཀྱི་སྐབས་སུ། གླང་རངས་བོང་རངས་བས་ནི་འདོད་ཆགས་ཆེ། །ཁང་རུལ་བུར་གོག་བས་ནི་སྒྱུར་དད་ཆེ། །ཞེས་སྔགས་ལོག་

སུན་འབྱིན་གྱི་སྐབས་ན་ཇོ་བོ་རྗེ་དང་ལོ་ཆེན་རིན་ཆེན་བཟང་པོ་ཞལ་འཛོམ་སྟེ་བསྟན་པ་ཕྱི་དར་གྱི་འགོ་ཚུགས་ཤིང་། ཇོ་བོ་རྗེ་ནས། གསང་དབང་དང་ཤེས་རབ་ཡེ་ཤེས་ཀྱི་དབང་ཚངས་པར་སྤྱོད་པས་བླང་བར་མི་བྱ་བར་གསུངས་པ་སོགས་སྐབས་དེའི་གནས་དུས་དང་གདུལ་བྱ་གང་ལ་གང་འདུལ་གྱི་དབང་པོ་དང་འཚམས་པའི་ཆོས་གསུངས་པ་བདེན་དུ་ཆུག་ཀྱང་། རྣམ་པ་ཐམས་ཅད་ནས་ཐམས་ཅད་དུ་མཐར་འཛིན་གྱི་ལྟ་བས་དམ་པ་གོང་མའི་གསུང་དངོས་པོ་དང་རྟག་བརྟན་ཐེར་ཟུག་ཏུ་བསྒྱུར་ཏེ་གོ་དོན་ལོག་པར་བསྒྲུབ་པ་ནི་མི་རུང་སྙམ་སྟེ། ཇོ་བོ་རྗེ་རང་ཉིད་ནས་ཀྱང་གསང་སྔགས་བླ་མེད་ཀྱི་རྒྱུད་སྡེ་ཞལ་གྱིས་གཞེས་ཤིང་གཞན་ལའང་སྟོན་པར་གྲགས་པས། དེའི་ཕྱིར་ན་དགེ་སློང་གསར་བུ་བ་རྣམས་ནས། གང་ཞིག་ཆོས་འདི་ཐོས་ནས་རྒྱགས་བྱེད་ཅིང་། །ཆོས་མ་ཡིན་པ་ཐོས་ནས་ཁོང་ཁྲོ་བ། །ང་རྒྱལ་རྒྱགས་པས་བཅོམ་ནས་ལོག་པ་ཡི། །ང་རྒྱལ་དབང་གིས་སྡུག་བསྔལ་མྱོང་བར་འགྱུར། །ཞེས་དང་། འདུལ་བ་ལུང་ལས། གང་ཞིག་རབ་ཏུ་བྱུང་ཡང་ཡོན་ཏན་སྣོད་མ་གྱུར། །སྐྲ་དང་ཁ་སྤུ་བྲེགས་ཀྱང་དགེ་སྦྱོང་ཚུལ་མ་ཞུགས། །རབ་བྱུང་དེ་ནི་རབ་བྱུང་མ་ཡིན་ཁྱིམ་པའང་མིན། །ཆུ་མེད་ཁྲོན་པའམ་རི་མོའི་མར་

མེ་བཞིན། །ཞེས་གསུངས་པ་ལའང་རྟོག་དཔྱོད་དགོས་སོ་སྙམ་མོ། །སྔ་འགྱུར་བའི་སྡོམ་པའི་ཆུ་འགོ་སློབ་དཔོན་ཀླུ་སྒྲུབ་ལ་ཐུག་ཅིང་། ཀླུ་སྒྲུབ་ཀྱི་སྡོམ་པ་ བཞེས་ཡུལ་བདག་ཅག་གི་སྟོན་པ་རྒྱལ་སྲིད་མ་སྤངས་གོང་གི་སྲས་སྒྲ་གཅན་འཛིན་བཟང་པོ་ནཱ་ལེནྡྲའི་མཁན་པོ་གྲུབ་པའི་གོ་འཕང་ལ་གཤེགས་པ། ཁ་སང་ཕན་ཆད་དགེ་སློང་མིན། ། དེ་རིང་ཚུན་ཆད་དགེ་སློང་ཡིན། །ཧེ་རུ་ཀ་དཔལ་དགེ་སློང་མཆོག །ཅེས་མདའ་མཁན་གྱི་བུ་མོ་ཕྱག་རྒྱ་མར་བཞེས་པའི་རྗེས་སུ་ཀླུ་སྒྲུབ་རབ་ཏུ་བྱུང་བ་གྲུབ་ཆེན་ས་ར་ཧ་པ་སྟེ་བོད་ན་ཆགས་ སྡང་གི་དུཿཁའི་ཆང་གིས་རབ་ཏུ་མྱོས་པ་འགའ་ནས་སྔ་འགྱུར་རྙིང་མའི་སྡོམ་རྒྱུན་མ་དག་པ་ཡིན་ཚུལ་འཆལ་གཏམ་བསྒྲགས་པས་མཁས་དབང་བོད་སྤྲུལ་བསྟན་པའི་ཉི་མ་ནས། སྔ་འགྱུར་ བརྒྱུད་པའི་སྡོམ་རྒྱུན་ཀྱང་། །མ་དག་ཆུ་འགོ་ཀླུ་སྒྲུབ་ལོ། །དགེ་སློང་དཔལ་ལྡན་ཆེར་གྲགས་པ། །ཐུབ་པ་ཆེན་པོའི་ལུང་གིས་བསྔགས། །འཛམ་གླིང་མཛེས་པའི་རྒྱན་གཅིག་པུ། ། ཤིང་རྟ་ཆེན་པོ་ཀླུ་སྒྲུབ་རྗེར། །སྡོམ་མེད་མིང་གི་དགེ་སློང་དུ། །སྨྲ་བའི་སྤོབས་པ་དགེ་ལ་ལྟོས། །ཞེས་གསུངས་པའང་ཤིན་ཏུ་ཐུགས་མད་དོ། །ནང་ཉོན་མོངས་པའི་ཁ་བྲི་ཞིང་སེམས་དུལ་

བར་གྱུར་པ་ཡིན་ན་ཕྱི་ཚུལ་ཇི་ལྟར་སྣང་ཡང་བཟང་པོ་ཡིན་པ་འདྲ་སྟེ་སྟོན་པས། ང་ཡི་དགེ་སློང་ཇི་ལྟར་ཞན་ན་ཡང་། །སྐྱེ་བོ་ཕལ་པ་བརྒྱ་ཡིས་དོ་ཟླ་མིན། །ཅེས་གསུངས། དེ་བཞིན་དུ་ ཆོས་ལ་དབང་འབྱོར་བའི་འཕགས་པའི་གང་ཟག་ཡིན་ན་ལྟར་སྣང་འཇིག་རྟེན་པའི་སྣང་བ་ལ་མི་མཛེས་པ་ཞིག་ཡིན་ཀྱང་རུང་བ་འདྲ་སྟེ་ཡོན་ཏན་མཛོད་ལས། འཕགས་པའི་ཡུལ་གྱི་དབང་ ཕྱུག་ཕལ་མོ་ཆེ། །གདོལ་པ་གཡུང་པོ་སྡིག་སྤྱོད་ཕལ་པའི་ཚུལ། །ཉམས་པ་ལས་ཀྱང་ཤིན་ཏུ་ཉམས་པར་ཡོད། །རང་གི་ཉེར་ལེན་དབང་དུ་མ་གྱུར་པར། །འཁྲུལ་པ་བརྟག་པའི་ཉེས་པ་ ཚད་མེད་ཅིང་། །སྡེ་སྣོད་བཅུ་གཉིས་བློ་ལ་ཆུབ་པ་ཡི། །དགེ་སློང་སྐར་བཟང་སྡིག་པའི་མཐུས་བཏབ་ནས། །སྟོན་པའི་མཛད་པ་གཡོ་སྒྱུར་མཐོང་བའི་ཚུལ། །ལེགས་པར་བསམས་པས་ རང་གིས་རང་ཉིད་འཆོས། །ཞེས་གསུངས་ཤིང་། རྡོ་རྗེ་གདན་པས་ཀྱང་། དགེ་སློང་ལུས་ལ་ཕྱག་རྒྱ་བརྟེན། །ལྷོ་ནུབ་སྲིན་པོའི་ཁ་གནོན་མཛད། །པདྨ་འབྱུང་གནས་ཞེས་བྱ་བའི། ། སྐྱེས་བུ་དེ་ལ་ཕྱག་འཚལ་ལོ། །ཞེས་མངོན་པར་བསྟོད་པར་མཛད་དོ། །དེ་ཡང་། དུས་གསུམ་སངས་རྒྱས་མངལ་སྒོ་འགྲིམས༔ ཞེས་གསུངས་པ་ལ་ཨོ་རྒྱན་རིན་པོ་ཆེ་པདྨ་ལས་

འཁྲུངས་པ་དང་། འཇའ་ལུས་རྡོ་རྗེའི་སྐུ་བརྙེས་པ་འགལ་འདུ་མ་ཡིན་ཏེ། སངས་རྒྱས་སྤྲུལ་པའི་སྐུའི་ཡོན་ཏན་གྱི་མཚན་ཉིད་གནས་དུས་དང་འཚམས་པའི་འགྲོ་བ་གང་ལ་གང་འདུལ་གྱི་རོལ་པ་མཐའ་གཅིག་ཏུ་ངོས་གཟུང་མེད་པར་རིམ་དང་ཅིག་ཅར་གྱི་ཚུལ་དུ་ཐོགས་པ་མེད་པར་སྣང་བར་གསུངས་པས་རྗེ་བཙུན་ཏཱ་ར་ན་ཐའི་གསུངས་ཨོ་རྒྱན་རིན་པོ་ཆེ་མངལ་སྐྱེས་སུ་བསྒྲུབས་པའི་རྣམ་ཐར་ཀྱང་མངོན་པར་བསྟོད་པའི་ཡུལ་ཡིན་ནོ་སྙམ་མོ།། །། ༈ །ད་ནི་དོན་རྣམ་པར་ངེས་པའི་ཤེས་རབ་རལ་གྲི་ལས། གྲུབ་མཐའ་འཁྲུལ་པ་ལྡན་པ་མིན། །ནོར་བ་ཐམས་ཅད་རྣམ་པར་སྤངས། །དོན་གསུམ་ཐེ་ཚོམ་མེད་པའི་བློ། །འཇམ་དཔལ་མཁྱེན་པའི་གཏེར་ལ་འདུད། །ཞེས་གསུངས་པའི་ཚུལ་དེར་གུས་ཕྱག་གིས་བཏུད་ཏེ། འདི་ཉིད་བརྗོད་པར་བྱ་སྟེ། ཤེས་བྱའི་སྒྲིབ་པ་བག་ཆགས་དང་བཅས་པ་ཡོངས་སུ་དག་པ་སངས་རྒྱས་ཀྱི་ཐུགས་གཉིས་སུ་མེད་པའི་ཡེ་ཤེས་ཀྱི་རང་ངོ་ན་ཡུལ་ཅན་གདུལ་བྱ་རང་མཚན་པ་མི་མངའ་བས་འདུལ་བྱེད་ཀྱི་ཆོས་ལོགས་སུ་རིལ་བུར་གྲུབ་པའམ་རྫས་སུ་རང་མཚན་པར་གྲུབ་པ་ཞིག་གསུང་དུ་མི་མངའ་ཡང་། འགྲོ་བ་རང་རང་གི་ཀུན་རྟོག་

བསམ་པའི་བྱེ་བྲག་གི་རྗེས་སུ་འགྲོ་བའི་ལྷ་ཡི་སྐད་དང་ཀླུ་དང་གནོད་སྦྱིན་སྐད། །གྲུལ་བུམ་དག་དང་མི་ཡི་སྐད་རྣམས་དང་། །འགྲོ་བ་ཀུན་གྱི་སྒྲ་རྣམས་ཇི་ཙམ་བར། །ཐམས་ཅད་སྐད་དུ་ བདག་གིས་ཆོས་བསྟན་ཏོ། །ཞེས་གསུངས་པ་ལྟར་གང་ན་གནས་དུས་རིས་སུ་ཆད་པའི་འགྲོ་བའི་གནས་རིས་ཀྱི་སྣང་བ་གང་དུ་འཆར་བ་དེ་ག་ཉིད་དུ་འཕྲལ་ཡུན་ཕན་པ་དང་བདེ་བ་སྟེར་བའི་ དམ་པའི་ཆོས་ཀྱི་སྣང་བ་འགོག་མེད་དུ་འཆར་བ་རྟེན་ཅིང་འབྲེལ་འབྱུང་གི་ཆོས་ཉིད་ཟབ་མོ་ཡིན་པས། དེའི་ཕྱིར་བསྐལ་པ་བཟང་པོ་ཞེས་གང་དུ་སངས་རྒྱས་རྣམས་བྱོན་ཅིང་། བསྟན་པ་དར་ བའི་གནས་དང་དུས་བྱུང་སྟེ། ཇི་ལྟར་ན་མི་རྣམས་ཚེ་ལོ་བཞི་ཁྲི་ཐུབ་པའི་དུས་སུ་སངས་རྒྱས་འཁོར་བ་འཇིག་དང་། ཚེ་ལོ་སུམ་ཁྲི་ཐུབ་པའི་དུས་སུ་སངསརྒྱས་གསེར་ཐུབ། ཚེ་ལོ་ཉི་ཁྲི་ ཐུབ་པའི་དུས་སུ་སངས་རྒྱསའོད་སྲུང་། ཚེ་ལོ་བརྒྱ་ཐུབ་པའི་དུས་སུ་བདག་ཅག་གི་རྣམ་འདྲེན་བཞི་པ་སངས་རྒྱས་ཤཱཀྱ་ཐུབ་པ་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བ་དང་། མ་འོངས་པར་རྣམ་ འདྲེན་ལྔ་པ་རྒྱལ་བ་བྱམས་པ་བྱོན་ཏེ་ཆོས་ཀྱི་འཁོར་ལ་བསྐོར་བ་དང་། དེ་ནས་རིམ་བཞིན་སངས་རྒྱས་གཞན་རྣམས་བྱོན་ཏེ་ཆོས་ཀྱི་འཁོར་ལོས་བསྐོར་ཞིང་། ཀུན་གྱི་མཐའ་མར་སངས་རྒྱས་


དེ་དག་ཀུན་གྱི་སྐུ་ཚེ་དང་མཛད་པ་ཕྲིན་ལས་བསྟན་པའི་གནས་ཚད་དང་བཅས་པ་གཅིག་ཏུ་བཟླུམས་པ་སངས་རྒྱས་སྣང་མཛད་དམ་བདེ་གཤེགས་མོས་པ་མཐའ་ཡས་བྱོན་ཏེ་ཆོས་ཀྱི་འཁོར་ལོ་བསྐོར་བར་འགྱུར་བས་དཀར་པོ་དགེ་བའི་ཕྱོགས་ལ་སྣང་བ་དཀར་བའི་ལྷ་རྣམས་ཀྱིས་ཨ་ལ་ལ་སྐལ་པ་བཟང་པོའོ་ཞེས་ཡོངས་སུ་བསྒྲགས་སོ། །དེ་ཡང་སངས་རྒྱས་ཀྱིས། ཆོས་རྣམས་ཐམས་ཅད་རྐྱེན་ཡིན་ཏེ། །འདུན་པའི་རྩེ་ལ་རབ་ཏུ་གནས། །གང་གིས་སྨོན་ལམ་ཅི་བཏབ་པ། །དེ་ནི་དེ་བཞིན་ཉིད་དུ་འགྲུབ། །ཅེས་ཆོས་ཐམས་ཅད་སེམས་ཀྱིས་བྱས་པར་གསུངས་ཏེ་དེའི་ཕྱིར་ཆོས་དང་འཇིག་རྟེན་ཤེས་པའི་བསྟན་བཅོས་གདོལ་པའི་གཏམ་དྲང་སྲོང་ཐར་པའི་ཐེམ་སྐས་ལས། དགེ་བ་སེམས་ཀྱི་རྣམ་རྟོག་སྟེ། །སྡིག་ཀྱང་སེམས་ཀྱི་རྣམ་རྟོག་ཡིན། །དགེ་སྡིག་ཕྱི་ན་མེད་ངེས་ཀྱི། །དགེ་སྡིག་སེམས་ཀྱི་སྟེང་དུ་འཚོལ། །སེམས་འདི་དགེ་ན་ལུས་དང་ངག་ཀྱང་དགེ། །སེམས་འདི་སྡིག་ན་ལུས་དང་ངག་ཀྱང་སྡིག །དེ་ཕྱིར་ཆོས་ཀུན་རྩ་བ་སེམས་ཡིན་ཅེས། །སེམས་ཀྱི་འདུལ་ཐབས་ཐུབ་པ་མཆོག་གིས་གསུངས། །ཞེས་གསུངས། དེ་ལྟ་ཡིན་མོད་ཐོག་མེད་ནས་གོམས་པའི་གཉིས་སྣང་འཁོར་

བའི་བག་ཆགས་ནི་མཐུ་བཙན་པས་སེམས་ཞི་ཞིང་དུལ་བར་གྱུར་པའི་གོ་སྐབས་ནམ་ཡང་རྙེད་པར་དཀའོ་སྙམ་ན་དེ་ལྟར་མ་ཡིན་ཏེ། ནང་པ་སངས་རྒྱས་པའི་ཆོས་ལ་ལས་འབྲས་དང་དཀོན་མཆོག་ལ་ཡིད་ཆེས་ནས་དགེ་སྡིག་བླང་དོར་ལ་འབད་ན་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་མཐུ་ཆུང་བར་གྱུར་ཏེ་ལྷ་དང་མི་ཡི་བདེ་སྐྱིད་ལ་སྐྱེ་བ་ནས་སྐྱེ་བ་མང་པོར་སྤྱོད་དུ་ཡོད་པ་མངོན་མཐོ་ལྷ་མིའི་གོ་འཕང་ཐོབ་ཏུ་ཡོད་པ་དང་། འདི་ལྟར་ཐུན་མོང་ཉན་རང་གི་གྲུབ་མཐའ་ལ་ཁམས་གསུམ་འཁོར་བའི་སྡུག་བསྔལ་ཤེས་པར་བྱ་བ། སྡུག་བསྔལ་གྱི་རྒྱུ་ཉོན་མོངས་དང་ལས་ཏེ་ཀུན་འབྱུང་སྤང་བར་བྱ་བ། འཁོར་བ་ནས་ཐར་པའི་ཐབས་ལུང་དང་རྟོགས་པའི་ཆོས་ཏེ་ལམ་རྒྱུད་ལ་བརྟེན་པར་བྱ་བ། སྡུག་བསྔལ་ཀྱི་རྒྱུ་དང་འབྲས་བུ་ཞི་བར་བྱེད་པ་འགོག་པ་མངོན་དུ་བྱ་བ་སྟེ་བདེན་པ་བཞིའི་དོན་གཏན་ལ་ཕབ་སྟེ་རང་དོན་ཞི་བདེ་མངོན་དུ་བྱ་བ། ཐེག་པ་ཆེན་པོའི་ལུགས་སུ་མདོ་སྡེ་རྒྱན་ལས། རྫོགས་པའི་སངས་རྒྱས་རབ་མཉེས་བྱས། །བསོད་ནམས་ཡེ་ཤེས་ཚོགས་རབ་བསགས། །ཆོས་ལ་མི་རྟོག་ཡེ་ཤེས་ནི། །སྐྱེས་ཕྱིར་དེ་ནི་དམ་པར་འདོད། །ཅེས་གསུངས་པས་ཆོས་ཅན་ཡང་དག་ཀུན་རྫོབ་བདེན་པ་དང་། ཆོས་ཉིད་དོན་དམ་པའི་བདེན་པ་

གཉིས་གཏན་ལ་ཕབ་ནས་ཆོས་ཐམས་ཅད་སྣང་ལ་རང་བཞིན་གྱིས་མ་གྲུབ་པ་སྒྱུ་མ་ལྟ་བུར་ལྟ་བའི་ངང་ནས་སེམས་ཅན་སྒྱུ་མ་ལྟ་བུ་རྣམས་ལ་དམིགས་ཏེ། སྦྱིན་པའི་གཡབ་མོས་ལེགས་བོས་ཏེ། །སྙན་པར་སྨྲ་བའི་ཚིག་གིས་བསུ། །དོན་སྤྱོད་པ་ཡིས་བག་ཕབས་ཏེ། །དོན་མཐུན་གྲོས་ཆེན་གདབ་པར་བྱ། །ཞེས་གསུངས་པ་བཞིན་བསྡུ་བའི་ དངོས་པོ་བཞི་དང་། བྱམས་པ་སྙིང་རྗེ་དགའ་བ་བཏང་སྙོམས་ཏེ་སྨོན་པ་ཚད་མེད་བཞི་དང་། སྦྱིན་པ་ཚུལ་ཁྲིམས་བཟོད་པ་བརྩོན་འགྲུས་བསམ་གཏན་ཤེས་རབ་སྟེ་འཇུག་པ་ཕ་རོལ་ཏུ་ཕྱིན་པ་ དྲུག་གི་སྒོ་ནས་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཀྱི་གོ་འཕང་མངོན་དུ་བྱ་བ། ཁྱད་པར་དུ་ཚུལ་གསུམ་སྒྲོན་མེ་ལས། དོན་གཅིག་ན་ཡང་མ་རྨོངས་དང་། །ཐབས་མང་དཀའ་བ་ མེད་པ་དང་། །དབང་པོ་རྣོན་པོའི་དབང་བྱས་པས། །སྔགས་ཀྱི་ཐེག་པ་ཁྱད་པར་འཕགས། །ཞེས་འབྱུང་བ་བཞིན་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་དོ༷ན་དུ་གཉེར་བར་གཅི༷ག་ན༷་ཡ༷ང་། འཇུག་སྒོ་དབང་གིས་སྨིན་པར་བྱས་ནས་ཉམས་ལེན་དངོས་གཞི་ལ་ལུས་ལྷ་ངག་སྔགས་སེམས་ཆོས་ཉིད་ཀྱི་སྣང་བ་ལ་བརྟེན་པས་རྒྱུའི་ཐེག་པ་ལས་ཆེས་འཕགས་པ་ཐབས་ཀྱི་ཆ་ལ་མ༷་རྨོ༷ངས་

པའི་ཁྱད་པར། དེ་ཡང་བྱ་བའི་རྒྱུད་དང་སྤྱོད་པའི་རྒྱུད་དང་རྣལ་འབྱོར་གྱི་རྒྱུད་དང་རྣལ་འབྱོར་ཆེན་པོའི་རྒྱུད་ལ་སོགས་རང་ཉིད་གང་ལ་མོས་པའི་རྒྱུད་སྡེའི་ལྷ་དང་ལྷ་མོ་དེ་དང་དེ་དག་མོས་པ་ལྟར་བསྒྲུབ་ནས་མཆོག་ཐུན་གྱི་དངོས་གྲུབ་རང་གི་སྐལ་པ་དང་འཚམས་པ་ཐོབ་ཏུ་ཡོད་པས་ཐ༷བས་མ༷ང་བ་དང་། ཁྱད་པར་རྣལ་འབྱོར་བླ་ན་མེད་པའི་རྒྱུད་ལས་བསྐལ་པ་མང་པོར་ཚོགས་བསགས་སྒྲིབ་སྦྱོང་ལ་སོགས་དཀའ་བ་ཆེན་པོ་སྤྱད་ནས་དུས་ཡུན་རིང་མོ་ཞིག་གི་རྗེས་སུ་འབྲས་བུ་འཐོབ་ཏུ་རེ་བའི་རེ་སྒུག་ཆེན་པོས་འདོད་དོན་མྱུར་བར་མི་འགྲུབ་པའི་སྡུག་བསྔལ་ཡུན་རིང་མྱོང་མ་དགོས་པར་གསང་སྔགས་ཟབ་མོའི་ཆོས་ལ་ཐེ་ཚོམ་མེད་པས་འཇུག་ན་ངོ་བོ་ཡེ་དག་ཆོས་སྐུ་ཡེ་ཤེས་ཀྱི་རོལ་རྩལ་གཟུགས་སྐུ་རྣམ་པར་སྣང་མཛད་ཐམས་ཅད་པར་ཅིར་ཡང་འཆར་བས་འདོད་པའི་ཡོན་ཏན་དྲུག་ལ་ཐེག་པ་ཐུན་མོང་གི་དམ་ཚིག་དང་སྡོམ་པའི་བསླབ་བྱ་ལས་བཤད་པ་བཞིན་འཛེམ་གཟོན་གུ་དོགས་མ་དགོས་པར་སྤྱོད་པ་དུས་ཚོད་དང་འབྲེལ་བར་སྤྱད་དུ་ཆོག་པས་དཀ༷འ་བ༷་མེ༷ད་པ༷་དང་། ཐོག་མེད་ནས་བསགས་པའི་བག་ཆགས་འཐུག་པོའི་ཉེར་ལེན་གྱིས་ད་བར་བག་ཆགས་ཡོངས་སུ་དག་པའི་སངས་རྒྱས་རྣམས་དང་སྤྱོད་ཡུལ་མཉམ་པར་མ་གྱུར་

ཀྱང་། ད་རེས་གསང་སྔགས་བླ་ན་མེད་པའི་བསྟན་པ་དང་མཇལ་བའི་གོ་སྐབས་བཟང་པོ་ཐོབ་པའི་དུས་འདིར་ཡིད་གཉིས་མེད་པའི་དད་པས་ཉམས་སུ་བླངས་ན་ཐ་མལ་གྱི་ལུས་ལ་ལུས་སུ་མི་རྟོག་པར་ཡེ་ཤེས་ལྷ་ཡི་སྐུ་ཡི་སྣང་བ། ལས་རླུང་གིས་བསྐྱེད་པའི་ངག་གི་སྨྲ་བརྗོད་ལ་སྒྲ་རང་མཚན་པར་མི་རྟོག་པར་གསུང་གསང་སྔགས་ཀྱི་རང་སྒྲ། གཟུང་འཛིན་གྱི་སེམས་ལས་འཁྲུལ་པའི་རྣམ་རྟོག་ལུ་གུ་རྒྱུད་དུ་འཕྲོ་བ་ལ་དེ་ལ་དེར་འཛིན་གྱི་ཆགས་སྡང་གི་འཛིན་པ་མ་ཞུགས་པར་ཆོས་སྐུ་ངོ་བོ་སྟོང་པའི་ཡེ་ཤེས་ཀྱི་རོལ་རྩལ་དུ་རྟོགས་ཏེ། ད་ལྟ་ཉིད་ནས་འབྲས་བུ་སངས་རྒྱས་རྣམས་ཀྱི་སྤྱོད་ཡུལ་ལ་སྐལ་བ་མཉམ་པར་སྤྱོད་པ་མི་མཉམ་པ་དང་མཉམ་པར་སྤྱོད་པ་སྟེ་འབྲས་བུ་ལམ་བྱེད་གསང་སྔགས་བླ་ན་མེད་པ་ཡི་ཆོས་ལ་སྤྱོད་དུ་ཡོད་པ་ནི་སྐལ་བ་མཆོག་ཏུ་བཟང་བ་ཡིན་པས་དེའི་ཕྱིར་ཇི་སྐད་དུ། གསང་སྔགས་གསང་ཞེས་བྱ་བ་ནི། །སྔགས་ལ་སྐྱོན་ཡོད་མ་ཡིན་ཏེ། །སྣོད་མ་ཡིན་ལ་རབ་ཏུ་གསང་། །ཞེས་གསུངས་པས་གསང་སྔགས་ཟབ་མོའི་དོན་མ་རྟོགས་པ་དང་། ལོག་པར་རྟོག་པ་དང་། དབང་པོ་དམན་པ་དང་། རྒྱུ་སྔོན་དུ་སོང་སྟེ་འབྲས་བུ་ཕྱི་དུས་སུ་རེ་དགོས་པ་ཁོ་ན་ལ་ཡི་དམ་འཆའ་

བའི་གང་ཟག་རྣམས་ངན་སོང་གི་རྒྱུ་དང་འབྲས་བུ་ལ་མི་འཕྱན་པའི་སླད་དུ་སྦས་པའི་གསང་བ་རྒྱུད་ལས་ཇི་སྐད་གསུངས་པ་ལྟར་ཚུལ་བཞིན་བསྲུངས་ཏེ། ཡེ་ནས་གསང་བ། རང་བཞིན་གྱིས་གསང་བ། ངོ་བོ་ཉིད་ཀྱིས་རབ་ཏུ་གསང་བ་ལ་ཐེ་ཚོམ་གྱི་སྨག་དང་བྲལ་བའི་གདེང་བསྐྱེད་དེ་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཉམས་སུ་བླངས་ནས་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ཐམས་ཅད་བདེ་བར་འཆར་བའི་སྣང་བ་གནས་འགྱུར་གྱི་ཡོན་ཏན་བདེ་བླག་ཏུ་འཐོབ་ཏུ་ཡོད་པ་ལ་ནམ་ཡང་བསྙོན་དུ་མེད་པ་གསང་སྔགས་རྡོ་རྗེ་ཐེག་པ་ཆོས་སོ། །དེའི་ཕྱིར་ཐབས་དང་ཤེས་རབ་གཉིས་ཀའི་སྒོ་ནས་ཁྱད་པར་དུ་འཕགས་པ་རྒྱུའི་རྒྱུད་དམ། གཞི་ལ་མི་མངོན་པའི་ཚུལ་དུ་བཞུགས་པའི་གཞི་རྒྱུད་སྐུ་དང་ཡེ་ཤེས་ལམ་སྣང་དུ་འཆར་བར་བྱེད་པ་ལ་ལམ་ཐབས་ཀྱི་རྒྱུད་སྒྲུབ་ཐབས་དང་འབྲེལ་བ། སྒྲུབ་ཐབས་ཆོག་སྒྲིག་དང་འབྲེལ་བ། ཆོག་སྒྲིག་ཕྱག་བཞེས་དང་འབྲེལ་བ། ཕྱག་བཞེས་བླ་མ་དམ་པའི་མན་ངག་དང་འབྲེལ་བ་སྟེ་འབྲེལ་བ་བཞི་ལྡན་གྱི་དགོངས་པ་ལ་སྣང་ཆུང་ཁྱད་གསོད་དུ་ནམ་ཡང་མ་སོང་བར་ཚུལ་བཞིན་ཉམས་སུ་བླངས་པ་ཡིན་ན་གཞི་འབྲས་དབྱེར་མེད་འབྲས་བུའི་རྒྱུད་ཀྱི་དགོངས་པ་ལ་མངའ་དབང་འབྱོར་བ་ལ་སོགས་

གང་ཟག་རང་རང་གི་སྐལ་བ་དང་འཚམས་པའི་ཉམས་སུ་བླང་བྱའི་ཆོས་ཀྱིས་གཞན་ནས་ཕོངས་པ་མེད་པས་དམ་པའི་ལྷ་ཆོས་འགྲུབ་པར་དཀའ་བ་འདྲའི་སྙམ་པའི་ཡིད་ཆད་ནམ་ཡང་དགོས་པ་མེད་དོ།། །། ༈ །དེ་ལ་ཐེག་པ་ཐུན་མོང་གི་སངས་རྒྱས་དཀོན་མཆོག་ནི་སྐྱེས་པའི་གཟུགས་སུ་བཞུགས་པ། རབ་ཏུ་བྱུང་བའི་ཆ་བྱད་ཅན། རྐང་གཉིས་མི་ཡི་འགྲོ་བ་རྣམས་ཀྱི་མཆོག གཙོ་བོ་གཅིག་པུ་པ། རི༷ག་པ༷་ཞེས་མངོན་པར་རྫོགས་པར་བྱང་ཆུབ་པ། ཞ༷བས་སུ༷་ལྡེ༷ན་པ༷་ཞེས་བསླབ་པ་གསུམ་གྱི་ཞབས་ལ་བརྟེན་ནས་བྱང་ཆུབ་ཀྱི་གོ་འཕང་ལ་གཤེགས་པ། འདོད་པ་དག་གིས་མ་གོས་པ། གཟུགས་དག་གིས་མ་གོས་པ། གཟུངས་མེད་པ་དག་དང་ཡང་མ་འདྲེས་པ་ལ་སོགས་པའི་ཡོན་ཏན་དང་ལྡན་པ། དམ་པའི་ཆོས་ནི་ཆོས་འདུལ་བ་ལམ་དང་འབྲས་བུ་མྱ་ངན་ལས་འདས་པར་སྟོན་པ། འཕགས་པའི་དགེ་འདུན་ནི་རིག་པར་བཞུགས་པ། དྲང་པོར་བཞུགས་པ། ལྟ་བ་དང་དད་པ་མི་ཕྱེད་པ། བཀུར་བའི་འོས་སུ་གྱུར་པ། ཕྱག་བྱ་བའི་འོས་སུ་གྱུར་པ། ལེགས་པའི་ཡོན་ཏན་དང་ལྡ༷ན་ཞིང་། ཉེས་པའི་སྐྱོན་ལས་གྲོ༷ལ་བ་སྐྱེས་བུ་ཟུང་བཞི་དང་གང་ཟག་ཡ་བརྒྱད་ཀྱིས་བསྡུས་པའོ། །

དེ་ཡང་མྱ་ངན་ལས་འདས་པའི་དོན་ཡང་དཔེར་ན་མེ་ཤི་ཞེས་བརྗོད་པ་ན་མེ་འབར་བའི་རྣམ་པ་ཉེ་བར་ཞི་བ་ལ་བརྗོད་པ་བཞིན་དུ་ཉན་རང་ལ་སོགས་ཐེག་པ་ཐུན་མོང་ནས་འདོད་པའི་བྱང་ཆུབ་ཀྱི་མཚན་ཉིད་ནི་དགེ་སློང་གང་དག་འདོད་ཆགས་དང་ཞེ་སྡང་དང་གཏི་མུག་ལ་སོགས་ལས་ཉོན་གྱི་དུཿཁ་ཉེ་བར་ཞི་བ་ལ་མྱ་ངན་ལས་འདས་པ་ཞེས་ཞི་བ་ཕྱོགས་གཅིག་གི་གོ་འཕང་ལ་བཞུགས་པས་ནིརྦ་ན་ཞེས་བརྗོད་ཅིང་། རྒྱུའི་ཐེག་པ་ཆེན་པོ་ནས་རང་དོན་དུ་སྲིད་པ་ལ་མ་ཆགས་པ་ཆོས་སྐུའི་གོ་འཕང་ལ་བཞུགས་པ་དང་། གཞན་དོན་དུ་ཉན་རང་ལྟར་ཞི་བ་ཕྱོགས་གཅིག་ལ་མ་ཆགས་པ་སྲིད་པ་ཁམས་གསུམ་འཁོར་བ་ན་སེམས་ཅན་རྣམས་ཀྱི་དོན་དུ་སྲིད་པ་བཟུང་སྟེ་འགྲོ་བའི་དོན་བྱེད་པས་སྲིད་ཞིའི་མཐའ་གཉིས་ལ་མི་གནས་པའི་བྱང་ཆུབ་ཀྱི་གོ་འཕང་ཐོབ་པར་བྱ་བ་ཡིན་པས་མི་གནས་པའི་མྱ་ངན་ལས་འདས་པའམ། མྱ་ངན་ལས་འདས་པ་ཆེན་པོ་ཞེས་གསུངས་ཤིང་། སྟོན༷་པ༷་ངེ༷ས་པ༷འམ་སངས་རྒྱས་དཀོན་མཆོག་སྐུ་བཞི་ཡེ་ཤེས་ལྔ་ཡི་བདག་ཉིད། འཁོ༷ར་ངེ༷ས་པ༷་ས་བཅུའི་རྒྱུན་མཐའ་ལ་གནས་པའི་བྱང་ཆུབ་སེམས་དཔའ། གན༷ས་ངེ༷ས་པ༷་འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཞིང་ཁམས། དུས༷་ངེ༷ས་པ༷་རྟག་པ་རྒྱུན་གྱི་འཁོར་ལོ། ཆོ༷ས་ངེ༷ས་པ༷་

ཐེག་པ་ཆེན་པོའི་ཆོས་འབའ་ཞིག་གསུངས་པའོ། །གསང་སྔགས་རྡོ་རྗེ་ཐེག་པ་ནས་དེ་བཞིན་གཤེགས་པའི་རིགས་དང་། པདྨའི་རིགས་དང་། རྡོ་རྗེའི་རིགས་ཏེ་སྐུ་གསུང་ཐུགས་ཀྱི་རིགས་གསུམ་དང་ཡོན་ཏན་གྱི་རིགས་ཏེ་རིགས་བཞིས་བསྡུས་པའི་ལོངས་སྤྱོད་རྫོགས་པ་དང་། སྤྲུལ་པའང་ཞི་བ་དང་ཁྲོ་བོའི་ཆ་བྱད་འཆང་བ། རིགས་སྔགས་དང་གསང་སྔགས་ཀྱི་གཟུགས་སུ་བཞུགས་པ། གཙོ་བོ་དང་། འཁོར་དང་། གཅིག་དང་དུ་མ་ལ་སོགས་པར་སྣང་ཞིང་། ཆོས་ལ་བྱ་བའི་རྒྱུད་དང་། སྤྱོད་པའི་རྒྱུད་དང་། རྣལ་འབྱོར་རྒྱུད་ཀྱི་གཞུང་ལ་སོགས་གདུལ་བྱའི་རྒྱུད་དང་མཐུན་པར་སྣང་ཞིང་། དགེ་འདུན་ཡང་ཆོས་དེ་དག་ལ་བརྟེན་ནས་ས་ལ་ཞུགས་པ་དང་། ས་ལ་གནས་པ་དང་། ས་ལ་སྨིན་པའི་རིག་འཛིན་གྱི་གོ་འཕང་ལ་བཞུགས་པ། ཁྱད་པར་གསང་སྔགས་བླ་ན་མེད་པ་ནི་ཧེ་རུ་ཀ་གལ་པོ་ལས། མཚན་ཉིད་རྒྱུ་ཡི་ཐེག་པ་ཡིས། །སེམས་ཅན་སངས་རྒྱས་རྒྱུ་རུ་ཤེས། །འབྲས་བུ་རྡོ་རྗེ་ཐེག་པ་ཡིས། །སེམས་ཉིད་སངས་རྒྱས་ཉིད་དུ་བསྒོམ། །ཞེས་དང་། །སློབ་དཔོན་ཆེན་པོ་སངས་རྒྱས་གསང་བས། བླ་མེད་ཐེག་པའི་ནང་ནས་ནི། །འདི་སྐབས་བླ་མེད་ཐེག་པ་ཞེས་ཐེག་དམན་ལ་ལྟོས་ན་ཕ་

རོལ་ཏུ་ཕྱིན་པའི་ཐེག་པ་བླ་ན་མེད་པའི་ཐེག་པ་ཡིན་པར་གསུངས་པ་ལ་གོ་དགོས། མཆན། དོན་དམ་དུ་ནི་དབྱེར་མེད་ལ། །ཀུན་རྫོབ་ཏུ་ནི་ཐམས་ཅད་དུ། །དག་དང་མ་དག་སོ་སོར་འཛིན། །ཐབས་ཀྱི་ཐེག་པ་ཆེན་པོ་འདིར། །རྣམ་པར་བྱང་དང་སྡུག་བསྔལ་དག །ཀུན་རྫོབ་ཏུ་ཡང་དབྱེར་མེད་དེ། །ལྟ་བ་མཐོ་དམན་དེ་ཙམ་མོ། །ཞེས་གསུངས། གང་ལྟར་ཡང་མི་ཕམ་རིན་པོ་ཆེ་ནས། སྣང་ཚུལ་གྱི་དབང་དུ་བྱས་ན། སེམས་ཉིད་ཡེ་ནས་དག་ཀྱང་གློ་བུར་གྱི་དྲི་མས་མ་དག་པ་སེམས་ཅན་རྣམས་ཀྱི་རྒྱུད་ལ་བཞུགས་པའི་ཆོས་ཉིད་དེ་སེམས་ཅན་སོ་སོའི་རང་ངོ་ལ་ལྟོས་ན་དག་པ་གཉིས་ལྡན་གྱི་སངས་རྒྱས་མིན་པའི་ཚུལ་དང་། སྒྲིབ་པ་སྤང་ན་ཡང་སངས་རྒྱ་བའི་ཚུལ་དུ་ཐ་སྙད་བྱེད་དགོས་ལ། དེའི་ཕྱིར་བདེ་གཤེགས་སྙིང་པོ་ཡེ་ནས་ཡོན་ཏན་ལྷུན་གྲུབ་ཡིན་པས་ལམ་ཐམས་ཅད་དེའི་གསལ་བྱེད་ཀྱི་རྒྱུ་ཡིན་པར་མདོ་མྱང་འདས་ལས་གསུངས་ཤིང་། ཡེ་ཤེས་རྡོ་རྗེ་ཀུན་ལས་བཏུས་པ་སོགས་རྒྱུད་རྣམས་ལས་ལམ་ཐམས་ཅད་གདོད་མའི་འོད་གསལ་ཆོས་ཀྱི་སྐུའི་གསལ་བྱེད་ཀྱི་རྒྱུ་ཡིན་གྱི་སྐྱེད་བྱེད་ཀྱི་རྒྱུ་མིན་པར་གསུངས་པའི་གནད་ཟབ་མོ་ཐུན་མོང་མིན་པར་ཤེས་པར་བྱ་ལ། དེ་ལྟར་ཤེས་ན་གསང་སྔགས་ཀྱི་དགོངས་དོན་ཚུལ་བཞིན་ཁོང་དུ་ཆུད་

པར་འགྱུར་རོ། །ཞེས་ཀྱང་གསུངས་སོ།། །། ༈ །ཐེག་དམན་པ་ནས་སྟོན་པས་ཆོས་ཐམས་ཅད་སྟོང་ཞིང་བདག་མེད་པར་གསུངས་པ་ལ་ཁྱེད་ཐེག་ཆེན་པོ་ནས་འགྲོ་བའི་རྒྱུད་ལ་བདེ་གཤེགས་སྙིང་པོས་ཁྱབ་པ་དང་། ལེན་པའི་ཀུན་གཞིའི་རྣམ་ཤེས་སྟོན་པ་དང་། རྣམ་ཤེས་ཚོགས་དྲུག་ནི་རེ་མོས་སུ་ཡོད་ཀྱི། དེ་དག་ལས་ཀུན་གཞིའི་རྣམ་པར་ཤེས་པ་ནི་མེད་དེ་མ་དམིགས་པའི་ཕྱིར། བརྟན་པའི་སེམས་ཤིག་གྲུབ་ན་དེ་ཉིད་གང་ཟག་གི་བདག་ཡིན་པའི་ཕྱིར་ཞེས་འདོད། དེ་ལ་ཐེག་ཆེན་པས་ཆོས་བདག་མེད་པ་དང་མི་འགལ་ཏེ་བདེ་གཤེགས་སྙིང་པོ་གློ་བུར་བའི་ཆོས་ཀྱིས་སྟོང་ཞིང་ཀུན་གཞི་སྐད་ཅིག་གི་ཕྲེང་བ་ཡིན་པའི་ཕྱིར་དང་། ཐ་སྙད་དུ་ཀུན་གཞིའི་རྣམ་ཤེས་མེད་པ་ནི་མི་རུང་སྟེ་ཀུན་གཞིའི་རྣམ་ཤེས་མེད་ན་འཁོར་བ་ལ་འཇུག་པར་མི་རུང་བ་དང་། འཁོར་བ་ལས་ལྡོག་པར་མི་རུང་བ་དང་།ཆད་ནས་འབྱུང་བར་མི་རུང་བའི་ཕྱིར་དང་། དུས་རྟག་ཏུ་རྒྱུན་ཆགས་སུ་འཇུག་པའི་ཀུན་གཞི་མེད་ན་འཁོར་བར་ལུས་ལེན་པ་མེད་པར་ཐལ་ཏེ་བག་ཆགས་ཀྱི་རྟེན་མེད་པའི་ཕྱིར་ཞེས་གསུངས། ཡང་ཐེག་དམན་པ་ནས་ཐེག་པ་ཆེན་པོ་ནི་མེད་དེ། སངས་རྒྱས་ཀྱིས་ནི་འདུལ་བ་ལུང་སྡེ་

བཞི་སོ་སོར་ཐར་པ་དང་བཅས་པ་དང་། མདོ་སྡེ་གཅིག་ལས་འཕྲོས་པ་ལ་སོགས་པ་དང་། མངོན་པ་གདག་པའི་སྡེ་བདུན་ལ་སོགས་པ་ཙམ་གསུངས་ཀྱི། དེ་ལས་གཞན་ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པ་སྟོང་ཕྲག་བརྒྱ་པ་དང་། དཀོན་མཆོག་བརྩེགས་པ་དང་། ཕལ་པོ་ཆེ་ལ་སོགས་པ་ནི་མ་གསུངས་ཏེ། སངས་རྒྱས་མྱ་ངན་ལས་འདས་ནས་བདུད་དང་མུ་སྟེགས་རྣམས་ཀྱིས་བསྟན་པ་ལ་མཐོ་བརྩམ་པའི་ཆེད་དུ་བྱས་པ་ཡིན་ཏེ། གནས་བརྟན་འོད་སྲུངས་ཆེན་པོ་ལ་སོགས་པ་ཉན་ཐོས་ཆེན་པོ་དེ་དག་རྟག་ཏུ་སྟོན་པའི་དྲུང་ན་འབྲལ་མེད་དུ་ཡོད་པ་ལས་མ་ཐོས་པའི་ཕྱིར་ཞེས་འདོད། ཐེག་ཆེན་པས་ཐེག་ཆེན་གྱི་ཆོས་མེད་ན་སངས་རྒྱས་འབྱུང་མི་སྲིད་དེ་གཞན་དོན་སྙིང་རྗེ་ལ་སོགས་པ་ཉན་ཐོས་ཀྱི་ཆོས་ལ་མེད་ལ། སངས་རྒྱས་ཀྱི་རྒྱུ་མ་ཚང་བའི་ཕྱིར་ཏེ། མདོ་སྡེ་རྒྱན་ལས། མ་ཚང་བ་དང་འགལ་བ་དང་། །ཐབས་མིན་དེ་ལྟར་མི་སྟོན་ཕྱིར། །ཉན་ཐོས་ཀྱི་ནི་ཐེག་པ་འདི། །ཐེག་ཆེན་ཆོས་ཞེས་བྱ་བ་མིན། །ཞེས་དང་། ཐེག་ཆེན་བཀའ་མ་ཡིན་ན་ཁྱེད་ཀྱི་ལུང་སྡེ་བཞི་མདོ་སྡེ་དང་བཅས་པའང་བཀའ་མ་ཡིན་པར་མཚུངས་སོ་ཞེས་གསུངས་སོ། །ཡང་ཐེག་དམན་པ་རྣམས་ནས་ངེད་ཀྱི་ལུང་ཁྱེད་ཀྱིས་ཀྱང་ཁས་ལེན་པས་མཐུན་ལ།

ཁྱེད་ཀྱི་ལུང་ངེད་ཅག་དང་མཐུན་སྣང་མ་གྲུབ་པས་བཀའ་མ་ཡིན་ནོ་ཞེས་འཛེར། ཐེག་ཆེན་པས་དེ་ལྟར་འདོད་ན་ཁྱེད་ཅག་ཉན་ཐོས་པའི་ལུང་འདི་དག་ཕྱི་རོལ་པ་དང་མཐུན་སྣང་དུ་མ་གྲུབ་པས་བཀའ་མ་ཡི་པར་ཐལ་ལོ་ཞེས་གསུངས། ངེད་ཉན་ཐོས་ཀྱིས་མ་ཐོས་པའི་ཕྱིར་བཀའ་མ་ཡིན་ནོ་ཞེས་འཛིར་བའང་མི་འཐད་དེ་རབ་འབྱོར་ལ་སོགས་པ་ཡོད་པས་ཐོས་པའི་ཕྱིར་རོ། །ཞེས་གསུངས། ཁྱེད་ཉན་ཐོས་པ་རྣམས་ཐེ་ཚོམ་ཟ་བ་ཡིན་པས་བཀའ་མ་ཡིན་ནོ་ཞེ་འཛེར་ནའང་ཡང་དག་པའི་གཏན་ཚིགས་སུ་མི་འགྲོ་སྟེ། དེ་ལྟར་བརྒལ་ན་སངས་རྒྱས་ཀྱི་གསུང་ཐམས་ཅད་བཀའ་མ་ཡིན་པར་ཐལ་ཏེ། བདུད་དང་མུ་སྟེགས་བྱེད་ཐམས་ཅད་ཐེ་ཚོམ་ཟ་བའི་ཕྱིར་ཏེ་སྤྱོད་འཇུག་ལས། གལ་ཏེ་ཐེག་ཆེན་བཀའ་མིན་ན། །སྐྱོན་ནི་ཁྱེད་ཅག་ལ་ཡང་མཚུངས། །ཞེས་གསུངས་པ་ལྟར་ཁྱེད་ཅག་ལའང་ཉེས་པ་མི་བཟད་པ་འབབ་བོ། །ཞེས་གསུངས། ས་བཅུ་མེད་པ་དགག་པ་ནི། ས་བཅུ་མ་ཐོབ་པར་སོ་སོ་སྐྱེ་བོའི་སར་དབང་རྣམས་མ་ཐོབ་པས་ཚོགས་ཅུང་ཟད་ལས་མི་རྫོགས་པའི་ཕྱིར། འཕགས་པའི་ས་མཐོང་སྒོམ་དུ་ཚོགས་གསོག་པ་འཐད་ཅིང་། ཉོན་མོངས་མ་སྤངས་ན་ལམ་ལ་བར་ཆད་མང་བའི་ཕྱིར་རོ། །

ཆོས་སྦས་པའི་གཞུང་ལས། གང་ཚེ་མར་མེ་མཛད་ཀྱིས་ང་། །ལུང་བསྟན་གྱུར་པ་དེ་ཡི་ཚེ། །ས་བརྒྱད་པ་ནི་ཐོབ་གྱུར་ཅིང་། །དབང་བཅུ་དག་ཀྱང་ཐོབ་པར་འགྱུར། །ཞེས་འབྱུང་ངོ་ཞེས་བཞེད། ཡང་ཐེག་དམན་པས་ཐེག་ཆེན་ཕྱག་རྒྱ་བཞི་དང་འགལ་ཏེ། སྟོན་པས་འདུས་བྱས་ཀྱི་ཆོས་ཐམས་ཅད་མི་རྟག་པར་གསུངས་པ་ལ་ཁྱེད་ནས་ལོངས་སྐུ་རྟག་པར་འདོད་པའི་ཕྱིར་རོ་ཞེས་འཛེར། ཐེག་པ་ཆེན་པོ་ནས་ལོངས་སྐུ་ནི་འདུས་མ་བྱས་པའི་སྐུ་དང་ཡེ་ཤེས་ཡིན་པས་འདུས་བྱས་མི་རྟག་པ་དང་འགལ་བ་འགའ་ཡང་མེད་དོ་ཞེས་བཞེད། ཡང་ཐེག་དམ་པ་ནས་སྟོན་པས་ཟག་པ་དང་བཅས་པའི་ཆོས་ཐམས་ཅད་སྡུག་བསྔལ་བའོ་ཞེས་གསུངས་པ་ལ་ཁྱེད་ནས་བྱང་ཆུབ་སེམས་དཔའ་བདེ་བ་ནས་བདེ་བར་འགྲོ་བར་འདོད་པའི་ཕྱིར་རོ་ཞེས་མཛེར། དེ་ལ་ཐེག་ཆེན་པས་ཁྱེད་ཀྱི་རང་ལམ་བདེན་བཞིའི་རྣམ་པ་བཅུ་དྲུག་གི་ནང་གསེས་ཉོན་མོངས་པ་དང་བྲལ་བས་བདེ་བའི་དངོས་པོ་ཡིན་པའི་མཚན་ཉིད་བརྗོད་པའི་སྐབས་སུ་གྱ་ནོམ་པ་ཞེས་བདེ་བ་ཕུན་སུམ་ཚོགས་པའི་དངོས་པོའི་དོན་སྟོན་ཅིང་། འགོག་པའི་བདེན་པ་བཤད་པའི་སྐབས་སུ་སྤངས་བྱ་ཀུན་འབྱུང་ལས་ཉོན་གཏན་དུ་མི་སྐྱེ་བར་བྱས་པའམ་སྤངས་པ་སྟེ་མདོར་ན་འཁོར་བའི་སྡུག་

བསྔལ་གྱི་རྒྱུ་དང་འབྲས་བུ་རྒྱུན་ཆད་པའི་འགོག་པ་ནི་ནད་མེད་པའི་བདེ་བ་ལྟ་བུ་འཐོབ་པར་བྱ་བ་ཡིན་པ་འཕགས་པའི་གཟིགས་ངོར་མི་བསླུ་བས་འགོག་པ་འཕགས་པའི་བདེ་བ་དམ་པ་ཡིན་པར་འདོད་པས་ཐེག་པ་ཆེན་པོ་ནས་བྱང་ཆུབ་སེམས་དཔའ་བདེ་བ་ནས་བདེ་བར་འགྲོ་བར་འདོད་པ་བཤད་པ་ལ་ཉེས་པ་འགའ་ཡང་མེད་ཅེས་གསུངས། ཡང་ཐེག་དམན་པ་ནས་ཁྱེད་ཀྱི་ཐེག་ཆེན་ལས་འབྲས་དང་ཡང་འགལ་ཏེ། ལུས་ཅན་དག་གི་ལས་རྣམས་ནི། །བསྐལ་པ་བརྒྱར་ཡང་ཆུད་མི་ཟ། །ཚོགས་ཤིས་དུས་ལ་བབ་པ་ན། །འབྲས་བུ་ཉིད་དུ་སྨིན་པར་འགྱུར། །ཞེས་པ་ཡིན་པ་ལ་ཁྱེད་ནས་མཚམས་མེད་སྤྱད་པའི་སྡིག་ཀྱང་ཚེ་འདིར་དག་པར་འདོད་པའི་ཕྱིར་རོ་ཞེས་འཛེར། དེ་ལ་ཐེག་ཆེན་པས་དགོས་པ་ཆེན་པོའི་ངོར་དགག་བྱ་ཆུང་ངུ་གནང་བའི་ཕྱིར་དང་། ཉོན་མོངས་པ་དང་མི་ཤེས་པས་བསླད་པའི་དགག་བྱར་བྱང་ཆུབ་སེམས་དཔའ་མི་སྤྱོད་པའི་ཕྱིར་དང་། ལས་འབྲས་དང་མི་འགལ་ཏེ། ལས་རང་ཟད་དུ་འགྱུར་བ་ཐེག་ཆེན་ཡང་མི་འདོད་པའི་ཕྱིར་རོ། །ཞེས་གསུངས་སོ། །བྱེ་བྲག་སྨྲ་བའི་དོན་དམ་བདེན་པ་ནི་ཆོས་གང་ཞིག་བཅོས་པའམ་བློས་ཆ་ཤས་སོ་སོར་བསལ་བ་ན་རང་འཛིན་གྱི་

བློ་འདོར་དུ་མི་རུང་བའི་གཟུང་བ་རྡུལ་ཕྲན་ཆ་མེད་དང་ཤེས་པ་སྐད་ཅིག་ཆ་མེད་དང་། མདོ་སྡེ་པའི་དོན་དམ་བདེན་པ་ནི་སྒྲ་རྟོག་གིས་བཏགས་པར་མ་ལྟོས་པར་རང་གི་སྡོད་ལུགས་ཀྱི་ངོས་ནས་རིགས་པས་དཔྱད་བཟོད་དུ་གྲུབ་པའི་ཆོས་རང་མཚན་པ་དང་། སེམས་ཙམ་པའི་དོན་དམ་བདེན་པ་ནི། དོན་དམ་དཔྱོད་བྱེད་ཀྱི་རིགས་ཤེས་ཚད་མས་རྙེད་དོན་ཡོངས་གྲུབ་ཀྱི་ཆོས་དང་། དབུ་མ་པས་རང་མངོན་སུམ་དུ་རྟོགས་པའི་མངོན་སུམ་ཚད་མས་རང་ཉིད་གཉིས་སྣང་ནུབ་པའི་ཚུལ་གྱིས་རྟོགས་པར་བྱ་བ་གནས་ལུགས་སྟོང་པ་ཉིད་ལ་དོན་དམ་བདེན་པར་བཞེད་པ་དང་། སྔགས་བླ་མེད་ནས་བདེན་གཉིས་དབྱེར་མེད་དུ་བཞེད་དེ་རྩ་རྒྱུད་གསང་བའི་སྙིང་པོ་ལས། ཨེ་མ་ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །སྐྱེ་བ་མེད་ལས་ཐམས་ཅད་སྐྱེས། །སྐྱེས་པ་ཉིད་ན་སྐྱེ་བ་མེད། །ཨེ་མ་ཧོ་ངོ་མཚར་རྨད་གྱི་ཆོས། །རྫོགས་པའི་སངས་རྒྱུས་ཀུན་གྱི་གསང་། །འགག་པ་མེད་ལས་ཐམས་ཅད་འགག །འགག་པ་ཉིད་ན་འགག་པ་མེད། །ཨེ་མ་ཧོ་ངོ་ངོ་མཚར་རྨད་ཀྱི་ཆོས། རྫོགས་པའི་སངས་རྒྱས་ཀུན་ཀྱི་གསང་། །གནས་པ་མེད་ལས་ཐམས་ཅད་གནས། །གནས་པ་ཉིད་ན་གནས་པ་མེད། །ཨེ་མ་ཧོ། ངོ་

མཚར་རྨད་ཀྱི་ཆོས། །རྫོགས་པའི་སངས་རྒྱས་ཀུན་གྱི་གསང་། །དམིགས་པ་མེད་ལས་ཐམས་ཅད་དམིགས། །དམིགས་པ་ཉིད་ན་དམིགས་པ་མེད། །ཨེ་མ་ ཧོ་ངོ་མཚར་རྨད་ཀྱི་ཆོས། །རྫོགསཔའི་སངས་རྒྱས་ཀུན་གྱི་གསུང་། །འགྲོ་འོང་མེད་ལས་འགྲོ་དང་འོང་། །འགྲོ་འོང་ཉིད་ན་འགྲོ་འོང་མེད། །ཅེས་པ་ལ་སོགས་གསུངས་ཏེ་མདོར་ན་ཇི་ ལྟར་སྣང་བ་དེའི་རང་བཞིན་གདོད་མ་ནས་ངོ་བོ་མེད་པ་ནི་དོན་དམ་པའི་གནས་ལུགས་སུ་བཞེད་དོ། །མདོར་བསྡུ་ན་ཀུན་མཁྱེན་ཆེན་པོས། ཀུན་རྫོབ་བདེན་པ་ལ་ངོ་བོ་སྣང་སྲིད་འཁོར་འདས་ ཀྱི་ཆོས་མ་འགགས་སྣ་ཚོགས་སུ་གསལ་བ་འདི་ཡིན་ནོ། །དེ་ལ་ལོག་པའི་ཀུན་རྫོབ་བདེན་པ་ནི་འཁོར་བའི་འཁྲུལ་སྣང་ལོག་རྟོག་སྒྱུ་མའི་རང་བཞིན་ཇི་སྙེད་པ་ཐམས་ཅད་དོ། །ཡང་དག་ཀུན་ རྫོབ་བདེན་པ་ནི། འཁྲུལ་པ་དག་པའི་ཚེ་ཐམས་ཅད་ཡེ་ཤེས་སྒྱུ་མའི་རང་བཞིན་དཀྱིལ་འཁོར་གྱི་རོལ་པར་སྣང་བ་སྟེ། ཡེ་ཤེས་ལ་ནི་ཡེ་ཤེས་རོལ། །ཡེ་ཤེས་རོལ་པ་ཉིད་ཀྱང་གསོག ། ཅེས་གསུངས་པ་བཞིན་ནོ། །ཞེས་གསུངས།། །། ༈ །དེ་ཡང་ཐེག་པ་ཐུན་མོང་དང་། ཐུན་མོང་མ་ཡིན་པ་གང་གི་སྐབས་སུའང་སངས་རྒྱས་ཀྱི་མཚན་ལ་བཅོམ་ལྡན་

འདས་ཞེས་བྱུང་བ་ནི་བདུད་བཞི་བཅོམ་པའི་དོན་ཏེ། དེ་ལ་བདུད་བཞི་ནི་ཐར་པ་ལ་བར་དུ་གཅོད་པ་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སེར་སྣ་ལ་སོགས་ཉོན་མོངས་པའི་བདུད། ཟག་མེད་འདུས་མ་བྱས་པའི་ཡེ་ཤེས་ཀྱི་སྐུ་འཐོབ་པར་བྱེད་པ་ལ་བར་དུ་གཅོད་པ་ཕུང་པོའི་བདུད། དལ་བ་བརྒྱད་དང་འབྱོར་པ་བཅུ་ཚང་བའི་རྟེན་མི་ལུས་ཀྱི་ཚེ་ལ་བར་དུ་གཅོད་པར་བྱེད་པ་འཆི་བདག་གི་བདུད། ཏིང་ངེ་འཛིན་ལ་སོགས་ཉམས་ལེན་ལ་བར་དུ་གཅོད་པ་འདོདཔའི་ཡོན་ཏན་ལ་ཆགས་ཞེན་དུ་གྱུར་པ་ལྷའི་བུའི་བདུད་དང་བཞི། དེ་དག་ཚུལ་ཇི་ལྟ་བུའི་སྒོ་ནས་བཅོམ་ན། ཐུན་མོང་ཐེག་པའི་ལུགས་སུ་མཆོག་གི་སྤྲུལ་སྐུའི་མཛད་པ་བཅུ་གཉིས་ལས། བྱང་ཆུབ་སེམས་དཔའ་དོན་ཀུན་གྲུབ་པ་བྱང་ཆུབ་སྙིང་པོར་གཤེགས་པའི་སྐབས་སུ་རྡོ་རྗེ་གདན་དུ་གཤེགས་ཏེ་མངོན་པར་རྫོགས་པར་སངས་རྒྱས་པའི་སྔ་ཐོགས་སུ་མཛོད་སྤུ་ལས་བདུད་ཀྱི་སྡེ་རབ་ཏུ་འཇོམས་པ་ཞེས་བྱ་བའི་འོད་ཟེར་བཀྱེས་ཏེ་བདུད་ཀྱི་གནས་ཐམས་ཅད་དཔའ་བཀོང་བར་བྱས་པ་ན་བདུད་ཀྱི་རྒྱལ་པོ་དང་། དེའི་དམག་བྱེ་བ་དུང་ཕྱུར་ལ་སོགས་པ་འོངས་ནས་མཚོན་ཆའི་ཆར་དབབ་པ་དང་། བདུད་ཀྱི་བུ་མོ་རྣམས་ཀྱིས་མཛེས་སྡུག་ཆགས་ཉམས་ཀྱི་རྣམ་པ་ཡིད་

འཕྲོག་པ་ལ་སོགས་པ་དངོམས་ཏེ་བསླུ་བར་བརྩམས་པ་ལ་སོགས་ཅི་ལྟར་བྱས་ཀྱང་དེ་དག་ཐམས་ཅད་བྱམས་པའི་ཏིང་ངེ་འཛིན་གྱིས་བཏུལ་ཏེ་གླགས་མ་རྙེད་པས་བཅོམ་ཞེས་གྲགས་པ་སྟེ། རིག་འཛིན་འཇིགས་མེད་གླིང་པས། གྲངས་མེད་གསུམ་གྱི་སྲིད་མཐར་རྣམ་རིགས་ཀུན། །ཚོགས་གཉིས་ཐ་གུས་བཅིངས་པ་དོན་ཡོད་ཕྱིར། །བྱང་ཆུབ་ཤིང་དྲུང་བདུད་རྣམས་བཅོམ་བྱས་ནས། །མངོན་པར་རྫོགས་སངས་རྒྱ་བ་རྒྱལ་ཀུན་གཤིས། །ཞེས་གསུངས་པ་ལྟར་རོ། །ཐུན་མོང་མ་ཡིན་པ་གསང་སྔགས་བླ་ན་མེད་པའི་བཞེད་པ་ལ་ཉོན་མོངས་པ་ལྔའི་རང་བཞིན་ཡེ་ནས་ཡེ་ཤེས་ལྔར་གྲུབ་པས་བླང་དོར་མེད་པའི་ཕྱིར་ཉོན་མོངས་པའི་བདུད་བཅོམ། ཉོན་མོངས་པ་མེད་པས་འཁོར་བར་མི་སྐྱེ་ཞིང་མ་སྐྱེས་པ་ལ་འཆི་བ་མེད་པས་འཆི་བདག་གི་བདུད་བཅོམ། འཆི་བ་མེད་ན་ཕུང་པོ་ཉིང་མཚམས་མི་སྦྱོར་བས་ཕུང་པོའི་བདུད་བཅོམ། དེ་ལ་བར་ཆད་ཀྱི་ཆོས་བཟང་ངན་གང་གིས་ཀྱང་མི་ཚུགས་པས་ལྷའི་བུའི་བདུད་བཅོམ་པ་སྟེ་བདུད་ལས་རྣམ་པར་རྒྱལ་བ་བཅོམ་ལྡན་འདས་དཔལ་ཀུན་ཏུ་བཟང་པོའོ། །དེ་ནི་བདུད་ཀྱི་སྡེ་རྣམས་སྙིང་རྗེ་ཆེན་པོས་ཚར་གཅོད་རྗེས་སུ་འཛིན་པ་པོ་ཡེ་ཤེས་ཀྱི་ལྷ་སྟེ་བདག་ཏུ་

རྟོག་པའི་གང་ཟག་ཡེ་ནས་མི་མངའ་བས་གཞན་དུ་སྣང་བའི་དགྲ་བགེགས་གང་དུ་བཙལ་ཀྱང་ནམ་ཡང་རྙེད་མི་ཤེས་ཤིང་། གང་ཟག་རང་རྒྱུད་པར་འཛིན་པའི་འཇིག་རྟེན་གྱི་ལྷ་འདྲེ་མཐུ་བོ་ཆེ་ གང་དུ་གང་ཞིག་སྣང་བ་ཡིན་ནའང་ཆགས་ཐོགས་བྲལ་བའི་སྙིང་རྗེ་ཆེན་པོས་ཚར་གཅོད་རྗེས་སུ་འཛིན་པས་བཅོམ་པ་སྟེ། བདུད༷་ཀྱི༷་བདུད༷་ཆེ༷ན་བཅོ༷མ་ལྡན༷་འད༷ས། །ཞེས་དང་། བཅོམ་ལྡན་ ཁྲོ༷་བོ༷འི་རྒྱལ༷་པོ༷་ནི། །སངས་རྒྱས་ཀུན་གྱི་འཁོར་ལོས་སྒྱུར། །གདུལ་དཀའ་མ་ལུས་འདུལ་བ་པོ། །ཁྲོ༷་བོ༷འི་རྒྱལ༷་ལ༷་ཕྱག་འཚལ་བསྟོད། །ཅེས་གསུངས་སོ། །ལྡ༷ན་ཅེས་རང་དོན་དུ་ སྤངས་པ་ཕུན་སུམ་ཚོགས་པ་ཆོས་ཀྱི་སྐུ་དང་། གཞན་དོན་དུ་རྟོགས་པ་ཕུན་སུམ་ཚོགས་པ་གཟུགས་ཀྱི་སྐུ་སྟེ་སམྦུ་ཊི་ལས། དབང་ཕྱུག་དང་ནི་གཟུགས་བཟང་དང་། །དཔལ་དང་གྲགས་ དང་ཡེ་ཤེས་དང་། །བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ། །དྲུག་པོ་རྣམས་ལ་ལྡན་ཅེས་བྱ། །ཞེས་དབང་ཕྱུག་སྟེ་ཆོས་སྐུ་ངོ་བོ་ཉིད་ཀྱིས་དག་པ་ཆོས་དབྱིངས་ཡེ་ཤེས། གཟུགས་བཟང་ ནི་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་མེ་ལོང་ལྟ་བུའི་ཡེ་ཤེས། དཔལ་ནི་མངོན་པར་བྱང་ཆུབ་པའི་སྐུ་སྟེ་མཉམ་པ་ཉིད་ཀྱི་ཡེ་ཤེས། གྲགས་དང་ཡེ་ཤེས་ནི་སྤྲུལ་པའི་སྐུ་སྟེ་ཇི་ལྟ་བ་དང་ཇི་སྙེད་པ་

མཁྱེན་པའི་ཡེ་ཤེས། བརྩོན་འགྲུས་ནི་མི་འགྱུར་རྡོ་རྗེའི་སྐུ་སྟེ་དབྱིངས་ལས་མ་གཡོས་བཞིན་དུ་ཕྲིན་ལས་ཚད་མེད་པར་སྣང་བས་བྱ་བ་གྲུབ་པའི་ཡེ་ཤེས་དང་། ཕུན་སུམ་ཚོགས་པ་ནི་དབང་ཕྱུག་ཕུན་སུམ་ཚོགས་པ། གཟུགས་ཕུན་སུམ་ཚོགས་པ། དཔལ་ཕུན་སུམ་ཚོགས་པ། གྲགས་པ་ཕུན་སུམ་ཚོགས་པ། ཡེ་ཤེས་ཕུན་སུམ་ཚོགས་པ། བརྩོན་འགྲུས་ཕུན་སུམ་ཚོགས་པ་སྟེ་འཕགས་པ་སློབ་ལམ་པ་རྣམས་ཀྱི་ཡེ་ཤེས་ལས་ཁྱད་པར་འཕགས་ཤིང་། འདས་ནི་འཁོར་འདས་བླང་དོར་ཡོད་མེད་ལ་སོགས་སྤྲོས་པའི་མཚན་མ་ཐམས་ཅད་ལས་ཡོངས་སུ་འདས་པ་སྟེ་ཕལ་པོ་ཆེ་ལས། སྲིད་དང་ཞི་ལས་རྣམ་གྲོལ་ཞིང་། །ཡོན་ཏན་རྒྱ་མཚོ་གཉིས་སུ་མེད། །སྤྲོས་པ་ཀུན་ལས་རབ་འདས་པའི། །བཅོམ་ལྡན་འདས་ནི་མཁའ་རབ་ཞི། །ཞེས་གསུངས་པ་ལྟར་རོ། །དེ་བཞིན་དུ་སྐུ་གསུམ་མཁའ་འགྲོ་མ་ལ་སྦྱར་ན། ངོ་བོ་ཀུན་ཏུ་བཟང་པོའམ་ཀུན་ཏུ་བཟང་མོ་ནི་འདིའོ་ཞེས་རྫས་དང་རྡུལ་དུ་གྲུབ་པ་གང་དུའང་དབྱེར་མ་མཆིས་པ་སྒྲིབ་པ་ཀུན་བྲལ་ནམ་མཁའ་གཡའ་དག་པ་ལྟ་བུ་གོ་མ་འགགས་པའི་དབྱིངས་ལས་གཟུགས་སྐུའི་བཀོད་པ་རང་བྱུང་རང་ཤར་དུ་འཆར་བའི་སྐབས། རྗེ་བཙུན་བཅོམ་ལྡན་འདས་

མ་ཐུགས་རྗེ་ཅན། །བདག་དང་མཐའ་ཡས་སེམས་ཅན་ཐམས་ཅད་ཀྱི། །སྒྲིབ་གཉིས་བྱང་ཞིང་ཚོགས་གཉིས་མྱུར་རྫོགས་ནས། །རྫོགས་པའི་སངས་རྒྱས་འཐོབ་པར་མཛད་དུ་གསོལ། །ཞེས་པ་ལ་སོགས་དང་། ཁྲོ་མོ་ལ་སྦྱོར་ན་ལོངས་སྐུའི་དབྱིངས་སུ་རྡོ་རྗེ་ཕག་མོ་ལ་སོགས་མཁའ་འགྲོ་མ་ཞི་ཁྲོའི་སྐུ་དང་ཞིང་ཁམས། རབ་ཏུ་ཁྲོས་པའི་སྐུ་དང་ཞིང་ཁམས་ལ་སྦྱར་ན་ཁྲོས་མ་ནག་མོ་ལ་སོགས་པ་སྟེ་ཞི་ཆགས་ཁྲོ་མོའི་ལྷ་ཚོགས་བསམ་གྱིས་མི་ཁྱབ་བོ། །དེ་བཞིན་དུ་ཁྲག་འཐུང་བདུད་འཇོམས་གླིང་པ་ཞེས་པ་ཁྲག་འཐུང་ནི་འོག་ཏུ་གསལ་བ་ལས་རྟོགས་ཤིང་གླིང་པ་ཞེས་ཨོ་རྒྱན་ཆེན་པོ་རྔ་ཡབ་གླིང་པའི་རྣམ་པར་འཕྲུལ་པ་སྟེ་བྱ་བྲལ་རིན་པོ་ཆེ་སངས་རྒྱས་རྡོ་རྗེས། ལྟ་བ་ལོག་པའི་བདུད་འཇོམས་ཤིང་། །རྡོ་རྗེའི་ཡེ་ཤེས་མཆོག་སྦྱིན་མཁན། །གྲོ་ལོད་དངོས་སྣང་གྲུབ་པའི་དཔྱིད། །ཁྲག་འཐུང་བདུད་འཇོམས་གླེང་པར་འདུད། །ཞེས་བདུད་འཇོམས་གླིང་པའི་ཞལ་ཐང་གི་མཚན་བྱང་དུ་བཀོད་པར་མཛད་པ་ལྟར་རོ། །དེ་ལ་ངོ་བོ་ཡེ་དག་ཆོས་ཀྱི་སྐུའམ། ཆོས་ཀྱི་དབྱིངས་ནི་སྟོང་པའི་ཡེ་ཤེས་ཡིན་ལ། སྟོང་པའི་ཡེ་ཤེས་ལ་འཁྲུལ་པའི་དྲི་མས་བསླད་པའི་གཞི་མེད་ཅིང་། དེའི་ཕྱིར་དབྱིངས་དེའི་རྩལ་

འཁོར་འདས་ཀྱི་ཡོན་ཏན་བསམ་གྱིས་མི་ཁྱབ་པ་ཅི་ལྟ་བུ་འཆར་ཡང་། འཁོར་འདས་སོ་སོར་འཛིན་པའི་རྟོག་པ་མི་མངའ་བས་སེམས་ཅན་རྣམས་བཞིན་གློ་བུར་གྱི་དྲི་མས་འཁྲུལ་པ་མ་ཡིན་པར། སྟོང་པའི་རང་གདངས་རང་བཞིན་གསལ་བའི་ཡོན་ཏན་གཟུགས་སྐུ་ཕུན་སུམ་ཚོགས་པའི་སྐུ་དང་ཞིང་ཁམས་འབའ་ཞིག་ཏུ་འཆར་བས་གློ་བུར་སྒྲིབ་དག་གི་སངས་རྒྱས་ཏེ་དག་པ་གཉིས་ལྡན་ཆོས་ཀྱི་སྐུ་ཞེས་གསུངས་ལ། སྣང་ཚད་དག་པ་གཉིས་ལྡན་ཡིན་པའི་ཆ་ནས་ཆོས་ཀྱི་སྐུ་དང་། ངོ་བོ་སྟོང་པའི་ཡེ་ཤེས་ཡིན་པའི་ཆ་ནས་དབྱིངས་ཞེས་བྱ་ཞིང་། དོན་ལ་གཅིག་དང་ཐ་དད་གང་དུའང་མ་གྲུབ་པ་དུས་བཞི་མཉམ་པ་ཉིད་དེ་བཞིན་ཉིད་ཀྱི་ཡེ་ཤེས་ཏེ། དེ་ལས་རང་བཞིན་གསལ་བའི་ཡིན་ཏན་སངས་རྒྱས་སམ་ལྷ་ཆགས་བྲལ་གྱི་རྣམ་པའམ་ཆགས་ཅན་གྱི་རྣམ་པ། ཡབ་རྐྱང་ངམ་ཡུམ་རྐྱང་། ཡབ་ཡུམ་མཉམ་སྦྱོར་རམ་ཐབས་ཤེས་ཟུང་དུ་འཇུག་པའི་རྣམ་པ་ཞི་བའམ་ཁྲོ་བོ། ཞི་མ་ཁྲོ། གཙོ་བོ་དང་འཁོར། གཅིག་དང་དུ་མ་ལ་སོགས་ཅི་ལྟར་སྣང་ཡང་ཆོས་སྐུའམ་ཆོས་ཀྱི་དབྱིངས་ཀྱི་རྩལ་མ་བཅོས་ལྷུན་གྲུབ་ཏུ་འཆར་བ་སྟེ། དེའི་ཕྱིར། ཆོས་ཀྱི་དབྱིངས་ནས་རང་བྱུང་གྲུབ་པའི་ལྷ། །

ཞེས་གསུངས་སོ། །ཆོས་སྐུ་ངོ་བོ་སྟོང་པའི་ཡེ་ཤེས་ཐིག་ལེ་ཆེན་པོ་གྲྭ་ཟུར་མེད་པའི་ཀློང་ན་གཟུང་འཛིན་གཉིས་སྣང་གི་སེམས་མ་གྲུབ་པས་སྡུག་བསྔལ་གྱི་རྒྱུ་དང་རྐྱེན་བྱེད་པའི་རྟེན་ཅིང་འབྲེལ་འབྱུང་གི་ཆོས་ལྷ་དང་འདྲེ་ཡི་རྣམ་པར་རྟོག་པ་གང་དུའང་རྒྱུ་བའི་གནས་མེད་པས་ཆོས་ཉིད་ངང་གིས་ཁྲོས་པ་ཞེས་གསུངས་ཤིང་། དེ་ལྟ་བུའི་ཆོས་སྐུ་ངོ་བོ་སྟོང་པའི་ཡེ་ཤས་དེའི་རང་གདངས་སམ་རང་བཞིན་གསལ་བའི་ཡོན་ཏན་ཞི་ཆགས་འབར་བའི་རྣམ་པ་ཚད་མེད་པའི་སྐུ་དང་ཞིང་ཁམས་སྟེང་འོག་བར་མེད་ཕྱོགས་མཚམས་ཀུན་ལས་འདས་པ་འཆར་བས་ཤིན་ཏུ་རྣམ་དག་འོག་མིན་ལོངས་སྤྱོད་རྫོགས་སྐུའི་སྐུ་དང་ཞིང་ཁམས་ཀྱི་སྣང་བ་འབའ་ཞིག་ཏུ་རང་སྣང་བ་ལ་ཕྱིན་ཅི་ལོག་གི་སྣང་བ་མ་དག་པ་ནམ་ཡང་རྒྱུ་བའི་གནས་མེད་པས་རང་བཞིན་ལྷུན་གྱིས་གྲུབ་པའི་ཁྲོ་བོ་ཞེས་གསུངས། དེ་ལྟར་ཆོས་སྐུ་ངོ་བོ་སྟོང་པའི་ཡེཤེས་དང་རང་བཞིན་ལྷུན་གྱིས་གྲུབ་བའི་ལོངས་སྤྱོད་རྫོགས་སྐུའི་གསལ་བའི་ཡེ་ཤེས་ཡོན་ཏན་ཡེ་ནས་འདུ་འབྲལ་མེད་པར་བཞུགས་པའི་ཐུགས་རྗེ་མ་འགགས་པའི་རོལ་རྩལ་གོང་དུ་བརྗོད་པ་བཞིན་གཞན་སྣང་གདུལ་བྱའི་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་འཇོམས་པའི་སླད་དུ་འཇིག་རྟེན་ན་སྤྲུལ་པའི་ཁྲོ་བོར་སྣང་སྟེ།

འགྲོ་བའི་རྒྱུད་འཁོར་བ་ལ་དངོས་པོར་ཞེན་ནས་ཆགས་པའི་རཀྟ་ཆགས་མེད་སྙིང་རྗེ་ཁྲོས་པས་བདེ་བའི་རྒྱུ་དང་འབྲས་བུ་ལ་འདྲེན་པར་མཛད་པ་ལ་ཁྲག་འཐུང་ཞེས་སམ་ཐུགས་རྗེ་སྤྲུལ་པའི་ཁྲོ་བོ་ཞེས་སུ་གྲགས་པ་སྟེ་དགོངས་འདུས་ལས། ཤིན་ཏུ་གདུག་ཅིང་གཏུམ་པ་ལ། །ཞི་བས་ཕན་པར་མི་འགྱུར་ཏེ། །ཤེས་རབ་ཐབས་ཀྱི་ཕྱག་རྒྱ་ལས། །ཁྲོ་བོར་དེ་བཞིན་གཤེགས་ཀུན་མཛད། །ཅེས་གསུངས་པ་ལྟར་རོ། །ཁྲག་འཐུང་ཞེས་ཧེ་རུ་ཀ་དཔལ་ཏེ་ལྷ་ཁྲོ་བོ་སྤྱིའི་མཚན་ལ་གྲགས་ཤིང་གོང་དུ་བརྗོད་པ་བཞིན། ཡུལ་ཆོས་ཀྱི་དབྱིངས་ཤིན་ཏུ་རྣམ་པར་དག་པ་སངས་རྒྱས་ཀྱི་ཡོན་ཏན་ལ་སྦྱར་ན། རང་བཞིན་ལྷུན་གྱིས་གྲུབ་པའི་སྙིང་རྗེ་ཁྲོས་པ་ལ་འཇུག་པས། དེའི་བསམ་གྱིས་མི་ཁྱབ་པའི་ཡོན་ཏན་གྱི་སྣང་ཆ་ཆགས་སྡང་གི་སེམས་སུ་གྲུབ་པ་རྡུལ་ཙམ་མི་མངའ་ཡང་། སོ་སོར་རྟོག་པའི་ཡེ་ཤེས་ཡོན་ཏན་ནམ་ཡང་འགགས་པ་མེད་པས་ཕྱིར་གསལ་རྟགས་ཀྱི་སྐུ་དང་ཡེ་ཤེས་ཞིང་ཁམས་སེམས་ཅན་ཀུན་ལ་ཉེ་རིང་མེད་པར་ཆགས་པའི་བརྡར་ཁ་དོག་དམར་པོར་སྣང་བ་པདྨའི་རིགས་སྣང་བ་མཐའ་ཡས་ཏེ་དེའི་ཕྱིར། ཐུགས་རྗེ་ཆགས་པའི་ཁ་དོག་དམར། །ཞེས་གསུངས་སོ། །སེམས་ཅན་ལ་འཚེ་བའི་

འགྲོ་བ་གདུག་པ་ཅན་གང་ན་ཡོད་པ། དེ་ན་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་འབར་བ་ཁྲོ་བོའི་རྣམ་པ་ཐོགས་རྡུགས་མེད་པར་འཆར་ཏེ་ཚར་གཅོད་རྗེས་སུ་འཛིན་པའི་ཡེ་ཤེས་སྒྱུ་མའི་རོལ་རྩེད་དངོམས་པར་མཛད་པ་ལ་སྤྲུལ་པའི་ཁྲོ་བོའམ་ཁྲག་འཐུང་ཞེས་སུ་གྲགས་སོ། །འོ་ན་མུ་སྟེགས་པ་ལ་ལའི་ཆོས་ལུགས་སུ་སེམས་ཅན་ལ་འཚེ་བའི་སྒོ་ནས་ཨརྒཾ་དམར་པོ་ཁྲག་གི་མཆོད་པ་ལ་བརྟེན་ཏེ་འཇིག་རྟེན་བྱེད་པ་པོའམ་དེའི་ཕོ་ཉ་མཉེས་པར་བྱ་བ་བཤད་པས་ཁྲག་གི་མཆོད་ཡུལ་ལྷ་དེ་དག་ཁྲོ་བོའམ་ཁྲག་འཐུང་ལྷ་ཡི་རིགས་སུ་གཏོགས་སམ་སྙམ་ན་ནང་པ་སངས་རྒྱས་པའི་ལུང་རིགས་གཏན་ཚིགས་ཀྱིས་གཞལ་ན་ཕྱི་རོལ་པའི་ལྷ་དེ་དག་ཁྲག་འཐུང་ཁྲོ་བོ་རྣམ་པར་དག་པའི་ཡེ་ཤེས་ལྷ་ཡི་རིགས་སུ་གཏན་ནས་གཏོགས་པ་མིན་ཏེ། ཅིའི་ཕྱིར་ན་འཇིག་རྟེན་བྱེད་པ་པོའམ། དེའི་སྤྲུལ་པའམ་ཕོ་ཉ་གང་ཡིན་ཀྱང་རུང་སྟེ་བདག་ཏུ་ལྟ་བའི་ང་རྒྱལ་གྱི་རི་བོ་སྲ་ཞིང་མཁྲེགས་པ་ཡོད་པས། དེའི་རྐྱེན་གྱིས་སེམས་ཅན་ཀུན་ལ་ཉེ་རིང་མེད་པར་ཁྱབ་པའི་གནས་ལུགས་སྟོང་ཉིད་སྙིང་རྗེ་ཆེན་པོའི་ལྟ་བ་ཡང་དག་པ་ཚུལ་བཞིན་ནམ་ཡང་རྟོགས་པ་མེད་པས། དེའི་ཕྱིར་འཇིག་རྟེན་བྱེད་པ་པོའམ།དེའི་ཕོ་ཉ་ལ་དམིགས་ནས་ཁྲག་གི་མཆོད་པ་ལ་བརྩོན་པ་

ནི་ང་དང་ང་ཡིར་ཤིན་ཏུ་དམ་པོར་འཛིན་པའི་གྲུབ་མཐའ་ངན་པ་སྤེལ་སྲུང་བྱེད་པའི་ཀུན་ཏུ་སྤྱོད་པ་སྐྱི་གཡའ་བ་ཁོ་ན་ལས། སེམས་ཅན་རྣམས་སྡུག་བསྔལ་ལས་སྐྱོབས་པར་བྱེད་པའི་ཁྲག་འཐུང་ཁྲོ་བོའི་ཡོན་ཏན་འགའ་ཡང་མེད་དོ། །གསང་སྔགས་བླ་མེད་ཀྱི་རྒྱུད་ལས་ནང་དྲག་པོའི་མཆོད་པའི་ཁོངས་སུ་རཀྟའི་མཆོད་པ་གསུངས་པ་ནི། འཁོར་བའི་སྡུག་བསྔལ་ལས་དང་ཉོན་མོངས་པའི་རྩ་བ་གང་ཟག་ལ་བདག་ཏུ་རྟོག་པ་ལས་བྱུང་ཞིང་། དེ་ཉིད་བདག་མེད་གནས་ལུགས་སྟོང་པ་ཉིད་ཀྱི་དོན་ཡང་དག་པར་རྟོགས་ཏེ་བདག་གཞན་གཉིས་སྣང་གི་རྟོག་པ་ཐམས་ཅད་དྲུང་ནས་འབྱིན་ཏེ། འཁྲུལ་སྣང་དངོས་ཞེན་སྡུག་བསྔལ་ལས་ཐར་པར་བྱེད་པའི་དོན་དུ་གསུངས་པ་སྟེ། དེའི་ཕྱིར་གཟུང་འཛིན་རྟོག་པའི་རུ་དྲ་ཀུན། །བདག་མེད་རིག་པའི་མཚོན་གྱིས་བསྒྲལ། །ཞེས་གསུངས། གསང་སྔགས་བླ་མེད་འབྲས་བུའི་ཐེག་པ་ནས་སྨོས་ཅི། ཐུན་མོང་གི་ཐེག་པ་ལས་ཀྱང་། རང་གི་སེམས་ནི་ཡོངས་སུ་འདུལ། །འདི་ནི་སངས་རྒྱས་བསྟན་པ་ཡིན། །ཅེས་གསུངས་པའི་དོན་ཡང་དེ་ཁོ་ན་ཉིད་ཡིན་པ་ལ་ནམ་ཡང་སོམ་ཉི་ཟ་བ་མ་དགོས་སོ། །ཐེག་པ་ཆེན་པོ་ནས་ཉམས་སུ་བླང་བྱའི་ཆོས་ཀྱི་རྩ་བ་སེམས་ཅན་ལ་

དམིགས་པའི་སྨོན་པ་ཚད་མེད་བཞི་དང་། འཇུག་པ་ཕ་རོལ་ཏུ་ཕྱིན་པ་དྲུག་ཡིན་ལ། དེ་དག་གི་དོན་བསྡུ་ན་དཔལ་ལྡན་ཆོས་ཀྱི་གྲགས་པས། རྟོག་པའི་དྲྭ་བ་རྣམ་སེལ་ཞིང་། །ཟབ་དང་རྒྱ་ཆེའི་སྐུ་མངའ་བ། །ཀུན་ཏུ་བཟང་པོའི་འོད་ཟེར་དག །ཀུན་ནས་འཕྲོ་ལ་ཕྱག་འཚལ་ལོ། །ཞེས་དང་། གཅོད་ཡུལ་མཁའ་འགྲོའི་གད་རྒྱངས་ལས། འཇིགས་མེད་བརྟུལ་ཞུགས་སྤྱོད་པའི་རྣལ་འབྱོར་ངསཿ འཁོར་འདས་མཉམ་པར་བརྡལ་བའི་དགོངས་སྤྱོད་ཀྱིསཿ བདག་འཛིན་ལྷ་འདྲེའི་སྟེང་དུ་བྲོ་ཞིག་བརྡུངསཿ གཉིས་འཛིན་འཁོར་བའི་རུ་དྲ་རྡུལ་དུ་རློགསཿ ཞེས་གསུངས་པ་ཁོ་ནའོ། །དེའི་ཕྱིར་གསང་སྔགས་ནང་གི་རྒྱུད་ལས། ཕྱི་སྣོད་འབྱུང་ལྔ་ཡུམ་ལྔ། ནང་བཅུད་ཕུང་ལྔ་རིགས་ལྔ། རྒྱུད་དུག་ལྔ་ཡེ་ཤེས་ལྔར་རྟོགས་པས་རང་གཞན་ལ་འཚེ་བར་བྱེད་པའི་དགྲ་འདྲེ་རང་མཚན་པ་གང་ནས་གང་དུ་བཙལ་ཀྱང་སྒྱུ་མ་ཙམ་དུའང་རྙེད་མི་ཤེས་པ་སྣང་སྲིད་ཐམས་ཅད་ཡེ་ནས་རྒྱལ་བའི་སྐུ་དང་ཡེ་ཤེས་ཀྱི་དཀྱིལ་འཁོར་ཡིན་པ་ལ་ཡིན་པར་ཤེས་པའི་གནས་ལུགས་ཡང་དག་པ་ལ་ལྟ་བའི་རྫོང་བཅས་པས་སྣང་ཚུལ་ཅི་ལྟར་སྣང་བ་ཐམས་ཅད་འཛིན་མེད་ཡེ་ཤེས་ཀྱི་རོལ་རྩལ་འབའ་ཞིག་ལ་འཆར་བས་གནས་ཚུལ་དང་སྣང་

ཚུལ་དག་མཉམ་ལྷག་པའི་བདེན་གཉིས་དབྱེར་མེད་ཆོས་སྐུ་ཆེན་པོ་ཡིན་པས་ཕྱི་རོལ་པའི་ཆོས་ལུགས་ལ་ལའི་གྲུབ་མཐའ་ལས་བཤད་པ་ལྟར་མཆོད་པ་འབུལ་མཁན་དགེ་སྡིག་བླང་དོར་ངོ་མི་ཤེས་ཤིང་། གཞི་དང་བསམ་པ་དང་སྦྱོར་བ་དང་མཐར་ཐུག་སྟེ་མི་དགེ་བའི་ཡན་ལག་བཞི་ཡོངས་སུ་རྫོགས་པར་ཚང་བ་དང་། མཆོད་པར་བྱ་བའི་རྫས་སྲོག་དང་ལྡན་པའི་སེམས་ཅན་གྱི་ཤ་ཁྲག་དངོས་པོ་རང་མཚན་པར་གྲུབ་པ། མཆོད་པ་འབུལ་ཡུལ་ཕུང་པོ་འཇིག་པའི་ཚོགས་ལ་བདག་ཏུ་ལྟ་བ་མ་སྤངས་པའི་ལྷ་འདྲེ་རང་རྒྱུད་པ། རང་དང་རང་ཕྱོགས་ཀྱི་ཆོས་ལུགས་གྲུབ་མཐའ་མི་འཛིན་པའི་སེམས་ཅན་ཉེས་མེད་གཞན་ལ་དགྲ་བོ་དངོས་ཀྱི་འདུ་ཤེས་བཞག་སྟེ་ཨརྒཾ་དམར་པོའི་མཆོད་པ་འབུལ་བ་དེ་དག་དང་ནམ་ཡང་མི་འདྲ་ཞིང་། འདྲ་བའི་འབྱུང་ཁུངས་ནམ་ཡང་མི་རྙེད་དོ། །གཟན་ནམ་ས་འདམ་ལ་སོགས་སེམས་མེད་བེམ་པོའི་རྫས་ལ་རང་གི་བག་ཆགས་ལུས་ཀྱི་རྟེན་གཞི་མིང་གཟུགས་བཅོས་ཏེ་རང་རིག་གཉུག་མ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ལ་ཡེ་ཤེས་ལྷ་ཡི་གདིང་བསྐྱེད་དེ་རྣམ་ཤེས་ཡེ་ཤེས་སུ་གནས་གྱུར་པའི་བསྒྲལ་འདྲེན་གྱི་ཕྱག་རྒྱ་དང་འབྲེལ་བའི་ཆོ་ག་ཚུལ་བཞིན་བྱེད་པ་ལ་དགེ་བ་འབའ་ཞིག་ལས་

ཉེས་པ་ཤེས་བྱ་ལ་ནམ་ཡང་སྲིད་པ་མ་ཡིན་ནོ། །འོན་ཀྱང་གང་འདུལ་གདུལ་བྱ་ལ་ཕན་པའི་སངས་རྒྱས་རྣམས་ཀྱི་ཡང་དག་སྒྱུ་མའི་སྤྲུལ་པ་འབྱུང་བའང་སྲིད་པས་དེའི་ཕྱིར་ཇི་སྐད་དུ། རང་ངམ་གཞན་གྱི་གྲུབ་པའི་མཐའ། །ཆོས་ལ་སྨོད་པ་དྲུག་པ་ཡིན། །དྲུག་པ་ཕོག་པ་མཐོལ་ལོ་བཤགས། །ཅེས་འབྱུང་བས་རྩ་ལྟུང་དྲུག་པ་ལ་སྣང་ཆུང་མི་བྱེད་པའང་གལ་ཆེ་བ་ཡིན་ལ། རང་སེམས་ཆོས་ཉིད་ཀྱི་གཞི་ལ་མི་མངོན་པའི་ཚུལ་དུ་བཞུགས་པའི་ཞི་བ་དང་ཁྲོ་བོ་ལམ་སྣང་དུ་ཉམས་སུ་ལེན་པའི་སྐབས་ན་ཞི་བ་བཞི་བཅུ་རྩ་གཉིས་སྙིང་ག་ན་བཞུགས་པ་དང་། དེའི་གདངས་ཁྲག་འཐུང་ལྔ་བཅུ་རྩ་བརྒྱད་ཀླད་པ་དུང་ཁང་གི་ཕོ་བྲང་ན་བཞུགས་པར་གསུངས་པ་ལ་ཡིད་ཆེས་བྱ་དགོས་ཏེ། གང་གིས་ཕྱིར་ན་སེམས་ཉིད་བདེ་བར་གཤེགས་པའི་སྙིང་པོའམ། དོན་དམ་ལྷན་ཅིག་སྐྱེས་པ་གཉུག་མའི་ཡེ་ཤེས་ནི་ཀྱེ་རྡོ་རྗེ་ལས། དངོས་པོ་ཀུན་ལ་ཁྱབ་པ་པོ། །ལུས་གནས་ལུས་ལས་མ་སྐྱེས་པའོ། །ཞེས་དང་། འཕགས་པ་འཇམ་དཔལ་གྱི་མཚན་ཡང་དག་པར་བརྗོད་པ་ལས། གཟུགས་བརྙན་མ་ལུས་འཆང་བ་པོ། །མཁའ་ལྟར་མཉམ་པ་ཉིད་ལ་གནས། །ཞེས་པ་ལ་སོགས་གསུངས་པས། སེམས་ཀྱི་ཆོས་ཉིད་ལ་རྨོངས་ཤིང་།

ཡིད་ཆེས་གཏན་ནས་མེད་པ། འཇིག་རྟེན་གྱི་ཁམས་དངོས་པོའི་རྫས་འབའ་ཞིག་ཏུ་བསྒྲུབས་པའི་མཚན་རིག་པ་རྣམས་ནས་འགྲོ་བ་མི་ཡིས་གཙོ་བྱས་པའི་སེམས་ལྡན་རྣམས་ཀྱི་རྣམ་དཔྱོད་ཤེས་རིག་རྣོ་རྟུལ་གྲུང་དང་མི་གྲུང་བའི་ཁྱད་པར་ཀླད་པ་ལ་སྦྱར་ནས་བཤད་པ་ལ་ཡིད་ཆེས་ཤིང་། སེམས་ཉིད་རང་བྱུང་གི་ཡོན་ཏན་གྱི་རྩལ་དུང་ཁང་ན་ཁྲོ་བོའི་འཆར་གཞིར་བཞུགས་པ་ལ་ཡིད་མི་འཆེས་པ་ནི་སྐྱེ་བ་མང་པོར་བསགས་པའི་མ་རིག་རྨོངས་པའི་སྒྲིབ་པ་རྔམས་པོ་ཆེ་བསགས་པའི་ཉེས་པ་ཁོ་ན་ཡིན་པ་ལས་ཡང་དག་པའི་གཏན་ཚིགས་ནམ་ཡང་རྙེད་དུ་མེད་དོ། །སེམས་ཅན་ཐ་མལ་པ་སོ་སོའི་སྐྱེ་བོ་ཡིན་ཀྱང་སེམས་ཀྱི་གཞི་ལ་ཞི་ཁྲོ་སྐུ་གསུམ་གྱི་ཡོན་ཏན་རང་ཆས་སུ་བཞུགས་པའི་རྟགས་ནི་ཡུལ་རྐྱེན་བཟང་པོ་ལ་བརྟེན་ནས་ཆགས་པའི་སྐབས་སུ་ལུས་སེམས་ཞི་ཞིང་བདེ་བའི་མདངས་སམ་ཉམས་གསལ་བར་མངོན་པ་དང་། ཡུལ་རྐྱེན་ངན་པ་ལ་བརྟེན་ནས་སེམས་འཁྲུགས་པའི་སྐབས་སུ་ཞེ་སྡང་གི་རྣམ་པ་ཤ་མདངས་དམར་པོར་གྱུར་ཏེ་ཡི་གར་མི་འོང་བ་ཁྲོས་པའི་རྣམ་འགྱུར་དུ་ཐོན་པ་ནི་སེམས་ཀྱི་གཞི་ལ་ཞི་བ་དང་ཁྲོ་བོའི་ཡོན་ཏན་བག་ལ་ཞ་ཞིང་། དེའི་རྩལ་ཆགས་སྡང་གི་རྣམ་པར་འཁྲུལ་པའི་

རྟགས་ཡིན་པ་བསྙོན་དུ་མེད་པས། དེས་ན་ཉོན་མོངས་ཆགས་སྡང་འབྱུང་བའི་གནས་ཞི་ཆགས་འབར་བ་ཆེན་པོའི་ཡེ་ཤེས་ཀྱི་ལྷ་གཉུག་མའི་གཤིས་ལ་རང་ཆས་སུ་བཞུགས་པ་ངོ་འཕྲོད་དེ་ཚུལ་བཞིན་ཉམས་སུ་བླངས་ནས་གདེང་ཐོབ་པར་བྱས་ན། སེམས་ཅན་རྣམས་ནི་སངས་རྒྱས་ཉིད། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དེ་བསལ་ན་ནི་སངས་རྒྱས་ཉིད། །ཅེས་གསུངས་པའི་དོན་ཐོག་ཏུ་འཁེལ་བ་ཡིན་ནོ། །དེའི་ཕྱིར་ན་འཁོར་བའི་གནས་སྐབས་ནའང་ཉོན་མོངས་པ་རྣམས་ཡེ་ཤེས་ཀྱི་རིགས་སུ་གནས་པར་ངེས་ཤེས་བརྙེས་དགོས་ཏེ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། ཉོན་མོངས་པ་ནི་དེ་བཞིན་གཤེགས་པའི་གདུང་ངོ་ཞེས་གསུངས་པས་དེ་བས་ན་ཡུལ་སྒྲིབ་བྲལ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཁྲག་འཐུང་ཡེ་ཤེས་རྣམ་ལྔའི་བྱིན་རླབས་ལས། ལམ་ཉམས་སུ་ལེན་མཁན་ཡུལ་ཅན་གང་ཟག་རྣམས་ཀྱི་རྒྱུད་ལ་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཉོན་མོངས་དུག་ལྔའི་ཚུལ་དུ་བག་ལ་ཞ་ནས་ཡོད་པའི་རིགས་མངོན་པར་སད་དེ་ཡུལ་དང་ཡུལ་ཅན་གཉིས་མེད་འཁོར་འདས་ཀུན་གྱི་སྟོང་སྲོག་ཟག་མེད་བདེ་བ་ཆེན་པོའི་དབྱིངས་སུ་འཕྲོག་པ་ཀུན་བཟང་ཁྲག་འཐུང་ཧེ་རུ་ཀ་དཔལ་གྱི་གོ་འཕང་ལ་འཁོད་པའི་ཕྱིར་ཟིལ་གནོན་

པདྨ་དྲག་པོའི་རྣམ་འཕྲུལ་ཡབ་རྗེ་གཏེར་ཆེན་འཇིགས་བྲལ་ཡེ་ཤེས་རྡོ་རྗེའི་དགོངས་གཏེར་གྲོ་ལོད་སྤྱན་འདྲེན་ལས། ཧཱུྃ༔ རཀྴ་སྲིན་པོ་ཁྲོས་པའི་ཕོ་བྲང་ནས༔ སྟོང་གསུམ་དྲེགས་པ་འདུལ་མཛད་ཐོད་ཕྲེང་རྩལ༔ པདྨ་ཁྲག་འཐུང་འཆོལ་བའི་སྐུར་སྣང་བ༔ བཞེངས་ཤིག་བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ འདོད་ཆགས་རཀྟའི་རྒྱ་ མཚོའི་ཀློང་ནས་བཞེངས༔ ཞེ་སྡང་ཀེང་རུས་བཀྲམ་པའི་ཁྲོད་ནས་བཞེངས༔ གཏི་མུག་ཤ་ཆེན་སྤུངས་པའི་དབུས་ནས་བཞེངས༔ ང་རྒྱལ་མེ་ཕུང་འབར་བའི་དབྱིངས་ནས་བཞེངས༔ ཕྲག་དོག་རླུང་ནག་འཚུབས་པའི་ནང་ནས་བཞེངས༔ དགྲ་བགེགས་འབྱུང་པོ་འདུལ་ཕྱིར་གཤེགས་སུ་གསོལ༔ ལྷ་སྲིན་སྡེ་བརྒྱད་འདུལ་ཕྱིར་གཤེགས་སུ་གསོ་༔ དམ་སྲི་ ཕོ་མོ་འདུལ་ཕྱིར་གཤེགས་སུ་གསལ༔ རང་རྩལ་མཁའ་འགྲོ་གིང་ཆེན་སྒོ་སྐྱོང་དང་༔ དམ་ཅན་སྲུང་མའི་ཚོགས་བཅས་གཤེགས་སུ་གསོལ༔ ཞེས་གསུངས་པ་ལ་ངེས་ཤེས་ ཡང་དག་པ་བརྙེས་པར་བྱ་དགོས་སོ། །དེ་ལ་གང་གི་ཚེ་བདག་ཅག་གི་སྟོན་པ་རྣམ་འདྲེན་བཞི་པ་བྱང་ཆུབ་སེམས་དཔའ་ཆེན་པོ་བྲམ་ཟེ་རྒྱ་མཚོའི་རྡུལ་གྱི་སྐྱེ་བ་བཞེས་ཏེ་དེ་བཞིན་

གཤེགས་པ་རིན་ཆེན་སྙིང་པོའི་དྲུང་དུ་སྙིགས་མ་ལྔ་བདོའི་འགྲོ་ལ་དགོངས་པའི་སྨོན་ལམ་ཆེན་པོ་ལྔ་བརྒྱ་བཏབ་པའི་ཚེ་ན་དེ་བཞིན་གཤེགས་པ་རིན་ཆེན་སྙིང་པས་རྒྱ་མཚོའི་རྡུལ་ལ་རིགས་ཀྱི་བུ། བྱང་ཆུབ་སེམས་དཔའ་གཞན་ནི་མེ་ཏོག་ལྟ་བུའོ། །ཁྱོད་ནི་པདྨ་དཀར་པོ་ལྟ་བུའོ་ཞེས་ལུང་བསྟན་ཏེ་མཆོག་ཏུ་བསྔགས་པར་མཛད་དོ། །དེ་དེ་བཞིན་དུ་སྟོན་པ་འཇིག་རྟེན་འདི་ཉིད་ན་འཁྲུངས་པའི་དུས་སུ་དྲང་སྲོང་མཚན་མ་བཟང་ངན་ལ་རྟོག་མཁན་རྣམས་ནས་འཁོར་ལོས་སྒྱུར་བའི་རྒྱལ་པོར་འགྱུར་བའི་ལུང་བསྟན་ཏོ། །དེའི་ཚེ་ན་དྲང་སྲོང་ཉོན་མོངས་མེད་ཅེས་བྱ་བ་ཤཱཀྱའི་ཕོ་བྲང་དུ་རྫུ་འཕྲུལ་གྱིས་འོངས་ཏེ། ས་བདག་རྟོག་པ་པོ་རྣམས་སྔར་གྱི་མཚན་ལྟས་བལྟ་མཁན་རྣམས་ལ་གོ་དགོས། མཆན། བློ་འཁྲུལ་ཏེ། །རྩོད་པའི་དུས་སུ་འཁོར་ལོས་སྒྱུར་མི་འབྱུང་། །ཉེས་ལས་རྣམ་པར་རྒྱལ་བའི་མཆོག་འདི་ནི། །འགྲོ་བའི་དོན་དུ་རང་བྱུང་སངས་རྒྱས་འབྱུང་། །ཞེས་ལུང་བསྟན་ཏོ། །ཇི་ལྟར་ལུང་བསྟན་པ་བཞིན་བདག་ཅག་གི་སྟོན་པས་གཟིགས་པ་རྣམ་པ་ལྔ་ལ་གཟིགས་ཏེ་ཞིང་འདིར་བྱོན་ནས་མཛད་པ་བཅུ་གཉིས་ཀྱི་སྒོ་ནས་འགྲོ་བའི་དོན་ཡོངས་སུ་གྲུབ་པ་མཛད་པའི་མཐར་རྩྭ་མཆོག་གི་གྲོང་ཁྱེར་དུ་ཤིང་སཱ་ལ་ཟུང་ཞིག་གི་བར་དུ་གཟིམ་མལ་

བཅས་ཏེ་སྐུ་བསྙེལ་བའི་ཚུལ་གྱིས་གཞོག་གཡས་ས་ལ་ཕབས་ཏེ་འཁོར་བཞི་པོ་དག་ལ་བཀའ་བསྩལ་པ། ཁྱེད་འཁོར་བཞི་པོ་རྣམས་ཉོན་ཅིག ངས་སྔོན་ནས་ཁྱེད་རྣམས་ལ་ཆོས་ཐམས་ཅད་མི་རྟག་པ་སྟེ་སྒྱུ་མའོ། །འདུས་བྱས་ཀྱི་ཆོས་ཐམས་ཅད་འཇིག་པའོ། །བརྩེགས་པའི་ཐ་མ་ནི་འགྱེལ་བའོ། །བསགས་པའི་ཐ་མ་ནི་ཟད་པའོ། །འདུས་པའི་ཐ་མ་ནི་འབྲལ་བའོ། །སྐྱེ་བའི་ཐ་མ་ནི་འཆི་བའོ། །ཞེས་ང་ཡིས་བཤད་པས། ད་སྟེ་ཞག་བདུན་ན་ང་དགོངས་པ་མྱ་ངན་ལས་འདའ་འོ་ཞེས་བཀའ་བསྩལ་བས་འཁོར་རྣམས་མྱ་ངན་གྱིས་ནོན་ཏེ། ཀྱེ་མ་ཀྱི་ཧུད་ཀྱེ་མ་ཧུད། །སྟོན་པ་འཇིག་རྟེན་མི་བཞུགས་ན། །སངས་རྒྱས་བསྟན་པ་གང་གིས་འཛིན། །བདུད་སྡེ་དཔུང་དང་བཅས་པ་ཡི། །རྒོལ་བ་ངན་པ་གང་གིས་འདུལ། །མུ་སྟེགས་སྟོན་པ་ལ་སོགས་པའི། །ལྟ་ལོག་སུན་ནི་སུ་ཡིས་འབྱིན། །མ་འོངས་ཕྱི་མའི་དུས་ཀྱི་ཚེ། །མདོ་སྔགས་བསྟན་པ་གང་གིས་སྤེལ། །ཞེས་སྨྲེ་ངག་བཏོན་པས། བཅོམ་ལྡན་འདས་ཀྱིས་ཕྱག་གཡས་པ་གསེར་གྱི་ཁ་དོག་ལྟ་བུ་དེ་བརྐྱངས་ཏེ་འཁོར་རྣམས་ཀྱི་མགོ་ལ་བཞག་ནས་འདི་སྐད་ཅེས། ཀྱེ་འཁོར་བཞི་པོ་དག་ཉོན་ཅིག ཁྱེད་རྣམས་ད་ལྟ་མི་མ་རབས་ངན་པ་ལྟར་མྱ་

ངན་དང་སྨྲེ་ངག་མ་བྱེད་ཅིག །ང་ནི་མྱ་ངན་འདས་འོག་ཏུ། །ལོ་ནི་བཞི་གསུམ་བཅུ་གཉིས་ན། །དྷ་ན་ཀོ་ཤའི་མཚོ་གླིང་ཏུ། །ཀུན་ལས་ལྷག་པའི་སྐྱེས་བུ་འབྱུང་། །ཡིད་བཞིན་ནང་ནས་ནོར་བུ་ལྟར། །མཐའ་ཡས་དབང་པོ་པདྨ་འབྱུང་། །སྐར་ཚོགས་ནང་ནས་ཉི་ཟླ་ལྟར། །མཐའ་ཡས་དབང་བོ་པདྨ་འབྱུང་། །རྒྱལ་བ་ཀུན་གྱིས་རབ་བསྔགས་པའི། །ང་བས་ལྷག་པའི་སྐྱེས་བུ་འབྱུང། །བདུད་དང་མུ་སྟེགས་ལ་སོགས་པའི། །རྒོལ་བ་ངན་པ་དེ་ཡིས་འདུལ། །རྒྱ་གར་ཤར་ནུབ་ཐམས་ཅད་དུ། །སངས་རྒྱས་བསྟན་པ་དེ་ཡིས་འཛིན། །མ་འོངས་ཐ་མར་གྱུར་པ་ན། །སྟོན་པའི་བཀའ་དང་ཆོས་རྣམས་ཀྱང་། །རྡོ་རྗེ་གདན་གྱི་བྱང་ཕྱོགས་ངོས། །རི་བོ་ནག་པོ་བཅུ་གསུམ་འདས། །ཁ་བ་ཅན་གྱི་རྒྱལ་ཁམས་སུ། །བསྟན་པ་དར་ཞིང་རྒྱས་པར་འགྱུར། །ཁྱེད་རྣམས་མྱ་ངན་མ་བྱེད་ཅིག །ཅེས་བཀའ་བསྩལ་བ་དང་འཁོར་རྣམས་སྟོན་པ་ཉིད་ལས་ལྷག་པའི་སྐྱེས་བུ་འབྱང་ཞེས་གསུངས་པ་ལ་ཐེ་ཚོམ་དུ་གྱུར་པ་བཅོམ་ལྡན་འདས་ཀྱིས་མཁྱེན་ནས་སླར་བཀའ་བསྩལ་པ། ཀྱེ་འཁོར་རྣམས་ཉོན་ཅིག །སྐྱེས་བུ་དམ་པ་དེ་ནི་དུས་གསུམ་གྱི་སངས་རྒྱས་ཐམས་ཅད་ལས་ངོ་མཚར་རྣམ་པ་ལྔ་ཡིས་ཁྱད་པར་འཕགས་ཏེ། ས་དང་ལམ་གྱི་རིམ་པ་

ལ་མ་ལྟོས་ཏེ་དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི་དགོངས་པ་ལ་སྤྱོད་པ་དང་། ཡབ་ཡུམ་གྱི་རྒྱུ་དང་རྐྱེན་ལ་མི་ལྟོས་ཏེ་པདྨ་ལས་རང་བྱུང་དུ་འཁྲུངས་པ་དང་། བདུད་སྡེ་དཔུང་དང་བཅས་པ་ལས་རྒྱལ་ཏེ་སྣང་སྲིད་ཀུན་ལ་མངའ་དབང་བསྒྱུར་བ་དང་། ཕྲིན་ལས་གཅིག་ཏུ་མ་ངེས་ཏེ་ཞི་རྒྱས་དབང་དྲག་གི་མཛད་པ་མཐའ་ཡས་པས་གདུལ་བྱ་ལུགས་ འབྱུང་ལུགས་ལྡོག་ཐམས་ཅད་འདུལ་ཞིང་འཁོར་བ་དོང་ནས་སྤྲུགས་པའི་ཕྲིན་ལས་མཛད་པ་དང་། སྐུ་ལ་བགྲེས་རྒུད་དང་སྐྱེ་ཤི་མི་མངའ་བ་ཚེའི་རིག་འཛིན་བརྙེས་པས་འཁོར་བ་མ་སྟོང་ བར་དུ་བཞུགས་པ་སྟེ་ཅིའི་ཕྱིར་ན། སངས་རྒྱས་སྣང་བ་མཐའ་ཡས་དངོས་སོ། །ཞེས་བཀའ་བསྩལ་ཏོ། །དེ་ལྟར་དབུས་འགྱུར་ཚལ་ལུང་བསྟན་པའི་མདོ་ཕྱི་མ་དང་། གཞན་ཡང་མདོ་སྡེ་ གསེར་འོད་དམ་པ། ལྷ་མོ་དྲི་མ་མེད་པའི་མདོ། གསང་བ་བསམ་གྱིས་མི་ཁྱབ་པའི་མདོ། བླ་མེད་དོན་རྫོགས་འདུས་པའི་རྒྱུད། ནམ་མཁའ་ཆེ་བསམ་གྱིས་མི་ཁྱབ་པའི་རྒྱུད། ཐུགས་རྗེ་ ཆེན་པོ་འཁོར་བ་དོང་སྤྲུགས་ཀྱི་རྒྱུད། ཐུགས་རྗེ་ཆེན་པོ་གསང་བ་འདུས་པའི་རྒྱུད། རྒྱལ་བ་རྒྱ་མཚོའི་རྒྱུད། གཏུམ་མོ་རྒྱ་མཚོའི་རྒྱུད། ཧེ་རུ་ཀ་གལ་པོའི་རྒྱུད་ལ་སོགས་པ་མདོ་རྒྱུད་དུ་

མ་ནས་དངོས་དང་བརྒྱུད་ནས་ལུང་བསྟན་ཅིང་། ཐུགས་གཟུ་བོར་གནས་པའི་རྒྱ་བོད་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱིས་གཙུག་གི་ནོར་བུ་ལྟར་བརྟེན་པ་ནི་གུ་རུ་རིན་པོ་ཆེ་ཉིད་ཡིན་པར་གསུངས་ཏེ། གསན་བསམ་རྒྱ་མཚོའི་ཕ་རོལ་ཏུ་ཕྱིན་པ་འགོས་ལོ་ཆེན་པོ་གཞོན་ནུ་དཔལ་གྱིས་རང་ཅག་གངས་ཅན་པ་རྣམས་ལ་གཙུག་གི་ནོར་བུ་གཅིག་དང་རྣ་བའི་རྒྱན་གཉིས་ཡོད་དེ། གཙུག་གི་ནོར་བུ་གཅིག་ནི་པདྨ་འབྱུང་གནས་སོ། །རྣ་བའི་རྒྱན་གཉིས་ནི་མི་ལ་རས་པ་དང་། རོང་ཟོམ་ཆེན་པོ་ཆོས་ཀྱི་བཟང་པོའོ། །ཞེས་དེབ་ཐེར་སྔོན་པོའི་ནང་ཇི་ལྟར་བསྔགས་པར་མཛད་པ་བཞིན་ནོ། །དེ་ལྟར་བདག་ཅག་གི་འདྲེན་མཆོག་ཐུབ་པའི་དབང་པོས་སྐུ་མྱ་ངན་ལས་འདའ་བའི་སྔོན་དུ་ལུང་གིས་བསྔགས་པ་ལྟར་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཀྱི་འཁོར་ལོ་བསྐོར་ཞིང་། ཞི་རྒྱས་དབང་དྲག་མཆོག་གི་ཕྲིན་ལས་དང་བཅས་པས་སྐྱེ་རྒུ་རྣམས་འཁོར་འདས་ཡོན་ཏན་དཔལ་དང་ལྡན་པའི་གོ་འཕང་ལ་འགོད་པར་མཛད་པ་པོ་ནི་འཕགས་པ་འཇམ་དཔལ་དབྱངས་ཀྱི་མཚན་ཡང་དག་པར་བརྗོད་པ་ལས། དཔལ་ལྡན་སངས་རྒྱས་པདྨ་སྐྱེས། །ཀུན་མཁྱེན་ཡེ་ཤེས་མཛོད་འཛིན་པ། །རྒྱལ་པོ་སྒྱུ་འཕྲུལ་སྣ་ཚོགས་འཆང་། །ཆེ་བ་སངས་རྒྱས་

རིགས་སྔགས་འཆང་། །ཞེས་ཇི་ལྟར་བསྔགས་པར་མཛད་པ་ལ་འཕྱང་མོ་ནམ་ཡང་མ་ཉུག་པར་བསྟེན་དགོས་སོ། །སྐྱེས་རབས་ལས། གང་ཚེ་ཐར་པའི་ལམ་མཆོག་རྙེད་གྱུར་པ། །དེ་ཚེ་བདུད་རྣམས་ཟུག་རྡུ་ལྡང་འགྱུར་ཏེ། །རིན་ཆེན་རིན་ཐང་མེད་པར་རྙེད་གྱུར་པ། །དེ་ལ་དགྲ་བྱེད་མང་སྟེ་ཆོས་ཉིད་ཡིན། །ཅེས་གསུངས་པ་ལྟར། རང་སྣང་དགྲ་རུ་ལངས་ཤིང་། གཞན་སྣང་སྡིག་ལ་སྦྱོར་བའི་གང་ཟག་ལས་ངན་རྣམས་ནས་སྔ་འགྱུར་བའི་སྟོན་པ་དང་བསྟན་པ། ཆོས་དང་གང་ཟག་ལ་ཕྲག་དོག་གི་དབང་གིས་སྒྲོ་སྐུར་རྣམ་པ་སྣ་ཚོགས་ཀྱིས་ཐོས་བསམ་གྱིས་ཕོངས་པའི་བློ་གསར་བུ་བ་རྣམས་ལོག་པའི་ལམ་དུ་འཁྲིད་སྲིད་པས་ཤིན་ཏུ་གཟབ་དགོས་སོ། །དེ་ལ་འཇིག་རྟེན་ན་མུན་པའི་བསྐལ་པ་དང་། སྒྲོན་མའི་བསྐལ་པ་འདྲེས་མར་བྱུང་བ་ལས་གསང་སྔགས་ཀྱི་བསྟན་པ་འབྱུང་བའི་བསྐལ་པ་གསུམ་ནི་ཨོ་རྒྱན་ཆེན་པོས། ཨེ་མ་ཧོ། སངས་རྒྱས་བསྟན་པ་རྨད་བྱུང་བསམ་ཡས་ལས༔ ཁྱད་པར་འཕགས་པའི་བསྟན་པ་རྣམ་གསུམ་བྱོན༔ སངས་རྒྱས་ཤཱཀྱ་ཐུབ་པའི་ཞིང་ཁམས་འདིར༔ གསང་སྔགས་རྡོ་རྗེ་ཐེག་པའི་བསྟན་པ་བྱོན༔ བསྟན་པ་རིན་པོ་ཆེ་ལ་གསོལ་བ་འདེབས༔ ཨོ་རྒྱན་པདྨ་

འབྱུང་གནས་ལ་གསོལ་བ་འདེབས༔ ཞེས་གསུངས་པས་སྤྲུལ་གཞི་སྟོན་པ་རིགས་དྲུག་པ་ཀུན་བཟང་རྡོ་རྗེ་འཆང་གིས་དགོངས་པ་རང་ལས་ཐ་མི་དད་ཅིང་རྣམ་པ་འཁོར་གྱི་ཚུལ་དུ་བཀོད་པའི་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་ལོངས་སྤྱོད་རྫོགས་པའི་སྐུ་དང་ཞིང་ཁམས་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པར་བཀོད་པ་ལས་མ་ཧཱ་ཨ་ནུ་ཨ་ཏི་སྟེ་གསང་སྔགས་བླ་མེད་ཀྱི་རྒྱུད་རྡོ་རྗེ་སེམས་དཔའ་ལ་དགོངས་པ་བརྡའི་སྒོ་ནས་གཉིས་སུ་དབྱེར་མི་ཕྱེད་པའི་ཚུལ་གྱིས་གསུངས་པ་རྒྱལ་བ་དགོངས་པའི་བརྒྱུད་པ་དང་། ལྷ་གྲགས་ལྡན་མཆོག་སྐྱོང་། གནོད་སྦྱིན་སྐར་མདའ་གདོང་། སྲིན་པོ་བློ་གྲོས་ཐབས་ལྡན། ཀླུ་རྒྱལ་འཇོག་པོ་དང་། ལྷ་དབང་བརྒྱ་བྱིན་ཏེ་མི་མ་ཡིན་པའི་རིག་འཛིན་དང་། རྡོ་རྗེ་སེམས་དཔའི་སྤྲུལ་པ་རིག་འཛིན་དགའ་རབ་རྡོ་རྗེ་དང་། ཤྲཱི་སིངྷ་། བི་མ་ལ་མི་ཏྲ། ཨོ་རྒྱན་རིན་པོ་ཆེ་ལ་སོགས་རིག་འཛིན་བརྡ་ཡི་བརྒྱུད་པ། ཆོས་རྒྱལ་ཁྲི་སྲོང་ལྡེའུ་བཙན། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་སོགས་ནས་དྲིན་ཅན་རྩ་བའི་བླ་མའི་བར་གང་ཟག་སྙན་ཁུང་གི་བརྒྱུད་པ་སྟེ་བརྒྱུད་པ་གསུམ་ལྡན་སྔགས་ཀྱི་བསྟན་པ་དར་བའོ། །དེ་ཡང་མངའ་རིས་པཎ་ཆེན་པདྨ་དབང་གི་རྒྱལ་པོས། ཀུན་བཟང་རྡོ་རྗེ་འཆང་དབང་སྟོན་པ་དེས། །

འོག་མིན་ཆེན་པོར་རྒྱུད་སྡེ་རྒྱ་མཚོ་གསུངས། །ཕྱིས་ནས་འབྲས་སྤུངས་སོགས་སུ་བཟླས་ཏེ་བསྟན། །ཞེས་སོགས་གསུངས་པས་དེའི་འགྲེལ་པ་སྨིན་གླིང་ལོ་ ཆེན་དྷརྨ་ཤྲཱིའི་གསུང་དཔག་བསམ་སྙེ་མའི་འགྲེལ་པ་བསྡུས་དོན་འཇམ་དབྱངས་དགྱེས་པའི་ཞལ་ལུང་ལས། བདག་ཅག་གི་སྟོན་པ་འདི་ཉིད་གཞི་གདོད་མའི་དབྱིངས་སུ་རིག་པ་ཡེ་ཤེས་གྲོལ་ བས་མངོན་པར་རྫོགས་པར་སངས་རྒྱས་ཏེ། དུས་གསུམ་རྒྱལ་བ་ཐམས་ཅད་དང་དགོངས་པ་རོ་གཅིག་ཏུ་བཞུགས་པ་ལས། སྟོན༷་པ༷་ལོངས་སྤྱོད་རྫོགས་སྐུ་ཀུན་བཟང་རྡོ་རྗེ་འཆང་དབང་ཉིད། རྒྱལ་ཚབ་ཞི་ཁྲོ་རིགས་ལྔའི་རྣམ་པ་དང་བཅས་པར་སྣང་བས། རང་སྣང་ཤིན་ཏུ་རྣམ་པར་དག་པའི་རྡོ་རྗེའི་ཞིང༷་ཁ༷མས་འོག་མིན་ཆེན་པོར། ཉིད་ལས་ཐ་མི་དད་པ་རང་སྣང་རྒྱལ་བ་ཞི་ཁྲོའི་ འཁོ༷ར་ཚད་མེད་པས་བསྐོར་བའི་དབུས་སུ། ཆོ༷ས་འོད་གསལ་བའི་ཡེ་ཤེས་དགོངས་པ་བརྗོད་དུ་མེད་པའི་རྒྱུད་སྡེ་རྒྱ་མཚོ་ཉིད། དུས༷་གཞི་རྫོགས་འཕོ་འགྱུར་མེད་པའི་དབྱིངས་སུ་རང་ཤར་ བའི་ཚུལ་གྱིས་སྣང་བར་མཛད། དེའི་དུས་ན་ས་བཅུ་རྒྱུན་མཐའ་ལ་གནས་པའི་བྱང་ཆུབ་སེམས་དཔའ་རྣམས་ལ་སྟོན་པ་རིགས་དྲུག་པའི་རྣམ་པས། གཞན་སྣང་ལོངས་སྤྱོད་རྫོགས་པའི་ཞིང་

ཁམས་ཁྱད་པར་ཅན་གྱི་འོག་མིན་དུ། དགོངས་པ་བརྡའི་གསུང་གིས་རྟག་པ་རྒྱུན་མི་ཆད་པར་སྟོན་ཏེ། གསང་སྙིང་ལས། འོག་མིན་བླ་མེད་གནས་མཆོག་ཏུ། །སྐུ་ནི་རྣམ་པར་སྣང་མཛད་ ཚུལ། །བྱང་ཆུབ་སེམས་དཔའི་འཁོར་རྣམས་ལ། །དེ་བཞིན་གསུང་མཆོག་མི་སྨྲ་སྟེ། །སྐུ་ཡིས་ཆོས་རྣམས་འཇལ་བར་སྟོན། །ཞེས་སོ། །དེ་བཞིན་ཏུ་ས་དགུ་པ་ལ་འོག་མིན་ཙམ་པོ་པ་ དང་། བརྒྱད་པ་ལ་བཏགས་པའི་འོག་མིན་དུ་ཚུལ་དེ་དང་འདྲ་བས་སྟོན་པར་བཤད། ཞིང་ཁམས་དེ་དག་ཏུ་བགྲོད་པར་མི་ནུས་པའི་གདུལ་བྱ་དག་ཞིང་རང་དབང་ཅན་རྣམས་དང་། གདུལ་བྱ་དག་མ་དག་སྣ་ཚོགས་པའི་ངོར་མི་མཇེད་འཇིག་རྟེན་གྱི་ཁམས་སོགས་འགྲོ་འདུལ་སྤྲུལ་པའི་ཞིང་རྣམས་སུ་དུས་དང་ཚད་མ་ངེས་པར་གསུངས་པ་ནི་དཔག་ཏུ་མེད་པ་ཡིན་ནོ། ། ཕྱིས་རྩོད་དུས་ཚེ་ལོ་བརྒྱ་པའི་དུས་འདིར། སྟོན་པ་ཡང་དག་པར་རྫོགས་པའི་སངས་རྒྱས་ཤཱཀྱ་ཐུབ་པས་བྱ་སྤྱོད་ཀྱི་རྒྱུད་རྣམས་ཕལ་ཆེར་ཆགས་བྲལ་གྱི་རྣམ་པས་གསུངས་པ་དང་། གསང་ བ་འདུས་པའི་རྒྱུད་རང་ཉིད་གསང་འདུས་ཀྱི་སྐུར་བཞེངས་ཏེ། ཨོ་རྒྱན་གྱི་ཡུལ་དུ། རྒྱལ་པོ་ཨིནྡྲ་བྷཱུ་ཏི་དང་དཔལ་ཕྱག་ན་རྡོ་རྗེ་ལ་གསུངས། ཀྱེའི་རྡོ་རྗེའི་རྒྱུད་རྣམས་ཀྱེ་རྡོར་གྱི་སྐུར་

བཞེངས་ནས་རྡོ་རྗེ་སྙིང་པོ་ལ་གསུངས། དཔལ་ལྡན་འབྲས་སྤུངས་ཀྱི་མཆོད་རྟེན་དུ་འོག་ཏུ་ཆོས་དབྱིངས་གསུང་དབང་དང་། སྟེང་དུ་དཔལ་ལྡན་རྒྱུ་སྐར་གྱི་དཀྱིལ་འཁོར་སྤྲུལ་ནས། རྒྱལ་པོ་ཟླ་བ་བཟང་པོ་སོགས་ལ་དུས་ཀྱི་འཁོར་ལོའི་རྒྱུད་སྟོན་པ་སོགས་ཀྱིས་མཚོན། ས་ཆེན་པོ་ལ་བཞུགས་པ་དང་དཔའ་བོ་དང་རྣལ་འབྱོར་མའི་འཁོར་རྣམས་ལ་བཟླས་ཏེ་བསྟན་པའང་བརྗོད་ཀྱིས་མི་ལངས་སོ། །སྤྱིར་གསང་སྔགས་རྡོ་རྗེ་ཐེག་པའི་རྒྱུད་སྡེ་མཆིས་སོ་འཚལ་དཔལ་ཕྱག་ན་རྡོ་རྗེས་བསྡུས་པ་ཡིན་ཏེ། བྱང་ཤར་ལྕང་ལོ་ཅན་གྱི་ཕོ་བྲང་དུ། བྱང་ཆུབ་སེམས་དཔའ་བྱེ་བ་དགུ་བཅུ་རྩ་དྲུག་འདུས་ཏེ། གསང་བའི་བདག་པོ་ལ་གསོལ་བ་བཏབ་པ་ན་རྒྱུད་སྡེ་མ་ལུས་པ་གསུངས་ཏེ་གསེར་གྱི་གླེགས་བུ་ལ་བཻ་ཌཱུརྻའི་ཡི་གེར་བཀོད་པར་བཤད། ཡང་རྒྱུད་ཁ་ཅིག་ཞུ་བ་པོའི་འཁོར་དེས་སྡུད་པ་ཡང་ཡོད་དེ། དུས་འཁོར་རྩ་རྒྱུད་ཟླ་བཟང་། བརྟག་གཉིས་རྡོ་རྗེ་སྙིང་པོ། སྡོམ་འབྱུང་ཕྱག་རྡོར། རྡོ་རྗེ་མཁའ་འགྲོ་ཕག་མོས་བསྡུས་པ་ལྟར་རོ། །འོན་ཀྱང་ཞུ་བ་པོ་དེ་དག་གསང་བའི་བདག་པོའི་ཐབས་ཤེས་ཀྱི་སྣང་ཆ་ཙམ་ལས་དོན་དུ་ཐ་དད་མེད་པས་དེ་ལྟར་ན་རྒྱུད་སྡེ་ཡོད་དོ་ཅོག་དཔལ་ཕྱག་ན་རྡོ་རྗེས་བསྡུ་

པ་ཡིན་ནོ། །འོ་ན་མི་ཡུལ་དུ་ཇི་ལྟར་གྲགས་པ་ནི། གསང་སྔགས་སྔ་འགྱུར་བ་ལྟར་ན་རྒྱུད་སྡེ་རྣམས་ནི་ཐུབ་པའི་དབང་པོ་མྱ་ངན་ལས་འདས་ནས་ལོ་ཉི་ཤུ་རྩ་བརྒྱད་ཀྱི་དུས་སུ། དམ་པའི་རིགས་ཅན་དྲྭ་མ་ལྔ་ལངྐའི་ཡུལ་རི་བོ་མ་ལ་ཡའི་རྩེར་རང་རང་གི་མངོན་ཤེས་ཀྱིས་འདུས་ཏེ། གདུང་ཚིག་ཉི་ཤུ་རྩ་གསུམ་བཏོན་པས། གསང་བདག་མངོན་སུམ་དུ་བྱོན་ནས་རྒྱུད་རྣམས་མ་ལུས་པ་སྟོན་པས། སྲིན་པོ་བློ་གྲོས་ཐབས་ལྡན་གྱིས་གསེར་གྱི་གླེགས་བམ་ལ་བཻ་ཌཱུརྻའི་ཞུན་མས་བྲིས་ནས་དགོངས་པའི་རྩལ་བདུན་གྱིས་ནམ་མཁའ་ལ་སྦས། དེའི་ཚེ་དེའི་བྱིན་རླབས་ལས་ས་ཧོ་རའི་རྒྱལ་པོ་ཛ་ལ་ངོ་མཚར་བའི་རྨི་ལྟས་བདུན་རྨིས་པ་ལ་བརྟེན་ནས་སྒྲུབ་པ་མཛད་པས། ཨ་ཏི་ཡོ་ག་མ་གཏོགས་གཞན་རྒྱུད་སྡེ་ཐམས་ཅད་གླེགས་བམ་གྱི་རྣམ་པས་མི་ཡུལ་དུ་དངོས་སུ་བབས། ཨ་ཏི་ཡོ་ག་ནི་དགའ་རབ་རྡོ་རྗེས་ཕྱག་རྡོར་ལས་དངོས་སུ་གསན་ནས་གླེགས་བམ་ལ་བཀོད་པར་བཤད། སྒྲུབ་སྡེ་ནི། གསང་བདག་རྡོ་རྗེ་ཆོས་ཀྱིས་བསྡུས་ཏེ་གླེགས་བམ་ལ་བཀོད་དེ་མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་ལ་གཏད། དེས་མཆོད་རྟེན་བདེ་བྱེད་བརྩེགས་པར་གཏེར་དུ་སྦས་པ། ཕྱིས་བཀའ་བབས་ཀྱི་སློབ་དཔོན་བརྒྱད་ཀྱིས་སྤྱན་དྲངས་ཏེ། མི་ཡུལ་དུ་

དར་བར་བཞེད་དེ། མཁའ་འགྲོ་མ་ལས་ཀྱི་དབང་མོ་ཆེ་མངོན་སུམ་དུ་བྱོན་ནས་སྒྲོམ་བུ་རྣམས་བླངས་ཏེ། གཤིན་རྗེའི་ལྕགས་སྒྲོམ་འཇམ་དཔལ་བཤེས་གཉེན། རྟ་མགྲིན་གྱི་ཟངས་སྒྲོམ་ནཱ་གརྫུ་ན། ཡང་དག་གི་དངུལ་སྒྲོམ་ཧཱུྃ་ཀ་ར། ཆེ་མཆོག་བདུད་རྩི་ཡོན་ཏན་གྱི་བསེ་སྒྲོམ་བི་མ་ལ། ཕུར་པའི་གཡུ་སྒྲོམ་པདྨ་འབྱུང་གནས། མ་མོའི་བསེ་སྒྲོམ་དྷ་ན་སཾ་སྐྲི་ཏ། མཆོད་བསྟོད་ཀྱི་མཆོང་སྒྲོམ་རམ་བུ་གུ་ཧྱ། དྲག་སྔགས་ཀྱི་གཟི་སྒྲོམ་ཤནྟིཾ་གྷརྦ་རྣམས་ལ་སོ་སོར་གཏད་དེ་རང་རང་གི་དོན་ལ་མཁས་ཤིང་སྔགས་ཀྱི་དངོས་གྲུབ་བརྙེས་པར་གྱུར། རིན་པོ་ཆེ་སྣ་བརྒྱད་ཀྱི་སྒྲོམ་བུ་ལས་བདེ་གཤེགས་འདུས་པ་ཚོམ་བུ་གཅིག་ཏུ་འདུས་པའི་རྒྱུད་དང་མན་ངག་གི་བཀའ་རྣམས་བྱུང་བ་སློབ་དཔོན་པདྨ་ལ་བཀའ་བབས་པའོ། །དེ་དག་ལས་རིམ་བཞིན་བོད་དུ་སློབ་དཔོན་ཆེན་པོས་བཀའ་འདུས་ཆོས་ཀྱི་རྒྱ་མཚོའི་དཀྱིལ་འཁོར་དུ་རྗེ་འབངས་རྣམས་སྨིན་པར་མཛད་པ་ན་འཇམ་དཔལ་སྐུ་ཡི་ལྷ་ཚོགས་སངས་རྒྱས་ཡེ་ཤེས་ལ་བཀའ་བབས། པདྨ་གསུང་གི་ལྷ་ཚོགས་རྒྱལ་བ་མཆོག་དབྱངས་ལ་བཀའ་བབས། ཡང་དག་ཐུགས་ཀྱི་ལྷ་ཚོགས་ནམ་མཁའི་སྙིང་པོ་ལ་བཀའ་བབས། བདུད་རྩི་ཡོན་ཏན་གྱི་ལྷ་ཚོགས་

གཉགས་ཛྙཱ་ན་ཀུ་མ་ར་ལ་བཀའ་བབས། ཕུར་པ་ཕྲིན་ལས་ཀྱི་ལྷ་ཚོགས་མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ལ་བཀའ་བབས། འཇིག་རྟེན་མཆོད་བསྟོད་ཀྱི་ལྷ་ཚོགས་དཔལ་གྱི་སེང་གེ་ལ་བཀའ་བབས། སྟོབས་ལྡན་ནག་པོའི་ལྷ་ཚོགས་བཻ་རོ་ཙ་ན་ལ་བཀའ་བབས། ཆེ་མཆོག་གི་ལྷ་ཚོགས་མངའ་བདག་ཁྲི་སྲོང་ལྡེའུ་བཙན་ལ་བཀའ་བབས་པ་ལས་རིམ་བཞིན་དར་བར་བཞེད་དོ། །གསང་སྔགས་གསར་མ་བ་རྣམས་ཀྱིས་ནི། འོ་སྐོལ་གྱི་སྟོན་པས་ཨོ་རྒྱན་གྱི་ཡུལ་དུ་ཨིནྡྲ་བྷཱུ་ཏི་འཁོར་དང་བཅས་པ་གསང་བ་འདུས་པའི་སྤྲུལ་པའི་དཀྱིལ་འཁོར་དུ་བཅུག་སྟེ་དབང་གིས་སྨིན་པར་བྱས་པས་རྒྱལ་པོ་དབང་དུས་སུ་གྲོལ། དེའི་ཚེ་ཕྱག་ན་རྡོ་རྗེས་རྒྱུད་ཀུན་བསྡུས་ནས་རྒྱལ་པོ་འཁོར་བཅས་ལ་བྱིན་པས་ཡུལ་དེའི་སྲོག་ཆགས་ཕྲ་མོ་ཡན་ཆད་ཀྱིས་དངོས་གྲུབ་ཐོབ་སྟེ་འཇའ་ལུས་སུ་སོང་། སླར་ཡུལ་དེ་མཚོར་གྱུར་པ་ཀླུ་རྣམས་ཀྱིས་གང་བ་ན། ཕྱག་རྡོར་གྱིས་ཀླུ་རྣམས་སྨིན་པར་མཛད་པས། དེ་དག་ཀྱང་རིམ་གྱིས་མཚོ་འགྲམ་དུ་མིའི་ཡུལ་གྲུར་ཆགས་པས་ཨོ་རྒྱན་མཁའ་འགྲོའི་གླིང་ཞེས་གྲགས་པ་དང་། མཚོ་དེའང་ཧེ་རུ་ཀའི་ལྷ་ཁང་རང་བྱུང་ཞིག་ཏུ་གྲུབ་པ་ན། རྒྱུད་སྡེ་ཐམས་ཅད་ཀྱི་གླེགས་བམ་བཞུགས་པ་ལས། ཕྱིས་རྒྱལ་པོ་བི་སུ་ཀལྤ།

ཌོམྦི་ཧེ་རུ་ཀ་ཀུ་ཀུ་རི་པ། ལ་ལི་ཏ་བཛྲ། གྲུབ་ཆེན་ཏེ་ལོ་པ་སོགས་ཀྱིས་རིམ་གྱིས་སྤྱན་དྲངས་པ་དང་། དེ་བཞིན་ཏུ་ཤམྦྷ་ལ་སོགས་ཡུལ་གཞན་དག་ནས་ཀྱང་ སྤྱན་དྲངས་ཏེ་དར་བར་མཛད་པར་གྲགས་སོ། །དེ་དག་ཀྱང་གྲུབ་ཆེན་བརྒྱད་དང་། གྲུབ་ཐོབ་བརྒྱད་ཅུ་སོགས་རྒྱ་བོད་ཀྱི་མཁས་གྲུབ་མང་པོས་དོན་ལ་རྟོན་པའི་དགོངས་འགྲེལ་གྱིས་བཀྲལ་ ཞིང་བཤད་དང་སྒྲུབ་པས་འཛིན་སྐྱོང་སྤེལ་གསུམ་མཛད་པའི་བཀའ་དྲིན་ལ་བརྟེན་ནས་དར་བའི་ཚུལ་གསར་རྙིང་རིས་མེད་ཀྱི་མཁས་གྲུབ་གོང་མ་རྣམས་ཀྱི་གསུང་ལས་ཇི་སྐད་གསུངས་པ་ བཞིན་ནོ། །ཁྱད་པར་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱིས་ཕྱི་རབས་ཀྱི་གདུལ་བྱ་ལ་དགོངས་ཏེ་རྒྱ་བལ་འབྲས་འབྲུག་བོད་ཡུལ་ལ་སོགས་སུ་དངོས་དང་བརྒྱུད་ནས་གནས་རི་སྒྲུབ་ཕུག་ གྲངས་ལས་འདས་པ་བྱིན་གྱིས་བརླབས་ཤིང་། ཉང་རལ་ཉི་མ་འོད་ཟེར། གུ་རུ་ཆོས་དབང་། རིག་འཛིན་རྒོད་ལྡེམ་མམ་དངོས་གྲུབ་རྒྱལ་མཚན་ཏེ་མཆོག་གི་སྤྲུལ་སྐུ་རྣམ་གསུམ། རྡོ་རྗེ་གླིང་པ་དང་། རཏྣ་གླིང་པ། པདྨ་གླིང་པ། ཀརྨ་གླིང་པ། འཇིགས་མེད་གླིང་པ་དང་། པདྨ་འོད་གསལ་མདོ་སྔགས་གླིང་པ་ལ་སོགས་གཏེར་སྟོན་གྱི་རྒྱལ་པོ་ལྔ། གཏེར་ཆེན་བརྒྱ་

དང་གཏེར་ཕྲན་སྟོང་ལ་སོགས་ཨོ་རྒྱན་ཆེན་པོ་རང་ཉིད་ཀྱི་རྣམ་པར་འཕྲུལ་པ་མང་པོ་བཀྱེས་ཏེ་བཀའ་བབས་ལུང་བསྟན། སྨོན་ལམ་དབང་བསྐུར། མཁའ་འགྲོ་གཏད་རྒྱ་སྟེ་ཁྱད་པར་གྱི་བརྒྱུད་པ་གསུམ་དང་ལྡན་པའི་ཆོས་ནོར་དམ་རྫས་ལ་སོགས་པས་འགྲོ་བའི་དོན་རླབས་པོ་ཆེ་ཇི་ལྟར་མཛད་པའི་ཚུལ་འགྲན་ཟླ་དང་བྲལ་བའི་མཁས་གྲུབ་གོང་མ་རྣམས་ཀྱིས་རྒྱལ་བའི་བཀའ་ལུང་ཚད་མ་ལ་བརྟེན་ནས་ཇི་ལྟར་བསྒྲུབས་པའི་ཚུལ་ངོ་མཚར་རྨད་དུ་བྱུང་བའི་ཆོས་འབྱུང་རྣམས་ལས་གསལ་བ་ལྟར་རོ།། །། ༈ །དེ་ལ་སྐབས་སུ་བབས་པའི་བརྗོད་བྱ་ཚིག་བདུན་གསོལ་འདེབས་བྱིན་རླབས་ཆེ་བའི་འབྱུང་ཁུངས་ལོ་རྒྱུས་ནི། ཡེ་ཤེས་ཀྱི་མཁའ་གྲོ་མ་རྣམས་ཀྱིས་གུ་རུ་རིན་པོ་ཆེ་ཚོགས་འཁོར་ལ་སྤྱན་འདྲེན་པའི་གསོལ་འདེབས་སུ་གྲགས་ཤིང་། དེ་ཡང་སྔོན་ནང་པའི་བསྟན་པ་དར་བའི་སྐབས་སུ་དཔལ་ནཱ་ལེནྡྲའི་གཙུག་ལག་ཁང་དུ་མུ་སྟེགས་པའི་སྟོན་པ་སྒྲ་ཚད་ལ་མཁས་པ་ལྔ་བརྒྱ་ལྷགས་ནས་ནང་པའི་བསྟན་པ་ཉམས་དམས་པར་བྱེད་པའི་དུས་སུ། ནང་པའི་པཎྜི་ཏ་རྣམས་ཀྱིས་རྩོད་པར་མི་ནུས་པའི་ཚེ་པཎྜི་ཏ་ཕལ་ཆེར་གྱི་རྨི་ལམ་མཐུན་པར་ཡེ་ཤེས་ཀྱི་མཁའ་འགྲོ་མ་མ་ཧཱ་ཤནྟི་དེ་ཝི་སྟེ་མཁའ་འགྲོ་མ་ཞི་བ་མཆོག་

གིས། ཁྱེད་རྣམས་ཀྱིས་མུ་སྟེགས་བཟློག་པར་ག་ལ་ནུས། ངའི་མིང་པོ་རྡོ་རྗེ་ཐོད་ཕྲེང་རྩལ་ཟེར་བ་དེ་དུར་ཁྲོད་མུན་པ་ཅན་དུ་བཞུགས། དེ་སྤྱན་མ་དྲངས་ན་ནང་ པ་སངས་རྒྱས་པའི་བསྟན་པ་འཇིག་པར་འགྱུར་ཞེས་ལུང་བསྟན་པ་ན་པཎྜི་ཏ་ཚོ་ནས་དུར་ཁྲོད་མུན་པ་ཅན་དུ་ཤིན་ཏུ་བགྲོད་དཀའ་བ་ཡིན་པས་ངེད་ཅག་ནས་སྤྱན་འདྲོང་མི་ཐུབ་པ་འདྲ་ཟེར་བས། མཁའ་འགྲོ་མ་ཞི་བ་ཆེན་མོས་པཎྜི་ཏ་ཁྱེད་རྣམས་ནས་སོམ་ཉི་མི་ཟ་བར་གཙུག་ལག་ཁང་གི་ཡང་ཐོག་ཏུ་མཆོད་པ་རྒྱ་ཆེན་པོ་བཤམས་ཏེ་སྤོས་དང་རོལ་མོར་བཅས་པས་གསོལ་བ་འདི་ལྟར་ འཐོབ་ཅེས་ཚིག་བདུན་གསོལ་འདེབས་འདི་ཉིད་སྨྲས་པ་བཞིན་བྱས་པས་དེ་མ་ཐག་ཏུ་གུ་རུ་རིན་པོ་ཆེ་ནམ་མཁའ་ལས་བྱོན་ནས་པཎ་ཆེན་ལྔ་བརྒྱའི་གཙོ་བོར་བཞུགས། མུ་སྟེགས་པའི་སྟོན་པ་ ལྔ་བརྒྱ་ལུང་དང་རིགས་པས་ཚར་བཅད། དེ་དག་གིས་མཐུ་འགྲན་པར་བརྩམས་པས་མཁའ་འགྲོ་མ་སེང་གེའི་གདོང་ཅན་གྱིས་བསེ་སྒྲོམ་གཏད་ནས་མུ་སྟེགས་འདུལ་བར་བཀའ་བསྒོས་པ་ ལྟར་ཐོག་ཕབ་ནས་མུ་སྟེགས་མ་རུངས་པ་ཐམས་ཅད་ཚར་བཅད། ལྷག་མ་རྣམས་ནང་པའི་བསྟན་པ་ལ་བཙུད་དེ་སངས་རྒྱས་ཀྱི་བསྟན་པ་དར་ཞིང་རྒྱས་པར་མཛད་པ་ཡིན་ལ། གུ་རུ་རིན་པོ་

ཆེ་བོད་དུ་ཕེབས་ནས་སངས་རྒྱས་ཀྱི་བསྟན་པ་བཙུགས་པའི་དུས་སུ་གསོལ་འདེབས་བྱིན་རླབས་ཅན་འདི་ཉིད་བོད་ཀྱི་རྗེ་འབངས་རྣམས་ལ་གནང་། ཕྱི་རབས་སྙིགས་དུས་ཀྱི་སེམས་ཅན་ རྣམས་ལ་དགོངས་ཏེ་ཟབ་མོའི་གཏེར་དུ་སྦས་པར་མཛད་པས་གཏེར་ཁ་གསར་རྙིང་ཐམས་ཅད་ནས་ཚིག་བདུན་གསོལ་འདེབས་འདི་ཉིད་མ་བྱུང་བ་མེད་པ་ལྟ་བུ་དར། གུ་རུ་རིན་པོ་ཆེའི་ གསང་གསུམ་ཡོན་ཏན་ཕྲིན་ལས་དང་བཅས་པའི་རྣམ་པར་ཐར་པ་བསམ་གྱིས་མི་ཁྱབ་པ་ནི་ལྷ་ལྕམ་མནྡ་ར་བ་དང་། བལ་འབངས་ཀ་ལ་སིདྡྷི་དང་། བལ་མོ་ཤཱཀྱ་དེ་ཝི་དང་། མོན་མོ་བཀྲ་ ཤིས་ཁྱེའུ་འདྲེན་དང་། མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཏེ་གུ་རུའི་ཐུགས་ཀྱི་གཟུངས་མ་རྣམ་ལྔས་གུ་རུའི་རྣམ་ཐར་ཇི་ལྟར་བསྡུས་པའི་ཚུལ་བཀའ་ཐང་ཤེལ་བྲག་མ་ལས། དཀོན་མཆོག་ གསུམ་ནི་གནས་པར་བྱ་བ་དང་༔ བསྟན་གཉིས་ཡ་མ་ཟུང་གིས་སེལ་མེད་ཕྱིར༔ མདོ་སྔགས་ཐབས་དང་ཤེས་རབ་སྙིང་པོའི་བཀའ༔ ཉེ་བར་གྱུར་པ་གསང་སྔགས་བསྒྲུབ་པའི་ལུང་༔ བདེན་པའི་བཀའ་འཆད་ངེས་པའི་དོན་གོ་ཕྱིར༔ ཨོ་རྒྱན་གུ་རུ་པདྨ་འབྱུང་གནས་ཀྱི༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཐའ་རྒྱས་པ༔ རྣམ་ཐར་སྟོང་ཕྲག་བཅུ་དང་བརྒྱ་ཕྲག་དགུ༔


མ་འོངས་དད་ལྡན་དོན་དུ་བཀོད་ནས་སྦས༔ དེ་དུས་མི་ལ་བསོད་ནམས་སྙན་གྲགས་འོང་༔ གུ་རུའི་རྣམ་ཐར་རྒྱས་བསྡུས་གང་འཐད་པ༔ མཐོང་ཐོས་མོས་གུས་ཚད་མེད་བྱ་བ་གཅེས༔ འདི་ལ་དད་མོས་བསྟན་པའི་མཐའ་རྒྱས་འཛིན༔ བླ་མེད་བྱང་ཆུབ་སངས་རྒྱས་ཐེ་ཚོམ་མེད༔ དུས་གསུམ་མཁྱེན་པའི་སློབ་དཔོན་པདྨ་འབྱུང་༔ ཕྱི་རྒྱུད་དག་པས་སྤྲུལ་སྐུའི་བསྟན་པ་འཛིན༔ ནང་རྒྱུད་དག་པས་ལོངས་སྐུའི་བསྟན་པ་འཛིན༔ གསང་རྒྱུད་དག་པས་བསྐྱེད་རྫོགས་ངང་ལ་བཞུགས༔ འགྲན་གྱིས་ཟླ་མེད་སངས་རྒྱས་འདི་ཡིན་པས༔ དུས་གསུམ་འཇིག་རྟེན་ཁམས་འདིར་མཚུངས་མེད་རྗེ༔ རྒྱལ་བའི་བཀའ་ལས་རྩོད་མེད་སྤྲུལ་སྐུར་གྲགས༔ སྐྱོན་བྲལ་ཡོན་ཏན་ཡིད་བཞིན་ནོར་བུ་འདྲ༔ འགྲོ་ཀུན་མ་ལུས་དགོས་པའི་དོན་ཀུན་འགྲུབ༔ ཞེས་འབྱུང་བ་ལྟར་རོ། །དེ་ལ་གང་ཟག་དབང་རྣོན་ཆོས་ཀྱི་རྗེས་འབྲང་རྣམས་ནས་སྤྱིར་གུ་རུ་རིན་པོ་ཆེ་ཉིད་དུས་གསུམ་རྒྱལ་བ་ཀུན་གྱི་སྤྱི་གཟུགས། གསང་སྔགས་ཀྱི་ཆོས་འཁོར་ཇི་ལྟར་བསྐོར་བའི་རྣམ་ཐར་ལོ་རྒྱུས་ངོ་སྤྲད་དེ་མི་ཕྱེད་པའི་དད་པ་ལ་བཀོད་པར་བྱ་བའི་ཕྱིར་ཕྱི་ལྟར་གསོལ་འདེབས་ཚིག་དོན་ལྟར་ཇི་ལྟར་བསྒྲུབ་པ་དང་། ནང་ཉམས་ལེན་སྦས་

དོན་ལྟར་ཇི་ལྟར་བསྒྲུབ་པ། དེ་ལའང་གྲོལ་ལམ་ལྟར་ཇི་ལྟར་བསྒྲུབ་པ། ཐབས་ལམ་ལྟར་ཇི་ལྟར་བསྒྲུབ་པ་། གསང་སྔགས་བླ་མེད་ཀྱི་རྫོགས་རིམ་སྤྱི་ལྟར་བསྒྲུབ་པ། བྱེ་བྲག་རྫོགས་ཆེན་སྙིང་ཐིག་གི་དགོངས་པ་ལྟར་བསྒྲུབ་པ། དེ་གཉིས་ལ་བཟླ་བ་མན་ངག་ལྟར་བསྒྲུབ་པ། ལམ་ཉམས་ལེན་གོ་རིམ་དུ་བསྡེབས་པ་ལ་སོགས་འཇམ་དཔལ་དབྱངས་དངོས་མི་ཡི་གཟུགས་སུ་བྱོན་པ་མི་ཕམ་རྣམ་པར་རྒྱལ་བའི་རྡོ་རྗེའི་གསུང་ཚིག་བདུན་གསོལ་འདེབས་ཀྱི་རྣམ་བཤད་པདྨ་དཀར་པོ་ལ་གཟིགས་སུ་གྲུབ་པ་བྱུང་ན་རབ་དང་ཕུལ་དུ་གྱུར་པ་ལགས་སོ། །འདིར་བསྐུལ་བ་པོ་རྣམས་ཀྱི་མོས་པ་བཞིན་འགྲེལ་པ་པདྨ་དཀར་པོ་ལ་གཞི་བཞག་ནས་ཕྱི་ལྟར་ཇི་ལྟར་གསོལ་བ་འདེབས་པ་དང་། ནང་ལྟར་རང་རིག་རང་བྱུང་གི་ཡེ་ཤེས་ལ་ཨོ་རྒྱན་ཆེན་པོའི་གསང་བ་གསུམ་གྱི་ཡོན་ཏན་མ་བཙལ་ལྷུན་གྲུབ་ཏུ་ཇི་ལྟར་རྫོགས་པའི་ཚུལ་མདོར་བསྡུས་སུ་བཀོད་ན། པདྨ་གར་དབང་འཆི་མེད་གཡུང་དྲུང་གླིང་པའི་གཏེར་བྱོན་ལས། བདག་ཉིད་གུ་རུ་སྒྲུབ་པའི་ཐབས༔ དེ་ཀུན་རྩ་བ་ཚིག་བདུན་པ༔ གཞི་ཡི་རྣམ་ཤེས་ཚོགས་བདུན་པོ༔ ལམ་དུས་བྱང་ཆུབ་ཡན་ལག་བདུན༔ དོན་དམ་དཀོར་བདུན་འབྲས་བུར་རྫོགས༔ དེ་ལྟར་རྡོ་རྗེའི་སྒྲ་

དབྱངས་འདིས༔ བསྐུལ་བ་ཙམ་གྱིས་པདྨ་བདག༔ དབང་མེད་བྱོན་ནས་བྱིན་གྱིས་རློབས༔ ཞེས་གསུངས་པས་མོས་གུས་ཆེན་པོས་གུ་རུའི་ཐུགས་རྒྱུད་བསྐུལ་བས་ཐུགས་རྗེ་ལ་འགགས་པ་མེད་པས་ཐོགས་མེད་དུ་བྱོན་ནས་བྱིན་གྱིས་རློབ་པ་ཡིན་ནོ་ཞེས་ཞལ་གྱིས་བཞེས་སོ། །གང་ལ་བྱིན་གྱིས་རློབས་ན་རིན་ཆེན་ཕྲེང་བ་ལས། ཇི་སྲིད་ཕུང་པོར་འཛིན་ཡོད་པ། །དེ་སྲིད་དེ་ལ་ངར་འཛིན་ཡོད། །ངར་འཛིན་ཡོད་ན་ཡང་ལས་ཏེ། །དེ་ལས་ཡང་ནི་སྐྱེ་བར་འགྱུར། །ཞེས་གསུངས་པས་སྡུག་བསྔལ་གྱི་ལས་རྒྱུན་མཐུད་སྤེལ་མཁན་ང་མེད་ལ་ང་ཡིར་བཟུངས་ཏེ་འཁོར་བ་ན་ལྷུང་བའམ་ཟག་པར་བྱེད་མཁན་འདོད་ཆགས་ཞེ་སྡང་གཏི་མུག་ང་རྒྱལ་ཕྲག་དོག་སོགས་ལ་བརྟེན་པའི་ཕུང་ཁམས་སྐྱེ་མཆེད་ལ་སོགས་པར་བྱིན་གྱིས་རློབས་པ་ཡིན་ལ། གང་གིས་བྱིན་གྱིས་རློབས་ན་རྒྱུ་རྐྱེན་གྱིས་འདུས་མ་བྱས་པས་འཁོར་འདས་གཉིས་ཀའི་མཐའ་ལ་ནམ་ཡང་ལྷུང་བ་མེད་པའམ་ཟག་པ་མེད་ལ་འཁོར་འདས་གཉིས་ཀའི་ཡོན་ཏན་གྱི་དཔལ་དང་ལྡན་པ་ཟག་མེད་བདེ་བ་ཆེན་པོའི་སྐུ་དང་ཡེ་ཤེས་ཀྱིས་བྱིན་གྱིས་རློབས་པར་བྱེད་པ་སྟེ། ཇི་ལྟར་ན་ཤ་ཁམས་ས་ཡི་རང་བཞིན། ཁྲག་ཁམས་ཆུ་ཡི་རང་བཞིན།

དྲོད་ཁམས་མེ་ཡི་རང་བཞིན། དབུགས་ཁམས་རླུང་གི་རང་བཞིན་ཏེ་རྣམ་ཤེས་ཀྱི་རྟེན་རྡུལ་གྱི་རྫས་སུ་འདུས་པ་ལས་བྱུང་བའི་གོང་བུ་ལ་གཟུགས་ཀྱི་ཕུང་པོ་ཞེས་བརྗོད། དེ་ལ་དབྱེ་ན། ས༑ ཆུ། མེ། རླུང་སྟེ་རྒྱུའི་གཟུགས་འབྱུང་བ་བཞི་དང་། གཟུགས། སྒྲ། དྲི། རོ། རེག་བྱ་སྟེ་ཡུལ་ལྔ་དང་། མིག རྣ་བ། སྣ། ལྕེ། ལུས་ཀྱི་དབང་པོ་སྟེ་དབང་པོ་ལྔ་དང་། རྣམ་པར་རིག་བྱེད་མ་ཡིན་པའི་གཟུགས་སྟེ་བཅོ་ལྔ། དེ་དག་གང་ཞིག་ཡིན་ཀྱང་ལས་དང་ཉོན་མོངས་ཀྱིས་བསྐྱེད་པའི་འདུས་བྱས་ཀྱི་ཆོས་ཡིན་པས་རང་དབང་མེད་པར་རྒུད་པ་དང་འབྲལ་བ་ དང་ན་བ་དང་རྒ་བ་དང་འཆི་བ་ལ་སོགས་པའི་རྐྱེན་གྱིས་རྣམ་པ་ཐམས་ཅད་མཁྱེན་པའི་གོ་འཕང་འཐོབ་པ་ལ་བར་དུ་གཅོད་པར་བྱེད་པས་ན་ཕུང་པོའི་བདུད་ཅེས་གསུངས། དེ་ཡང་མདོ་ལྟར་ ན་བག་ཆགས་ལས་ཀྱི་ཀུན་གཞིའམ་ལས་སྣ་ཚོགས་པའི་ཀུན་གཞི། སྔགས་ལྟར་ན་ཡེ་དོན་གྱི་ཀུན་གཞིའམ་སྦྱོར་བ་དོན་གྱི་ཀུན་གཞི་སྟེ། ཐོག་མའི་དུས་འདི་ཡིན་བྱ་བ་བརྗོད་དུ་མེད་པ་ཡེ་ དོན་གྱི་ཀུན་གཞིའི་ངང་ན་དག་པ་ཡེ་ཤེས་ཀྱི་རླུང་དང་། མ་དག་སེམས་ལས་བྱུང་བའི་ལས་རླུང་ཡོད་པ་ལས་དག་པ་ཡེ་ཤེས་ཀྱི་རླུང་བག་ལ་ཞ་ཞིང་། མ་དག་སེམས་ཀྱི་ལས་རླུང་གཡོས་

པའི་འཕྲུལ་ལས་ཕ་ལས་ཐོབ་པའི་དཀར་ཆ་ཁུ་བ་དང་། མ་ལས་ཐོབ་པའི་དམར་ཆ་རྡུལ། གཡོ་བའི་རང་བཞིན་རླུང་སེམས་སམ་རྣམ་ཤེས་ཏེ། ཁུ་རྡུལ་རླུང་གསུམ་ཚེ་སྔོན་ལས་ཀྱིས་འབྲེལ་བའི་མའི་མངལ་དུ་འཐུམ་སྟེ་ལུས་ཀྱི་སྣང་བ་དང་། ངག་གི་སྣང་བ་དང་། སེམས་ཀྱི་སྣང་བ་སྟེ་སྣང་གསུམ་འཕོ་འགྱུར་ཅན་གྱི་བག་ཆགས་གཟུགས་ཀྱི་ཕུང་པོ་གྲུབ། དེ་ལྟར་གཟུགས་ཀྱི་ཕུང་པོ་གྲུབ་པ་ལ་བརྟེན་ནས་བདེ་སྡུག་ཆགས་སྡང་གི་ཚོར་བ་ཉམས་སུ་མྱོང་བ་ཚོར་བའི་ཕུང་པོ་གྲུབ་སྟེ། དེ་ལ་ཚོར་བ་ཞེས་སྤྱིར་དོན་གང་ཞིག་གོ་བའམ་རྟོགས་པའམ་ཤེས་པའམ་རིག་པ་སྟེ་དཔེར་ན་ཡུལ་ཡིད་དུ་འོང་བ་ལ་བརྟེན་ནས་ཚོར་བ་བདེ་བ། ཡུལ་ཡིད་དུ་མི་འོང་བ་ལ་བརྟེན་ནས་ཚོརབ་སྡུག་བསྔལ། ཡུལ་བར་མ་ལ་བརྟེན་ནས་བཏང་སྙོམས་སུ་སྐྱེ་བ་སྟེ་ཉམས་སུ་མྱོང་བའི་ཤེས་པ་ཉིན་སྣང་གི་ལུས་ལྟ་བུ་རགས་པ་འབྱུང་ཁམས་ཀྱི་ལུས་དང་། རྨི་ལམ་གྱི་ལུས་ལྟ་བུ་ཕྲ་བ་བག་ཆགས་རླུང་སེམས་ཀྱི་ལུས་གང་ཡིན་ཀྱང་རུང་སྟེ། ལུས་སེམས་ལྷན་ཅིག་ཚོགས་པ་ལ་བརྟེན་ནས་བདེ་སྡུགས་གི་ཚོར་བ་ཉམས་སུ་མྱོངས་བ་ཚོར་བའི་ཕུང་པོ། དོན་དང་ཐ་སྙད་གང་དང་གང་ཞིག་སྣང་བའི་སྐབས་ན་ཡུལ་གྱི་ཁྱད་པར་རམ་སྤུ་

རིས་མ་འདྲེས་པར་སོ་སོར་འཛིན་པའི་སེམས་པ་དུ་མ་སྤུངས་པ་འདུ་ཤེས་ཀྱི་ཕུང་པོ། སེམས་ཡུལ་ལམ་དམིགས་པ་ལ་མངོན་པར་འདུ་བྱེད་པ་དང་། ཡུལ་བཟང་ངན་སྣ་ཚོགས་ལ་སེམས་གཡོ་ཞིང་སྒུལ་བར་བྱེད་པའི་སེམས་པ་དུ་མ་སྤུགས་པ་ལྟར་འདུ་ཞིང་། དེ་ལ་བརྟེན་ནས་ཕྱི་མ་ཕྱི་མའི་ལས་ཀྱི་ས་བོན་དང་འབྲས་བུ་འདུ་བར་བྱེད་པས་འདུ་བྱེད་ཀྱི་ཕུང་པོ། དེ་ལ་དབྱེ་ན་ལྡན་པའི་འདུ་བྱེད། རེག་པ། ཡིད་ལ་བྱེད་པ། ཚོར་བ། འདུ་ཤེས། སེམས་པ་སྟེ་ཀུན་ཏུ་འགྲོ་བ་ལྔ་དང་། མོས་པ། འདུན་པ། དྲན་པ། ཏིང་ངེ་འཛིན། ཤེས་རབ་སྟེ་ཡུལ་སོ་སོར་ངེས་པ་ལྔ་དང་། དད་པ། ངོ་ཚ་ཤེས་པ། ཁྲེལ་ཡོད་པ། བག་ཡོད་པ། བཏང་སྙོམས། མི་འཚེ་བ། བརྩོན་འགྲུས་དང་། ཤིན་ཏུ་སྦྱངས་པ། འདོད་ཆགས་མེད་པ། ཞེ་སྡང་མེད་པ། གཏི་མུག་མེད་པ་སྟེ་དགེ་བ་བཅུ་གཅིག་དང་། འདོད་ཆགས། ཁོང་ཁྲོ། ང་རྒྱལ། མ་རིག་པ། འཇིག་ཚོགས་ལ་བལྟ་བ། ཐེ་ཚོམ་སྟེ་རྩ་བའི་ཉོན་མོངས་དྲུག་དང་། ཕྲག་དོག་སེར་སྣ། གཡོ། སྒྱུ། རྒྱགས་པ། རྨུགས་པ། རྒོད་པ། མ་དད་པ། ལེ་ལོ། གཡེང་བ། བག་མེད་པ། བརྗེད་ངས། ཤེས་བཞིན་མ་ཡིན་པ། འཚེ་བ། ངོ་ཚ་མེད་པ།

ཁྲེལ་མེད་པ། ཁྲོ་བ། ཁོན་འཛིན། འཆབ་པ། འཚིག་པ་སྟེ་ཉེ་བའི་ཉོན་མོངས་ཉི་ཤུ་དང་། འགྱོད་པ། གཉིད། རྟོག་པ། དཔྱོད་པ་སྟེ་གཞན་འགྱུར་བཞི་བཅས་སེམས་བྱུང་ལྔ་བཅུ་རྩ་གཅིག་གོ། །དེ་ལྟར་གཟུགས་དང་ཚོར་བ་དང་འདུ་ཤེས་དང་འདུ་བྱེད་དེ་ཕུང་པོ་བཞི་ལ་ཁྱབ་ཅིང་། ཕུང་པོ་བཞིའི་རྟེན་དུ་གྱུར་པ་རྣམ་ཤེས་ཀྱི་ཕུང་པོ་སྟེ། དེ་ཡང་སེམས་སམ་བློའི་ཡུལ་དུ་སྣང་བ་དང་། དེ་ལས་བྱུང་བའི་སྣང་ཡུལ་མང་པོ་སྤུངས་པ་ལྟར་སྣང་ཞིང་། དེ་དང་དེ་དག་ལ་ཡུལ་གྱི་ངོ་བོ་སོ་སོར་རྣམ་པར་རིག་པར་བྱེད་པས་ན་རྣམ་ཤེས་ཀྱི་ཕུང་པོ་ཞེས་ཟེར། དེ་ལ་དབྱེ་ན། རྟེན་མིག་གི་དབང་པོ་དང་ཡུལ་གཟུགས། གཟུགས་མཐོང་མཁན་མིག་གི་རྣམ་ཤེས་སྟེ་ཡུལ་དབང་ཤེས་གསུམ་ཚོགས་པ། དེ་བཞིན་དུ་རྟེན་རྣ་བའི་དབང་པོ་དང་ཡུལ་སྒྲ། སྒྲ་ཐོས་མཁན་རྣ་བའི་རྣམ་ཤེས་སྟེ་ཡུལ་དབང་ཞེས་གསུམ་ཚོགས་པ། རྟེན་སྣ་ཡི་དབང་པོ་དང་ཡུལ་དྲི། དྲི་ཚོར་མཁན་སྣ་ཡི་རྣམ་ཤེས་ཏེ་ཡུལ་དབང་ཤེས་གསུམ་ཚོག་པ། རྟེན་ལྕེ་ཡི་དབང་པོ་དང་ཡུལ་རོ། རོ་མྱོང་མཁན་ལྕེ་ཡི་རྣམ་ཤེས་ཏེ་ཡུལ་དབངས་ཤེས་གསུམ་ཚོགས་པ། རྟེན་ལུས་ཀྱི་དབང་པོ་དང་ཡུལ་རེག་བྱ། རེག་བྱ་མྱོང་མཁན་

ལུས་ཀྱི་རྣམ་ཤེས་ཏེ་ཡུལ་དབང་ཤེས་གསུམ་ཚོགས་པ། མདོར་ན་རྟེན་རྣམ་པར་ཤེས་པ་སྐྱེད་པ་ཡིད་ཀྱི་སྐྱེ་མཆེད། མིག་གི་སྐྱེ་མཆེད། རྣ་བའི་སྐྱེ་མཆེད། སྣ་ཡི་སྐྱེ་མཆེད། ལྕེ་ཡི་སྐྱེ་མཆེད། ལུས་ཀྱི་སྐྱེ་མཆེད། གཟུགས་ཀྱི་སྐྱེ་མཆེད། སྒྲ་ཡི་སྐྱེ་མཆེད། དྲི་ཡི་སྐྱེ་མཆེད། རོ་ཡི་སྐྱེ་མཆེད། རེག་བྱའི་སྐྱེ་མཆེད། ཆོས་ཀྱི་སྐྱེ་མཆེད་དེ་སྐྱེ་མཆེད་བཅུ་གཉིས་ཀྱིས་བསྡུས་པའི་ཡུལ་ཆོས་ཐམས་ཅད། ཡུལ་དབང་ཤེས་གསུམ་ཚོགསཔ་སྟེ་དེ་དག་གི་གཙོ་བོ་ཡིད་ཀྱི་རྣམ་ཤེས་ལ་འདུས་ཏེ་འཕགས་པ་གནས་བརྟན་སྡེ་པའི་ཆོས་ཀྱི་ཚིགས་སུ་བཅད་པ་ལས། ཆོས་རྣམས་ཡིད་ཀྱི་རང་བཞིན་ཏེ། །ཡིད་ནི་གཙོ་ཞིང་སྔོན་ལ་འགྲོ། །གལ་ཏེ་ཡིད་ནི་རབ་དྭངས་པས། །སྨྲས་སམ་ཡང་ན་བྱས་ཀྱང་རུང་། །དེ་ལ་དེ་ཡིས་བདེ་བ་འཐོབ། །གྲིབ་མ་ཡོལ་བར་མི་འགྱུར་བཞིན། །ཅེས་ཐེག་དམན་ལྟར་ན་ཚོགས་དྲུག །ཐེག་པ་ཆེན་པོ་ལྟར་ན་ཉོན་མོངས་པ་ཅན་གྱི་ཡིད་ཅེས་དགག་སྒྲུབ་ཏུ་བྱེད་པའི་ཤེས་པ་དང་ཀུན་གཞིའི་རྣམ་ཤེས་ཞེས་མེ་ལོང་གཡའ་དག་པའི་ངོས་ལྟ་བུ་ཤེས་པ་ཡུལ་ལ་མ་འཕྲོས་ལ་ཡུལ་གྱི་འཆར་གཞི་བྱེད་པ་སོ་སོར་གྲངས་པས་རྣམ་ཤེས་ཚོགས་བརྒྱད་དུ་གསུངས་ཤིང་། འདིར་ཐམས་ཅད་པའི་རྟེན་ཀུན་གཞི་རྟོག་

མེད་ལུང་མ་བསྟན་བག་ཆགས་སམ་ས་བོན་ཐམས་ཅད་བགོ་བའི་གཞིར་གྱུར་པ་ཀུན་གཞིའི་རྣམ་ཤེས་སུ་འདུ་བས། གཞི་ཡི་རྣམ་ཤེས་ཚོགས་བདུན་པོ༔ ཞེས་གསུངས་སོ། །འདིའི་སྐབས་སུ་གཞི་ཡི་རྣམ་ཤེས་ཚོགས་བདུད་ཅེས་འཁོར་བ་ན་སྐྱེ་བར་བྱེད་པ་པོ་གཉིས་མེད་ཀྱི་ཡེ་ཤེས་མིན་པར་གཉིས་འཛིན་ཅན་གྱི་རྣམ་ཤེས་ཡིན་པའི་ཆ་ནས་གཞི་ཡི་རྣམ་ཤེས་ཞེས་གསུངས། འོན་ཀྱང་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོ་ལས། ཉོན་མོངས་པ་ནི་དེ་བཞིན་གཤེས་པའི་གདུང་ངོ་ཞེས་གསུངས་ཏེ་རྣམ་ཤེས་ཡེ་ཤེས་སུ་ངོ་འཕྲོད་ན་མྱ་ངན་ལས་འདས་པའི་བྱང་ཆུབ་ཆེན་པོའི་གོ་འཕང་མངོན་དུ་བྱེད་པ་སྟེ་མདོ་སྡེ་ལས། དཔེར་ན་གྲོང་ཁྱེར་རྣམས་ཀྱི་མི་གཙང་ལུད། །དེ་ནི་བུ་རམ་ཤིང་པའི་ཞིང་ལ་ཕན། །དེ་བཞིན་བྱང་ཆུབ་སེམས་དཔའི་མི་གཙང་ལུད། །དེ་ནི་ཐམས་ཅད་མཁྱེན་པའི་རྒྱུ་ལ་ཕན། །ཞེས་གསུངས་སོ། །ལམ་དུས་བྱང་ཆུབ་ཡན་ལག་བདུན༔ ཅེས་ཆགས་པ་ཉོན་སྒྲིབ་དང་། ཐོགས་པ་ཤེས་སྒྲིབ་སྟེ་བྱང་ཆུབ་ཕྱོགས་ཀྱི་ཆོས་གང་ལ་བར་དུ་གཅོད་པའི་སྒྲིབ་པ་གང་ཞིག་ཡོད་པ་ཐམས་ཅད་བྱང་བ་དང་། ཐར་པའི་ལམ་གྱི་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བྱེད་པས་ན་ཆུབ་

ཅེས་བྱ་ཞིང་། རྣམ་པར་མི་རྟོག་པ་འབྲས་བུ་ཆོས་སྐུ་དག་པ་གཉིས་ལྡན་གྱི་ས་ལ་སྐྱེལ་བའི་གྲོགས་སུ་གྱུར་པའི་ཆ་ནས་ཡ༷ན་ལ༷ག་སྟེ་ཞི་བ་ལྷས། ཐབས་ཆེན་རྣམས་དང་ལྡན་པ་ལ། ། ཉོན་མོངས་བྱང་ཆུབ་ཡན་ལག་འགྱུར། །ཞེས་གསུངས་པ་བཞིན་ནོ། །དེ་ཡང་བརྗེད་ངས་ཀྱི་གཉེན་པོ་དྲན་པ་དང་ཤེས་བཞིན་ཡིན་པས་དེའི་ཕྱིར་སྤྱི་དང་བྱེ་བྲག་གི་ཆོས་ཀྱི་མཚན་ཉིད་མཐོང་ བའི་ཤེས་རབ་ལུས་དང་ཚོར་བ་དང་སེམས་དང་ཆོས་ཏེ་དེ་དག་དངོས་པོའི་རྫས་སུ་མ་གྲུབ་པ་སྒྱུ་མ་ལྟར་མཐོང་བ་ལ་དྲན་པ་ཉེ་བར་བཞག་པ་ལ་བརྟེན་ནས་ཞི་ལྷག་གི་ཡོན་ཏན་བསྐྱེད་པར་བྱེད་ པ་སྟེ། ཇི་ལྟར་ན་དྲན་པ་ནི་ཤེས་རབ་སྟེ་ལྷག་མཐོང་གི་ཡོན་ཏན་འཆར་བར་བྱེད་ཅིང་། ཉེ་བར་བཞག་པ་ནི་ལྷག་མཐོང་གི་ཡོན་ཏན་ཇི་ལྟ་བ་བཞིན་མཐོང་བ་དེ་ཉིད་ཀྱི་ཐོག་ཏུ་རྩེ་གཅིག་ཏུ་ འཇོག་པ་ཞི་གནས་ཀྱི་ཡོན་ཏན་ཚུགས་ཐུབ་པར་བྱེད་པ་དྲན་པ་ཡང་དག་བྱང་ཆུབ་ཀྱི་ཡན་ལག ཁྱད་པར་དུའང་དགོངས་འདུས་ལས། ལྷ་སྐུ་འབུམ་ཕྲག་བསྒོམ་པ་བས། །བླ་མ་སྐད་ཅིག་ དྲན་པ་མཆོག །ཅེས་གསུངས་པས་དུས་གསུམ་སངས་རྒྱས་ཀུན་གྱི་སྤྱི་གཟུགས་ཨོ་རྒྱན་ཆེན་པོ་ལ་གྱ་ནོམ་ལྷར་ཞེན་དུ་ལྟ་བའི་འཛིན་པས་མ་བསླད་པར་དད་པ་དུང་ངེ་བའི་ངང་ལ་འཇོག་པ་

དྲ༷ན་པ༷་ཡང་དག་བྱང་ཆུབ་ཀྱི་ཡན་ལག མོས་གུས་དཀར་པོ་ཆིག་ཐུབ་ལ་བརྟེན་ནས་ཨོ་རྒྱན་རིན་པོ་ཆེའི་བྱིན་རླབས་རྒྱུད་ལ་ཞུགས་ཏེ་རང་སེམས་ལྷན་ཅིག་སྐྱེས་པའི་ཡེ་ཤེས་ཆོས་ཉིད་རྣམ་པར་དག་པའི་གནས་ལུགས་ཀྱི་བདེན་པ་མངོན་དུ་མཐོང་བ་ན་ཇི་ལྟར་མི་དབུལ་པོ་ཞིག་གིས་དཀའ་ཚེགས་མ་དགོས་པར་རང་མལ་ནས་ཡིད་བཞིན་གྱི་ནོར་བུ་རིན་པོ་ཆེ་རྙེད་ནས་དབུལ་བའི་སྡུག་བསྔལ་ལས་ཡོངས་སུ་གྲོལ་བ་ལྟར་འཁོར་བའི་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལས་གྲོལ་བར་ཤེས་པས་ལུས་སེམས་རབ་ཏུ་བདེ་ཞིང་དགའ་བར་བྱེད་པས་དགའ་བ༷་ཡང་དག་བྱང་ཆུབ་ཀྱི་ཡང་ལག རྟག་ཏུ་ལུས་སེམས་དགེ་བ་ལ་བཀོལ་དུ་གཏུབས་ཤིང་། ངན་སོང་ལ་སོགས་གནས་ངན་ལེན་པའི་སྡུག་བསྔལ་འཇོམས་པའི་ནུས་མཐུ་ཆེས་ཆེར་ཐོབ་པ་ཤིན་སྦྱངས་བྱང་ཆུབ་ཀྱི་ཡན་ལག་སྤྱི་དང་། ཁྱད་པར་རྩ་རྒྱུད་གསང་བ་སྙིང་པོ་ལས། བསྐལ་པ་ཞིང་གི་རྡུལ་སྙེད་དུ། །ཤི༷ན་ཏུ་སྦྱང༷ས་ལ་རབ་གནས་ཤིང་། །དཀྱིལ་འཁོར་མ་ལུས་བསྙེན་པ་ཡི། །འབྲས་བུ་གསང་ཆེན་འདི་ཡིན་ཏེ། །ཅེས་གསུངས་པ་ལྟར་འབྲས་བུའི་ཐེག་པ་གསང་སྔགས་བླ་ན་མེད་པའི་དཀྱིལ་འཁོར་ཀུན་གྱི་སྤྲོ་བསྡུའི་བྱེད་པོ་མ་ཧཱ་གུ་རུ་ཨོ་རྒྱན་ཆེན་པོ་སྟེ་རྡོ་

རྗེའི་གསུང་ལས། ང་བསྒྲུབ་སངས་རྒྱས་ཐམས་ཅད་འགྲུབ༔ ང་ནི་བདེ་གཤེགས་འདུས་པ་ཡིན༔ ཅེས་གསུངས་པ་ལ་ཕྱིར་མི་ལྡོག་པའི་དད་པས་བསྙེན་པར་བྱས་པས་བདེ་གསལ་མི་རྟོག་སྐུ་གསུམ་གྱི་ཡེ་ཤེས་ཡོན་ཏན་ལམ་སྣང་དུ་མངོན་དུ་འཆར་བ་ཤི༷ན་སྦྱང༷ས་བྱང་ཆུབ་ཀྱི་ཡན་ལག །སེམས་རྣལ་དུ་མི་ཕེབས་ཤིང་རྒོད་པའམ་སེམས་ལ་དྭངས་ཆ་མ་ཐོན་པ་བྱིང་རྒོད་གཉིས་ཀྱི་སྐྱོན་གྱིས་བསླད་པ་མ་ཡིན་པར་རིག་པ་གསལ་སྟོང་མཉམ་གནས་ཆེན་པོའི་ངང་ལ་གནས་པ་བཏང༷་སྙོམ༷ས་ཡང་དག་བྱང་ཆུབ་ཀྱི་ཡན་ལག འཛིན་པའི་གཏོད་ཕུར་ཞིགས་པས་ཐང་ལྷོད་མ་དགོས་པའི་བརྩོན༷་འགྲུས༷་ཀྱི་ངང་ལ་རང་བབས་སུ་གནས་པ་བརྩོན་འགྲུས་ཡང་དག་བྱང་ཆུབ་ཀྱི་ཡང་ལག གང་ཟག་དང་ཆོས་ཀྱི་བདག་གཉིས་ཀྱིས་སྟོང་པའི་རྣམ་པར་མི་རྟོག་པའི་ཡེ་ཤེས་ལ་གནས་པ་ཏིང༷་ངེ༷་འཛི༷ན་ཡང་དག་བྱང་ཆུབ་ཀྱི་ཡལ་ལག །སྤྱི་དང་བྱེ་བྲག་གི་ཆོས་རྣམས་ཀྱི་ངོ་བོ་དང་མཚན་ཉིད་མ་འདྲེས་པར་འབྱེད་པར་ཤེས་པའི་ཤེས་རབ་གསུམ་གྱི་སྣང་བ་རྣམ་པར་དག་པ་དང་ཁྱད་པར་དུ་ཀུན་མཁྱེན་འཇིགས་མེད་གླིང་པས། ཆོས་ཚུལ་རྒྱ་མཚོ་གཏིང་དཔག་དཀའ་བའི་དོན། །མཉམ་པར་བཞག་པ་ཁོ་ནའི་ཁྱད་ཆོས་ལས། །ཇི་ལྟ་ཇི་སྙེད་གཟིགས་པའི་ཡེ་ཤེས་

གནས། །ཡང་དག་མཐོང་ལ་ནམ་ཡང་བསླུ་བ་མེད། །ཅེས་ཇི་སྐད་གསུངས་པའི་དོན་ལ་མངའ་དབང་འབྱོར་བ་ཆོ༵ས་ར༵བ་རྣམ༵་འབྱེ༵ད་བྱང་ཆུབ་ཀྱི་ཡན་ལག་སྟེ་བྱང་ཆུབ་ཡན་ལག་བདུན་འབྱུང་། འབྲས་བུ་དོན་དམ་དཀོར་བདུན་རྫོགས་པ་ཞེས་སྔར་ངོ་བོ་སྟོང་པའི་ཡེ་ཤེས་ཀྱི་ཐུགས་རྗེ་མ་འགགས་པའི་རོལ་རྩལ་ཚུལ་བཞིན་ངོ་མ་འཕྲོད་པས་ཕུང་པོ་དང་ཁམས་དང་སྐྱེ་མཆེད་ལ་སོགས་རྫས་དང་རྡུལ་དུ་བདེན་པར་གྲུབ་པའི་བག་ཆགས་ཀྱི་སྣང་བ་འཆར་ཡང་། རིམ་བཞིན་དེ་དག་རྡུལ་ཕྲ་རབ་ཙམ་དུའང་གང་ནས་ཀྱང་རྙེད་མི་ཤེས་པ་འདུས་མ་བྱས་ཆེན་པོ་ཡིན་པས་དེའི་ཕྱིར་ཟག་པ་མེད་པའི་བདེ་བ་ཆེན་པོའི་འབྱུང་གནས་སམ་ཁྱབ་བྱེད་བཙུན་མོ་དམ་པ་སྣང་བའི་དབྱིངས་ཡིན་ཏེ་དེ་ཡང་ལངྐར་གཤེགས་པ་ལས། གཅིག་གི་སྟོང་ཉིད་གང་ཡིན་པ། །དེ་ནི་ཀུན་གྱི་སྟོང་ཉིད་ཡིན། །དངོས་པོ་གཅིག་ལ་གང་ལྟ་བ། །དེ་ནི་ཀུན་ལ་ལྟ་བར་བྱོས། །ཞེས་གསུངས་པས་ངོ་བོ་སྟོང་པའི་ཡེ་ཤེས་དེས་ས་ཆུ་མེ་རླུང་ནམ་མཁའ་སྟེ་ཕྱི་ནང་གི་འབྱུང་བ་ཆེན་པོ་ལྔ་ལ་མ་ཁྱབ་པ་མེད་པས་སྲ་བའི་དབྱིངས་ས་སྟེ་སངས་རྒྱས་སྤྱན་མ། མཉེན་པའི་དབྱིངས་ཆུ་སྟེ་མཱ་མ་ཀཱི། དྲོ་བའི་དབྱིངས་མེ་སྟེ་གོས་དཀར་མོ། བསྐྱོད་པའི་

དབྱིངས་རླུང་སྟེ་དམ་ཚིག་སྒྲོལ་མ། སྣང་བའི་གོ་འབྱེད་པ་ནམ་མཁའི་དབྱིངས་སམ་སྣང་བའི་དབྱིངས་ཏེ་ཡུལ་འབྱུང་བ་ལྔ་ཡུམ་ལྔའི་རང་བཞིན་དུ་ཡེ་ནས་རྣམ་པར་དག་པ་ལ་གཉིས་སུ་མེད་པའི་ཚུལ་གྱིས་ལོངས་སུ་སྤྱོད་པ་པོ་ཐབས་སྣང་བ་དམ་པ་རྣམ་པར་ཤེས་པའི་ཕུང་པོ་དག་པ་སངས་རྒྱས་མི་བསྐྱོད་པ། གཟུགས་ཀྱི་ཕུང་པོ་དག་པ་སངས་རྒྱསརྣམ་པར་སྣང་མཛད། ཚོར་བའི་ཕུང་པོ་དག་པ་སངས་རྒྱ་རིན་ཆེན་འབྱུང་ལྡན། འདུ་ཤེས་ཀྱི་ཕུང་པོ་དག་པ་སངསརྒྱས་སྣང་བ་མཐའ་ཡས། འདུ་བྱེད་ཀྱི་ཕུང་པོ་དག་པ་སངས:རྒྱས་དོན་ཡོད་གྲུབ་པ་སྟེ་གསང་སྙིང་ལས། ཨེ་མ་ཧོ། རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །སྐྱེ་མཆེད་ཁམས་རྣམས་མང་པོ་ཀུན། །བྱང་ཆུབ་སེམས་དཔའི་དཀྱིལ་འཁོར་ཉིད། །ས་ཆུ་སྤྱན་དང་མཱ་མ་ཀཱི། །མེ་རླུང་གོས་དཀར་སྒྲོལ་མ་སྟེ། །ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མ། །སྲིད་གསུམ་ཡེ་ནས་སངས་རྒྱས་ཞིང་། །ཐམས་ཅད་མ་ལུས་ཆོས་སོ་ཅོག །སངས་རྒྱས་ཉིད་ལས་གཞན་མ་ཡིན། །སངས་རྒྱས་ཉིད་ལས་གཞག་པའི་ཆོས། །སངས་རྒྱས་ཉིད་ཀྱིས་མི་བརྙེས་སོ། །ཞེས་གསུངས་ཏེ་ཕུང་ཁམས་གཤེགས་པ་གཤེགས་མའི་གདན་ནོ། །

དེ་ཡང་འདིར་རྡོ་རྗེ་ཕུང་པོའི་ཡན་ལག་ནི། །རྫོགས་པའི་སངས་རྒྱས་ལྔ་རུ་གྲགས། །ཞེས་གསུངས་པའི་དོན་གནས་སྣང་དག་པ་གཉིས་ལྡན་སངས་རྒྱས་ཀྱི་ས་ཁོ་ན་ལ་སྦྱར་བའམ། ཉོན་མོངས་ཡེ་ཤེས་སུ་འཆར་བ་འབྲས་བུའི་ལམ་སྟེགས་བྱང་ཆུབ་ཀྱི་ཡན་ལག་ཏུ་འཆར་བ་སྔགས་ལ་སྤྱོད་པའི་རྣལ་འབྱོར་པའི་རྟོགས་དགོངས་ཀྱི་གདིང་ཚད་ལ་རག་པས་འདིར་ཀུན་མཁྱེན་རོང་ཀློང་རྣམ་གཉིས་དང་། མི་ཕམ་ཆོས་རྗེའི་གསུང་གི་གདུད་རྩི་མི་བཟད་པའི་གཏེར་རྒྱ་མཚོ་ལྟ་བུ་བསྐྱིལ་བ་ལས་ཐིག་ཕྲེང་འགའ་ཤས་དད་པའི་ཀུ་ཤས་བཅུས་ཏེ་ལུང་དུ་དྲངས་པ་ལས་རྟོགས་པར་བྱ་བའོ། །དེ་ཡང་ཀུན་མཁྱེན་རོང་ཟོམ་པ་ཆེན་པོས། ཕུང་པོ་ལྔ་སྒྱུ་མ་ཙམ་དུ་སྣང་བའང་དེ་བཞིན་གཤེགས་པ་ཉིད་ཡིན་པའི་བློ་དང་ལྡན་ན་ལམ་གྱི་མཆོག་ཡིན་ཏེ། གང་གིས་ཁྱད་པར་ཡོད་པར་མཐོང་བ་ནི་ལམ་གྱི་མཆོག་མ་ཡིན་ནོ། །དོན་གྱི་ཚུལ་འདི་ལྟ་བུ་ནི་གསང་སྔགས་ཀྱི་ཚུལ་འབའ་ཞིག་ཏུ་མ་ཟད་ཀྱི། ངེས་པའི་དོན་གྱི་མདོ་སྡེ་ལས་ཀྱང་གསུངས་པ་ཡིན་ཏེ། གང་ཞིག་བདག་དང་སངས་རྒྱས་རྣམས། །རང་བཞིན་མཉམ་པར་རབ་གནས་ཤིང་། །མི་གནས་ལེན་པ་མེད་པ་སྟེ། །དེ་དག་བདེ་བར་གཤེགས་པར་འགྱུར། །

གཟུགས་དང་ཚོར་བ་འདུ་ཤེས་དང་། །རྣམ་པར་ཤེས་དང་སེམས་པ་དག །གྲངས་མེད་དེ་བཞིན་གཤེགས་པ་རྣམས། །དེ་དག་ཐུབ་པ་ཆེན་པོར་འགྱུར། །ཞེས་གསུངས་པ་ལྟ་བུ་ཡིན་ཏེ། ལ་ལ་དག་ཕུང་པོ་རྒྱལ་བའི་དཀྱིལ་འཁོར་དུ་བསྟན་པ་ལ་སྐུར་པ་རྣམས་འདི་ལྟ་བུའི་དོན་སྟོན་པའི་མདོ་སྡེ་རྣམས་ལའང་མཉམ་དུ་སྐུར་དགོས་སོ་ཞེས་གསུངས། ཐེག་པ་ཆེན་པོ་ལ་རྒྱུའི་ཐེག་པ་ཆེན་པོ་དང་། འབྲས་བུའི་ཐེག་པ་ཆེན་པོ་གཉིས་སུ་དབྱེ་བ་ན། རྒྱུའི་ཐེག་པ་ཞེས་བྱ་བ་ནི་རྒྱུ་བདེ་གཤེགས་སྙིང་པོ་ལ་གཞི་བྱས་ནས་རྐྱེན་དགེ་བའི་བཤེས་གཉེན་ལ་བརྟེན་ཏེ་ཚོགས་བསགས་སྒྲིབ་སྦྱོང་ལ་བརྩོན་ཏེ་འབྲས་བུ་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱེད་པ་སྟེ་ཀུན་མཁྱེན་རོང་ཟོམ་པ་ཆོས་ཀྱི་བཟང་པོས། རྒྱུའི་ཐེག་པ་ལས་རྒྱུ་ཞེས་བྱ་བ་ནི་མྱ་ངན་ལས་འདས་པའི་རྒྱུར་གྱུར་པ་རྣམ་པར་བྱང་བའི་ཆོས་ལམ་དུ་བྱས་ཏེ་ངེས་པར་འབྱུང་བར་འདོད་པ་སྟེ་དབུ་མ་འཇུག་པ་ལས། ཉན་ཐོས་སངས་རྒྱས་འབྲིང་རྣམས་ཐུབ་དབང་སྐྱེས། །སངས་རྒྱས་བྱང་ཆུབ་སེམས་དཔའ་ལས་འཁྲུངས་ཤིང་། །སྙིང་རྗེའི་སེམས་དང་གཉིས་སུ་མེད་བློ་དང་། །བྱང་ཆུབ་སེམས་ནི་རྒྱལ་སྲས་རྣམས་ཀྱི་རྒྱུ། །ཞེས་གསུངས་སོ། །སེམས་ཙམ་རྣམ་བདེན་པ་དང་རྣམ་

བརྫུན་པ་ལ་སོགས་ཕ་རོལ་ཏུ་ཕྱིན་པའི་གཞུང་དངོས་པོར་འཛིན་པ་རྣམས་ནས་བཙུན་མོའི་འཁོར་ལ་ལོངས་སྤྱོད་པ་ནི་སྨད་པའི་གནས་ཡིན་པས་སངས་རྒྱས་རྣམས་ ལ་མི་མངའ་ཡི། སངས་རྒྱས་རྣམས་ནི་བསོད་ནམས་ཀྱི་ཚོགས་ཚད་མེད་པ་ལས་བསྒྲུབས་པའི་རྣམ་པར་སྨིན་པའི་སྐུ་ཡེ་ཤེས་ཆེན་པོའི་རྟེན་གྱི་བདག་ཉིད་ཡོངས་སུ་དག་པའི་ཞིང་དང་བཅས་ པ་ཉིད་རྫོགས་པར་ལོངས་སྤྱོད་པའི་བདེ་བ་དང་བཅས་པ། ཇི་ལྟར་འདུལ་བའི་འཁོར་གྱི་དཀྱིལ་འཁོར་ན་བཞུགས་པ་འདི་ལྟ་བུ་ངེས་པར་འཛིན་ཏོ། །ཐེག་པ་ཆེན་པོ་ཐུན་མོང་མ་ཡིན་པའི་ཚུལ་ ལས། སངས་རྒྱས་ཀྱི་ས་ནི་ཆོས་ཀྱི་དབྱིངས་རྣམ་པར་དག་པ་ཙམ་སྟེ། སྐུ་དང་ཡེ་ཤེས་ཀྱི་བཀོད་པ་ཐམས་ཅད་ནི་སྔོན་གྱི་སྨོན་ལམ་དང་། ཐུགས་རྗེ་ཆེན་པོའི་ཤུགས་དང་། ཆོས་ཀྱི་ དབྱིངས་རྣམ་པར་དག་པར་གྱུར་པའི་དབང་དང་། གདུལ་བྱ་རྣམས་ཀྱི་དཀར་པོའི་བག་ཆགས་ཀྱི་ས་བོན་གྱི་དབང་ལས་རྟེན་མེད་པར་འབྱུང་སྟེ། དཔེར་ན་དྲང་སྲོང་སྨོན་ལམ་གྲུབ་པས་མ་ འོངས་པའི་དུས་ལ་དམིགས་ཏེ་སྨོན་ལམ་བཏབ་པ་རྣམས། དྲང་སྲོང་ཤི་ནས་དུས་ཡུན་རིང་མོ་ཞིག་སོང་ཡང་སྨོན་ལམ་གྱི་བདེན་པ་མངོན་སུམ་མཐོང་ཆོས་སུ་སྣང་བར་གྱུར་པ་ལ་དེ་ཉིད་དུ་

རྟེན་མི་དགོས་པ་བཞིན་ནོ་ཞེས་འདོད་དོ་ཞེས་གསུངས། རྒྱུའི་ཐེག་པ་ཆེན་པོ་ལ་དད་པ་རྣམ་པར་དག་པ་ཡོད་ན་འབྲས་བུའི་ཐེག་པ་ཆེན་པོ་ལ་དད་མེད་པ་ག་ལ་རུང་སྟེ། མ་ཧཱ་ཡ་ན་སྟེ་ཐེག་པ་ཆེན་པོ་ཞེས་པའི་དོན་བསྡུ་ན་སྡུད་པ་ཚིགས་སུ་བཅད་པ་ལས། སཉྩ་ཡ་གཱ་ཐཱ། ཐེག་པ་འདི་ནི་མཁའ་འདྲ་གཞལ་མེད་ཁང་ཆེན་ཏེ། །དགའ་སྐྱིད་བདེ་བ་མངོན་པར་ཐོབ་བྱེད་ཐེག་པའི་མཆོག །དེ་གང་ཞོན་ནས་སེམས་ཅན་ཐམས་ཅད་མྱ་ངན་ཟློ། །རྒྱུ་དེས་དེ་ནི་ཐེག་པ་ཆེན་པོ་ཞེས་བརྗོད་དོ། །ཞེས་དང་། ཁྱད་པར་དུའང་སྟོང་ཉིད་སྤྲོས་བྲལ་གྱི་སྣང་ཆ་མ་འགགས་པའི་ཡོན་ཏན་རྒྱུ་འབྲས་དབྱེར་མེད་སྣང་སྟོང་ཟུང་འཇུག་འབྲས་བུའི་ཐེག་པ་འབྱུང་བའང་དགོངས་པ་ངེས་པར་ལུང་བསྟན་པའི་མདོ་ལས། བཅོམ་ལྡན་འདས་མྱ་ངན་ལས་འདའ་བར་བཞེད་པའི་ཚེ་འཁོར་རྣམས་མྱ་ངན་གྱིས་གདུངས་ཏེ། འདྲེན་པའི་ཐེག་པ་གསུམ་པོ་དག །བཅོམ་ལྡན་ངེས་པར་གསུང་ལགས་ན། །རྒྱུ་འབྲས་ལྷུན་གྲུབ་ཏུ་སྤྱོད་ཅིང་། །སངས་རྒྱས་གཞན་དུ་མི་འཚོལ་བའི། །ངེས་པའི་ཐེག་པ་ཅིས་མ་གསུངས། །ཞེས་ཞུས་པའི་ལན་དུ་སྟོན་པས། རྒྱུ་ལ་མོས་པར་རྒྱུ་ཆོས་ཀྱི། །འཁོར་ལོ་རབ་ཏུ་བསྐོར་བྱས་ནས། །

རྡོ་རྗེ་ཐེག་པའི་ཉེ་ལམ་ཞིག །མ་འོངས་དུས་སུ་འབྱུང་བར་འགྱུར། །ཞེས་གསུངས་སོ། །ཡང་དག་པར་ན་སངས་རྒྱས་རྣམས་ནི་ཀུན་ཏུ་བཟང་པོ་བྱང་ཆུབ་ཀྱི་ སེམས་རྡོ་རྗེ་འཆང་ཆེན་པོ་རྡོ་རྗེ་སེམས་དཔའ་ཞེས་བྱ་བ་ཡེ་ཤེས་ལྔ་དང་དྲུག་གི་བདག་ཉིད་ཅན། རྟག་ཏུ་ད་ལྟར་བྱུང་བ་ལྟ་བུའི་སྐུ་མངའ་བ་ལོངས་སྤྱོད་རྫོགས་པ་ཆེན་པོ་རྣམ་པར་འཕྲུལ་པ་ ཐམས་ཅད་ཀྱི་འབྱུང་གནས། རྟག་ཏུ་ཡོངས་སུ་དག་པའི་ཞིང་ཁམས་ན་མི་འགྱུར་བར་བཙུན་མོའི་འཁོར་དཔག་ཏུ་མེད་པའི་དཀྱིལ་འཁོར་ན་བདེ་བ་ཐམས་ཅད་དང་མི་འབྲལ་བར་བཞུགས་ཏེ། བདེ་བ་དེ་ཡང་འདི་ལྟར་ཆོས་ཀྱི་དབྱིངས་རྟོགས་པ་དེ་ཁོ་ན་ཉིད་ཀྱི་དོན་ལ་དམིགས་པའི་ཏིང་ངེ་འཛིན་གྱི་དབང་གིས་མཉེས་པའི་བདེ་བ་དང་། ཡིད་བདེ་བ་དང་ལྡན་པ། གཟུགས་ལ་སོགས་ པའི་ཕྱི་རོལ་གྱི་འདོད་པའི་བདེ་བ་དང་། གཟུགས་དང་མཉམ་པར་སྦྱོར་བའི་བདེ་བ་ལ་སོགས་ཏེ་འདི་ལྟར་བདེ་བ་མཆོག་དང་ལྡན་པ། བདེ་བ་ཟག་པ་མེད་པ་དང་ལྡན་པ། བདེ་བ་ཚད་མེད་ པ་དང་ལྡན་པ། བདེ་བ་མི་འགྱུར་བ་དང་ལྡན་པ། བདེ་བ་ཆེན་པོ་དང་ལྡན་པ། གདུལ་བྱ་ཐམས་ཅད་ལ་བདེ་བ་སྐྱེད་པ་དང་ལྡན་པ་སྟེ། དེ་བས་ན་བདེ་བ་ཆེན་པོ་པ་ཞེས་བྱའོ་ཞེས་ངེས་པར་

འཛིན་ནོ། །ཞེས་དང་ཡང་ཀུན་མཁྱེན་རོང་ཟོམ་པ་ཆེན་པོས། འབྲས་བུའི་ཐེག་པ་ཞེས་བྱ་བ་ནི་ཆོས་ཐམས་ཅད་འབྲས་བུའི་ཆོས་ཉིད་དུ་ཡེ་ནས་སངས་རྒྱས་ནས་ལམ་ཡང་དེ་ཉིད་ལ་གནས་ པའོ་ཞེས་དང་། ཀུན་མཁྱེན་ཆེན་པོ་ཀློང་ཆེན་རབ་འབྱམས་ཀྱིས། འདིར་གསང་སྔགས་འབྲས་བུ་ལམ་དུ་བྱེད་པའི་དོན་ཡང་འགྲོ་བའི་སེམས་དང་། དབང་པོ་ལ་སོགས་པ་ཡེ་ནས་སངས་ རྒྱས་པ་ཉིད་མཐར་ཐུག་གི་འབྲས་བུ་ཐོབ་དུས་ནའང་དེ་ཐོག་ཏུ་ཕྱིན་པ་ལས་གཞན་མེད་པས་དེ་སྐད་ཅེས་བྱ་སྟེ། རྒྱ་མཚོ་ལས། དཔག་བསམ་ཤིང་དང་རིན་ཆེན་ལྟར། །དེ་ཀུན་ངོ་བོ་ཉིད་ གྱུར་གནས། །འཇིག་རྟེན་བརྟན་གཡོ་ལ་སོགས་པ། །སྣང་བ་ཉིད་ན་ངོ་བོ་མེད། །དེ་ཉིད་ཆོས་སྐུ་ཆེན་པོ་ཡིན། །རང་བཞིན་ངང་གིས་དེ་ལྟར་གནས། །དེ་ལས་གཞན་པའི་ཐོབ་བྱ་མེད། ། ཀུན་ཀྱང་སྨིན་ཟིན་བགྲོད་དུ་མེད། །དེ་ཉིད་ལམ་གྱི་ངོ་བོ་སྟེ། །ཞེས་སོ། །འོ་ན་འབྲས་བུ་ཡིན་ན་གདོད་བསྐྱེད་རྫོགས་ལ་སོགས་པས་ཅི་བྱ་སྙམ་ན། དེ་ལྟར་གནས་པ་དེ་མཐར་ཐུག་གི་ བགྲོད་བྱའི་ཆ་ནས་འབྲས་བུར་བཞག་ཅིང་། དེའི་ངོ་བོ་མ་རིག་པས་བསྒྲིབས་ཏེ་ཡིན་ཡང་ཕྱིན་ཅི་ལོག་ཏུ་སྣང་བ་དུང་སེར་འཛིན་བཞིན་གྱུར་པ་སྦྱོང་དུས་རང་གི་ངོ་བོ་དང་པོའི་གཞི་ཐོག་ཏུ་

ཕེབས་ཤིང་འཁྲུལ་སྣང་གློ་བུར་བ་ལྡོག་པ་ལས་འབྲས་བུ་གཞན་ཞིག་སྔར་མེད་གསར་བྱུང་དུ་བསྒྲུབ་པ་མ་ཡིན་ཏེ། ཀུན་འདུས་ལས། བཙལ་ནས་ཐོབ་པ་མ་ ཡིན་ཏེ། །རྒྱུ་ཉིད་དུས་ན་འབྲས་བུའི་མཆོག །ཅེས་སོ་ཞེས་གསུངས། འོ་ན་འགྲོ་བའི་ཁམས་རྣམས་མ་དག་པ་སྣ་ཚོགས་སུ་སྣང་བ་ཇི་ལྟར་ཡིན་ཞེ་ན། ཡེ་ནས་དག་ཅིང་དྲི་མ་མེད་ཀྱང་། གློ་བུར་ཀུན་ཏུ་བཏགས་པའི་རྟོག་པས་སྦགས་པས་ལས་དང་བདེ་སྡུག་སྣ་ཚོགས་སུ་ཀུན་གཞི་ལ་ནུས་པ་སྣ་ཚོགས་བཞག་པ་ལས་བྱུང་བའོ། །སླར་ལུང་དང་བཅས་ཏེ་ནན་ཏན་དུ་གསལ་བར་ བརྗོད་ན་ཀུན་གཞི་ནི་ལང་ཀར་གཤེགས་པ་ལས། ལངྐ་ཨ་བ་ཏཱ་ར། ཀུན་གཞི་ཀུན་གྱི་རྟེན་ཡིན་ཏེ། །སྲིད་པ་དང་ནི་དེ་བཞིན་དུ། །རྣམ་པར་བྱང་བའི་ གཞི་མའང་ཡིན། །ཞེས་སོ། །དེ་ཡང་མ་དག་པ་འཁོར་བར་སྣང་དུས་དེའི་རྟེན་བྱེད་ཅིང་དབྱེར་མེད་པ་བཞིན་ཡོད་ཀྱང་། དག་པའི་ཆོས་ཀྱི་དེ་ཉིད་ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་བྱ་བར་མིང་ གྱུར་པའོ། །དེ་ཉིད་ལ་ནི་ཡེ་ཤེས་ཀུན་བརྟེན་ཏོ། །འཁོར་བའི་ཀུན་གཞི་ལ་ནི་ཀུན་གཞིའི་རྣམ་པར་ཤེས་པ་དང་། ཉོན་ཡིད་དང་། ཡིད་ཤེས་དང་། སྒོ་ལྔའི་རྣམ་ཤེས་བརྟེན་ཏོ། །འདི་

དག་མདོ་རྒྱུད་ལ་ལར་སྦྱངས་ཤིང་གནས་གྱུར་པས་ཡེ་ཤེས་ལྔར་དག་པར་འདོད་དེ་ཀུན་གཞི་ཆོས་དབྱིངས་ཡེ་ཤེས་སུ་གནས་གྱུར། དེ་བཞིན་དུ་ཀུན་གཞིའི་རྣམ་ཤེས་མེ་ལོང་ཡེ་ཤེས། ཉོན་ཡིད་སོ་སོར་རྟོག་པ། ཡིད་ཤེས་མཉམ་པ་ཉིད། སྒོ་ལྔའི་རྣམ་ཤེས་བྱ་བ་གྲུབ་པའི་ཡེ་ཤེས་སུ་གནས་གྱུར་པའོ། །དེ་བཞིན་དུ་གཟུགས་རྣམ་སྣང་། ཚོར་བ་རིན་འབྱུང་། འདུ་ཤེས་ སྣང་མཐའ། འདུ་བྱེད་དོན་གྲུབ། རྣམ་པར་ཤེས་པའི་ཕུང་པོ་མི་བསྐྱོད་པར་གནས་གྱུར་ཅིང་། ས་སངས་རྒྱས་སྤྱན་མ། ཆུ་མཱ་མ་ཀཱི། མེ་གོས་དཀར་མོ། རླུང་དམ་ཚིག་སྒྲོལ་མ། ནམ་མཁའ་དབྱིངས་ཀྱི་དབང་ཕྱུག་མར་གནས་གྱུར་ལ། མིག་གི་རྣམ་ཤེས་དག་པ་སའི་སྙིང་པོ། རྣ་བའི་རྣམ་ཤེས་དག་པ་ཕྱག་ན་རྡོ་རྗེ། སྣའི་རྣམ་ཤེས་དག་པ་ནམ་མཁའི་སྙིང་པོ། ལྕེའི་རྣམ་ཤེས་དག་པ་སྤྱན་རས་གཟིགས་ཏེ་ནང་གི་སེམས་དཔའ་བཞི། མིག་གི་དབང་པོ་དག་པ་བྱང་ཆུབ་སེམས་དཔའ་མཻ་ཏྲིརྻ། རྣ་བའི་དབང་པོ་དག་པ་སྒྲིབ་པ་རྣམ་སེལ། སྣའི་དབང་པོ་ དག་པ་ཀུན་ཏུ་བཟང་པོ། ལྕེའི་དབང་པོ་དག་པ་འཇམ་དཔལ་དབྱངས་ཏེ་ཕྱིའི་སེམས་དཔའ་བཞི། མིག་གིས་ཡུལ་གཟུགས་དག་པ་སྒེག་མོ་མ། རྣ་བའི་ཡུལ་སྒྲ་དག་པ་གླུ་མ། སྣའི་ཡུལ་དྲི་

དག་པ་ཕྲེང་བ་མ། ལྕེའི་ཡུལ་རོ་དག་པ་གར་མ་སྟེ་ནང་གི་སེམས་མ་བཞི། ད་ལྟའི་དུས་དག་པ་བདུག་སྤོས་མ། འདས་པའི་དུས་དག་པ་མེ་ཏོག་མ། མ་ འོངས་པའི་དུས་དག་པ་མར་མེ་མ། དུས་མ་ངེས་པ་དག་པ་དྲི་ཆབ་མ་སྟེ་ཕྱིའི་སྒེག་མོ་བཞི་སྟེ་དབང་ཡུལ་སེམས་དཔའ་སེམས་མའི་གདན་ནོ། །དག་བྱ་ལྷ་ཡི་འཇིག་རྟེན་དང་ཉོན་མོངས་ང་ རྒྱལ། དག་བྱེད་སྟོན་པ་ལྷའི་དབང་པོ་བརྒྱ་བྱིན། དག་བྱ་ལྷ་མིན་གྱི་འཇིག་རྟེན་དང་ཉོན་མོང་ཕྲག་དོག དག་བྱེད་སྟོན་པ་འཐབ་བཟང་རིས། དག་བྱ་མིའི་འཇིག་རྟེན་དང་ཉོན་མོངས འདོད་ཆགས། དག་བྱེད་སྟོན་པ་ཤཱཀྱ་ཐུབ་པ། དག་བྱ་བྱོལ་སོང་དང་ཉོན་མོངས་གཏི་མུག དག་བྱེད་སྟོན་པ་སེང་གེ་རབ་བརྟན། དག་བྱ་ཡི་དྭགས་དང་ཉོན་མོངས་སེར་སྣ། དག་བྱེད་ སྟོན་པ་བཅོམ་ལྡན་འདས་ཁ་འབར་མ། དག་བྱ་དམྱལ་བ་དང་ཉོན་མོངས་ཞེ་སྡང་། དག་བྱེད་སྟོན་པ་གཤིན་རྗེ་ཆོས་ཀྱི་རྒྱལ་པོ། དག་བྱ་ལུས་ཀྱི་རྣམ་ཤེས་དག་བྱེད་གཤིན་རྗེ་གཤེད། དག་བྱ་ལུས་ཀྱི་དབང་པོ་དག་བྱེད་སྟོབས་པོ་ཆེ། དག་བྱ་ལུས་ཀྱི་རེག་བྱ་དག་བྱེད་རྟ་མགྲིན། དག་བྱ་ལུས་ཀྱི་རེག་ཤེས་དག་བྱེད་ཁྲོ་བོ་བདུད་རྩི་འཁྱིལ་བ། དག་བྱ་རྟག་པར་ལྟ་བ་དག་བྱེད་

ལྕགས་ཀྱུ་མ། དག་བྱ་ཆད་པར་ལྟ་བ་དག་བྱེད་ཞགས་པ་མ། དག་བྱ་བདག་ཏུ་ལྟ་བ་དག་བྱེད་ལྕགས་སྒྲོག་མ། དག་བྱ་མཚན་མར་ལྟ་བ་དག་བྱེད་དྲིལ་བུ་མ་སྟེ་ཡན་ལག་ཁྲོ་བོ་ཁྲོ་མོའི་གདན་ནོ། །འོན་ཀྱང་ཀུན་མཁྱེན་ཆེན་པོས། གཞུང་འདིར་ནི། སྣམ་བུ་ཚོས་ཀྱིས་བསྒྱུར་བ་ལྟ་བུའི་སྦྱང་གཞི་སྦྱོང་བྱེད་གནས་གྱུར་པ་ལྟ་བུ་མི་འདོད་དེ། སྤང་བླང་དང་སྦྱོང་བསྒྱུར་ལས་འདས་པའི་ཕྱིར་རོ། །དེ་བས་ན་ཡེ་ནས་ཡེ་ཤེས་སུ་ཡིན་པ་ལ་ཡིན་པར་ཤེས་པས་འཁོར་བའི་ཀུན་རྟོག་ཡེ་ཤེས་སུ་གྲོལ་བ་ཆབ་རོམ་ཆུར་ཞུ་བའི་ཚུལ་གྱིས། འཁོར་བ་ཉིད་མྱང་འདས་སུ་གྲོལ་བར་འདོད་དོ་ཞེས་གསུངས་ཤིང་། དེ་ཡང་སྣང་ཚད་ཐམས་ཅད་སངས་རྒྱས་ཀྱི་སྐུ་དང་ཡེ་ཤེས་སུ་ངོ་སྤྲོད་པར་བྱེད་པ་རྩ་བའི་རྒྱུད་གསང་བའི་སྙིང་པོའི་འགྲེལ་པ་ཕྱོགས་བཅུ་མུན་སེལ་ལས། རིགས་ལྔ་གཙོ་འཁོར་ཡབ་ཡུམ་གསུངས་པའི་སྐབས་སྤྱིའི་དོན་དང་གཞུང་གི་དོན་རྣམས་ལུང་མདོར་བསྡུས་སུ་དྲངས་ན་ཐམས་ཅད་ཡེ་ནས་ལྷའི་དཀྱིལ་འཁོར་དུ་བསྟན་པའི་སྐབས་འདི་སྐད་གསུངས་ཏེ། རྣམ་པར་སྣང་མཛད་ལ་སོགས་རིགས་ལྔའི་མཚན་ནས་མི་བརྗོད་པར། རྣམ་པར་ཤེས་པའི་རྒྱལ་པོ་དང་ཞེས་པ་ལ་སོགས་པ་ཕུང་པོ་ལྔའི་མཚན་ནས་བརྗོད་པ་ཅི་ཡིན་

ཞེས་སྔ་རབས་པ་དག་ཟེར་ཏེ། འདི་ཡང་མ་ཕྱེད་པར་སྣང་ངོ་། །ཕུང་པོ་ལྔ་ལ་སོགས་པ་རྟོག་པའི་མིང་གིས་ལྔ་ལ་བརྗོད་པ་མེད་དེ། རྣམ་པར་ཤེས་པའི་རྒྱལ་པོ་དང་ཞེས་ལྡན་ཆོས་ཕུང་པོ་ལྔ་ལས་འཕགས་པ་ཉིད་བསྟན་པ་ཡིན་ཏེ། མྱ་ངན་ལས་འདས་པ་ཆེན་པོ་ཞེས་བརྗོད་པ་བཞིན་ནོ། །མྱ་ངན་གྱི་མིང་གིས་སངས་རྒྱས་ལ་བརྗོད་པ་མ་ཡིན་གྱི་འཕགས་ཆོས་ངོས་གཟུང་བའི་ཕྱིར་དང་། བརྟག་གཉིས་ལས། འདོད་ཆགས་ཆེན་པོ་རྗེས་ཆགས་པ། །ཞེས་པའང་བདེ་སྟོང་གཉིས་མེད་ཀྱི་ཡེ་ཤེས་ལ་བརྗོད་ཅིང་། གསང་བ་འདུས་པར་ཡང་། ཞེ་སྡང་རྡོ་རྗེ་ཞེས་པ་ལ་སོགས་པས་མེ་ལོང་ཡེ་ཤེས་ལ་སོགས་པ་དངོས་སུ་བསྟན་པ་བཞིན་ནོ། །དེས་ན་རྒྱལ་པོའི་སྒྲ་ནི་ཆེན་པོ་སྟེ་རྣམ་པར་སྣང་མཛད་ལ་སོགས་པ་ཡིན་ཞིང་། འཁོར་གྱི་སྐབས་སུའང་བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་ལ་སོགས་པ་གསུངས་པ་ལའང་ཤེས་པར་བྱའོ། །གལ་ཏེ་རྟོག་པའི་སྒྲས་བརྗོད་ན་རྣམ་པར་ཤེས་པ་དང་ཞེས་བརྗོད་པ་རིགས་ཀྱི་རྒྱལ་པོ་ཞེས་མི་རིགས་སོ། །ཁྱད་པར་འཕགས་ཆོས་སུ་བརྗོད་པ་ནི་འཁོར་བའི་གནས་སྐབས་ན་རྣམ་པར་ཤེས་པ་དེ་བཞིན་གཤེགས་པ་དེ་དག་གི་གདུང་ངམ་རིགས་སུ་གནས་པས་བརྗོད་པའོ། །

དེ་ཡང་རང་བཞིན་གྱིས་དག་པའི་སངས་རྒྱས་ཉིད་ཡིན་ཀྱང་མ་དག་པའི་ཚེ་འགྲོ་བའི་ཕུང་པོ་ལྔ་རྣམ་སྨིན་ལས་གྲུབ་པ་ལྟར་སྣང་ངོ་། །དེ་ལས་ཅུང་ཟད་དག་པ་ན་དབང་ཐོབ་པ་རྣམས་ཀྱི་སྨོན་ལམ་ལས་གྲུབ་པའི་ལུས་ལ་སོགས་པར་སྣང་ངོ་། །ཤིན་ཏུ་དག་པའི་ཚེ་རྒྱལ་བའི་སྐུ་དང་ཡེ་ཤེས་སུ་སྣང་ངོ་། །དཔེར་ན་ཆུ་གཅིག་ལའང་དམྱལ་བ་པས་མེ་དང་། ཡི་དྭགས་ཀྱིས་རྣག་ཁྲག་དང་། མིས་དག་ཅིང་འདོད་ཡོན་དུ་བྱེད་པ་དང་། དུད་འགྲོས་བཏུང་བ་དང་། ལྷས་བདུད་རྩི་དང་། ཞིང་དག་པའི་འགྲོ་བས་བདུད་རྩིའི་ཆུ་ཀླུང་དང་། གྲུབ་པས་མཱ་མ་ཀཱི་ལ་སོགས་པར་སྣང་བ་ཉིད་དོ། །དེ་ཡང་དབྱིངས་ངོ་བོ་ཉིད་ཀྱི་གཙོ་བོ་དང་། རང་བཞིན་ཐ་མི་དད་པའི་འཁོར་བསྟན་པའི་སྐབས་སུའང་འདི་ལྟར་གསུངས་ཏེ། བཅོམ་ལྡན་འདས་དེ་བཞིན་གཤེགས་པ་རྣམ་པར་ཤེས་པའི་རྒྱལ་པོ་རྣམ་པར་སྣང་མཛད་དང་། དེ་བཞིན་གཤེགས་པ་གཟུགས་ཀྱི་རྒྱལ་པོ་མི་བསྐྱོད་པ་དང་། དེ་བཞིན་གཤེགས་ཚོར་བའི་རྒྱལ་པོ་རིན་ཅེན་འབྱུང་ལྡན་དང་། དེ་བཞིན་གཤེགས་འདུ་ཤེས་ཀྱི་རྒྱལ་པོ་སྣང་བ་མཐའ་ཡས་དང་། དེ་བཞིན་གཤེགས་དང་འདུ་བྱེད་ཀྱི་རྒྱལ་པོ་དོན་ཡོད་གྲུབ་པ་དང་ལྔའོ། །རིགས་ལྔ་པོ་དེ་དག་ཀུན་ཀྱང་སྐུ་མདོག་ནི་རིམ་པ་བཞིན།

མེ་ལོང་ལྟ་བུའི་ཡེ་ཤེས་འགྱུར་བ་མེད་པས་རྣམ་པར་སྣང་མཛད་མཐིང་ག་དང་། ཆོས་ཀྱི་དབྱིངས་ཀྱི་ཡེ་ཤེས་དྲི་མ་ཐམས་ཅད་དང་བྲལ་བས་མི་བསྐྱོད་པ་དཀར་ པོ་དང་། མཉམ་པ་ཉིད་ཀྱི་ཡེ་ཤེས་ཆེ་བའི་ཡོན་ཏན་དུ་མ་དང་ལྡན་པས་རིན་ཅེན་འབྱུང་ལྡན་སེར་པོ་དང་། སོ་སོར་རྟོག་པའི་ཡེ་ཤེས་འགྲོ་བའི་དོན་ལ་རྗེས་སུ་ཆགས་པས་འོད་དཔག་མེད་ལེ་ བརྒན་ཏེ་དམར་པོ་དང་། བྱ་བ་གྲུབ་པའི་ཡེ་ཤེས་ཀྱིས་སེམས་ཅན་གྱི་དོན་སྣ་ཚོགས་སུ་མཛད་པས་དོན་ཡོད་གྲུབ་པ་ལྗང་གུའི་མདོག་ཏུ་གསལ་ཞིང་འཚེར་བ་ནི་རིགས་ལྔ་ཀའི་རང་བཞིན་ དྭངས་ལ་བཀྲག་དང་གཟི་བརྗིད་ཆེ་བའོ། །དེ་དག་གི་ཡུམ་ནི་ལོངས་སྤྱོད་པར་བྱ་བའི་གཞི་དང་གཙོ་བོའི་ཡུམ་དུ་གྱུར་བ་དང་ཡོན་ཏན་གྱིས་ཆོ་རིགས་བཙུན་པས་བཙུན་མོ་གཞན་ལས་ཁྱད་པར་ དུ་འཕགས་པས་དམ་པའོ། །དབྱིངས་ནམ་མཁའི་རང་བཞིན་ནི་ཆོས་ཉིད་ཡངས་ཤིང་ཡོན་ཏན་གྱི་གོ་འབྱེད་པ་ལ་མི་བསྒྲིབས་པས་གསལ་བར་བྱེད་པའི་ཕྱིར་སྣང་བའི་ངོ་བོ་ནམ་མཁའ་ དབྱིངས་ཀྱི་དབང་ཕྱུག་མ་དང་། ས་ནི་བརྟན་ཅིང་རྟེན་དུ་གྱུར་པ་བཞིན་དུ་ངོ་བོ་མི་འགྱུར་ཞིང་ཡོན་ཏན་གྱི་རྟེན་བྱེད་པས་སྲ་བའི་དབྱིངས་ཏེ་སངས་རྒྱས་སྤྱན་མ་དང་། ཆུ་ནི་གཤེར་ལ་སྐྱེ་བོའི་

གསོས་སུ་གྱུར་པ་ལྟར་འགྲོ་བའི་རྒྱུད་བརླན་པར་བྱེད་པས་མཉེན་པའི་དབྱིངས་ཏེ་མཱ་མ་ཀཱི་དང་། མེ་ནི་བསྲེག་ཅིང་སྣང་བ་ལྟར་ཉོན་མོངས་པ་བསྲེག་ཅིང་ཤེས་བྱ་ཐམས་ཅད་གསལ་བར་བྱེད་པས་དྲོ་བའི་དབྱིངས་ཏེ་གོས་དཀར་མོ་དང་། རླུང་ནི་བསྐྱོད་པ་དང་འདེགས་པའི་བྱ་བ་བྱེད་པ་ལྟར་འགྲོ་བའི་དོན་ལ་ཐོགས་པ་མེད་ཅིང་ཉེ་བར་འཚོ་བའི་གཞིར་གྱུར་བས་བསྐྱོད་པའི་དབྱིངས་ཏེ་དམ་ཚིག་སྒྲོལ་མ་དང་། དེ་དག་ལ་སོགས་པ་རིགས་ཀྱི་བཙུན་མོའི་ཚོགས་མ་ལུས་མི་ལུས་ལུས་པ་མེད་པ་ཐམས་ཅད་དང་ཐབས་དང་ཤེས་རབ་གཉིས་སུ་མེད་པར་མཉམ་པར་སྦྱོར་བས་བཞུགས་སོ། །དེ་ཡང་སྟོན་པ་ཉིད་བྱང་ཆུབ་ཆེན་པོ་ཡིན་པ་བཞིན་དུ་རང་སྣང་བའི་ཐུགས་རྗེའི་ངང་ལས་ཤར་བའི་འཁོར་རྣམས་ཀྱང་སྒྲིབ་པ་མཐའ་དག་བྱང་ཞིང་ཡོན་ཏན་མ་ལུས་པ་ཐུགས་སུ་ཆུབ་པས་སངས་རྒྱས་ཉིད་ཡིན་པའི་ཕྱིར་ཆེན་པོ་སར་གནས་ཀྱི་སེམས་དཔའ་ལས་འཕགས་སོ། །དེ་ཡང་རྣམ་པར་ཤེས་པའི་སེམས་དཔའ་བཞི་ལ། རྡོ་རྗེ་ནི་དབྱིངས་དང་ཡེ་ཤེས་སྣང་བ་དང་སྟོང་པ་གཉིས་སུ་མེད་ཅིང་འཇིག་འབྲལ་མེད་པ་སྟེ། རྡོ་རྗེ་རྩེ་མོ་ལས། སྲ་ཞིང་སྙིང་པོ་ཁོག་སྟོང་མེད། །གཅད་དང་གཞིག་པར་བྱ་བ་མེད། །བསྲེག་པར་བྱར་མེད་འཇིག་མེད་པས། །

སྟོང་ཉིད་རྡོ་རྗེར་བརྗོད་པར་བྱ། །ཞེས་པ་དང་། སྒྲིབ་པ་ཐམས་ཅད་འཇོམས་ཤིང་སྒྲིབ་པས་ཚུར་མི་གནོད་པ་ཡིན་ཏེ། རྒྱས་པ་ལས། རྡོ་རྗེའི་རང་བཞིན་སྒྲིབ་པ་ཀུན། །འཇོམས་ཤིང་ཅིས་ཀྱང་མི་ཚུགས་ལ། །རང་བྱུང་ཡེ་ཤེས་ལྷ་ཡི་ལྷ། །ཐམས་ཅད་ཀུན་ལ་འབིགས་པར་བྱེད། །ཅེས་སོ། །མིག་གི་རྣམ་ཤེས་ཀྱིས་གཟུགས་མཐོང་བ་ལས་ཁྱད་པར་དུ་འཕགས་པ་སངས་རྒྱས་ཀྱི་སྤྱན་གྱིས་ཡུལ་ལྔ་ག་ལ་འཇུག་ཅིང་ཆོས་ཉིད་རོ་གཅིག་ཏུ་གཟིགས་པའི་ཆ་ནས་མཐོང་བ་སྟེ་སའི་སྙིང་པོ་དང་། རྣ་བའི་རྣམ་ཤེས་ཀྱིས་སྒྲ་ཐོས་པ་ལས་འཕགས་པས་སངས་རྒྱས་ཀྱི་སྙན་གྱིས་ཡུལ་ལྔ་ག་ལ་འཇུགཅིང་དེ་བཞིན་ཉིད་དུ་རོ་གཅིག་པར་གསན་པའི་ཆ་ནས་བྱང་ཆུབ་ཆེན་པོ་རྡོ་རྗེ་ཐོས་པ་སྟེ་ཕྱག་ན་རྡོ་རྗེ་དང་། སྣའི་རྣམ་ཤེས་ཀྱིས་དྲི་ཚོར་བ་ལས་འཕགས་པ་སངས་རྒྱས་ཀྱིས་ཤངས་ཀྱིས་ཡུལ་ལྔ་ག་ལ་འཇུག་ཅིག་སྐྱེ་བ་མེད་པར་རོ་གཅིག་ཏུ་ཚོར་བ་བྱང་ཆུབ་ཆེན་པོ་རྡོ་རྗེ་སྣོམ་པ་སྟེ་ནམ་མཁའི་སྙིང་པོ་དང་། ལྕེའི་རྣམ་ཤེས་ཀྱིས་རོ་མྱོང་བ་ཙམ་ལས་འཕགས་པ་སངས་རྒྱསཀྱི་ལྗགས་ཀྱིས་ཡུལ་ལྔ་ག་ལ་འཇུགས་ཅིང་གཉིས་སུ་མེད་པར་རོ་གཅིག་ཏུ་མྱོང་བ་བྱང་ཆུབ་ཆེན་པོ་རྡོ་རྗི་མྱོང་བ་སྟེ་སྤྱན་རས་གཟིགས་དང་།

དེ་དག་གི་ཡུམ་བཞི་ཡང་རིམ་པ་བཞིན་དུ་བཙུན་མོ་མཐོང་བར་བྱ་བ་ཡེ་ཤེས་ཀྱི་སྣང་བའི་ཡུལ་གཟུགས་ཏེ་སྒེག་མོ་མ་དང་། མཉན་པར་བྱ་བ་སྒྲ་སྟེ་གླུ་མ། མནམ་པར་བྱ་བ་དྲི་སྟེ་བདུག་སྤོས་མ། མྱོང་བར་བྱ་བ་རོལ་པའི་དགའ་བ་སྟེ་གར་མའམ་ཕྲེང་བ་མ་དང་བཞི། དབང་པོའི་སེམས་དཔའ་བཞི་ལ་མཐོང་བྱེད་ནི་མིག་གི་དབང་པོ་ཟར་མའི་མེ་ཏོག་ལྟ་བུ་ལས་ཁྱད་པར་དུ་འཕགས་པ་རྡོ་རྗེའི་སྤྱན་སྒྲིབ་པ་མེད་པས་ཡུལ་ལྔ་འཛིན་པའི་རྟེན་བྱེད་པ་སྟེ་བྱམས་པ་དང་། ཐོས་བྱེད་ནི་རྣ་བའི་དབང་པོ་གྲོ་ག་གཅུས་པ་ལྟ་བུ་ལས་འཕགས་པ་སྙན་གྱི་དབང་པོ་ཉམས་པ་མེད་པས་ཡུལ་ལྔ་གསལ་བའི་རྟེན་བྱེད་པ་སྟེ་སྒྲིབ་པ་རྣམ་སེལ་དང་། མནམ་བྱེད་ནི་སྣའི་དབང་པོ་ཟངས་ཀྱི་མོ་ཁབ་བཤིབས་པ་ལྟ་བུ་ལས་འཕགས་པཤངས་ཀྱི་དབང་པོའི་ཡུལ་ལྔ་ལ་འཇུག་པའི་རྟེན་བྱེད་པ་སྟེ་ཀུན་ཏུ་བཟང་པོ་དང་། མྱོང་བྱེད་ནི་ལྕེའི་དབང་པོ་ཟླ་བ་ཕྱེད་པ་ལྟ་བུ་ལས་འཕགས་པར་གསུང་རོ་བྲོ་བའི་མཆོག་མཁྱེན་པས་ཡུལ་ལྔ་ལ་འཇུག་པའི་རྟེནབྱེད་པ་སྟེ་འཇམ་དཔལ་དང་། དེ་དག་གི་ཡུམ་རྣམས་ཀྱང་རིམ་པ་བཞིན། བཙུན་མོ་འདས་པ་ནི་སྔར་གྲགས་པའི་ཆོས་ཞིག་ནས་མེད་པ་ལས་ཁྱད་པར་དུ་འཕགས་སྔ་མའི་ཆོས་ཇི་བཞིན་པ་མངོན་སུམ་དུ་གསལ་བའི་རང་

བཞིན་འདས་པའི་དུས་ལ་མ་ཆགས་མ་ཐོགས་པའི་ཡེ་ཤེས་གཟིགས་པ་འཇུག་པའི་མཚོན་བྱེད་དུ་བདུག་སྤོས་མར་སྣང་བ་དང་། ད་ལྟར་ནི་དབང་པོའི་མངོན་སུམ་ལ་སྣང་བ་ཙམ་ལས་འཕགས་པ་ཆོས་ཐམས་ཅད་བསྐལ་དོན་མེད་པར་ད་ལྟར་གྱི་དུས་ལ་མ་ཆགས་མ་ཐོག་པའི་ཡེ་ཤེས་གཟིགས་པ་ལ་འཇུག་པའི་མཚོན་བྱེད་དུ་མེ་ཏོག་མར་སྣང་བ་དང་། མ་བྱུང་བ་ནི་མ་འོངས་པའི་ཡུལ་མངོན་དུ་མ་གྱུར་པ་ལས་ཁྱད་པར་དུ་འཕགས་པ་མ་འོངས་པའི་ཆོས་རྣམས་ཀྱང་སྐྱུ་རུ་ར་ཕྱག་མཐིལ་དུ་བཞག་པ་བཞིན་དུ་ད་ལྟར་གཟིགས་པས་མ་འོངས་པའི་དུས་ལ་མ་ཆགས་པ་མ་ཐོགས་པའི་ཡེ་ཤེས་གཟེགས་པ་ལ་འཇུག་པའི་མཚོནབྱེད་དུ་སྣང་གསལ་མར་སྣང་བ་དང་། འབྱུང་བར་མ་ངེས་པའི་ཚོགས་དུས་བཞི་མཉམ་པ་ཉིད་ཀྱི་ཡེ་ཤེས་ཏེ་རང་བྱུང་གི་སྣང་བ་ཇི་བཞིན་པའི་ངང་ནས་འཕོ་འགྱུར་མེད་པའི་ཆོས་ཉིད་ལ་བཞུགས་པའི་མཚོན་བྱེད་དུ་དྲི་ཆབ་མར་སྣང་བ་དང་བཞིའོ། །དེའང་འདས་མ་འོངས་ད་ལྟར་མཁྱེན་ཚུལ་ནི་མེ་ལོང་གི་ངོས་ལ་པྲ་ཕབ་པའི་སྔ་རྟགས་ཕྱི་རྟགས་ད་ལྟར་བ་དང་བཅས་པ་འཆར་བ་བཞིན་དུ་ས་ལེར་མཁྱེན་པའོ། །དེ་སྐད་དུ་ཕལ་པོ་ཆེ་ལས། འདས་དང་མ་འོངས་ད་ལྟར་བྱུང་། །

ཇི་སྙེད་ཇི་བཞིན་མངོན་དུ་གྱུར། །ཅེས་པ་ལྟར་རོ། །སྒོ་བ་ཡབ་ཡུམ་ལ་གཉིས་ལས། ཡབ་ནི་གསང་བ་འདུས་པའི་རྒྱུད་ཕྱི་མ་ལས། མི་འཇིག་རྣམ་པར་མི་ཤེས་པ། །བརྗོད་མེད་རྣམ་པར་མི་རྟོག་པ། །སངས་རྒྱས་བྱང་ཆུབ་ཡེ་ཤེས་འདི། །ཤེས་ན་བདེ་བ་ཐོབ་པར་འགྱུར། །ཞེས་པའི་ཚུལ་དང་མཐུན་པར་བཤད་དེ། འཇོམས་པ་ནི་ཐབས་དང་ཆེན་པོ་ནི་ཤེས་རབ་སྟེ། དེ་གཉིས་ཀྱི་རྣམ་པར་འཕྲུལ་པ་ཆེན་པོས་བདུད་དང་གཤིན་རྗེ་ལ་སོགས་པ་གདུག་པ་ཅན་རྣམས་འདུལ་བར་བྱེད་པས་རྡོ་རྗེའོ། །དེ་ཡང་གསུམ་ལས་ལུས་ཀྱི་ཆའི་རེག་པའི་ཚོར་བ་བསྐྱེད་པ་ལ། རེག་བྱེད་ལུས། རེག་བྱ་ཡུལ། དེ་གཉིས་འཕྲད་པ་ལས་རེག་བྱ་ཤེས་པ་ལུས་ཀྱི་རྣམ་ཤེས་ཏེ་ཐ་མལ་པ་ལས་ཁྱད་པར་དུ་འཕགས་པ་སངས་རྒྱས་ཀྱི་སྐུའི་རེག་བྱའི་ཁམས་ཡུལ་ལྔ་ལ་འཇུག་པའི་ཕྱིར་བདུད་རྩི་འཁྱིལ་བ་དང་། རྟ་མཆོག་དང་། སྟོབས་པོ་ཆེ་དང་། གཤིན་རྗེ་གཤེད་དོ། །ངག་གི་ཆའི་རེག་པ་ཉིད་སྒྲར་བསྒྱུར་ཏེ་གཞུང་དུ་ལུས་ཀྱི་གཞི་དང་པོར་དངོས་སུ་བསྟན་པས་ངག་ཡིད་གཉིས་ཤུགས་ལ་བསྟན་ཏོ། །དེ་ཡང་སྒྲའི་ཤེས་པ་སྐྱེ་བ་ལ། རྗོད་བྱེད་སྒྲ། བརྗོད་བྱ་ཡུལ། དེ་གཉིས་བརྗོད་པའི་རྐྱེན་ཚོགས་པ་ལས་སྒྲའི་ཤེས་པ་སྙན་མི་སྙན་བར་མ་

གསུམ་འབྱུང་བ་ལས་ཁྱད་པར་འཕགས་པ་སངས་རྒྱས་ཀྱི་གསུང་དབྱངས་སྒྲིབ་པ་ཐམས་ཅད་དང་བྲལ་བ་ཡུལ་ལྔ་ལ་འཇུག་པའི་མཚོན་བྱེད་དུ་བདུད་རྩི་འཁྱིལ་བ་ ལ་སོགས་པ་ཁྲོ་བོ་བཞིར་སྣང་ངོ་། །ཡིད་ཀྱི་ཚེ་ཆོས་སུ་བསྒྱུར་ཏེ། ཡིད་ཀྱི་ཡུལ་ཆོས་ཀྱི་སྐྱེ་མཆེད་སྐྱེ་བ་ལ། རིག་བྱེད་ཡིད། རིག་བྱ་དོན་སྤྱིའི་རྣམ་པ་སྣ་ཚོགས་པ་ཡུལ། དེ་གཉིས་ འཕྲད་པ་ལས་བདེ་སྡུག་དགག་སྒྲུབ་ལ་སོགས་པའི་ཤེས་པ་སྐྱེ་བ་ལས་ཁྱད་པར་འཕགས་སངས་རྒྱས་ཀྱི་ཡེ་ཤེས་སྒྲིབ་པ་མེད་པ་དོན་སྤྱིའི་འཛིན་པ་ལ་མི་ལྟོས་པར་མངོན་སུམ་དུ་གྱུར་ཅིང་ ཆགས་སྡང་ཐམས་ཅད་དང་བྲལ་བའི་མཚོན་བྱེད་དུ་ཁྲོ་བོ་བཞི་སྒོ་བར་ཡེ་ཤེས་ཀྱི་རྩལ་ལས་རང་སྣང་བ་དེ་ཡང་སྐྱེ་འཇིག་མེད་པ་དང་། བརྗོད་དུ་མེད་པ་དང་། རིག་བྱེད་མེད་པ་དང་། རྣམ་པ་མེད་པར་རྟོགས་པའི་ཡེ་ཤེས་བཞིའོ། །དེ་དག་གི་ཡུམ་བཞི་ནི་རིམ་པ་བཞིན་ངོ་བོ་གཟུགས་ལ་སོགས་པའི་ཆོས་ཐམས་ཅད་རྟག་པར་མ་ཡིན་པ་སྟེ་མེད་བཞིན་དུ་སྣང་བ་གཟུགས་བརྙན་ དང་འདྲ་བར་མཚོན་ཞིང་རྣམ་པ་བྱམས་པ་ཆེན་པོ་དང་སྦྱིན་པས་སེམས་ཅན་རྣམས་སྡུད་པའི་མཚོན་བྱེད་དུ་ལྕགས་ཀྱུ་མའོ། །སྒྲ་ལ་སོགས་པའི་ཆོས་ཐམས་ཆད་ཆད་པར་མ་ཡིན་པ་སྟེ་ངོ་བོ་

རང་རང་གི་སྣང་བ་མ་དོར་བ་སྨིག་རྒྱུ་དང་འདྲ་བར་མཚོན་ཞིང་རྣམ་པ་སྙིང་རྗེ་ཆེན་པོ་དང་སྙན་པར་སྨྲ་བས་སེམས་ཅན་རྣམས་བསྡུད་པའི་ཕྱིར་ཞགས་པ་མར་སྣང་བའོ། །ཡིད་ཀྱི་ཆོས་རྣམས་ལ་དགག་སྒྲུབ་ཀྱི་བདག་ཏུ་གཟུང་དུ་མེད་དེ་ངོ་བོ་བདག་ཏུ་གྲུབ་པ་མ་ཡིན་པ་རྨི་ལམ་དང་འདྲ་ཞིང་རྣམ་པ་དགའ་བ་ཆེན་པོ་དང་དོན་མཐུན་པས་སེམས་ཅན་རྣམས་དབང་དུ་བྱེད་པའི་བརྡར་ལྕགས་སྒྲོག་མའོ། །སྣང་སྲིད་འཁོར་འདས་ཐམས་ཅད་ཀྱི་ངོ་བོ་དངོས་པོ་དང་མཚན་མར་གྲུབ་པ་མ་ཡིན་ཏེ་གདོད་མ་ནས་རང་བཞིན་མེད་པ་སྤྲུལ་པ་དང་འདྲ་ཞིང་རྣམ་པ་དོན་དཔྱོད་པ་དང་བཏང་སྙོམས་ཆེན་པོས་སེམས་ཅན་རྣམས་ཞི་བ་ལ་འགོད་པའི་མཚོན་བྱེད་དུ་དྲིལ་བུ་མར་སྣང་བའོ། །དེ་ཡང་སངས་རྒྱས་ཀྱི་ས་ན་དབང་ཤེས་ལྔ་པོ་རེ་རེས་ཀྱང་ཡུལ་ལྔ་ལ་འཇུག་པར། མདོ་སྡེ་རྒྱན་ལས། དབང་པོ་ལྔ་རྣམས་གཞན་གྱུར་ན། །དོན་ཀུན་འཇུག་དང་ཐམས་ཅད་ཀྱི། །ཡོན་ཏན་བརྒྱ་ཕྲག་བཅུ་གཉིས་འབྱུང་། །ཞེས་པ་དང་། མིག་གི་དབང་པོ་ལ་ཐོག་མར་ཕྱོགས་བཞི་སྟེང་འོག་གཉིས་ཏེ་དྲུག་ཏུ་ཕྱེ་ལ། དྲུག་པོ་རེ་རེ་ལ་གདོད་ཕྱོགས་བཅུར་ཕྱེ་བའི་མིག་གི་དབང་པོས་ཤར་ཕྱོགས་ཀྱི་ཤར་གྱི་གཟུགས་མཐོང་བ་བཞག་ལ། སྒྲ་ཐོས། དྲི་ཚོར།

རོ་མྱོང་། རེག་བྱ་རེག་པ་བཞི། ཕྱོགས་ལྷག་མ་དགུ་ལ་བཞི་བཞི་སྟེ་བཞི་བཅུ། དེ་བཞིན་དུ་ཕྱོགས་ལྷག་མ་ལྔ་ལའང་བཅུ་བཅུར་ཕྱེ་ལ་བཞི་བཅུ་བཞི་བཅུ་སྟེ། དེ་ལྟར་ན་བཞི་བཅུ་ཚན་པ་དྲུག་ལ་ཉིས་བརྒྱ་བཞི་བཅུ་སྟེ། རྣ་བ་དང་། སྣ་དང་། ལྕེ་དང་། ལུས་རྣམས་ལའང་རང་རང་གི་ཡོན་ཏན་བོར་ལ་དེ་བཞིན་དུ་བརྩིས་པ་བརྒྱ་ཕྲག་བཅུ་གཉིས་ཏེ། འདི་དག་ནི་སངས་རྒྱས་ཀྱི་སའི་ཡོན་ཏན་ཁྱད་པར་ཅན་ནོ། །དེ་ལྟར་རྩ་བའི་དཀྱིལ་འཁོར་གྱི་ཡབ་དང་ཡུམ་དང་སེམས་དཔའ་དང་སེམས་མ་དང་སྒོ་བ་ཡབ་ཡུམ་ལ་སོགས་པ་དབུས་སུ་སྣང་བ་ཇི་ལྟ་བ་བཞིན་དུ། ཕྱོགས་བཞིར་རིགས་བཞིའི་དཀྱིལ་འཁོར་རང་རང་གི་ཚོམ་བུའི་འཁོར་འབུམ་ཕྲག་དུ་མས་བསྐོར་བ། ལྷའི་བཀོད་ཚུལ་གྱི་མང་ཉུང་དང་རྣམ་པ་རྩ་བའི་དཀྱིལ་འཁོར་དེ་ལྟ་བུའི་ཚོགས་ནམ་མཁའི་དབྱིངས་ཀུན་ཁྱབ་པར་བརྗོད་ཀྱིས་མི་ལང་བར་སྣང་བ་རྣམས་དང་རང་བཞིན་གཉིས་སུ་མེད་པར་བཞུགས་ཏེ་རང་སྣང་ཡེ་ཤེས་ཀྱི་རོལ་པ་གཅིག་གིས་ངང་ལས་ཤར་བའི་གནད་ཀྱིས་སོ། །ཞེས་གསུངས་སོ། །དེ་ཡང་ཀུན་མཁྱེན་གྱིས། ད་ལྟ་ཀུན་ཏུ་བཏགས་པའི་དྲི་མས་སེལ་དུ་གྱུར་བས་དག་ཀྱང་མ་དག་པ་ལྟར་སྣང་བ་ཉིད་གནད་ཟབ་མོ་ལ་གོམས་པས་

ཀུན་རྟོག་ཕུང་པོ་དང་བཅས་པ་ཡེ་ཤེས་སུ་གྱུར་ནས། དྲི་མ་སྤངས་ནས་དབྱིངས་སུ་དག་པ་ནི་དཔེར་ན་གསེར་དང་འདྲེས་པའི་དངུལ་ཆུའི་གོང་བུ་རེ་ཞིག་མར་གསར་རམ་དངུལ་ཆུའི་རྣམ་པར་ སྣང་གི་གསེར་དུ་མི་སྣང་ཡང་མེ་དང་འཕྲད་པའི་རྐྱེན་གྱིས་གསེར་དུ་སྣང་ཞིང་། དངུལ་ཆུའི་རྣམ་པའི་མར་གསར་གྱི་ཁ་དོག་ཉིད་རང་ཡལ་དུ་སོང་བ་བཞིན་ནོ། །དེ་བས་ན་མེ་ལ་ཆེར་ བསྲེགས་པ་ན་འཛམ་བུ་ཆུ་བོའི་གསེར་ལྟར་སྣང་ངོ་། །དེ་བཞིན་དུ་ལམ་ཟབ་མོ་གོམས་པས་ཉོན་མོངས་པ་ལས་གྲོལ་བའི་འཕགས་པ་རིག་འཛིན་གྱི་གནས་སྐབས་དང་། ལྷུན་གྱིས་གྲུབ་པའི་ རིག་འཛིན་སངས་རྒྱས་ཀྱི་སར་ཤེས་པར་བྱའོ། །ཞེས་གསུངས་ཤིང་། དེ་ཡང་ཀུན་བཟང་གཞི་ཐོག་ཏུ་གྲོལ་བ་དང་། རྣལ་འབྱོར་པས་ལམ་ཉམས་སུ་བླངས་པས་གྲོལ་བ་གཉིས་ཀ་སླར་ འཁོར་བ་ན་འཁྲུལ་པར་མི་འགྱུར་བ་རིམས་ནད་བྱང་བའི་སྐྱེས་བུ་ལྟ་བུའམ། བསེ་ཤིང་གི་འབྲས་བུ་སླར་རྒྱུ་ལ་ལྡོག་པའི་གནས་མེད་པའི་དཔེ་ལ་སྦྱར་ནས་གསུངས་སོ།། །། ༈ །ད་ནི་གསོལ་འདེབས་ཀྱི་དོན་ཉམས་ལེན་ཕྱི་ནང་གཉིས་སུ་བསྡུས་ཏེ་བསྟན་པ་ལ། དེ་ཡང་དང་པོ་རྒྱལ་བ་ཀུན་གྱི་ཐུགས་ཀྱི་ས་བོན་ཡི་གེ་ཧཱུྃ་གིས་ཐོག་དྲངས་ཏེ། གསོལ་བ་གང་སུ་ཞིག་

ལ་འདེབས་ན། ཛམ་བུའི་གླིང་གི་ནང་ཚན་རྒྱ་གར་ལ་ཡུལ་དྲུག་ཏུ་ཕྱེ་བས་ནུབ་ན་ཨོ༵་རྒྱ༵ན་ཡུལ༵་གྱི༵་མཁའ་འགྲོའི་གླིང་ཆགས་ཤིང་། དེའི་ནུ༵བ་བྱང༵་མཚ༵མས་ན། དྭངས་པ་བསིལ་བ་ཡང་བ་ཞིམ་པ་རྙོག་པ་མེད་པ་མགྲིན་པ་ལ་མི་གནོད་ཅིང་ཕོ་བ་ལ་འཕྲོད་པ་སྟེ་ཡོན་ཏན་ཡན་ལག་བརྒྱད་ལྡན་ཡུམ་མཱ་མ་ཀཱི་དྷ་ན་ཀོ་ཤའི་མཚོ་ཡི་རྣམ་པར་འཁྱིལ་བའི་དབུས་ ན། མེ་ཏོག་པ༵དྨ༵་གེ༵་ས༵ར་ཟེ་ཕོན་རྒྱས་པའི་སྡོང༵་པོ༵་ཡེ་ཤེས་ལྔ་མཚོན་པའི་ཁ་དོག་དཀར་སེར་དམར་ལྗང་མཐིང་ག་སྟེ་རིགས་ལྔ་བཞད་པའི་དབུས་སུ་པདྨའི་རིགས་ཁ་དོག་དམར་པོར་བཞད་ པའི་ལྟེ་བ་ལ༵། ཕྱོགས་དུས་རྒྱལ་བ་སྲས་དང་སེམས་མ་དང་བཅས་པའི་གསང་བ་གསུམ་གྱི་བྱིན་རླབས་ཡོན་ཏན་ཐམས་ཅད་གཅིག་ཏུ་འདུས་ནས་འོད་དཔག་མེད་ཀྱི་ཐུགས་ཀ་དཔལ་གྱི་བེའུ་ ལ་གཏམས་པ་དེ་ཉིད་གདུལ་བྱ་དུས་ལ་བབ་པ་ན་རིག་པ་ཐོལ་སྐྱེས་ཀྱི་ཚུལ་དུ་སྐུ་འཁྲུངས་ཤིང་། འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལྷ་མི་ཕལ་གྱི་ཡོན་ཏན་གྱིས་འགྲན་དུ་མེད་པ་སྐུ་བཞི་ དང་ཡེ་ཤེས་ལྔ་ཡི་བདག་ཉིད་ལ་མངའ་དབང་བསྒྱུར་བ་ཡ༵་མཚ༵ན་མཆོ༵ག་གི༵་དངོ༵ས་གྲུ༵བ་བརྙེ༵ས་པ་ལྷ་དང་བཅས་པའི་འཇིག་རྟེན་ན་པ༵དྨ༵་འབྱུང༵་གན༵ས་ཞེ༵ས་སུ༵་གྲ༵གས་པ་དེ་ལ་གསོལ་བ་འདེབས་

སོ། །དེ་ཡང་སྐུ་བསོད་ནམས་ཆེན་པོས་འདུལ་བ། གསུང་རྗེས་སུ་བསྟན་པས་འདུལ་བ། ཐུགས་རིག་པས་འདུལ་བ། རྫུ་འཕྲུལ་བསམ་གྱིས་མི་ཁྱབ་པས་འདུལ་བ་སྟེ་འདུལ་བ་རྣམ་པ་བཞིས་འགྲོ་བའི་དོན་མཛད་པའི་ཚུལ་ནི། རྒྱལ་པོ་ཨིནྡྲ་བྷོ་དྷིའི་རྒྱལ་སྲས་སུ་མངའ་གསོལ་ནས་རྒྱལ་སྲིད་བསྐྱངས་ཤིང་། རྒྱལ་སྲིད་སྤངས་ནས་དུར་ཁྲོད་བརྒྱད་དུ་སྤྱོད་པ་སྤྱད་པ་ལ་སོགས་པ་སྟེ། བླ་མ་གསང་འདུས་ལས། ཧྲཱིཿ མ་ཆགས་སྐྱོན་གྱིས་མ་གོས་པའིཿ པདྨ་འབྱུང་གནས་སྐུ་ལ་བསྟོདཿ ཡོན་ཏན་ཐམས་ཅད་རབ་རྫོགས་པའིཿ པདྨ་སམྦྷའི་སྐུ་ལ་བསྟོདཿ ཤེས་བྱ་ཀུན་ལ་མ་རྨོངས་པའིཿ བློ་ལྡན་མཆོག་སྲེད་སྐུ་ལ་བསྟོདཿ ཁམས་གསུམ་སྲིད་གསུམ་དབང་དུ་བསྡུསཿ པདྨ་རྒྱལ་པོའི་སྐུ་ལ་བསྟོདཿ རྨོངས་པའི་མུན་སེལ་འགྲོ་བ་འདུལཿ ཉི་མ་འོད་ཟེར་སྐུ་ལ་བསྟོདཿ ལོག་འདྲེན་བདུད་བཞི་འདུལ་མཛད་པའིཿ ཤཱཀྱ་སེང་གེའི་སྐུ་ལ་བསྟོདཿ མུ་སྟེགས་དམ་སྲི་འདུལ་མཛད་པའིཿ སེང་གེ་སྒྲ་སྒྲོགས་སྐུ་ལ་བསྟོདཿ དྲེགས་པའི་དགྲ་བགེགས་ཚར་གཅོད་པའིཿ རྡོ་རྗེ་གྲོ་ལོད་སྐུ་ལ་བསྟོདཿ ཅེས་སོགས་འགྲོ་བ་ལྷ་དང་བཅས་པས་ཇི་ལྟར་བསྟོད་པ་བཞིན་དུ་བདག་གིས་མཆོད་ཅིང་བསྟོད་དེ་གསོལ་བ་

འདེབས་སོ། །ངོ་བོ་ཡེ་དག་རང་སྣང་ཡེ་ཤེས་ཀྱི་མཁའ་འགྲོ་མའི་སྤྲོ་གཞི་སྟོང་ཆེན་ཆོས་ཀྱི་དབྱིངས་ཀྱི་ཡུམ་ཆེན་མོའི་རང་གདངས་གློ་བུར་སྒྲིབ་དག་གི་ཡོན་ཏན་ ལོངས་སྐུ་མཁའ་འགྲོ་རིགས་ལྔའི་སྐུ་དང་ཞིང་ཁམས་ཟག་མེད་བདེ་བ་ཆེན་པོའི་རང་བཞིན་རྡུལ་བྲལ་ཆོས་ཀྱི་དབྱིངས་དང་མཉམ་པར་འཆར་བའི་རོལ་རྩལ་ལས། ཐུན་མོང་དང་ཐུན་མིན་གྱི་ དངོས་གྲུབ་ཕྲིན་ལས་བསྒྲུབ་པའི་ཕོ་ཉ་ངོ་བོ་ཡེ་ཤེས་ལ་རྣམ་པ་ལས་ལས་གྲུབ་པའི་ཐུན་མོང་མ་ཡིན་པའི་འཁོ༵ར་དུ༵་དཔའ་བོ་དང་ལྷན་སྐྱེས་ཡེ་ཤེས་ཀྱི་མཁ༵འ་འགྲོ༵་མ་དང་། གསང་སྔགས་ཀྱི་ ཆོས་ཉམས་སུ་ལེན་པ་སྔགས་སྐྱེས་ཀྱི་མཁའ་འགྲོ་མ་དང་། གནས་ཉི་ཤུ་རྩ་བཞི་དང་ཡུལ་སུམ་ཅུ་སོ་གཉིས་ལ་སོགས་པར་སྐྱེས་ཏེ་འགྲོ་བའི་དོན་བྱེད་པ་ཞིང་ལས་སྐྱེས་པའི་མཁའ་འགྲོ་མ་ བསམ་གྱིས་མི་ཁྱབ་པ་མ༵ང་པོ༵ས་བསྐོ༵ར་བ་ཁྱེད༵་ཀྱི༵་རྗེ༵ས་སུ༵་བདག༵་གིས་དང་བ་དང་འདོད་པ་དང་ཡིད་ཆེས་ཀྱི་དད་པས་ཁ་ཙམ་མིན་པར་སྙིང་ནས་གསོལ་བ་འདེབས་ཤིང་སྒྲུབ༵་པ་ལགས་ ཀྱི༵། ༼ཀ༽ དེ་ཡང་སྐབས་སུ་བབས་པ་འདི་ཉིད་གླེང་བར་བྱ་སྟེ། གནས་དུས་ཐུན་མོང་གདུལ་བྱའི་སྣང་བ་དང་འཚམས་པའི་སངས་རྒྱས་སྤྲུལ་པའི་སྐུ་ཡི་རྣམ་པ་ཆགས་བྲལ་གྱི་ཚུལ་ཇི་ལྟར་བསྟན་པ་དེ་དང་དེ་དག་སོ་སོར་གུས་པ་

བསྐྱེད་དེ་ཕྱག་མཆོད་ལ་བརྩོན་པ་བསྐྱེད་པ་ནི་ངོ་མཚར་རྨད་དུ་བྱུང་བའི་ཀུན་ཏུ་སྤྱོད་པ་ཕྱག་བྱ་བའི་འོས་སུ་གྱུར་པ་ཡིན་མོད། འོན་ཀྱང་འདི་ལྟར་རྟག་ཏུ་ངུ་བུ་མོ་ལྔ་བརྒྱ་དང་བཅས་པས་བྱང་ཆུབ་སེམས་དཔའ་ཆོས་འཕགས་མཆོད་ནས་བྱང་ཆུབ་ མཆོག་ཏུ་སེམས་བསྐྱེད་པ་དང་། མདོ་ལས་བྱང་ཆུབ་སེམས་དཔའ་དེ་བཞིན་གཤེགས་པ་མཉེས་པར་བྱ་བའི་ཕྱིར་རང་གི་ལུས་བུད་མེད་ཀྱི་ལུས་སུ་མངོན་པར་སྤྲུལ་ནས་དེ་བཞིན་གཤེགས་པའི་མདུན་དུ་རྟག་ཏུ་གནས་སོ་ཞེས་པ་ལ་སོགས་ མདོ་ལས་འབྱུང་བ་དང་། སངས་རྒྱས་ཤཱཀྱ་ཐུབ་པའང་ཡུམ་སྒྱུ་འཕྲུལ་ལྷ་མོ་ལ་བརྟེན་ནས་འཁྲུངས་པ་དང་། གྲགས་འཛིན་མ་ལ་སོགས་བཙུན་མོའི་འཁོར་མང་པོ་ལ་དགྱེས་པར་རོལ་པ་དང་། གདུལ་བྱ་ཐུན་མོང་སྣང་ངོར་ཤཱཀྱའི་རྒྱལ་ སྲིད་སྤངས་ཏེ་ཁྱིམ་ནས་ཁྱིམ་མེད་པར་རབ་ཏུ་བྱུང་བའི་རྗེས་སུའང་གདུལ་བྱ་དབང་པོ་རྣོན་པོ་རྣམས་ཀྱི་དོན་དུ། གསང་བ་འདུས་པ་དང་། ཀྱེ་རྡོར་དང་། དུས་ཀྱི་འཁོར་ལོ་ལ་སོགས་གསང་སྔགས་བླ་མེད་ཀྱི་རྒྱུད་སྡེ་མང་པོར་ཐབས་ཤེས་ ཟུང་དུ་འབྲེལ་བའི་དཀྱིལ་འཁོར་གྱི་རྣམ་པ་སོ་སོར་སྤྲུལ་ནས་རྒྱུད་རྣམས་གསུངས་པ་ལ་སོགས་སྔགས་ལ་དད་པའི་ལས་ཅན་གང་ཟག་རྣམས་ལ་ཡོངས་སུ་གྲགས་པ་ཡིན་ལ། དེས་ན་མ་ཧཱ་སནྡིའི་ཆོས་ལ་ངེས་ཤེས་འཁྲུངས་ཏེ་འཁོར་འདས་ ཀྱིས་བསྡུས་པའི་ཆོས་ཐམས་ཅད་ཡེ་ཤེས་སྒྱུ་མའི་རོལ་རྩལ་རང་སྣང་རིས་མེད་ཀྱི་དགོངས་པའི་དོན་རྟོགས་པའི་དགོངས་པ་དང་ལྡན་པ་ཡིན་ན་སྨོས་ཅི་དགོས། དེ་ལྟ་མིན་ན་སངས་རྒྱས་ཀྱིས་ཆོས་ཐམས་ཅད་རྒྱུ་རྐྱེན་རྟེན་འབྲེལ་ལ་བརྟེན་

ནས་བྱུང་ཞིང་འབྱུང་བར་གསུངས་པ་བཞིན་སྔོན་བྱོན་མཁས་གྲུབ་གོང་མ་རྣམས་ཀྱིས། རྟེན་འབྲེལ་ཐམས་ཅད་ལེགས་པའི་ཕྱོགས་སུ་སྒྲིགས། །ཞེས་གསུངས་པ་ལ་དད་པར་བྱས་ཏེ་སྡུད་པ་ཚིགས་སུ་ བཅད་པ་ལས། སྟོང་གསུམ་རི་རབ་སྲང་ལ་གཞལ་ཡང་ཚད་གཟུང་རུང་། །རྗེས་སུ་ཡི་རང་དགེ་བ་དེ་ནི་དེ་ལྟ་མིན། །ཅེས་གསུངས་པ་ལ་བློ་ཁ་ཕྱོགས་ན་ཚད་མེད་པའི་བསོད་ནམས་ཀྱི་ཕུང་པོ་དཀའ་ཚེགས་མེད་པར་ཐོབ་པ་གདོན་མི་ ཟའོ། །༼ཁ༽ དེ་བས་ན་རྒྱུའི་རྐྱེན་སེམས་ཅན་ཐམས་ཅད་ལ་ཆོས་སྐུ་སྟོང་པ་ཉིད་ཀྱིས་ཁྱབ་པའི་ཕྱིར་དང་། སེམས་ཅན་དང་སངས་རྒྱས་གཉིས་ཆོས་ཉིད་དེ་བཞིན་ཉིད་ལ་བཟང་ངན་ནམ་ ཆེ་ཆུང་སོགས་དབྱེ་བ་མེད་པའི་ཕྱིར་དང་། སེམས་ཅད་ཀྱི་རྒྱུད་ལ་སངས་རྒྱས་འབྱུང་རུང་གི་རིགས་ཡོད་པའི་ཕྱིར་ཏེ་རྒྱུད་བླ་མ་ལས་རྒྱུ་མཚན་གསུམ་གྱིས་བསྟན་དོན་བཞིན་འདུས་མ་བྱས་ པའི་སེམས་ཉིད་བདེ་གཤེགས་སྙིང་པོ་ཕུང་ཁམས་སྐྱེ་མཆེད་ལ་སོགས་པ་འདུས་བྱས་ཀྱི་ཁམས་ན་བག་ལ་ཞ་བའི་ཚུལ་དུ་བཞུགས་པ་ལ་ངེས་ཤེས་བརྙེས་ཤིང་། དེ་ཡང་སེམས་ཅན་གྱི་ ཁམས་ན་ལྷན་སྐྱེས་སུ་ཡོད་པར་གསུངས་པའི་འདུས་མ་བྱས་པའི་ཡེ་ཤེས་དེ་བཞུགས་པ་བདེན་ནམ་མི་བདེན། གལ་ཏེ་བདེན་ནའང་དངོས་པོ་ཇི་ལྟ་བུ་ཞིག་དུས་ནམ་ཞིག་ནས་བྱུང་བ་ཡིན་ནམ་

སྙམ་པའི་རྡུལ་དང་རྫས་སུ་གྲུབ་པའི་དངོས་པོ་དང་དུས་ཡན་གར་བ་ཞིག་ནམ་ཡང་མ་བཙལ་བར་དེའི་རང་བཞིན་ཡེ་ནས་རྟག་ཆད་ཀྱི་སྤྲོས་པ་ཀུན་ལས་ཡོངས་སུ་འདས་པའི་ཚུལ་དུ་བཞུགས་པ་དེ་ཉིད་ངོ་ཤེས་ཤིང་རིགས་སད་པའི་ཐབས་ལ་བརྩོན་པར་བྱས་ན་མྱ་ངན་ལས་འདས་པའི་ལམ་རྙེད་པའི་ཚུལ་རྒྱུད་བླ་མའི་འགྲེལ་པ་ལས། ཐོག་མ་མེད་དུས་ཅན་གྱི་དབྱིངས། །ཆོས་རྣམས་ཀུན་གྱི་གནས་ཡིན་ཏེ། །དེ་ཡོད་པས་ན་འགྲོ་བ་ཀུན། །མྱ་ངན་འདས་པ་ཐོབ་པ་ཡིན། །ཅེས་གསུངས་པས་ཤེས་སོ། །བདག་པོའི་རྐྱེན་གསོལ་འདེབས་ཞལ་གསུང་མ་ལས། ཕ་དང་མ་མེད་ཁྱེའུ་སྤྲུལ་པའི་སྐུ༔ རྒྱུ་མེད་རྐྱེན་མེད་རྒྱ་མཚོའི་ཀློང་ལས་བྱོན༔ ཅེས་གསུངས་པས་ཨོ་རྒྱན་ཆེན་པོ་ནི་གཉིས་སྣང་གཟུང་འཛིན་སེམས་ཀྱི་བག་ཆགས་དང་། རྒྱུ་རྐྱེན་ཕ་མའི་ཁམས་དཀར་དམར་གྱི་འདུ་འཕྲོད་ལ་བརྟེན་ནས་བྱུང་བ་མ་ཡིན་པར་རང་བྱུང་ཡེ་ཤེས་ཀྱི་རང་གཟུགས་ཆོས་སྐུ་འདུས་མ་བྱས་པའི་སྣང་བ་རྣམ་པ་ཐམས་ཅད་པར་འཆར་བ་འགྲན་ཟླ་མེད་པའི་སྤྲུལ་པའི་སྐུ་ཞིག་ཡིན་པས་མངལ་སྐྱེས་དང་བརྫུས་སྐྱེས་ཀྱི་རྣམ་པ་གང་ལྟར་འཆར་ཡང་ཡེ་ནས་འགལ་འདུ་མ་གྲུབ་པ་སྐུ་གསུམ་ལྷུན་གྲུབ་ཀྱི་རོལ་རྩལ་འབའ་ཞིག་ཡིན་པ་ལ་ངེས་ཤེས་

བསྐྱེད་ཅིང་དད་པར་བྱས་ཏེ། རེ་ཞིག་རང་རེའི་བག་ཆགས་རྣམ་སྨིན་གྱི་ལུས་ལ་ཞེན་པ་དག་པའི་ཕྱིར་དུ་བླ་མ་གསང་འདུས་ཞལ་གདམས་ལས། ཤ་མེད་འོད་ ཀྱི་གཟུགས་ཅན་ནི༔ པདྨ་འབྱུང་གནས་སྐུ་རུ་བསྒོམ༔ དེ་དུས་ཆེ་བའི་ང་རྒྱལ་བསྐྱེད༔ ཅེས་གསུངས་པ་ལ་གཞིར་བཞག་ནས་རྒྱུ་འབྲས་རྟེན་ཅིང་འབྲེལ་འབྱུང་གི་སྣང་བ་སྟོང་པ་དང་རྟེན་ འབྱུང་ཟུང་འཇུག་ཡེ་ཤེས་སྒྱུ་འཕྲུལ་དྲྭ་བའི་སྤྱི་གཟུགས་སུ་འཆར་བ། ཟག་མེད་བདེ་ཆེན་རྡོ་རྗེའི་འོད་ལུས་མཚན་དཔེའི་གཟི་བྱིན་གྱི་དཔལ་མཆོག་ཏུ་འབར་བ། སྙིགས་མའི་དུས་ཀྱི་སྐྱབས་ དང་སྐྱོབ་པ་མ་ཧཱ་གུ་རུ་ཁྱེད་ལ་སྙིང་ནས་གསོལ་བ་འདེབས་པ་ཡིན་པས་བདག་གི་ལུས་ད་ལྟ་ཉིད་དུ་བདེ་སྟོང་སྤྲུལ་སྐུའི་སྐུ་དང་ཞིང་ཁམས། བདག་གི་ངག་ད་ལྟ་ཉིད་དུ་གསལ་སྟོང་ལོངས་སྐུའི་སྐུ་ དང་ཞིང་ཁམས། བདག་གི་ཡིད་ད་ལྟ་ཉིད་དུ་རིག་སྟོང་ཆོས་སྐུའི་སྐུ་དང་ཞིང་ཁམས་ཏེ་སྐུ་གསུམ་ལམ་སྣང་དུ་འཆར་ནས། གཞི་ལམ་འབྲས་གསུམ་དབྱེར་མེད་ངོ་བོ་ཉིད་སྐུའི་གོ་འཕང་ད་ ལྟ་མྱུར་བ་ཉིད་དུ་འཐོབ་པར་གསོལ་བ་འདེབས་པ་ཡིན་བས། དེ་ལྟ་ཉིད་དུ་ལྕགས་ལ་གསེར་འགྱུར་གྱི་རྩིས་ཐེབས་པ་ལྟ་བུ་བྱིན་གྱིས་རློབས་པའི་ཕྱིར་དུས་ད་ལྟ་ཉིད་དུ་འདི་རུ་གཤེགས་སུ་

གསོ༵ལ་ལ་བྱིན་གྱིས་རློབས་ཤིག སྐུ་གསུམ་ཀུན་འདུས་མ་ཧཱ་གུ༵་རུ༵་ཇི་ལྟར་མེ་ཏོག་པ༵དྨ༵་འདམ་ལས་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པར་བཞད་པ་བཞིན་དུ་ཐུགས་སྒྲིབ་བྲལ་ཆོས་སྐུའི་དགོངས་པ་ལས་ནམ་ཡང་མ་གཡོས་བཞིན་དུ་སྐུ་ཡི་བཀོད་པས་འཁོར་བ་མ་སྟོང་བར་དུ་འགྲོ་བའི་དོན་མཛད་པ་ཆགས་མེད་ཆགས་པ་ཆེན་པོ་པདྨའི་རིགས་མཆོག་འཛིན་པ་པདྨ་འབྱུང་གནས་ཁྱོད་ལ་སི༵དྡྷི་ཐུན་མོང་གི་དངོས་གྲུབ་ལྷ་མིའི་བདེ་བ་རིགས་བཟང་བ། གཟུགས་མཛེས་པ། ཚེ་རིང་བ། ནད་མེད་པ། སྐལ་བ་བཟང་བ། ནོར་ཕྱུག་པ། ཤེས་རབ་ཆེ་བ་སྟེ་མཐོ་རིས་ཀྱི་ཡོན་ཏན་བདུན་དང་། ཁྱད་པར་དུ་དད་པ། ཚུལ་ཁྲིམས། གཏོང་ལ་གོམས་པ། ཐོས་པས་རྒྱུད་དུལ་བ། རང་ངོ་ལ་ལྟོས་པའི་ཁྲེལ་ཡོད་པ། གཞན་ངོ་ལ་ལྟོས་པའི་ངོ་ཚ་ཤེས་པ། ཤེས་རབ་ཕུན་སུམ་ཚོགས་པ་སྟེ་འཕགས་པའི་ནོར་བདུན། ངེས་ལེགས་གཏན་དུ་བདེ་བ་མཆོག་གི་དངོས་གྲུབ་སངས་རྒྱས་སྐུ་གསུམ་གྱི་གོ་འཕང་མྱུར་བ་ཉིད་དུ་བདག་གིས་ཐོབ་པར་མཛོད་ཅིག་ཅེས་གསོལ་བ་འདེབས་སོ། །དེ་ཡང་ལུས་ལ་རྩ་རླུང་ཐིག་ལེ་གྲུབ་པས་གནས་སྐབས་བཞི་འབྱུང་བ་སྐུ་བཞིར་དག་དགོས་པར་གསུངས་པས། བླ་མ་སྤྲུལ་པའི་སྐུ་གུ་རུ་རིན་པོ་ཆེའི་སྐུ་

གསུང་ཐུགས་ཀྱི་སྤྱོད་པ་རྟག་ཏུ་རྣམ་པར་དག་པས་བཅབ་ཏུ་དགོས་པའི་ཉེས་པའི་སྐྱོན་དང་ཡོངས་སུ་བྲལ་བས་བསྲུང་བ་མེད་པ་རྣམ་གསུམ་ལ་གནས་པ་ཚུལ་ཁྲིམས་ཀྱི་ཕུང་པོ། ཐུགས་ལ་བྱིང་རྒོད་ཀྱི་སྒྲིབ་པ་གཞར་ཡང་མི་མངའ་བས་རྣམ་པར་གཡེང་བའི་ཡུལ་མི་མངའ་བ་ཏིང་ངེ་འཛིན་གྱི་ཕུང་པོ། འཁོར་འདས་ཀྱི་ཆོས་གང་ཞིག་གི་ངོ་བོ་དང་ཁྱད་པར་དང་རང་དང་སྤྱིའི་མཚན་ཉིད་མེ་ལོང་ལ་པྲ་ཕབ་པ་བཞིན་དུ་ཇི་སྙེད་མཁྱེན་པའི་ཡེ་ཤེས་ཀྱིས་ཇི་ལྟ་བ་བཞིན་དུ་མ་འདྲེས་སོ་སོར་གཟིགས་པ་ཤེས་རབ་ཀྱི་ཕུང་པོ། སྲིད་པ་དང་ཞི་བའི་མཐའ་གང་གི་ཕྱོགས་སུའང་མི་གནས་པས་རྣམ་པར་གྲོལ་བའི་ཕུང་པོ། སྒྲིབ་གཉིས་བག་ཆགས་དང་བཅས་པ་སྤངས་པའི་གཟིགས་པ་མཐར་ཐུག་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཆོས་ཀྱི་སྐུ་ལ་མངའ་དབང་འབྱོར་བས་རྣམ་པར་གྲོལ་བའི་ཡེ་ཤེས་མཐོང་བའི་ཕུང་པོ་སྟེ་སངས་རྒྱས་ཐམས་ཅད་ཀྱི་ཟག་མེད་ཕུང་པོ་ལྔ་ཡི་ཡོན་ཏན་ཐམས་ཅད་གོང་བུ་གཅིག་ཏུ་གཏམས་པ་ཨོ་རྒྱན་རིན་པོ་ཆེ་ཁྱེད་ཀྱི་གོ་འཕང་མྱུར་བ་ཉིད་དུ་འཐོབ་པའི་གསོལ་བ་སྙིང་ནས་འདེབས་སོ། །ཨོཾ་ཨཱཿཧཱུྃ་སྟེ་སྐུ་གསུང་ཐུགས་རྡོ་རྗེ་གསུམ་གྱི་ས་བོན་བརྗོད་པས་ཐོག་དྲངས་ཏེ། བཛྲ་སྟེ་ངོ་བོ་སྟོང་པའི་

ཡེ་ཤེས་ལ་དངོས་དང་དངོས་མེད་ཀྱི་ཆོས་གང་གིས་ཀྱང་གཞིག་ཅིང་གཞོམ་དུ་རུང་བའི་ཡུལ་དུ་ནམ་ཡང་མ་གྲུབ་པས་ན་མི༷་ཆོ༷ད་པ༷འམ་མི༷་ཤི༷གས་པ༷། དེའི་རང་བཞིན་དུས་ཐམས་ཅད་དུ་འཕོ་ འགྱུར་མེད་པས་བདེ༷ན་པ༷། བདག་གཞན་གཉིས་སྣང་གི་རྟོག་པ་མེད་པས་བཟོད་པར་བྱ་བའི་ཡུལ་ཆོས་དང་གང་ཟག །བཟོད་པར་བྱ་མཁན་བདག་ཏུ་ལྟ་བའི་ཆོས་ཅན་གང་ཟག་མ་གྲུབ་པས་ གནོད་པས་ཚུགས་པའི་ཡུལ་གང་དུའང་མ་གྲུབ་པས་སྲ༷་བ༷། གནས་དང་དུས་ལ་སོགས་པ་འདུས་བྱས་ཀྱི་རྒྱུ་དང་རྐྱེན་གྱིས་ནམ་ཡང་བསྒྱུར་དུ་མི་གཏུབས་པས་བརྟན༷་པ༷། གཟུང་འཛིན་ སེམས་ཀྱིས་བསྡུས་པའི་འཁོར་འདས་ཀྱི་ཆོས་གང་ནའང་མི་གནས་ཤིང་། གཉིས་མེད་ཡེ་ཤེས་རོལ་པའི་རྩལ་གང་དུའང་མ་ཁྱབ་པ་མེད་པས་ཐ༷མས་ཅད༷་དུ༷་ཐོ༷གས་པ༷་མེ༷ད་པ༷། འཁོར་འདས་ གཉིས་མེད་དག་མཉམ་གྱི་དགོངས་པ་ལས་ནམ་ཡང་མ་གཡོས་པས་བདག་གཞན་གཉིས་ཆོས་སུ་འཛིན་པའི་སྣང་བ་དང་སྣང་ཡུལ་ཐ་དད་གང་དུའང་མ་གྲུབ་པས་ཐ༷མས་ཅད༷་དུ༷་མ༷་ཕ༷མ་པ༷་སྟེ་ མི་ཤིགས་པ་རྡོ་རྗེའི་ཆོས་བདུན་དང་ལྡན་པ་ཆོས་ཀྱི་སྐུའོ། །དེ་ཡང་ཆོས་ཀྱི་སྐུ་ནི་ཚད་མེད་པའི་སྣང་བ་ཐམས་ཅད་ལ་མ་ཁྱབ་པ་མེད་ཅིང་། གང་དུ་ཅི་ཙམ་ཁྱབ་པ་དེ་དག་ངོ་བོ་ཡེ་དག་སྟོང་

པའི་ཡེ་ཤེས་ཀྱི་རོལ་རྩལ་འབའ་ཞིག་ཡིན་པས་རྫས་སུ་གྲུབ་པའི་དངོས་པོ་མ་དག་པ་ཕྱོགས་བཅུ་དུས་གསུམ་ཀུན་ནས་གང་དུ་བཙལ་ཀྱང་རྡུལ་ཕྲན་ཙམ་ཡང་རྙེད་ མི་ཤེས་པས་ན་གློ་བུར་སྒྲིབ་དག་གི་སངས་རྒྱས་ཏེ་དེའི་ཕྱིར་ན་གང་ལྟར་སྣང་ཡང་ངོ་བོ་སྟོང་པའི་ཡེ་ཤེས་ཀྱི་སྣང་བ་ཡིན་པས་ན་ཆོས་ཀྱི་སྐུའམ་ཆོས་ཀྱི་དབྱིངས། སྣང་ཆའི་ཡོན་ཏན་གོ་མ་ འགགས་པ་སྟོང་པ་ཉིད་ཀྱི་སྒོ། མཚན་མ་མེད་པའི་སྒོ། སྨོན་པ་མེད་པའི་སྒོ་སྟེ་རྣམ་ཐར་གསུམ་ལྡན་ཏེ་རྒྱས་པ་ལས། རྣམ་རྟོག་ཀུན་གཞི་མ་ཡིན་པ། །རང་བཞིན་མེད་པ་དོན་གྱི་གཞི། ། དེ་ནི་ཆོས་ཀྱི་དབྱིངས་ཞེས་བྱ། །དེ་བཞིན་ཉིད་ཀྱི་ཡེ་ཤེས་སོ། །ཞེས་གསུངས་སོ། །གུ་རུ་ནི་བླ་མ་ལོངས་སྤྱོད་རྫོགས་པའི་སྐུ་སྟེ་དེ་ཡང་སྐུ་ཤེས་བྱའི་སྣང་བརྙན་ཡོད་རྒུ་ཐམས་ཅད་པར་ འཆར་བས་ཁ་སྦྱོར། གསུང་རྒྱུ་འབྲས་དབྱེར་མེད་འབྲས་བུའི་ཐེག་པ་ཆེན་པོའི་ཆོས་ངེས་པ་ལྔ་ལྡན་འབའ་ཞིག་ལ་ལོངས་སུ་སྤྱོད་པ་མི་འགྱུར་བའི་བདེ་བ་ཆེན་པོ་དང་། དེ་ཉིད་ཀྱི་རང་བཞིན་ སྤྲོས་པ་ཐམས་ཅད་ལས་འདས་པའི་སྟོང་པ་ཉིད་དེ་རང་བཞིན་མེད་པ། སྙིང་རྗེས་ཡོངས་སུ་གང་བས་དམིགས་པ་མེད་པའི་ཐུགས་རྗེ་ཆེན་པོ། དེ་ཉིད་འདུས་མ་བྱས་ཆེན་པོ་ནམ་ཡང་རྒྱུན་

ཆད་མེད་པས་རྟག་པ་དམ་པ་དང་། འགྲོ་བ་ཇི་སྲིད་དུ་ཆོས་སྒོ་སེམས་ཅན་སོ་སོའི་མོས་པ་ལྟར་འཆར་ནས་འགྲོ་བའི་དོན་རྒྱུན་ཆད་མེད་པར་མཛད་པས་འགོག་པ་མེད་པ། པདྨ་ནི་སོ་སོར་རྟོག་པའི་ཡེ་ཤེས་ཀྱི་རིག་གདངས་གསུང་རྡོ་རྗེ་བདེ་བ་ཆེན་པོ་པདྨའི་རིགས་མཆོག་བརྫུས་སྐྱེས་སྤྲུལ་པའི་སྐུའི་སྣང་བརྙན་དུ་ཤར་བས་ན་སྤྲུལ་སྐུ་སྟེ། དེ་ལྟ་བུའི་སྐུ་གསུམ་དབྱེར་མེད་པའི་བླ་མ་ཨོ་རྒྱན་རྡོ་རྗེ་འཆང་ཆེན་པོའི་ཆེ་བའི་ཡོན་ཏན་རྗེས་སུ་དྲན་པས་གསོལ་བ་གདབ་ཅིང་། དེ་ལྟར་གསོལ་བ་བཏབ་པའི་མཐུ་ལས་སིདྡྷི་དངོས་གྲུབ་སྟེ་མཆོག་དང་ཐུན་མོང་གི་དངོས་གྲུབ་མ་ལུས་པ་ཐམས་ཅད་ཧཱུྃ་ཞེས་བདག་གི་ཤེས་རྒྱུད་ལ་དུས་ད་ལྟ་ཉིད་དུ་བསྩལ་བར་མཛད་དུ་གསོལ་སྙམ་པའི་དོན་དྲན་པར་བྱ་བའི་སྒོ་ནས་གསོལ་བ་གདབ་ཅིང་སྔགས་བཟླ་བ་ཡིན་ནོ། །དེ་ལས་དབང་བཞི་བླངས་ཏེ་དབང་དོན་གྱི་དགོངས་པ་བསྐྱང་བ་ནི། བླ་མའི་གནས་གསུམ་འབྲུ་གསུམ་ལས། །འོད་ཟེར་རིམ་དང་ཅིག་ཆར་འཕྲོས། །བདག་གི་གནས་གསུམ་ཐིམ་པ་ཡིས། །དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག །ལམ་བཞི་བསྒོམ་པའི་སྣོད་དུ་གྱུར། །མཐར་ནི་རང་ཐིམ་དབྱེར་མེད་ངང་། །བློ་འདས་ཆོས་སྐུའི་རང་ཞལ་བལྟ། །ཞེས་གུ་རུའི་སྐུ་ཡི་སྨིན་མཚམས་སུ་

ཨོཾ་ཡིག་དཀར་པོ་འཚེར་བ་ལས་འོད་ཟེར་དཀར་པོ་འཕྲོས་པ་རང་གི་སྨིན་མཚམས་སུ་ཐིམ་པས་བླ་མའི་སྐུ་བུམ་པའི་དབང་ཐོབ། སད་པའི་གནས་སྐབས་ཏེ་ཉིན་ སྣང་ཐ་མལ་གྱི་སྣང་བ་མིག་གི་དབང་ཤེས་ཡུལ་གཟུགས་ལ་ཞེན་པ། རྣ་བའི་དབང་ཤེས་ཡུལ་སྒྲ་ལ་ཞེན་པ། སྣ་ཡི་དབང་ཤེས་ཡུལ་དྲི་ལ་ཞེན་པ། ལྕེ་ཡི་དབང་ཤེས་ཡུལ་རོ་ལ་ཞེན་པ། ལུས་ཀྱི་དབང་ཤེས་ཡུལ་རེག་བྱ་ལ་ཞེན་པ། ཡིད་ཀྱི་དབང་ཤེས་སྣང་བའི་ཆོས་སྣ་ཚོགས་ལ་ཞེན་པ་སྟེ། འཁོར་བའི་སྡུག་བསྔལ་གྱི་རྒྱུ་དང་འབྲས་བུ་ལ་སྤྱོད་པའི་རྟེན་བྱེད་པ་རྩ་ཁམས་ཕྲ་ རགས་ལས་སྐྱེས་པའི་རྣམ་སྨིན་ལུས་ཀྱི་སྒྲིབ་པ་དག ལམ་སྣང་སྟོང་ལྷ་སྐུ་བསྐྱེད་རིམ་བསྒོམ་པ་ལ་དབང་། དེའི་བྱིན་རླབས་ལས་ལུས་ཀྱི་ལས་སུ་སྲོག་གཅོད་པ་དང་། མ་སྦྱིན་པ་ལེན་པ། འདོད་ལོག་སྤྱོད་པ་ལ་སོགས་སྡིག་པ་མི་དགེ་བའི་ལས་རང་ཉིད་ནས་བྱེད་པ་ལྟ་ཞོག སྡིག་ཅན་གཞན་གྱིས་བསྐུལ་ཡང་ནམ་ཡང་བྱ་བར་མི་སྤྲོ་ཞིང་། སེམས་ཅན་གྱི་སྲོག་སྐྱོབ་པ། ཆོས་དང་ཟང་ཟིང་གི་སྦྱིན་པ་གཏོང་བ། ཚུལ་ཁྲིམས་རྣམ་པར་དག་པ་སྲུང་བ། ཕྱག་བསྐོར་མཆོད་འབུལ་བསྐྱེད་རིམ་བསྒོམ་པ་ལ་སོགས་ལུས་ཀྱིས་དགེ་བ་བསྒྲུབ་པ་ལ་གཞན་ནས་མ་

བསྐུལ་ཡང་རང་ཉིད་ནས་དང་དུ་བླངས་ཏེ་རྣམ་པ་ཀུན་ཏུ་བསྒྲུབ་པ་ལ་སྤྲོ་བ་མཆོག་ཏུ་བརྟས་ཤིང་རྣམ་སྨིན་རིག་འཛིན་གྱི་ས་ནོན། ནམ་ལུས་རྒྱ་དང་བྲལ་མ་ཐག་ཏུ་གཟུང་འཛིན་གྱི་སེམས་མེད་ལ། ཡེ་ཤེས་ཀྱིས་ཆོས་འཛིན་པ་སྣ་ཚོགས་གཟུགས་ཅན་ཡིད་ལས་སྐྱེས་པའི་འབྲས་བུ་བདེ་སྟོང་སྤྲུལ་སྐུའི་ གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག་པ་སྟེ་རིགས་ཀུན་ཁྱབ་བདག་དཔལ་ལྡན་རྡོ་རྗེ་སེམས་དཔའ་ལ་བསྟོད་པ་ལས། སྐུ་ལ་ཚད་མེད་བགྲང་དུ་མེད། །ནམ་མཁའ་དང་ནི་མཉམ་གྱུར་ཅིང་། །སྣ་ཚོགས་དབང་ཕྱུག་མི་ཤིགས་པའི། །རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད། །ཅེས་ཇི་སྐད་གསུངས་པའི་དོན་མངོན་དུ་འགྱུར་བའི་སྐལ་བ་ཅན་དུ་བྱས། བླ་མའི་མགྲིན་པ་ན་ཨཱཿཡིག་དམར་པོ་འཚེར་བ་ལས་འོད་ཟེར་དམར་པོ་འཕྲོས་པ་རང་གི་མགྲིན་པར་ཐིམ་པས་གསུང་གསང་བ་བསམ་གྱིས་མི་ཁྱབ་པའི་དབང་ཐོབ། རྨི་ལམ་གྱི་གནས་སྐབས་ཏེ་སྣང་བ་ལ་སྣང་ཡང་རགས་པ་རྫས་སུ་རྡུལ་ཕྲ་རབ་ཙམ་དུའང་འཛིན་དུ་མ་གྲུབ་པ་ལས་རླུང་གི་བག་ཆགས་ལས་སྐྱེས་པའི་ཡིད་འདུ་བྱེད་དང་བཅས་པའི་ཉིང་འཁྲུལ་སྣོད་བཅུད་ཀྱི་སྣང་བ་སྣ་ཚོགས་དང་། རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་ལ་སོགས་ངག་རླུང་གི་སྒྲིབ་པ་དག་


ལམ་གྲགས་སྟོང་ལོངས་སྐུ་རྒྱལ་བའི་གསུང་རྣམ་པ་ཐམས་ཅད་པ་གསང་སྔགས་ཀྱི་བཟླས་བརྗོད་ལ་སོགས་རྫོགས་རིམ་བསྒོམ་པ་ལ་དབང་། དེའི་བྱིན་རླབས་ལས་གཞན་ལ་བདེན་པར་སྨྲ་བ། གཞན་དབར་འཁོན་པ་བསྡུམས་པ། གཞན་ལ་བརླང་པོའི་ཚིག་གིས་མ་ཡིན་པར་སྙན་པར་སྨྲ་བ། གཞན་གྱི་སེམས་གསོ་བའི་དམ་པའི་ཆོས་དང་མཐུན་པའི་གཏམ་སྨྲ་བ་ལ་སོགས་ངག་གི་དགེ་བ་བསྐྱེད་པ་ལ་མཆོག་ཏུ་སྤྲོ་ཞིང་། ལས་རླུང་རིམ་བཞིན་དག་སྟེ་ངག་ལ་འཛེར་བག་ལ་སོགས་ཡི་གར་མི་འོང་བའི་སྒྲ་སྐྱོན་དག་ནས་གང་དག་སུ་ལ་འབེལ་བའི་གཏམ་གང་ཞིག་སྨྲ་བའི་སྐབས་སུ་སྒྲ་ཚིག་སྙན་ཅིང་ཅི་སྨྲས་གཞན་གྱི་རྣ་བ་ལ་འཇེབས་པར་གྱུར་ཏེ་གཞན་སེམས་ཆོས་ལ་རང་བཞིན་གྱིས་བསྒྱུར་བར་ནུས་པའི་མཐུ་ཐོབ། ཚེ་ལ་དབང་བའི་རིག་འཛིན་གྱི་ས་ནོན། དེ་ལས་ཇི་སྐད་དུ། བརྗོད་དུ་མེད་པའི་ངང་ཉིད་ལས། །ཚངས་པ་ལ་སོགས་སྙན་པའི་དབྱངས། །ཕྱོགས་བཅུ་ཀུན་ཏུ་སྒྲོགས་མཛད་པའི། །རྣམ་དག་གསུང་ལ་ཕྱག་འཚལ་བསྟོད། །ཅེས་འབྱུང་བ་ལྟར་གསུང་གསང་བ་བསམ་གྱིས་མི་ཁྱབ་པའི་དབྱིངས་ལས་གསུང་རྣམ་པ་ཐམས་ཅད་པ་ཐེག་པ་ཆེན་པོ་གསང་སྔགས་ཆོས་ཀྱི་སྒྲ་དབྱངས་

སྒྲོགས་ཤིང་། འབྲས་བུ་སྐུ་དང་ཞིང་ཁམས་སྟོན་འཁོར་ཡབ་ཡུམ་ལ་སོགས་པ་རྣམ་པའི་ཡོན་ཏན་ཕྲ་ཞིང་ཕྲ་བ་ནས་མ་འདྲེས་མ་འགགས་པར་གསལ་ཞིང་རྫོགས་པ་ལ་ངོ་བོ་འཛིན་དུ་ཡོད་པའི་གདོས་བཅས་དངོས་པོར་ཕྲ་ཞིང་ཕྲ་བ་ཙམ་དུའང་མ་གྲུབ་པ་ཆོས་ཀྱི་དབྱིངས་ཀྱི་མཐའ་ཀླས་པའི་ཁ་སྦྱོར་ཡན་ལག་བདུན་ལྡན་གྱི་ཆོས་ལ་ལོངས་སུ་སྤྱོད་པ་གསལ་སྟོང་ལོངས་སྐུའི་གོ་འཕང་ཐོབ་པའི་སྐལ་བ་རྒྱུད་ལ་བཞག །བླ་མའི་ཐུགས་ཀ་ན་ཧཱུྃ་ཡིག་མཐིང་ག་འོད་འབར་བ་ལས་འོད་ཟེར་མཐིང་ག་འཕྲོས་པ་རང་གི་སྙིང་གར་ཐིམ་པས་ཐུགས་ཤེས་རབ་ཡེ་ཤེས་ཀྱི་དབང་ཐོབ། དེ་ལས་ཇི་སྐད་དུ་ཀུན་ཏུ་བཟང་པོའི་སྨོན་ལམ་ལས། དང་པོ་སེམས་ཅན་འཁྲུལ་པ་རྣམས༔ གཞི་ལ་རིག་པ་མ་ཤར་བས༔ ཅི་ཡང་དྲན་མེད་འཐོམ་མེ་བ༔ དེ་ཀ་མ་རིག་འཁྲུལ་པའི་རྒྱུ༔ ཞེས་གསུངས་པ་ལྟར་ཀུན་གཞི་ལུང་མ་བསྟན་དང་། དེ་ལས་བྱུང་བ་གཉིད་འཐུག་གི་གནས་སྐབས་ཏེ་དབང་ཤེས་ལྔ་པོ་ཡུལ་ལ་མི་གསལ་བར་ནང་དུ་བསྡུས་ཤིང་། སད་པ་དང་རྨི་ལམ་གཉིས་ཀའི་སྣང་བ་མེད་ལ་གཉིས་ཀའི་གཞིར་གྱུར་པ་ཡིད་ཐིག་ལེའི་སྒྲིབ་པ་དག །ལམ་དག་པ་རིག་སྟོང་ཆོས་སྐུ་རང་ལུས་ཡི་དམ་གྱི་ལྷ་གང་ཞིག་བསྒོམ་པ་དེ་

བཞིན་དུ་གྱུར་པ་ཕྱག་རྒྱའི་རིག་འཛིན་གྱི་ས་ནོན། བརྣབ་སེམས་གནོད་སེམས་ལོག་ལྟ་སྟེ་ཡིད་ཀྱི་མི་དགེ་བའི་ལས་གསུམ་དག་སྟེ། གཞན་ལ་གཏོང་སེམས་ དང་ཕན་སེམས་དང་ཡང་དག་པའི་ལྟ་བ་ལ་ངང་གིས་གནས་པ་སོགས་ཡིད་ཀྱི་དགེ་བའི་ལས་གསུམ་ཟླ་བ་ཡར་ངོའི་ཕྱོགས་སུ་ཚེས་པ་བཞིན་དུ་རྒྱས་ཤིང་། མཐར་གནམ་སྟོང་གི་ཟླ་བ་ དབྱིངས་སུ་ནུབ་པ་ལྟར་ནང་གསལ་ཐིམ་ལ་མ་རྨུགས་པ་གཟུགས་སྐུ་གཉིས་ཀྱི་འཆར་གཞི་ཆོས་སྐུ་སྤྲོས་པ་དང་བྲལ་བའི་དབྱིངས་སུ་བཞུགས་པ་སྟེ་ཇི་སྐད་དུ། ཕུང་པོ་ ཁམས་དང་སྐྱེ་མཆེད་དང་། །གཟུང་དང་འཛིན་པ་ལ་སོགས་པའི། །རྟོག་པ་ཀུན་ལས་རྣམ་གྲོལ་བའི། །ཡེ་ཤེས་ཐུགས་ལ་ཕྱག་འཚལ་བསྟོད། །ཅེས་ཇི་ལྟར་གསུངས་པའི་དགོངས་པ་ལ་ དབང་འབྱོར་བའི་སྐལ་བ་ཅན་དུ་བྱས། སླར་ཡང་བླ་མའི་སྐུ་གསུང་ཐུགས་ལས་འོད་ཟེར་དཀར་དམར་མཐིང་གསུམ་ཅིག་ཅར་དུ་འཕྲོས་པ་རང་གི་གནས་གསུམ་དུ་ཅིག་ཅར་དུ་ཐིམ་པས་ཚིག་ གི་ལམ་ནས་དོན་གྱི་གནས་ལུགས་ཇི་ལྟ་བ་བཞིན་དུ་མཐོང་བ་ཚིག་དབང་རིན་པོ་ཆེ་ཐོབ། འཁོར་འདས་ཀྱི་སྣང་བས་བསྡུས་པའི་ལུས་ངག་ཡིད་གསུམ་སོ་སོར་སྣང་བ་སྣང་གསུམ་འཕོ་བའི་

བག་ཆགས་སམ་སྒོ་གསུམ་ཐ་དད་དུ་འཛིན་པ། འདོད་ཁམས་གཟུགས་ཁམས་གཟུགས་མེད་ཁམས་ཀྱི་སྙོམས་འཇུག་དང་། ཉན་རང་གི་འགོག་པའི་སྙོམས་འཇུག་ལ་སོགས་པ་ སྙོམས་འཇུག་གི་སྒྲིབ་པ་བག་ཆགས་དང་བཅས་པ་སངས་ཀྱིས་དག ལམ་ཀ་དག་ལྷུན་གྲུབ་རྩོལ་མེད་རྫོགས་པ་ཆེན་པོ་བསྒོམ་པ་ལ་དབང་། འབྲས་བུ་ལྷུན་གྲུབ་རིག་འཛིན་ སངས་རྒྱས་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་གཞི་འབྲས་དབྱེར་མེད་གདོད་ནས་དག་པ་ཡིན་པ་ལ་ཡིན་ཐོག་ཏུ་བཙན་ས་ཟིན་པར་བྱིན་གྱིས་བརླབས་པས་གཞལ་དུ་མེད་པ། གྲངས་སུ་མེད་པ། བསམ་དུ་མེད་པ། མཉམ་པ་མེད་པ། དྲི་མས་དག་པ་སྟེ་ངོ་བོ་ཉིད་སྐུའི་གོ་འཕང་འཐོབ་པའི་སྐལ་བ་རྒྱུད་ལ་བཞག་གོ་སྙམ་པའི་སྒོ་ནས། ཧཱུྃ་སྟེ་དངོས་གྲུབ་བསྡུ་བའི་སྔགས་ཀྱིས་བྱིན་རླབས་ཡོངས་སུ་རྫོགས་པ་བསྡུ་བ་ཡིན་ནོ། །དེ་ལྟར་ཡུལ་ཚོགས་ཞིང་གསལ་བ་བསྙེན་པ། དེ་ལ་བརྟེན་ནས་རང་གི་སྒོ་གསུམ་རྡོ་རྗེ་གསུམ་དུ་ བསྒྲུབ་པ་ཉེ་བསྙེན། ཕྱོགས་བཅུའི་རྒྱལ་བ་སྲས་དང་སེམས་མ་དང་རྩ་གསུམ་ཞི་ཁྲོ་རབ་འབྱམས་ཐམས་ཅད་བླ་མ་གུ་རུ་རིན་པོ་ཆེ་ལ་ཐིམ་ཞིང་། གུ་རུ་རིན་པོ་ཆེ་འོད་དུ་ཞུ་ནས་རང་ཉིད་ལ་

ཐིམ་པ་སྒྲུབ་པ། བདག་དང་ལྷ་གུ་རུ་རིན་པོ་ཆེ་དབྱེར་མེད་རང་བྱུང་གི་ཡེ་ཤེས་ཐིག་ལེ་ཉག་གཅིག་གི་ཀློང་དུ་ཐག་ཆོད་པ་ནི་སྒྲུབ་པ་ཆེན་པོའོ། །དེ་ལས། དགེ་བ་འདི་ཡིས་མྱུར་དུ་བདག །ཨོ་རྒྱན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་བསྔོ་སྨོན་གྱིས་རྒྱས་བཏབ་བོ།། །། ༈ །དེ་ནས་འབྲས་བུ་དོན་དམ་དཀོར་བདུན་རྫོགས༔ ཞེས་གསུངས་ཏེ་སྤྲོས་བྲལ་ཡོངས་གྲུབ་རྫོགས་པ་ཆེན་པོའི་དགོངས་པར་ལ་བཟླ་བ་ནི། འཁོར་འདས་ཀུན་གྱི་ཡོན་ཏན་འབྱུང་བའི་གནས་ རང་གི་རིག་པ་གནས་ལུགས་རང་བྱུང་གི་ཡེ་ཤེས་སངས་རྒྱས་ཀུན་གྱི་ཐུགས་ཡིན་པ་ལ་ཡིན་པར་ངམ་པའི་ཆོས་ཉིད་ཀྱི་རང་སྒྲ་ཧཱུྃ་གིས་ཐོག་དྲངས་ཏེ། ནང་དོན་གྱི་སྐབས་སུ་གསང་སྔགས་ཟབ་ མོའི་ཆོས་འབྱུང་བའི་གནས་ཨོ་རྒྱན་ཡལ་གྱི་སྟེ་དེ་ནི་རང་གི་སེམས་ཉིད་ཡིན། ནུབ་བྱང་ཞེས་གཉིས་སྣང་འཁོར་བའི་སྡུག་བསྔལ་གྱི་སྣང་བ་གཉིས་མེད་ཆོས་སྐུ་བདེ་བ་ཆེན་པོ་ཐིག་ལེ་ཉག་གཅིག་ གི་ཀློང་དུ་བྱང་བས་ནུབ་བྱང་། མཚམས་ཞེས་འཁོར་འདས་གཉིས་ཀའི་མཐའ་ལ་མི་གནས་པ་སྟེ་མི་ཕམ་ཆོས་རྗེས། དངོས་སུ་མཚམས་ཞེས་པ་མེད་མོད། མཐའ་བྲལ་ལ་དབུ་མའི་ལམ་

ཟེར་བ་བཞིན་ནོ་གསུངས་པ་ལྟར་རོ། །སེམས་ཉིད་ཀྱི་ངོ་བོ་ཀ་དག་སྟོང་པ་ཉིད་ལ་འཁོར་འདས་ཀྱི་སྐྱོན་ཡོན་གང་གིས་ཀྱང་མ་གོས་པ་ཇི་ལྟར་པ༵དྨ༵་འདམ་ལས་སྐྱེས་ཀྱང་འདམ་གྱིས་མ་གོས་པ་བཞིན་དུ་མཚན་མའི་སྤྲོས་པ་ཐམས་ཅད་ཡེ་ནས་རྣམ་པར་དག་པ་རྟོགས་བྱའི་ཡུལ་ཆོས་ཀྱི་དབྱིངས་དང་། དེ་ཉིད་རྟོགས་བྱེད་ལྷུན་གྲུབ་རང་འོད་གསལ་བའི་རིག་པ་ཡེ་ཤེས་བསམ་གྱིས་མི་ཁྱབ་པ་རང་གསལ་བ་ལ་གེ༵་ས༵ར་གྱི་སྒྲས་མཚོན་པས་ཡུལ་ཅན་རིག་པའི་རྡོ་རྗེ། ཡུལ་དང་ཡུལ་ཅན་དབྱེར་མི་ཕྱེད་པ་ཡེ་ཤེས་མཉམ་པ་ཉིད་ནི་པདྨའི་མེ་ཏོག་དང་ཟེའུ་འབྲུ་གཉིས་ཟུང་འབྲེལ་དུ་འཛིན་པ་སྡོང་པོ་ལྟ་བུ་ཡིན་པས་སྡོང༵་པོ༵། གདོད་ནས་དབྱིངས་དང་ཡེ་ཤེས་ཟུང་འཇུག་རང་བྱུང་བདེ་བ་ཆེན་པོའི་ཡེ་ཤེས་ནི་འོད་གསལ་བས་སེམས་ཞེས་བྱ་སྟེ་བརྒྱད་སྟོང་པ་ལས། སེམས་ལ་སེམས་མ་མཆིས་ཏེ་སེམས་ཀྱི་རང་བཞིན་ནི་འོད་གསལ་བའོ་ཞེས་གསུངས་སོ། །འོད་གསལ་བའི་རིག་པ་རང་བྱུང་གི་ཡེ་ཤེས་དེ་ཉིད་གཉིས་འཛིན་གྱི་སྐྱོན་གྱིས་མ་བསླད་པས་སངས་རྒྱས་ཏེ། སློབ་དཔོན་ཆེན་པོ་བི་མ་ལ་མི་ཏྲས། གཉིས་ཆོས་ཀྱི་དྲི་མ་སངས་ཤིང་། གཉིས་མེད་ཀྱི་ཡེ་ཤེས་རྒྱས་པས་སངས་རྒྱས་སོ། །ཞེས་གསུངས་པ་ལྟར་རོ། །རིག་པ་རང་བྱུང་གི་ཡེ་ཤེས

དེ་ནི་ཕྱོགས་བཅུ་དུས་བཞིའི་རྒྱལ་བ་ཐམས་ཅད་ཀྱི་སྤྲོ་གཞི་སྐུ་གསུམ་གྱི་བདག་ཉིད་ཡིན་པས་མཆོག་གི་དངོས་གྲུབ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ལ༷་མངའ་བརྙེས་པས་ཡ༷་མཚ༷ན་མཆོ༷ག་གི༷་དངོ༷ས་གྲུ༷བ་བརྙེས༷་པ་སྟེ། དེ་ལྟར་རིག་པ་སྐུ་གསུམ་ལྷུན་གྲུབ་ཀྱི་བདག་ཉིད་དེ་ལ་རང་བྱུང་དོན་གྱི་པ༷དྨ༷་ཞེས་གསུངས་ཤིང་། ལམ་བསྒྲུབ་པའི་འབྲས་བུ་སངས་རྒྱས་ཐམས་ཅད་འབྱུང་བའི་གནས་ཀྱང་ཆོས་ཉིད་དྲི་མ་མེད་པའི་གནས་ལུགས་དེ་ཡིན་པས་ན་འབྱུང༷་གན༷ས་ཞེ༷ས་སུ༷་གྲ༷གས་སོ། །མཚན་གྱི་རྣམ་གྲངས་གཞན་དུ་ཀུན་ཏུ་བཟང་པོ་སྟེ་ངེས་པ་དོན་གྱི་སངས་རྒྱས་པདྨ་འབྱུང་གནས། རང་བྱུང་ཡེ་ཤེས། སྲིད་ཞི་ཀུན་ཁྱབ་ཀྱི་ཡེ་ཤེས། ཟག་པ་མེད་པའི་བདེ་བ་ཆེན་པོ། དོན་དམ་པ། དབུ་མ་ཆེན་པོ། ཕྱག་རྒྱ་ཆེན་པོ། རྫོགས་པ་ཆེན་པོ་ལ་སོགས་པ་མཚན་གྱི་རྣམ་གྲངས་བསམ་གྱིས་མི་ཁྱབ་པ་བསྟན་པའི་སྒོ་ནས་གཏན་ལ་ཕབ་པའི་མཐར་ཐུག་གི་དོན་འདི་ཁོ་ན་ཉིད་དུ་གསུངས་སོ། །ཞེས་གསུངས་སོ། །ཆོས་དབྱིངས་དྲི་མ་མེད་པའི་མཁའ་ལ་རིག་པ་ཡེ་ཤེས་ཀྱི་རྩལ་བསམ་གྱིས་མི་ཁྱབ་པ་ཐོགས་པ་མེད་པར་འཕྲོ་བ་ལ་འགྲོ་བའི་བརྡར་འཇུག་པ་སྟེ་འཁོ༷ར་དུ༷་དཔའ་བོ་དང་། མཁ༷འ་འགྲོ༷་མ་མ༷ང་

པོ༵ས་བསྐོར༵་བའོ། །ངེས་དོན་གྱི་མདོ་སྡེ་དང་། ཟབ་མོའི་རྒྱུད་སྡེ་རྣམས་ཀྱི་བསྟན་དོན་མཐར་ཐུག་གཉིས་མེད་ཟུང་འཇུག་གི་ཡེ་ཤེས་ཆེན་པོའི་གནས་ལུགས་དེ་ལ་ཐེ་ཚོམ་བྲལ་བའི་ཡིད་ཆེས་རྙེད་པ་ནི་ཁྱེད༵་ཀྱི༵་རྗེས༵་སུ༵་བད༵ག་སྒྲུབ༵་ཀྱི༵་ཅེས་སོ། །དེའི་ཕྱིར་གང་སྣང་ཡེ་ཤེས་ཀྱི་འཁོར་ལོར་བྱི༵ན་གྱི༵ས་རློ༵བས་པའི་ཕྱིར༵་རང་གི་སེམས་ཀྱི་ཆོས་ཉིད་དེ་ལྟ་བུ་ཡིན་པ་ལ་ཡིན་ཐོག་ཏུ་བཞག་པ་བླ་མའི་མན་ངག་གིས་རྟོགས་པར་བྱེད་པ་ལ་གཤེ༵གས་སུ༵་གསོ༵ལ་གསུངས་ཏེ་རྣམ་འགྲེལ་ལས། གཤེགས་པ་རྟོགས་པའི་དོན་ཅན་ཡིན། །ཅེས་གསུངས་སོ། །འཁོར་འདས་ཀྱི་སྐྱོན་ཡོན་གང་གིས་ཀྱང་བསླད་དུ་མི་གཏུབས་པ་སྟོང་ཉིད་རྡོ་རྗེ་ཆོས་ཀྱི་སྐུ་སྟེ་བཛྲ། ངོ་བོ་སྟོང་པ་ཆོས་ཀྱི་སྐུ་ཡི་རང་གདངས་སམ་རང་སྣང་ཤིན་ཏུ་རྣམ་པར་དག་པ་རྒྱལ་བ་རིགས་ལྔ་འཁོར་འབྲས་བུའི་སེམས་དཔའ་སེམས་མ་དང་བཅས་པ་རྣམས་དང་ཐབས་ཅིག་ཏུ་དུས་བཞི་མཉམ་པ་ཉིད་ཀྱི་དབྱིངས་སུ་འདུ་འབྲལ་མེད་པར་བཞུགས་ཤིང་། ཀུན་ཏུ་བཟང་པོ་ཡིན་པ། ཀུན་ཏུ་བཟང་མོ་ཡིན་པ། གཉིས་སུ་མེད་པ་ཡིན་པ་སྟེ་ཡིན་པ་གསུམ་གྱི་དགོངས་པ་ལས་མི་གཡོ་བའི་རྫོགས་པ་ཆེན་པོའི་ཆོས་ཀྱི་འཁོར་ལོ་ལ་རྟག་པར་ལོངས་སུ་སྤྱོད་པ་ལོངས་སྤྱོད་རྫོགས་པའི་སྐུ་དང་ཞིང་

ཁམས་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པར་མངའ་དབང་བསྒྱུར་བ་བླ་མ་སྟེ་གུ་རུ་། དེ་ལྟ་བུའི་ཆོས་སྐུ་ངོ་བོ་སྟོང་པའི་ཡེ་ཤེས་དང་། ལོངས་སྐུ་རང་བཞིན་ གསལ་བའི་སྐུ་དང་ཡེ་ཤེས་དབྱེར་མེད་པའི་ཐུགས་རྗེ་མ་འགགས་པའི་རོལ་རྩལ་མེ་ཏོག་པདྨ་འདམ་དུ་སྐྱེས་ཀྱང་འདམ་གྱི་དྲི་མས་མ་གོས་པ་གཙང་བར་བཞད་པ་བཞིན་དུ་སངས་རྒྱས་སྤྲུལ་ སྐུའི་ཐུགས་ནི་ཆོས་སྐུ་དང་ཐ་མི་དད་པ་དུས་བཞི་མཉམ་པ་ཉིད་དུ་འཕོ་འགྱུར་མེད་པར་བཞུགས་པས་རང་ངོ་ན་ཐ་དད་དུ་གྱུར་པའི་གདུལ་བྱ་འདུལ་བྱེད་གཉིས་སུ་མ་གྲུབ་ཅིང་། གཞན་ངོར་ འཁོར་བ་མ་སྟོང་བར་དུ་འཁོར་བ་ན་བཞུགས་ཏེ་འགྲོ་བ་རྣམས་ལ་སིདྡྷི་སྟེ་མཆོག་ཐུན་གྱི་དངོས་གྲུབ་འབད་རྩོལ་མ་དགོས་པར་བསྩལ་བས་དེ་ལྟ་བུའི་དངོས་གྲུབ་ཧཱུྃ་ཞེས་བསྡུ་བའོ། །དེ་ལྟར་ དྲན་པ་དང་ཤེས་བཞིན་པའི་དྲན་སྣང་གཉུག་མའི་ཡེ་ཤེས་ཀྱི་རྒྱུན་འཛིན་པ་མེད་པར་བསྐྱངས་པས། དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་ཡི་སྐུ་དང་། སྐུ་ཡི་གསུང་དང་། སྐུ་ཡི་ཐུགས་ དང་། སྐུ་ཡི་ཡོན་ཏན་དང་། སྐུ་ཡི་ཕྲིན་ལས་ཏེ་ལྔ། གསུང་གི་སྐུ་དང་། གསུང་གི་གསུང་དང་། གསུང་གི་ཐུགས་དང་། གསུང་གི་ཡོན་ཏན་དང་། གསུང་གི་ཕྲིན་ལས་ཏེ་ལྔ།

ཐུགས་ཀྱི་སྐུ་དང་། ཐུགས་ཀྱི་གསུང་དང་། ཐུགས་ཀྱི་ཐུགས་དང་། ཐུགས་ཀྱི་ཡོན་ཏན་དང་། ཐུགས་ཀྱི་ཕྲིན་ལས་ཏེ་ལྔ། ཡོན་ཏན་གྱི་སྐུ་དང་། ཡོན་ཏན་གྱི་གསུང་དང་། ཡོན་ཏན་གྱི་ཐུགས་དང་། ཡོན་ཏན་གྱི་ཡོན་ཏན། ཡོན་ཏན་གྱི་ཕྲིན་ལས་ཏེ་ལྔ། ཕྲིན་ལས་ཀྱི་སྐུ་དང་། ཕྲིན་ལས་ཀྱི་གསུང་དང་། ཕྲིན་ལས་ཀྱི་ཐུགས་དང་། ཕྲིན་ལས་ཀྱི་ཡོན་ཏན་དང་། ཕྲིན་ལས་ཀྱི་ཕྲིན་ལས་ཏེ་ལྔ་བཅས་རྩ་བའི་དབྱེ་གཞི་འབྲས་བུའི་ཆོས་ཉི་ཤུ་རྩ་ལྔ་དང་། དེ་དག་ལས་ནམ་མཁའ་དབྱིངས་ཀྱི་མཐའ་ཀླས་པར་སྐུ་དང་ཡེ་ཤེས་ཞིང་ཁམས་མ་བཙལ་ཡེ་རྫོགས་སུ་འཕྲོ་བ་སྟེ་དེ་ལྟ་བུའི་དོན་དྲན་པ་ཡིན་ན་རིག་འཛིན་གྱི་རྒྱལ་པོ་དགའ་རབ་རྡོ་རྗེས། གདོད་ནས་དག་པ་དབྱིངས་ཀྱི་ངང་ཉིད་ལས། །རིག་པ་ཐོལ་སྐྱེས་སྐད་ཅིག་དྲན་པ་དེ། །རྒྱ་མཚོའི་གཏིང་ནས་ནོར་བུ་རྙེད་པ་འདྲ། །སུས་ཀྱང་མ་བཅོས་མ་བྱས་ཆོས་ཀྱི་སྐུ། །ཞེས་གསུངས་ཏེ་གདོ༷ད་ན༷ས་ད༷ག་པ༷་དབྱིང༷ས་ཀྱི༷་གནས་ལུགས་དུས་གསུམ་སྔ་ཕྱི་འཕོ་འགྱུར་མེད་པ་ཆོས་ཀྱི་སྐུ་ཡི་ང༷ང་ཉིད༷་ལ༷ས། མཁྱེན་ཆ་མ་འགགས་པའི་སྣང་ཚུལ་གཟུགས་སྐུའི་ཡེ་ཤེས་ཡོན་ཏན་གཞི་འབྲས་དབྱེར་མེད་པའི་རང་བཞིན་དུ་ཡེ་ནས་བཞུགས་པས་ད་ལྟ་འབད་རྩོལ་གཏན་ནས་མ་དགོས་པར་

རི༷ག་པ༷་ཐོ༷ལ་སྐྱེས༷་ཏེ་སྐད༷་ཅི༷ག་ཉིད་ལ་ཐོག་བབས་སུ་ངོས་ཟིན་པའམ་དྲ༷ན་པ༷་ཡིན་ན་དེ༷་ནི་ཐེག་པ་ཐུན་མོང་གི་ལུགས་ལྟར་འཁོར་བའི་སྡུག་བསྔལ་གྱི་རྒྱུ་དང་འབྲས་ བུ་ལ་སོགས་སྔོན་ནས་ཡོད་པ་ད་ལྟ་འབད་རྩོལ་ཆེན་པོས་དག་པར་བྱེད་པ་ལྟ་བུ་མིན་པར་རང་སངས་སུ་དག་པ་དཔེར་ན་དོན་མཐུན་རྣམས་ཀྱིས་རྒྱ༷་མཚོ༷འི་གཏིང༷་ནས༷་གསེར་དངུལ་དང་། གཡུ་བྱི་རུ་མུ་ཏིག་ལ་སོགས་རིན་ཐང་བྲལ་བའི་ནོར༷་བུ༷་ཚད་མེད་པ་རྙེད༷་དེ་དབུལ་བའི་སྡུག་བསྔལ་ལས་བྲལ་བར་བྱེད༷་པ་དང་འདྲ༷་བར་སྲིད་པ་དང་ཞི་བའི་ཕན་བདེ་མ་ལུས་པ་འབྱུང་བའི་གནས་ ཏེ། དེ་ནི་འཇིག་རྟེན་གྱི་བྱེད་པ་པོ་ལྷའམ་ཀླུའམ་མི་ལ་སོགས་པ་སུས༷་ཀྱང༷་མ༷་བཅོ༷ས་མ༷་བྱས་པ་ཆོ༷ས་ཀྱི༷་སྐུ༷འོ་ཞེས་གསུངས་སོ། །ཆོས་དབྱིངས་མཛོད་ལས། བཙལ་བས་མི་རྙེད་གདོད་ནས་ དག་པའི་ཆོས། །སངས་རྒྱས་བྱང་ཆུབ་རང་བྱུང་ཀློང་ན་གསལ། །སྔར་གྲུབ་ཟིན་པས་ད་གཟོད་བསྒྲུབ་མི་དགོས། །ཆེ་བ་རང་གནས་དགོངས་པ་ཆོས་ཉིད་ཀློང་། །མི་འགྱུར་ལྷུན་གྱིས་ གྲུབ་ལ་རྩོལ་མི་བྱེད། །ཡེ་གཞི་བབས་གཞི་བྱང་ཆུབ་སྙིང་པོའི་གཞི། །རང་བཞིན་ངང་ལས་གཡོས་པ་འགའ་མེད་པས། །ཀློང་གསལ་རིག་པའི་དོན་ལས་མ་གཡོ་ཞིག །ཐམས་ཅད་

བཞག་པས་འགྲུབ་པའི་རྒྱུ་མཚན་ཡང་། །མི་འགྱུར་ཀུན་འགྲོ་ཁྱབ་བདག་ཡེ་ཤེས་ལྔ། །སྐུ་ལྔ་གསུང་ལྔ་ཐུགས་ལྔ་ཡོན་ཏན་ལྔ། །ཕྲིན་ལས་ལྔ་སྟེ་དང་པོའི་སངས་རྒྱས་ཀྱང་། །ཐོག་མཐའ་མེད་པའི་ཀློང་འདིར་ལྷུན་གྲུབ་པས། །གཞན་དུ་མ་འཚོལ་རང་བཞིན་ཡེ་ནས་གྲུབ། །སངས་རྒྱས་ཀུན་གྱི་ཆོས་སྐུ་བྱང་ཆུབ་ཀྱང་། །མི་འགྱུར་མཉམ་པའི་དོན་ལས་གཞན་དུ་མེད། །དེ་ཡང་རང་བྱུང་ངང་འདིར་ལྷུན་གྲུབ་པས། མ་ཚོལ་མ་སྒྲུབས་རེ་དོགས་ལྷུན་གྱིས་ཞོག །ཅེས་གསུངས་པའི་དོན་མངོན་དུ་འགྱུར་བ་ལ་ཐེ་ཚོམ་མེད་དོ། །སྔོན་མའི་ལས་རླུང་གི་བག་ཆགས་ཀྱི་སེམས་གཡོ་ཞིང་། མཉམ་པར་མི་གནས་པའི་ཚེ་ད་ནི་སེམས་འདི་མི་གནས་པ་འདྲ་སྙམ་པའི་སྐྱོ་བའམ། ཚོར་བས་གདུངས་པའི་ཚེ་དེ་ག་དྲན་པས་ཟིན་པ་ཡིན་ན་སེམས་མི་མཉམ་པ་ཤར་བ་དེ་ཀ་ཡེ་ནས་མཉམ་པ་ཆེན་པོའི་དབྱིངས་ལས་ཤར་བ་ཡེ་གྲོལ་ཆེན་པོ་ཡིན་པས་མི་མཉམ་པའི་རྟོག་པ་རང་སངས་ལ་དག་ནས་སླན་ཆད་སྲིད་པའི་བག་ཆགས་ཀྱི་རྟེན་གཞི་མི་བྱེད་པ་ཡོངས་གྲོལ་ཡིན་ཏེ་ཀུན་མཁྱེན་ཆེན་པོས། མི་མཉམ་ཤར་ཡང་མཉམ་པའི་དབྱིངས་ནས་ཤར། །ཞེས་གསུངས། དེ་བཞིན་དུ་སྐབས་རེ་རྩ་རླུང་མ་འཁྲུགས་པར་མི་རྟོག་པའི་ངང་ལ་དལ་

བར་གནས་ཐུབ་པ་ལྟ་བུའི་ཉམས་ཤར་བའི་ཚེ་ནའང་དེ་ལ་དངོས་ཞེན་མཆོག་འཛིན་མི་སྐྱེ་བར་ཆོས་སྐུའི་དགོངས་པ་འདུས་མ་བྱས་པ་ཡེ་ནས་མཉམ་གནས་ཆེན་པོ་ཡིན་པ་ངོ་ཤེས་ན་རྒྱུ་དང་རྐྱེན་ལས་བྱུང་བའི་གསར་བྱུང་གི་ཡེ་ཤེས་ལ་རློམ་སེམས་མི་སྐྱེ་བར་དུས་གསུམ་སྔ་ཕྱི་འཕོ་འགྱུར་བྲལ་བ་ཀུན་བཟང་དགོངས་པའི་ཀློང་དུ་གྲོལ་བ་ཡིན་ཏེ་ཀུན་མཁྱེན་ཆེན་པོས། མཉམ་པར་ཤར་ཡང་གདོད་མའི་ཀློང་ནས་ཤར། །ཞེས་གསུངས། འདི་ལྟར་ཚིག་བདུན་གསོལ་འདེབས་ཀྱི་འགྲེལ་བསྡུས་འདི་ཉིད་ཞིབ་ཙམ་འབྲི་དགོས་སྙམ་ཡང་། སྔོན་ལས་ཀྱིས་གཟུགས་ཁམས་བྲོ་ནད་ཀྱིས་གདུང་སྟེ་ཡུན་རིང་སོང་བས་གཟུགས་ཁམས་ཀྱིས་མ་ལྕོགས་པས། འོན་ཀྱང་དད་པ་ཡོད་ན་འདི་ཙམ་ཞིག་གིས་ཀྱང་མ་འཐུས་པར་མེད་གཤིས། རྫ་སྤྲུལ་རིན་པོ་ཆེའི་བཀའ་བཞིན་ཟིན་བྲིས་སུ་བཏབ་སྟེ་མཇུག་བསྡུས་པ་དགེ། །།