རྒྱུན་ཁྱེར་ཆོག་སྒྲིག་ཁག་གཅིག་ཏུ་བསྡེབས་པ།

From Dudjom Wiki
TNR-SUNGBUM-03-HUM-006
Wylie title rgyun khyer chog sgrig khag gcig tu bsdebs pa
Location phrin las nor bu'i gsung 'bum
Volume 3, Text 6, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Rgyun khyer chog sgrig khag gcig tu bsdebs pa. In Phrin las nor bu'i gsung 'bum, Vol. 3.
Side notes  
More details More details
Genre

[edit]
༄༅། །རྒྱུན་ཁྱེར་ཆོག་སྒྲིག་ཁག་གཅིག་ཏུ་བསྡེབས་པ་བཞུགས།

༄༅། །རྒྱུན་གྱི་ཁ་བཏོན་བཅུད་འདུས་འཁྱེར་བདེ་བྱ་ན། ཐོག་མར་སྐྱབས་ཡུལ་གསལ་བཏབ་པ་ནི། མདུན་གྱི་ནམ་མཁར་འོད་ལྔའི་ཀློང་༔ སེང་ཁྲི་པདྨ་ཉི་ཟླའི་སྟེང་༔ སྐུ་གསུམ་རྒྱལ་བ་འདུས་པའི་དངོས༔ རྩ་བའི་བླ་མ་པདྨ་འབྱུང་༔ དཀར་དམར་མདངས་ལྡན་ཞི་ཁྲོའི་ཉམས༔ པད་ཞྭ་གསང་ཕོད་ཆོས་གོས་དང་༔ ཟ་འོག་བེར་སྨུག་བརྗིད་པར་གསོལ༔ ཕྱག་གཡས་རྡོ་རྗེ་རྩེ་ལྔ་དང་༔ གཡོན་པས་བྷནྡྷ་ཚེ་བུམ་བསྣམས༔ གྲུ་མོ་གཡོན་ན་ཁ་ཊྭཱྃ་འཆང་༔ རྡོ་རྗེའི་སྐྱིལ་ཀྲུང་དང་བཅས་ཏེ༔ སྐུ་གསུང་ཐུགས་ཀྱི་དཀྱིལ་འཁོར་ལས༔ རྩ་གསུམ་ཆོས་སྲུང་རབ་འབྱམས་ཀུན༔ འཕྲོ་འདུའི་གཟི་བྱིན་ལམ་མེ་བ༔ མངོན་སུམ་བཞིན་དུ་བཞུགས་པར་གྱུར༔ དེ་ནས་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བླ་མ་བདེ་གཤེགས་འདུས་པའི་སྐུ༔ དཀོན་མཆོག་གསུམ་གྱི་རང་བཞིན་ལ༔ བདག་དང་འགྲོ་དྲུག་སེམས་ཅན་རྣམས༔ བྱང་ཆུབ་བར་དུ་སྐྱབས་སུ་མཆི༔ ལན་གསུམ། སེམས་བསྐྱེད་ནི། སེམས་བསྐྱེད་འགྲོ་བ་ཀུན་དོན་དུ༔ བླ་མ་སངས་རྒྱས་བསྒྲུབས་ནས་ནི༔ གང་ལ་གང་འདུལ་ཕྲིན་ལས་ཀྱིས༔ འགྲོ་བ་བསྒྲལ་བར་དམ་བཅའ་འོ༔ ལན་གསུམ། ཡན་ལག་བདུན་པ་ནི། བླ་མ་ཡི་དམ་མཁའ་འགྲོ་གཤེགས༔ ཉི་ཟླ་པདྨའི་གདན་ལ་བཞུགས༔ ལུས་ངག་ཡིད་གསུམ་གུས་ཕྱག་འཚལ༔ ཕྱི་ནང་གསང་བའི་མཆོད་པ་འབུལ༔ ཉམས་ཆག་སྡིག་སྒྲིབ་མཐོལ་ཞིང་བཤགས༔ གསང་སྔགས་བསྒྲུབས་ལ་རྗེས་ཡི་རང་༔ སྨིན་གྲོལ་གསང་སྔགས་ཆོས་འཁོར་བསྐོར༔ མྱ་ངན་མི་འདའ་བཞུགས་སུ་གསོལ༔ སྙིང་པོ་སེམས་ཅན་དོན་དུ་བསྔོ༔ ཡང་དག་རྡོ་རྗེའི་དོན་རྟོགས་ཤོག༔ གཅིག་གམ་གསུམ་བརྗོད། ཚིག་བདུན་གསོལ་འདེབས། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ལན་གསུམ་མཐར། བསམ་ལྷུན་བསྡུས་པ། སྐྱབས་གནས་ཀུན་འདུས་ཨོ་རྒྱན་རིན་པོ་ཆེར༔ བཟོད་མེད་གདུང་ཤུགས་དྲག་པོས་གསོལ་བ་འདེབས༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སོལ༔ བསམ་དོན་ཆོས་བཞིན་འགྲུབ་པར་བྱིན་གྱིས་རློབས༔ དེ་ནས་བཛྲ་གུ་རུ་ཅི་རིགས། མཐར་དབང་བཞི། བླ་མའི་གནས་གསུམ་འབྲུ་གསུམ་ལས༔ འོད་ཟེར་རིམ་དང་ཅིག་ཆར་འཕྲོས༔ བདག་གི་གནས་གསུམ་ཐིམ་པ་ཡིས༔ དབང་བཞི་ཐོབ་ཅིང་སྒྲིབ་བཞི་དག༔ ལམ་བཞི་བསྒོམ་པའི་སྣོད་དུ་འགྱུར༔ མཐར་ནི་རང་ཐིམ་དབྱེར་མེད་ངང་༔ བློ་འདས་ཆོས་སྐུའི་རང་ཞལ་བལྟ༔ ཞེས་ཐུགས་ཡིད་བསྲེས་ལ་མཉམ་པར་བཞག མཐར།དགེ་བ་འདི་ཡིས་མྱུར་དུ་བདག །ཨོ་རྒྱན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །དཔལ་རི་སྨོན་ལམ། སངས་རྒྱས་ཀུན་གྱི་ངོ་བོ་བཀའ་དྲིན་ཅན། །ཨོ་རྒྱན་རིན་པོ་ཆེ་ལ་གསོལ་བ་འདེབས། །ནམ་ཞིག་ཚེ་འདིའི་སྣང་བ་ནུབ་མ་ཐག །པདྨ་འོད་དུ་སྐྱེ་བར་བྱིན་གྱིས་རློབས། །བསྟན་རྒྱས་སྨོན་ལམ། དཔལ་ལྡན་བླ་མའི་སྐུ་ཚེ་རབ་བརྟན་ཅིང་། །བསྟན་པའི་སྦྱིན་བདག་མངའ་ཐང་དར་བ་ཡིས། །ཆོས་སྲིད་མི་ནུབ་ནོར་བུའི་རྒྱལ་མཚན་བསྒྲེངས། །མཚོ་སྐྱེས་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །བཀྲ་ཤིས། མི་འགྱུར་ལྷུན་པོ་སྐུ་ཡི་བཀྲ་ཤིས་ཤོག །ཡན་ལག་དྲུག་ཅུ་གསུང་གི་བཀྲ་ཤིས་ཤོག །མཐའ་བྲལ་འཁྲུལ་མེད་ཐུགས་ཀྱི་བཀྲ་ཤིས་ཤོག །རྒྱལ་བའི་སྐུ་གསུང་ཐུགས་ཀྱི་བཀྲ་ཤིས་ཤོག །ཅེས་རྒྱུན་གྱི་ཚོགས་བསགས་སྒྲིབ་སྦྱོང་ཁ་འདོན་ཆག་མེད་བྱེད་བདེའི་ཆེད་དུ་རྡོ་རྗེའི་གསུང་རྣམས་བསྡུས་ཏེ་སྒྲིག་པ་པོ་ནི་ཕྲིན་ལས་ནོར་བུའོ།། །། ༈ །མར་མེའི་སྨོན་ལམ་བཞུགས། ཇི་སྙེད་སྣང་བ་རྣམ་པ་ཐམས་ཅད་པ། །མགོན་པོ་འོད་ཀྱི་སྣང་བ་མཐའ་ཡས་པའི། །ཚད་མེད་ཡོན་ཏན་འོད་ཀྱི་རྗེས་འགྲོ་བའི། །སྣང་གསལ་འོད་ཀྱི་མཆོད་པར་སྤྲོས་ཏེ་འབུལ། །བདག་སོགས་འགྲོ་ཀུན་མངོན་མཐོའི་སྣང་བ་ནས། །ངེས་ལེགས་མཆོག་གི་སྣང་བའི་མཐར་ཐུག་པར། །དཀའ་བ་མེད་པ་ངང་གིས་བགྲོད་གྱུར་ཅིང་། །ཡེ་ཤེས་སྣང་བའི་འོད་སྣང་རྟག་འབར་ཤོག །ཅེས་དད་ལྡན་བསོད་ནམས་ཆོས་འཛོམས་ནས་བསྐུལ་བའི་ངོར་ཕྲིན་ལས་ནོར་བུས་བལ་ཡུལ་མཆོད་རྟེན་ཆེན་མོ་བྱ་རུང་ཁ་ཤོར་མདུན་བྲིས་པའོ།། །།