ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས།

From Dudjom Wiki
TNR-SUNGBUM-03-HUM-008
Wylie title tshig bdun gsol 'debs dang 'brel ba'i bla ma'i rnal 'byor byin rlabs char 'bebs
Location phrin las nor bu'i gsung 'bum
Volume 3, Text 8, Pages (Folios to )
Author ཕྲིན་ལས་ནོར་བུ་
Citation Thinley Norbu. Tshig bdun gsol 'debs dang 'brel ba'i bla ma'i rnal 'byor byin rlabs char 'bebs. In Phrin las nor bu'i gsung 'bum, Vol. 3.
Side notes  
More details More details
Genre

[edit]
༄༅། །ཚིག་བདུན་གསོལ་འདེབས་དང་འབྲེལ་བའི་བླ་མའི་རྣལ་འབྱོར་བྱིན་རླབས་ཆར་འབེབས་བཞུགས་སོ། །

༄༅། །གུ་རུ་རིན་པོ་ཆེའི་ཚིག་བདུན་གསོལ་འདེབས་བཞུགས། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ༈ རྒྱལ་ཀུན་བསྐྱེད་ཡུམ་ཆོས་དབྱིངས་ཀུན་བཟང་མོ། །བོད་འབངས་སྐྱོབ་པའི་མ་ཅིག་དྲིན་མོ་ཆེ། །དངོས་གྲུབ་མཆོག་སྩོལ་བདེ་ཆེན་མཁའ་འགྲོའི་གཙོ། །ཡེ་ཤེས་མཚོ་རྒྱལ་ཞབས་ལ་གསོལ་བ་འདེབས། །ཕྱི་ནང་གསང་བའི་བར་ཆད་ཞི་བ་དང་། །བླ་མའི་སྐུ་ཚེ་བརྟན་པར་བྱིན་གྱིས་རློབས། །ནད་མུག་མཚོན་བསྐལ་ཞི་བར་བྱིན་གྱིས་རློབས། །བྱད་ཕུར་རྦོད་གཏོང་ཞི་བར་བྱིན་གྱིས་རློབས།། །ཚེ་དཔལ་ཤེས་རབ་རྒྱས་པར་བྱིན་གྱིས་རློབས། བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། ཅེས་པ་འདིའང་ཡེ་ཤེས་མཁའ་འགྲོས་བསྐྱངས་པའི་བུ་མཁའ་ཁྱབ་རྡོ་རྗེས་བྲིས་པ་དགེ་ལེགས་འཕེལ།། །།ཨཿ རང་ལུས་ཐ་མལ་གནས་པའི་མདུན་མཁའ་རུ། །ཨོ་རྒྱན་དྲི་མེད་དྷ་ན་ཀོ་ཤའི་མཚོ། །གཏིང་ཟབ་ཡན་ལག་བརྒྱད་ལྡན་ཆུས་གང་བའི། །དབུས་སུ་རིན་ཆེན་པད་སྡོང་འདབ་རྒྱས་སྟེང་། །སྐྱབས་གནས་ཀུན་འདུས་ཨོ་རྒྱན་རྡོ་རྗེ་འཆང་། །མཚན་དཔེའི་དཔལ་འབར་མཚོ་རྒྱལ་ཡུམ་དང་འཁྲིལ། །ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་བུམ་བསྣམས། །དར་དང་རིན་ཆེན་རུས་པའི་རྒྱན་གྱིས་མཛེས། །འོད་ལྔའི་ཀློང་ནས་བདེ་ཆེན་གཟི་བྱིན་འབར། །འཁོར་དུ་རྩ་གསུམ་རྒྱ་མཚོའི་སྤྲིན་ལྟར་གཏིབས། །བྱིན་རླབས་ཐུགས་རྗེའི་ཆར་འབེབས་བདག་ལ་གཟིགས། །རྒྱལ་ཀུན་ངོ་བོ་འཆི་མེད་ཡེ་ཤེས་སྐུར། །གདུང་ཤུགས་དྲག་པོས་དད་ཕྱག་རྟག་ཏུ་འཚལ། །ལུས་དང་ལོངས་སྤྱོད་དུས་གསུམ་དགེ་བའི་ཚོགས། །ཀུན་བཟང་མཆོད་པའི་སྤྲིན་དུ་དམིགས་ནས་འབུལ། །ཐོག་མེད་ནས་བསགས་སྡིག་ལྟུང་མ་ལུས་བཤགས། །སྲས་བཅས་རྒྱལ་བ་ཀུན་གྱི་ཡོན་ཏན་གྱི། །ཁྱབ་བདག་གཅིག་པུ་མགོན་པོའི་རྣམ་ཐར་ལ། །སྙིང་ནས་ཡི་རང་དད་པས་གསོལ་འདེབས་ཤིང་། །ཟབ་རྒྱས་ཆོས་ཀྱི་ཆར་ཆེན་འབེབས་པར་བསྐུལ། །རང་གཞན་དགེ་བའི་དངོས་པོ་ཀུན་བསྡོམས་ནས། །འགྲོ་ཁམས་རྒྱ་མཚོ་ཇི་སྲིད་གནས་ཀྱི་བར། །མགོན་པོ་ཁྱོད་ཀྱི་རྣམ་ཐར་རྗེས་སྙེགས་ཏེ། །མཁའ་ཁྱབ་འགྲོ་བ་འདྲེན་པའི་དོན་དུ་བསྔོ། །སྐྱབས་གནས་ཀུན་འདུས་མཁྱེན་བརྩེའི་གཏེར་ཆེན་པོ། །དུས་ངན་སྙིགས་མའི་སྐྱབས་མཆོག་རིན་པོ་ཆེ། །ལྔ་བདོའི་རྒུད་པས་མནར་ཤིང་གདུང་ཤུགས་ཀྱིས། །གསོལ་འདེབས་བུ་ལ་བརྩེ་བས་ཐུགས་ཀྱིས་དགོངས། །དགོངས་པའི་ཀློང་ནས་ཐུགས་རྗེའི་རྩལ་ཕྱུངས་ལ། །མོས་ལྡན་བདག་གི་སྙིང་ལ་བྱིན་གྱིས་རློབས། །རྟགས་དང་མཚན་མ་མྱུར་དུ་སྟོན་པ་དང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གུ་རུ་པདྨ་སིདྡྷི་ཧཱུྃ༔ ཞེས་བྱས་ལ་ཚིག་བདུན་གསོལ་འདེབས་ཅི་ནུས་སུ་འདོན། མོས་གུས་ཀྱིས་གསོལ་བ་བཏབ་པས་བླ་མ་ཡབ་ཡུམ་གྱི་སྦྱོར་མཚམས་དང་ཐུགས་ཀ་ནས་ཡེ་ཤེས་ཀྱི་འོད་ཟེར་སྣ་ལྔ་བ་ཐག་ལྟར་བརྒྱངས་ནས་རང་གི་སྙིང་གར་ཐིམ་པས་རྒྱུད་བྱིན་གྱིས་བརླབ་པར་བསམ། བཛྲ་གུ་རུ་ཅི་རིགས་བཟླ། ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུཾ། ཚོགས་མཆོད་སྤྲོ་ན་འདིར་སྦྱར། རྒྱུན་དུ་དབང་ལེན་ལ་འཇུག རྡོ་རྗེའི་ཚིག་བདུན་དང་འབྲེལ་བའི་ཚོགས་མཆོད་དཔལ་གྱི་བུམ་བཟང་བཞུགས་སོ། །ཤ་ཆང་སོགས་ཅི་འབྱོར་པའི་དམ་རྫས་བཤམས་ལ། ཧཱུྃ། ཨ་ལས་ཆོས་དབྱིངས་དང་མཉམ་ཀཱ་པ་ལར། །ཨོཾ་ལས་སྣང་སྲིད་འདོད་ཡོན་ཚོགས་སུ་བཤམས། །ཧཱུྃ་གིས་བདེ་ཆེན་ཡེ་ཤེས་རོལ་པར་བསྒྱུར། །ཧྲཱིཿཡིས་རྩ་གསུམ་ལྷ་ཚོགས་དགྱེས་པ་བསྐང་། །ཨོཾ་ཨཱཿཧཱུྃ་ཧྲཱིཿས། བྱིན་གྱིས་བརླབས། ཚོགས་ཞིང་སྤྱན་འདྲེན་ཅིང་མཆོད་པ་འབུལ་བ་ནི། ཧཱུྃ༔ ཨོ་རྒྱན་ཡུལ་གྱི་ནུབ་བྱང་མཚམས༔ པདྨ་གེ་སར་སྡོང་པོ་ལ༔ ཡ་མཚན་མཆོག་གི་དངོས་གྲུབ་བརྙེས༔ པདྨ་འབྱུང་གནས་ཞེས་སུ་གྲགས༔ འཁོར་དུ་མཁའ་འགྲོ་མང་པོས་བསྐོར༔ ཁྱེད་ཀྱི་རྗེས་སུ་བདག་བསྒྲུབ་ཀྱི༔ འདོད་ཡོན་ཚོགས་ལ་སྤྱན་འདྲེན་ན༔ བྱིན་གྱིས་རློབས་ཕྱིར་གཤེགས་སུ་གསོལ༔ གནས་མཆོག་འདི་རུ་བྱིན་ཕོབ་ལ༔ ཚོགས་མཆོད་ཡེ་ཤེས་བདུད་རྩིར་བསྒྱུར༔ སྒྲུབ་མཆོག་བདག་ལ་དབང་བཞི་བསྐུར༔ བགེགས་དང་ལོག་འདྲེན་བར་ཆད་སོལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཧཱུྃ༔ བླ་མ་རྗེ་བཙུན་པདྨ་ཐོད་ཕྲེང་རྩལ། །རིག་འཛིན་མཁའ་འགྲོའི་ཚོགས་དང་བཅས་པ་ཡི། །རྩ་གསུམ་ཀུན་འདུས་རྒྱལ་བའི་དཀྱིལ་འཁོར་ལ། །མོས་གུས་གདུང་ཤུགས་དྲག་པོས་གསོལ་བ་འདེབས། །བདག་གཞན་སྒོ་གསུམ་དགེ་ཚོགས་ལོངས་སྤྱོད་བཅས། །སྣང་སྲིད་འདོད་ཡོན་དགྱེས་རྒུ་མ་ཚང་མེད། །ཀུན་བཟང་བདེ་ཆེན་ཚོགས་ཀྱི་འཁོར་ལོར་འབུལ། །ཐུགས་བརྩེའི་དགྱེས་བཞེས་ཐུགས་དམ་བསྐོང་གྱུར་ཅིག །གསོལ་བ་འདེབས་སོ་གུ་རུ་རིན་པོ་ཆེ། །བྱིན་གྱིས་རློབས་ཤིག་རིག་འཛིན་མཁའ་འགྲོའི་ཚོགས། །མོས་ལྡན་བུ་ལ་མཆོག་ཐུན་དངོས་གྲུབ་སྩོལ། །དམ་ཚིག་ཉམས་ཆག་ཐམས་ཅད་སྦྱང་དུ་གསོལ། །ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་སྒྲོལ། །བྱང་ཆུབ་བར་དུ་འབྲལ་མེད་རྗེས་འཛིན་ཞིང་། །ཚེ་བསོད་ཉམས་རྟོགས་ཡར་ངོའི་ཟླ་ལྟར་འཕེལ། །བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ ཚོགས་བསྡུས་ནི། ཚོགས་རྫས་རྣམས། ཨོཾ་ཨཱཿཧཱུྃ་ཧོཿ ས། བྱིན་གྱིས་རླབས། རྩ་གསུམ་ལྷ་ཚོགས་ཚོགས་ལ་སྤྱན་འདྲེན་གཤེགས། །ཕྱི་ནང་གསང་བའི་བདེ་ཆེན་ཚོགས་མཆོད་འབུལ། །དམ་ཚིག་ཉམས་ཆགས་ཐམས་ཅད་མཐོལ་ལོ་བཤགས། །གཉིས་འཛིན་དགྲ་བགེགས་ཆོས་ཀྱི་དབྱིངས་སུ་སྒྲོལ། །མཉམ་ཉིད་བདེ་བ་ཆེན་པོའི་ཐུགས་དམ་བསྐངས། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཞེས་པའང་ཚོགས་གྲངས་བསགས་སོགས་ལ་མཁོ་བའི་ཚེ་འཇམ་དཔལ་རྡོ་རྗེས་སོ།། །། ༈ མཁའ་འགྲོའི་བསྐང་བསྡུས་པདྨའི་རྒྱུད་མང་ཞེས་བྱ་བ་བཞུགས་སོ། །ཧྲཱིཿ ཚོགས་ཁང་བདེ་ཆེན་པདྨ་འོད། །རྣལ་འབྱོར་བདེ་ཆེན་སྒྲུབ་པ་པོ། །དམ་རྫས་བདེ་ཆེན་བདུད་རྩི་ཆེ། །རྨད་བྱུང་བདེ་ཆེན་སྤྲིན་ཕུང་འཕྲོ། །མཁའ་འགྲོ་བདེ་ཆེན་རྒྱལ་མོའི་ཚོགས། །ཐུགས་དམ་བདེ་ཆེན་དབྱིངས་སུ་བསྐང་། །རིགས་ཀུན་ཁྱབ་བདག་འོད་མི་འགྱུར། །སྣང་བ་མཐའ་ཡས་ཐུགས་དམ་བསྐང་། །འགྲོ་བ་ཀུན་འདུལ་སྙིང་རྗེའི་གཏེར། །སྤྱན་རས་གཟིགས་ཀྱི་ཐུགས་དམ་བསྐང་། །འཁོར་འདས་ཟིལ་གནོན་ཐོད་ཕྲེང་རྩལ། །པདྨ་གར་དབང་ཐུགས་དམ་བསྐང་། །དཀྱིལ་འཁོར་གཙོ་མཆོག་དབྱིངས་ཕྱུག་ཡུམ། །ཡེ་ཤེས་མཚོ་རྒྱལ་ཐུགས་དམ་བསྐང་། །གང་འདུལ་སྤྲུལ་པའི་སྒྱུ་འཕྲུལ་གར། །འབུམ་ཕྲག་མཁའ་འགྲོའི་ཐུགས་དམ་བསྐང་། །ཐོགས་མེད་ཕྲིན་ལས་རྫུ་འཕྲུལ་བདག །དམ་ཅན་ཆོས་སྲུང་ཐུགས་དམ་བསྐང་། །རྡོ་རྗེ་ཐེག་པའི་དམ་ཚིག་དང་། །འགལ་བའི་ཉམས་ཆག་ཅི་མཆིས་བཤགས། །ཕྱི་ནང་གསང་བའི་བར་ཆད་གེགས། །འཕོ་མེད་འོད་གསལ་ཀློང་དུ་སོལ། །མཆོག་དང་ཐུན་མོང་དངོས་གྲུབ་ཀུན། །ཚེ་འདིར་འགྲུབ་པའི་ཕྲིན་ལས་མཛོད། །ཅེས་པའང་ངག་དབང་སྐལ་ལྡན་རྡོ་རྗེས་བསྐུལ་ངོར་ཛྙཱ་ནས་སྤེལ་བ་དགེ། །། ༈ སྤྲོ་ན་རྡོ་རྗེའི་གླུ་ཡང་བྱ་སྟེ། འགྲོ་བ་ཀུན་ནི་མཆོག་ཏུ་དགའ་བའི་རང་བཞིན་ཏེ། །རྣལ་འབྱོར་མ་ནི་འཁོར་ལོའི་རང་བཞིན་དུ་གནས་ཀྱི། །ས་གསུམ་མ་ལུས་འགྲོ་བ་སངས་རྒྱས་ཀྱི་རང་བཞིན། །སྙིང་རྗེས་གཞོན་ནུ་མ་དང་ལྷན་ཅིག་རོལ་པར་བྱའོ། །ཨ་རེ་གཏི་མུག་ཕྱུགས་ཀྱི་མི་ཤེས་སོ། །ལྷན་སྐྱེས་མཛེས་མས་བླངས་ནས་བདེ་བ་ཆེ་ལ་མནོས། །གང་གིས་དོན་དམ་པ་ནི་མ་བསྒོམས་པར། །དེ་ཡིས་སངས་རྒྱས་ཉིད་ནི་ཐོབ་པ་མ་ཡིན་ནོ། །ནང་དང་ཕྱི་ནི་དབྱེ་བ་མེད་པར་ཤེས་པར་གྱིས། །འཇིག་རྟེན་ཐམས་ཅད་བསྒྲལ་བར་ནུས་པའོ། །ཨ་རེ་གཏི་མུག་ཕྱུགས་ཀྱིས་མི་ཤེས་སོ། །ལྷན་སྐྱེས་མཛོས་མས་བླངས་ནས་བདེ་བ་ཆེལ་མནོས། །ཞེས་དྲུག་འགྱུར་དུ་བླང་ངོ་། ། ༈ ལས་སྨོན་རྟེན་འབྲེལ་དཔག་བསམ་ལྗོན་ཤིང་གི་སྟེང་དུ། །རྒྱ་གར་ཤར་གྱི་རྨ་བྱ་གཞོན་ནུ་ཡང་ཕེབས་བྱུང་། །རྨ་བྱའི་གདུགས་སྐོར་དམ་པའི་ཆོས་ཕྱོགས་ལ་བསྒྱུར་དང་། །གཞོན་པ་ང་ཚོས་ཐར་པའི་ལམ་སྣ་ཞིག་ཟིན་ཡོང་། །བསོད་ནམས་དཔྱིད་ཀྱི་རྒྱལ་མོ་ཤིང་རྟ་ལ་ཕེབས་པའི། །ལྷོ་མོན་ཤིང་ལོའི་ཚལ་གྱི་ཁུ་བྱུག་གི་གསུང་སྙན། །ཡ་གི་དྲི་ཟའི་བུ་མོའི་གླིང་བུ་ལས་སྙན་པ། །དབྱར་གསུམ་ནམ་ཟླ་གསོ་བའི་རྟེན་འབྲེལ་ལ་ཡག་བྱུང་། །འདིར་འདུས་ལས་སྨོན་མཐུན་པའི་རྡོ་རྗེ་ཡི་སྤུན་གྲོགས། །ང་ཚོའི་བླ་མ་བཞུགས་པའི་ཆོས་ར་ལ་ཕེབས་དང་། །སྨིན་སྒྲོལ་བདུད་རྩི་འཐུང་བའི་དགའ་སྟོན་གྱི་ངང་ནས། །ཉམས་དགའ་གླུ་རུ་ལེན་པའི་ཁྱད་ཆོས་ཤིག་ཡོད་དོ། །བདེ་ཆེན་འཕོ་འགྱུར་མེད་པའི་བཞུགས་གྲལ་གྱི་དབུས་ནས། །ལྷ་དང་བླ་མའི་ཞལ་རས་མ་བསྒོམས་ཀྱང་མཇལ་བྱུང་། །མ་དང་མཁའ་འགྲོའི་སྙིང་ཐིག་འོད་གསལ་གྱི་ཐེག་པས། །འཇའ་ལུས་ཆོས་སྐུར་འགྲུབ་པའི་དངོས་གྲུབ་ཅིག་ཞུའོ། །རིག་འཛིན་འཇིགས་མེད་གླིང་པའི་གསུང་ངོ་། །ལྷག་མ་གཏོང་བ་ནི། ཨོཾ་ཨཱཿཧཱུྃ༔ ལྷག་ལ་དབང་བ་དྲེགས་པའི་ཚོགས༔ སྤྲིན་ལྟར་གཏིབས་ཤིང་ཧབ་ཤ་རྒྱུག༔ ཤ་ཁྲག་རྒྱན་པའི་ཚོགས་ལྷག་བཞེས༔ སྔོན་གྱི་དམ་བཅའ་ཇི་བཞིན་དུ༔ བསྟན་དགྲ་དམ་ཉམས་ཟས་སུ་ཟོ༔ རྟགས་དང་མཚན་མ་མྱུར་དུ་སྟོན༔ བསྒྲུབ་པའི་བར་ཆད་བཟློག་པ་དང་༔ ཕྲིན་ལས་ཐོགས་མེད་འགྲུབ་པར་མཛོད༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ཞེས་བརྗོད་ནས་ལྷག་མ་དོར་རོ། །ཐུན་མཐར། བླ་མའི་གནས་གསུམ་ཡི་གེ་འབྲུ་གསུམ་ལས༔ འོད་ཟེར་དཀར་དམར་མཐིང་གསུམ་བྱུང་ནས་སུ༔ རང་གི་གནས་གསུམ་ཐིམ་པས་སྒོ་གསུམ་གྱི༔ སྒྲིབ་བྱང་སྐུ་གསུང་ཐུགས་ཀྱི་རྡོ་རྗེར་གྱུར༔ མཐར་ནི་བླ་མ་འཁོར་བཅས་འོད་དུ་ཞུ༔ དཀར་དམར་ཐིག་ལེ་ཧཱུྃ་གིས་མཚན་པ་རུ༔ རང་གི་སྙིང་གར་ཐིམ་པས་བླ་མའི་ཐུགས༔ རང་སེམས་དབྱེར་མེད་ལྷན་སྐྱེས་ཆོས་སྐུར་གནས༔ ཨཱ་ཨཱ༔ ཞེས་བརྗོད་ལ་ཡེ་ནས་བཅོས་བསྒྱུར་སྤང་བླང་ལས་འདས་པ་རང་གི་སེམས་ཉིད་གདོད་མའི་ཆོས་སྐུ་ཆེན་པོའི་རང་ཞལ་བལྟ། སླར་ཡང་སྒྱུ་མ་ལྟ་བུའི་སྣང་བ་ཐམས་ཅད་བླ་མའི་རང་བཞིན་དུ་བལྟས་ལ་དགེ་བ་བསྔོ་ཞིང་ཤིས་པ་བརྗོད་པས་བདེ་ལེགས་སུ་བྱའོ། །ཞེས་པའང་ཐམས་ཅད་འདུལ་ཅེས་པའི་གྲོ་བཞིན་ཟླ་བའི་ཡར་ཚེས་བརྒྱད་ལ། ཚེ་རབས་ཐམས་ཅད་དུ་གུ་རུ་པདྨའི་བྲན་དུ་སྨོན་ལམ་འདེབས་པ་མི་ཕམ་རྣམ་པར་རྒྱལ་བའི་ཡིད་ཀྱི་མཚོ་ལས་བྱུང་བ་དགེའོ། །སརྦ་མངྒ་ལཾ།། །། ༈ དགེ་བ་འདི་ཡིས་མྱུར་དུ་བདག །ཨོ་རྒྱན་བླ་མ་འགྲུབ་གྱུར་ནས། །འགྲོ་བ་གཅིག་ཀྱང་མ་ལུས་པ། །དེ་ཡི་ས་ལ་འགོད་པར་ཤོག །ཅེས་སོགས་བསྔོ་སྨོན་གྱིས་རྒྱས་གདབ་བོ།། །།ན་མོ་གུ་རུ༔ སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ལྷོ་ནུབ་སྲིན་པོའི་ཡུལ་དུ་གཤེགས་པའི་དུས༔ མང་ཡུལ་གུང་ཐང་ལ་ཐོག་ཏུ་ཡེ་ཤེས་མཚོ་རྒྱལ་གྱིས་ཕྱག་དང་བསྐོར་བ་བྱས༔ གུ་རུའི་ཞབས་སྤྱི་བོར་བླངས་ནས་སྨོན་ལམ་འདི་ལྟར་བཏབ་པ༔ མ་ཧཱ་གུ་རུའི་བྱིན་རླབས་ཀྱིས༔ བདག་ཀྱང་ཚེ་རབས་ཐམས་ཅད་དུ༔ ཞིང་ཁམས་དག་པའི་ཕོ་བྲང་དུ༔ བླ་མ་འབྲལ་མེད་བསྟེན་པར་ཤོག༔ མོས་གུས་ལྟེམ་ཀྱང་མེད་པ་ཡིས༔ མཉེས་པའི་ཞབས་ཏོག་འགྲུབ་པ་དང་༔ དགོངས་པ་ཟབ་མོའི་ཐུགས་ཀྱི་བཅུད༔ བྱིན་རླབས་བདུད་རྩིའི་ལུང་ཐོབ་ཤོག༔ སྐུ་གསུང་ཐུགས་ཀྱི་བྱིན་རླབས་ཀྱིས༔ ལུས་ངག་ཡིད་གསུམ་སྨིན་པ་དང་༔ ཟབ་མོའི་བསྐྱེད་རྫོགས་རྣམ་གཉིས་ལ༔ དབང་ཐོབ་སྒྲུབ་པ་བྱེད་པར་ཤོག༔ ལོག་རྟོག་བདུད་ཀྱི་ཚོགས་རྣམས་དང་༔ ནད་གདོན་བར་ཆད་ཞི་བ་དང་༔ འཁོར་དང་ལོངས་སྤྱོད་རྒྱས་པ་ཡིས༔ བསམ་པ་ཡིད་བཞིན་འགྲུབ་པར་ཤོག༔ དུར་ཁྲོད་རི་ཁྲོད་གངས་ཁྲོད་སོགས༔ ཕུན་སུམ་ཚོགས་པའི་གནས་ཉིད་དུ༔ ཏིང་འཛིན་ཟབ་མོའི་དགོངས་བཅུད་ལ༔ རྟག་ཏུ་བསྒྲུབ་པ་བྱེད་པར་ཤོག༔ སྒྲུབ་པ་བྱེད་པའི་འབྲས་བུ་ཡིས༔ ཕྲིན་ལས་རྣམ་བཞི་འགྲུབ་པ་དང་༔ ལྷ་སྲིན་བྲན་དུ་ཁོལ་ནས་ཀྱང་༔ སངས་རྒྱས་བསྟན་པ་བསྲུང་བར་ཤོག༔ སྟོན་པས་གསུངས་པའི་དམ་ཆོས་རྣམས༔ རྩོལ་མེད་རྒྱུད་ལ་འཆར་བར་ཤོག༔ མཁྱེན་པ་མཆོག་ལ་མངའ་བརྙེས་ནས༔ རྟོགས་པ་མཆོག་དང་ལྡན་པར་ཤོག༔ བྱང་ཆུབ་སེམས་ཀྱི་རྟེན་འབྲེལ་གྱིས༔ སྐྱེ་འགྲོ་མ་ལུས་དབང་བསྡུས་ནས༔ ཐོགས་མེད་ཡིད་བཞིན་ནོར་བུའི་མཐུས༔ འབྲེལ་ཚད་དོན་དང་ལྡན་པར་ཤོག༔ སངས་རྒྱས་བསྟན་པ་དར་བའི་མཐུས༔ བརྒྱུད་འཛིན་ཆོས་སྟོན་རྒྱས་པ་དང་༔ འགྲོ་ཀུན་བདེ་ལ་འཁོད་ནས་ཀྱང་༔ ཞིང་ཁམས་ཐམས་ཅད་དག་པར་ཤོག༔ བདག་གི་ལུས་ངག་ཡིད་གསུམ་གྱིས༔ གདུལ་བྱ་སོ་སོའི་བློ་ཡུལ་དུ༔ གང་ལ་གང་འདུལ་སྤྲུལ་པའི་སྐུ༔ དཔག་ཏུ་མེད་པར་བྱུང་བར་ཤོག༔ མདོར་ན་འཁོར་འདས་མ་ལུས་ཀུན༔ གུ་རུ་ཉིད་དང་དབྱེར་མེད་ཅིང་༔ སྐུ་གསུམ་འདུ་འབྲལ་མེད་པ་ཡི༔ རྣམ་མཁྱེན་སངས་རྒྱས་མྱུར་ཐོབ་ཤོག༔ སེམས་ཅན་གསོལ་བ་འདེབས་པར་ཤོག༔ བླ་མས་བྱིན་གྱིས་རློབས་པར་ཤོག༔ ཡི་དམ་དངོས་གྲུབ་སྟེར་བར་ཤོག༔ མཁའ་འགྲོས་ལུང་བསྟན་བྱེད་པར་ཤོག༔ ཆོས་སྐྱོང་བར་ཆད་བསལ་བར་ཤོག༔ སངས་རྒྱས་བསྟན་པ་དར་ཞིང་རྒྱས་པར་ཤོག༔ སེམས་ཅན་ཐམས་ཅད་བདེ་ཞིང་སྐྱིད་པར་ཤོག༔ ཉིན་དང་མཚན་དུ་ཆོས་ལ་སྤྱོད་པར་ཤོག༔ རང་གཞན་དོན་གཉིས་ལྷུན་གྱིས་གྲུབ་པར་ཤོག༔ རང་བཞིན་དག་པའི་དགེ་བ་འདིས༔ འཁོར་བ་ངན་སོང་དོང་སྤྲུགས་ནས༔ སྲིད་མཚོར་སླར་ཡང་མི་གནས་ཤིང་༔ ཕྱམ་གཅིག་སྐུ་གསུམ་མངོན་གྱུར་ཤོག༔ རྒྱལ་བ་ཀུན་གྱི་གསང་ཆེན་མཛོད༔ བླ་མེད་མཆོག་གི་བསྟན་པ་འདི༔ ཇི་ལྟར་མཁའ་ལ་ཉི་ཤར་བཞིན༔ རྒྱལ་ཁམས་ཡོངས་ལ་དར་རྒྱས་ཤོག༔ བདག་གི་དགེ་བའི་རྩ་བ་འདི་དང་དགེ་བའི་རྩ་བ་གཞན་དག་ཀྱང་བསྐྱེད་ནས༔ དཔལ་ལྡན་བླ་མའི་ཐུགས་དགོངས་ཡོངས་སུ་རྫོགས་པའི་ཡོན་ཏན་དང་ལྡན་པར་གྱུར་ཅིག༔ སངས་རྒྱས་ཀྱི་བསྟན་པ་རིན་པོ་ཆེ་དར་ཞིང་རྒྱས་པར་བྱེད་པའི་སྐྱེས་བུ་སྟོབས་ལྡན་དུ་གྱུར་ཅིག༔ མཁྱེན་པ་དང་བརྩེ་བ་ནུས་པ་གསུམ་མཐར་ཕྱིན་ནས་རྫོགས་པའི་སངས་རྒྱས་སུ་གྱུར་ཅིག༔ འགྲོ་བ་རིགས་དྲུག་ན་གནས་པའི་སེམས་ཅན་ཐམས་ཅད་འཁོར་བ་སྡུག་བསྔལ་གྱི་རྒྱ་མཚོ་ཆེན་པོ་ལས་བསྒྲལ་ཏེ་མྱུར་དུ་མངོན་པར་རྫོགས་པར་སངས་རྒྱས་པར་གྱུར་ཅིག༔ བདག་འདྲ་པདྨ་གླིང་པས་ལྷོ་བྲག་སྨན་མདོའི་བྲག་སེང་གེའི་གདོང་པ་ཅན་ནས་གདན་དྲངས་པའོ།། །།༈ ཀུན་བཟང་རྡོ་རྗེ་འཆང་ཆེན་མན་ཆད་ནས། །དྲིན་ཅན་རྩ་བའི་བླ་མ་ཡན་ཆད་ཀྱིས། །འགྲོ་བའི་དོན་དུ་སྨོན་ལམ་གང་བཏབ་པ། །དེ་དག་ཐམས་ཅད་བདག་གིས་འགྲུབ་པར་ཤོག །དེ་ལྟར་རྩ་གསུམ་ཀུན་འདུས་ཨོ་རྒྱན་ཆེན་པོ་ཡབ་ཡུམ་ལ་བརྟེན་ནས་ཡར་ངོའི་མར་ངོའི་མཆོད་པ་མ་ཆག་པར་བགྱི་བའི་ཕྱིར་དུ་དད་པ་དང་ལྡན་ཡང་སྤྲོས་པ་མི་གཅོག་པའི་བློ་དམན་བདག་དང་བདག་འདྲའི་རིགས་ལ་སྨན་སླད་འཇམ་མགོན་མི་ཕམ་རིན་པོ་ཆེའི་ཚིག་བདུན་བླ་སྒྲུབ་ལ་བསྟེན་ནས་ཚོགས་བསྐང་དང་ཚོགས་གླུ་སྨོན་ལམ་བཅས་རིག་འཛིན་གོང་མ་རྣམས་ཀྱི་རྡོ་རྗེའི་གསུང་ལྷན་ཐབས་སུ་སྒྲིགས་པ་པོ་ནི་རིག་འཛིན་པདྨ་ཀ་ར་ལ་སྙིང་ནས་བླ་མར་བྱེད་པ་ཕྲིན་ལས་ནོར་བུའོ།། །།