ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོའི་དབང་ཆོག་གཏེར་གྱི་བུམ་བཟང་༔

From Dudjom Wiki
TTDL-ZABTER-01-KA-023
Wylie title zab gsang mkha' 'gro'i snying thig las: bla ma drag po bde chen rgyal po'i dbang chog gter gyi bum bzang: TTDL-ZABTER-01-KA-023.pdf
Location bdud 'joms gling pa zab gter
Volume 1, Text 23, Pages 213-228 (Folios 1a1 to 8b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bla ma drag po bde chen rgyal po'i dbang chog gter gyi bum bzang. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 213-228. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dbang chog   Verso: bdud 'joms gu ru drag po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Empowerment Ritual - dbang chog - dbang skur
Cycle བླ་མ་དྲག་པོ་བདེ་ཆེན་རྒྱལ་པོ་ (bla ma drag po bde chen rgyal po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ནི་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ཅེས་བྱ་བ་ནས་གདན་དྲངས་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱ་བྱས་ནས་མཐར་རྟེན་འབྲེལ་དུས་ལ་བབས་ཚེ་རང་སློབ་ཡེ་ཤེས་ཉི་མས་ནན་དུ་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཤེས་རབ་འོད་ཟེར་གྱི་རྣམ་སྤྲུལ་སློབ་མའི་མཆོག་གྱུར་ཆོས་ཀྱི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ། །ཇི་སྲིད་བསྐལ་པ་འཇིག་རྟེན་མ་སྟོང་བར། །དེ་སྲིད་སྙིང་པོའི་བསྟན་འདི་མ་རྫོགས་སོ།།

zhes pa 'di ni khrag 'thung rdo rje khro lod rtsal gyis gser smad rnga la stag rtse'i g.yas logs rdo rje brag ces bya ba nas gdan drangs te mi lo bco brgyad bar du bka' rgya byas nas mthar rten 'brel dus la babs tshe rang slob ye shes nyi mas nan du bskul ngor smar mdo bkra shis dga' 'khyil du gtan la phab pa'i yi ge pa ni shes rab 'od zer gyi rnam sprul slob ma'i mchog gyur chos kyi rdo rje'o/_/dge'o/_/dge'o/_/dge'o/_/ji srid bskal pa 'jig rten ma stong bar/_/de srid snying po'i bstan 'di ma rdzogs so//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་དྲག་པོ་བདེ་ཆེན་རྒྱལ་པོའི་དབང་ཆོག་གཏེར་གྱི་བུམ་བཟང་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བླ་མ་དྲག་པོའི་དབང་ཆོག་འདི༔ ལག་ཏུ་ལེན་པའི་རིམ་པ་ནི༔ ལྟ་དགོངས་མཆོག་ལྡན་སློབ་དཔོན་གྱིས༔ དཀྱིལ་འཁོར་བཀོད་ལེགས་མཚན་རྫོགས་སུ༔ སྐུ་གསུང་ཐུགས་ཀྱི་རྟེན་རྣམས་བཀྲམ༔ དང་པོ་སྒྲུབ་པའི་གཞུང་དུ་འཇུག༔ དེ་ནས་སྣོད་ལྡན་སློབ་མ་ལ༔ དབང་གིས་སྨིན་པར་བྱ་བ་ནི༔ དང་པོ་གྲལ་འཁོད་ཁྲུས་བྱ་ཞིང་༔ བགེགས་བསྐྲད་བསྲུང་བའི་འཁོར་ལོ་བསྒོམས༔ སྣོད་མེད་ཕྱིར་ལ་བསལ་བའི་ཕྱིར༔ རྡོ་རྗེའི་ཚིག་གིས་བསལ་བར་བྱ༔ བླ་མས་འདི་སྐད་དུ༔ ཧོཿ འདིར་འདུས་གྲལ་འཁོད་སྐྱེས་བུ་ཕོ་མོ་རྣམས༔ གསང་སྔགས་ཟབ་མོའི་དབང་གི་སྒོར་འཇུག་ན༔ དམ་ཚིག་གཉན་པོ་སྲོག་ལྟར་བསྲུང་ནུས་སམ༔ མི་ནུས་པ་རྣམས་ད་ལྟ་ཕྱིར་དེངས་ཤིག༔ དེ་ནས་སློབ་མས༔ ཀྱཻ་ཧོཿ རྡོ་རྗེ་རྒྱལ་པོ་སངས་རྒྱས་ཀུན་འདུས་དཔལ༔ ད་ནས་བཟུང་སྟེ་བྱང་ཆུབ་སྙིང་པོའི་བར༔ བདག་གི་སྒོ་གསུམ་ཁྱེད་ལ་འབུལ་ལགས་ཀྱི༔ རྗེས་སུ་བཟུང་ནས་སྨིན་གྲོལ་མཛད་དུ་གསོལ༔ ལན་གསུམ་བརྗོད༔ དེ་ནས་བླ་མས༔ ཧོཿ བསྐལ་པ་དཔག་ཏུ་མེད་པའི་སྔོན་རོལ་ནས༔ ཚོགས་སྨོན་ལས་འཕྲོ་བཟང་པོའི་སྟོབས་ཤུགས་ཀྱིས༔ གསང་སྔགས་ཟབ་མོའི་སྒོ་དང་འཕྲད་དུས་འདིར༔ དམ་ཚིག་གཉན་པོ་སྲོག་གི་གཏའ་རུ་ཟུངས༔ ཡང་དག་སྙིང་པོའི་དོན་དང་ལྡན་པར་མཛོད༔ དེ་ཕྱིར་དབང་མཆོག་ཟབ་མོ་བསྐུར་བར་བགྱི༔ དེ་ནས་གསང་བའི་མནའ་ཆུ་ལྕེ་ལ་བཞག༔ ཧོཿ གསང་བའི་བདག་པོའི་གསང་ཆེན་བཅུད་དུ་དྲིལ༔ རྡོ་རྗེའི་དམ་ཚིག་མནའ་ཆུ་ལྕེ་ལ་བཞག༔ བསྲུང་ན་ཚེ་འདིར་རྣམ་མཁྱེན་ས་ལ་རེག༔ ཉམས་ན་རྡོ་རྗེ་དམྱལ་བར་ལྟུང་ཏ་རེ༔ དབང་གི་རྩ་བ་དམ་ཚིག་ཡིན་པའི་ཕྱིར༔ སྲུང་སྡོམ་ཟུངས་ལ་འདའ་ཀའི་མནའ་བོར་ཅིག༔ ས་མ་ཡ་ན་ར་ཀན༔ ཅེས་བསྐྱལ་བཅུག་གོ༔ དེ་ནས་སློབ་མའི་རྒྱུད་སྦྱངས་ཏེ་སྒོ་གསུམ་རྡོ་རྗེའི་སྣོད་དུ་རུང་བར་བྱ་བ་ནི༔ ཨ༔ སེམས་དང་སེམས་བྱུང་གཟུང་འཛིན་གྱིས་བསྡུས་པའི་ཆོས་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་དབྱིངས་སུ་ཞིག་པ་ལྟར་ཆོས་ཉིད་བརྡལ་ཁྱབ་ཆེན་པོའི་དབྱིངས་སུ་འབྱམས་ཀླས་པར་གྱུར༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་སོགས༔ སྐད་ཅིག་དེ་ཉིད་དུ་མཁའ་ལ་གློག་འཁྱུག་པ་ལྟ་བུར་རང་སྣང་དོན་གྱི་འོག་མིན་བཀོད་པ་ལྷུན་གྲུབ་ཀྱི་དབྱིངས་སུ་མ་ཆགས་པདྨ་ཉི་ཟླའི་གདན་ལ༔ ཞེས་ལྷར་བསྒོམ་སྟེ་ཡེ་ཤེས་དབབ༔ བཛྲ་ས་མ་ཡ་ཛ་ཛཿཨ་བེ་ཤ་ཡ་ཕེཾ་ཕེཾ༔ ལན་གསུམ༔ ཏིཥྛ་བཛྲ་གྱིས་བརྟན་པར་བྱ༔ དེ་ནས་མིག་དར་བསལ་བ་ནི༔ ཧཱུྃ༔ རང་སྣང་ཡེ་ཤེས་དཀྱིལ་འཁོར་རང་བྱུང་ལྷའི༔ རང་ངོ་སྒྲིབ་བྱེད་མ་རིག་ལིང་ཏོག་སྒྲིབ༔ ཡེ་ཤེས་གསེར་གྱི་ཐུར་མས་དབྱེ་བསལ་ཏེ༔ ལྷུན་གྲུབ་བདེ་ཆེན་དཀྱིལ་འཁོར་མངོན་མཐོང་ཤོག༔ ཨོཾ་ཛྙཱ་ན་ཙཀྵུ་པྲ་བེ་ཤ་ཡ་ཕཊ༔ ཅེས་མིག་རས་བསལ་ཏེ་རང་སྣང་ཡེ་ཤེས་ཀྱི་དཀྱིལ་འཁོར་མངོན་དུ་མཐོང་བར་བསམ༔ ལྷག་པའི་ལྷ་ངོས་བཟུང་བའི་ཕྱིར་མེ་ཏོག་འཐོར་བ་ནི༔ ཧཱུྃ༔ དཀོན་མཆོག་གསུམ་གྱི་མཐུ་སྟོབས་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་གྱིས༔ སྔོན་ནས་ལས་འཕྲོ་གང་ཡོད་པའི༔ ལྷག་པའི་ལྷ་དེར་དབབ་པར་ཤོག༔ ཨོཾ་བཛྲ་པུཥྤེ་ཏྲཱཾཿབཛྲ་པུཥྤེ་སིདྡྷི་ཨཱཿལན་གསུམ༔ གསང་མཚན་ཡང་དག་སྙིང་པོར་གསོལ༔ དེ་ནས་བུམ་དབང་བསྐུར་བའི་རིམ་པ་ནི༔ ཧཱུྃ༔ བུམ་པ་འདི་ནི་གཞལ་ཡས་ཁང་༔ བླ་མ་དྲག་པོའི་ལྷ་ཚོགས་ཞུགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀྱི་སྐུ་ལས་རང་འདྲ་བའི་ཕྱག་རྒྱ་རེ་འཕྲོས་ནས་སློབ་མ་ལ་ཐིམ་པར་བསམ༔ བདེ་ཆེན་རྒྱལ་པོའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་བཟང་སྣོད་ལྡན་སློབ་བུ་ལ༔ བདེ་ཆེན་རྒྱལ་པོའི་དབང་བསྐུར་རོ༔ ལུས་སྒྲིབ་དག་ནས་བུམ་དབང་ཐོབ༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་འཇམ་དཔལ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་བཟང་སྣོད་ལྡན་སློབ་བུ་ལ༔ འཇམ་པའི་དབྱངས་ཀྱི་དབང་བསྐུར་རོ༔ མ་རིག་མུན་པ་དྲུང་འབྱིན་ནས༔ མཁྱེན་རབ་དབང་ཕྱུག་སྐུ་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་རྟ་མགྲིན་རྒྱལ་པོའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་བཟང་སྣོད་ལྡན་སློབ་བུ་ལ༔ རྟ་མགྲིན་རྒྱལ་པོའི་དབང་བསྐུར་རོ༔ སྙིང་རྗེ་ཆེན་པོས་རྒྱུད་གྲོལ་ནས༔ ཐུགས་རྗེའི་དབང་ཕྱུག་སྐུ་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་ཕྱག་ན་རྡོ་རྗེའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་བཟང་སྣོད་ལྡན་སློབ་བུ་ལ༔ ཕྱག་ན་རྡོ་རྗེའི་དབང་བསྐུར་རོ༔ ལོག་འདྲེན་གདུག་པ་ཚར་གཅོད་པའི༔ མཐུ་སྟོབས་མངའ་བདག་སྐུ་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་ཁྲོས་མ་ལྷ་ལྔའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་བཟང་སྣོད་ལྡན་སློབ་བུ་ལ༔ ཁྲོས་མ་ལྷ་ལྔའི་དབང་བསྐུར་རོ༔ མ་དག་འཁྲུལ་པ་རང་གྲོལ་ནས༔ ཡེ་ཤེས་ལྔ་དང་ལྡན་པར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་ཡཀྴ་མེ་དབལ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་བཟང་སྣོད་ལྡན་སློབ་བུ་ལ༔ ཡཀྴ་མེ་དབལ་དབང་བསྐུར་རོ༔ ཁམས་གསུམ་ཡོངས་སྒྲོལ་སྐུ་གསུམ་དུ༔ བསྒྲལ་གྲོལ་ཕྲིན་ལས་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་རིགས་ཀྱི་བདག་པོའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་བཟང་སྣོད་ལྡན་སློབ་བུ་ལ༔ རིགས་ཀྱི་བདག་པོའི་དབང་སྐུར་རོ༔ ཡེ་གཞི་ཀ་དག་གདོད་མའི་སར༔ མ་བཅོས་རང་གྲོལ་གདིང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་རྡོ་རྗེ་དྲག་རྩལ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་བཟང་སྣོད་ལྡན་སློབ་བུ་ལ༔ རྡོ་རྗེ་དྲག་རྩལ་དབང་བསྐུར་རོ༔ རྡོ་རྗེ་རིགས་ཀྱི་གསང་རྫོགས་ནས༔ མེ་ལོང་ཡེ་ཤེས་སྐུ་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་རཏྣ་དྲག་རྩལ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་བཟང་སྣོད་ལྡན་སློབ་བུ་ལ༔ རཏྣ་དྲག་རྩལ་དབང་བསྐུར་རོ༔ རིན་ཆེན་རིགས་ཀྱི་གསང་རྫོགས་ནས༔ མཉམ་ཉིད་ཡེ་ཤེས་སྐུ་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་པདྨ་དྲག་རྩལ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་བཟང་སྣོད་ལྡན་སློབ་བུ་ལ༔ པདྨ་དྲག་རྩལ་དབང་བསྐུར་རོ༔ པདྨ་རིགས་ཀྱི་གསང་རྫོགས་ནས༔ སོར་རྟོག་ཡེ་ཤེས་སྐུ་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་ཀརྨ་དྲག་རྩལ་གྱི་སྐུ་ཐོགས་ལ༔ ཧཱུྃ༔ སྐལ་བཟང་སྣོད་ལྡན་སློབ་བུ་ལ༔ ཀརྨ་དྲག་རྩལ་དབང་བསྐུར་རོ༔ ལས་ཀྱི་རིགས་ཀྱི་གསང་རྫོགས་ནས༔ བྱ་གྲུབ་ཡེ་ཤེས་སྐུ་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་བུདྡྷ་དྲག་རྩལ་གྱི་སྐུ་གཏད་ལ༔ ཧཱུྃ༔ སྐལ་བཟང་སྣོད་ལྡན་སློབ་བུ་ལ༔ བུདྡྷ་དྲག་རྩལ་དབང་བསྐུར་རོ༔ སངས་རྒྱས་རིགས་ཀྱི་གསང་རྫོགས་ནས༔ ཆོས་དབྱིངས་ཡེ་ཤེས་སྐུ་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་རིག་འཛིན་རྒྱལ་པོ་ཧཱུྃ་ཀཱ་རའི་སྐུ་གཏད་ལ༔ ཧཱུྃ༔ ཡང་དག་ཐུགས་ཀྱི་དཀྱིལ་འཁོར་རྫོགས༔ རིག་འཛིན་རྒྱལ་པོ་ཧཱུྃ་ཀཱ་རས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ དོན་གཉིས་ལྷུན་གྲུབ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་འཇམ་དཔལ་བཤེས་གཉེན་གྱི་སྐུ་གཏད་ལ༔ ཧཱུྃ༔ འཇམ་དཔལ་སྐུ་ཡི་དཀྱིལ་འཁོར་རྫོགས༔ རིག་འཛིན་འཇམ་དཔལ་བཤེས་གཉེན་གྱིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ དོན་གཉིས་མཐར་ཕྱིན་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་ནཱ་གརྫུ་ནའི་སྐུ་གཏད་ལ༔ ཧཱུྃ༔ པདྨ་གསུང་གི་དཀྱིལ་འཁོར་རྫོགས༔ རིག་འཛིན་ཀླུ་སྒྲུབ་སྙིང་པོ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དོན་གཉིས་མཐར་ཕྱིན་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་པྲ་བྷ་ཧསྟིའི་སྐུ་ཐོགས་ལ༔ ཧཱུྃ༔ ཕྲིན་ལས་ཕུར་པའི་དཀྱིལ་འཁོར་རྫོགས༔ རིག་འཛིན་པྲ་བྷ་ཧ་སྟི་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ དོན་གཉིས་མཐར་ཕྱིན་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་དྷ་ནས་སཾསྐྲྀ་ཏའི་སྐུ་གཏད་ལ༔ ཧཱུྃ༔ མ་མོ་རྦོད་གཏོང་དཀྱིལ་འཁོར་རྫོགས༔ རིག་འཛིན་དྷ་ན་སཾསྐྲྀ་ཏས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གྲུབ་པ་མངོན་གྱུར་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་བི་མ་ལ་མི་ཏྲའི་སྐུ་གཏད་ལ༔ ཧཱུྃ༔ རིག་འཛིན་བླ་མའི་དཀྱིལ་འཁོར་རྫོགས༔ རིག་འཛིན་རྒྱལ་པོ་བི་མ་ལས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གྲུབ་པ་མངོན་གྱུར་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་རམ་བུ་གུ་ཧྱའི་སྐུ་གཏད་ལ༔ ཧཱུྃ༔ འཇིག་རྟེན་མཆོད་བསྟོད་དཀྱིལ་འཁོར་རྫོགས༔ རིག་འཛིན་རམ་བུ་གུ་ཧྱ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གྲུབ་པ་མངོན་གྱུར་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་ཤཱནྟིཾ་གརྦྷའི་སྐུ་གཏད་ལ༔ ཧཱུྃ༔ དམོད་པ་དྲག་སྔགས་དཀྱིལ་འཁོར་རྫོགས༔ རིག་འཛིན་ཤཱནྟིཾ་གརྦྷ་ཡིས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ གྲུབ་པ་མངོན་གྱུར་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་ཁྲོ་བོ་བཅུའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཁྲོ་ཆེན་བཅུ་ཡིས་དབང་བསྐུར་རོ༔ ལོག་རྟོག་མ་སྤང་རང་གྲོལ་ནས༔ རིག་པ་རང་དབང་ཐོབ་པར་ཤོག༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ ཀཱ་ཡ་ཨ་བྷི༴ དེ་ནས་སྒོ་མ་བཞིའི་སྐུ་གཏད་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ ཡེ་ཤེས་སྒོ་མའི་དབང་བསྐུར་རོ༔ ཚད་མེད་བཞི་ཡི་གདིང་ཐོབ་ནས༔ ཕྲིན་ལས་བཞི་ལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་དུར་ཁྲོད་ཆས་བརྒྱད་བསྐོན་ལ༔ ཧཱུྃ༔ སྐལ་ལྡན་རིགས་ཀྱི་བུ་ཁྱོད་ལ༔ དུར་ཁྲོད་ཆས་བརྒྱད་འདི་གཏད་པས༔ ཚོགས་བརྒྱད་ཡུལ་བརྒྱད་གནས་དག་ནས༔ གཟུང་འཛིན་རང་གྲོལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་གནམ་ལྕགས་རྡོ་རྗེ་ལག་གཡས་སུ་གཏད་ལ༔ ཧཱུྃ༔ གནམ་ལྕགས་རྡོ་རྗེ་མེ་འབར་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་གྱི༔ དབང་མཆོག་དམ་པ་ཐོབ་པར་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་སྡིག་པ་ལག་གཡོན་དུ་གཏད་ལ༔ ཧཱུྃ༔ ལོག་རྟོག་ཀུན་འཇོམས་ལྕགས་སྡིག་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ མངོན་སྤྱོད་རོལ་པའི་བརྟུལ་ཞུགས་ཀྱིས༔ དགྲ་བགེགས་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་བསྒྲལ་ཆས་གཏད་ལ༔ ཧཱུྃ༔ ཡེ་ཤེས་ཐུན་མཚོན་འཁོར་ལོ་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ ཉོན་མོངས་དུག་ལྔ་དུག་གསུམ་གྱི༔ དགྲ་བགེགས་ཡོངས་སྒྲོལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་མེ་ཧོམ་དགང་བླུགས་གཏད་ལ༔ ཧཱུྃ༔ མཉམ་ཉིད་ཞལ་གྱི་ཧོམ་ཁུང་དང་༔ ལས་ཀྱི་དགང་གཟར་འདི་གཏད་པས༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་ཀྱི༔ སྲེག་བླུག་ལས་ལ་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་རི་རབ་གཏད་ལ༔ ཧཱུྃ༔ སྲ་བརྟན་རི་རབ་ལྷུན་པོ་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་བཀུག་མནན་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་ཟོར་ཀོང་གཏད་ལ༔ ཧཱུྃ༔ དྲག་པོའི་ཐུན་ཟོར་འདི་གཏད་པས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་ལོག་འདྲེན་རཱུ་ཏྲའི་སྡེ༔ ཐོགས་མེད་སྒྲོལ་བའི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི༴ དེ་ནས་གསང་དབང་བསྐུར་བ་ནི༔ དང་པོ་བྷནྡྷ་བདུད་རྩི་ཐོགས་ལ༔ ཧཱུྃ༔ རྒྱལ་བ་ཀུན་གྱི་གསུང་གསང་བཅུད༔ བྷནྡྷ་བདུད་རྩི་དམ་རྫས་འདི༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ གསང་བ་གསུང་གི་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་སྔགས་འཁོར་གཏད་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་འདུས་པ་སྔགས་ཀྱི་དབང་༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཕྲེང་བ་གཏད་ལ༔ ཧཱུྃ༔ རིན་ཆེན་ཕྲེང་བ་བརྒྱ་རྩ་འདི༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ བཟླས་པ་སྔགས་ཀྱི་དབང་ཐོབ་ནས༔ གསང་བའི་དབང་མཆོག་ཡོངས་རྫོགས་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཨཱཿཡིག་ཐོགས་ལ༔ ཧཱུྃ༔ དུས་གསུམ་སངས་རྒྱས་ཐམས་ཅད་ཀྱི༔ གསུང་གསང་འདུས་པ་ཡི་གེ་ཨཱཿསྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ ཚེ་དབང་རིག་འཛིན་ཉེར་ཐོབ་སྟེ༔ ལོངས་སྤྱོད་རྫོགས་སྐུར་སངས་རྒྱས་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷི་ཥིཉྩ་ཨཱཿདེ་ནས་ཤེར་དབང་བསྐུར་བ་ནི༔ དང་པོ་སྦྱོར་ཡུམ་རྡོ་རྗེ་རྣལ་འབྱོར་མ་གཏད་ལ༔ ཧཱུྃ༔ འཁོར་འདས་འུབ་ཆུབ་རོལ་པའི་ཡུམ༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ རྡོ་རྗེ་བཙུན་མོའི་མཁའ་ཀློང་དུ༔ འཁོར་འདས་དག་མཉམ་རོལ་པ་ཡི༔ བདེ་ཆེན་བྱང་ཆུབ་སེམས་མཆོག་ཏུ༔ ལོངས་སྤྱོད་འགྱུར་མེད་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃཿདེ་ནས་སྒྲོལ་བའི་ཡུམ་རྡོ་རྗེ་ཕག་མོ་གཏད་ལ༔ ཧཱུྃ༔ ཆོས་ཉིད་རྡོ་རྗེ་ཕག་མོའི་མཁར༔ གཟུང་དང་འཛིན་པའི་རཱུ་ཏྲ་ཀུན༔ མི་འགྱུར་རིག་པའི་རྡོ་རྗེ་ཡིས༔ བདག་མེད་ཆེན་པོར་སྒྲོལ་བའི་དབང་༔ སྐལ་ལྡན་ཁྱོད་ཀྱིས་ཐོབ་པར་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧཱུྃ་ཡིག་གཏད་ལ༔ ཧཱུྃ༔ དུས་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ ཐུགས་གསང་འདུས་པ་ཡི་གེ་ཧཱུྃ༔ ཡེ་ཤེས་འོད་ཀྱི་ཐིག་ལེ་འབར༔ སྐལ་ལྡན་ཁྱོད་ཀྱི་སྙིང་གར་བཞག༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ ཕྱག་རྒྱའི་རིག་འཛིན་ཉེར་ཐོབ་ཅིང་༔ ཆོས་ཀྱི་སྐུ་རུ་གྲོལ་ཐོབ་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་བསྐུར་བ་ནི༔ དང་པོ་མཐིང་གི་མེ་ལོང་གཏད་ལ༔ ཧཱུྃ༔ ཆོས་ཉིད་ཀ་དག་ལྷུན་འབྱམས་ཀྱི༔ སྟོང་ཉིད་སྤྲོས་བྲལ་མེ་ལོང་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ གནས་ལུགས་རིག་པ་མངོན་གྱུར་ནས༔ གདོད་མའི་དབྱིངས་སུ་གདིང་འཐོབ་ཅིང་༔ རྡོ་རྗེའི་ཚིག་དབང་ཐོབ་པར་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཨཱཿདེ་ནས་འོད་ལྔ་དང་ཐིག་ལེ་གཏད་ལ༔ ཧཱུྃ༔ གསང་ཆེན་དབྱིངས་ཐིག་སྒྲོན་མ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ མངོན་སུམ་སྣང་བ་གོང་འཕེལ་ནས༔ ཚད་ཕེབས་ཆོས་ཟད་ཆེན་པོར་ཞིག༔ གཞོན་ནུ་བུམ་སྐུའི་ནང་དབྱིངས་སུ༔ འཕོ་བ་ཆེན་པོར་དབང་ཐོབ་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རིག་པའི་རྩལ་དབང་ལ༔ ཐིག་ལེ་འོད་ལྔའི་མུ་ཁྱུད་ཅན་གཏད་ལ༔ ཧཱུྃ༔ གདོད་མའི་དབྱིངས་རིག་ཐིག་ལེ་འདིས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ སྣང་བ་འཁྲུལ་པའི་འཁོར་ལོ་འདི༔ སྐད་ཅིག་ཆོས་སྐུའི་དབྱིངས་སུ་སངས༔ རིག་པ་རྩལ་གྱི་དབང་ཐོབ་ཤོག༔ ཨ་ཨ་ཨ་ཕཊ༔ དེ་ནས་གཏོར་མ་གཏད་ལ༔ ཧཱུྃ༔ རིགས་དང་དཀྱིལ་འཁོར་ཡོངས་རྫོགས་པའི༔ བཅུད་ལྡན་དཔལ་གྱི་གཏོར་མ་འདི༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ སྒྲུབ་དང་དཀྱིལ་འཁོར་ཐམས་ཅད་ལ༔ དབང་བསྒྱུར་དབང་མཆོག་ཐོབ་ནས་ཀྱང་༔ ལྷུན་གྲུབ་རིག་འཛིན་ཉེར་ཐོབ་ཅིང་༔ ངོ་བོ་ཉིད་སྐུར་སངས་རྒྱས་ཤོག༔ མཎྜ་ལ་སརྦ་བ་ལིངྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་པོ་ཏིའི་ལུང་དབང་ནི༔ གླེགས་བམ་གཏད་ལ༔ ཧཱུྃ༔ ཤེས་རབ་རིག་པའི་པོ་ཏི་འདི༔ དུས་གསུམ་རྒྱལ་བའི་ལུང་རྟོགས་ཆོས༔ བཅུད་དུ་དྲིལ་བའི་ཡང་སྙིང་སྟེ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ མདོ་སྔགས་རྒྱུད་སྡེ་རྒྱ་མཚོ་ཡིས༔ གླེགས་བམ་ཡི་གེ་ཐམས་ཅད་ཀུན༔ འབྲི་ཀློག་འཆང་སྟོན་འཆད་རྩོད་ཀྱི༔ དབང་རྣམས་ཡོངས་སུ་རྫོགས་ཐོབ་ཤོག༔ སརྦ་ཨ་བྷི་ཥིཉྩ་ཨཱཿདེ་ནས་བཀྲ་ཤིས་རྟགས་བརྒྱད་གཏད་ལ༔ ཧཱུྃ༔ བཀྲ་ཤིས་རྟགས་བརྒྱད་འདི་གཏད་པས༔ རྒྱལ་བའི་ཡོན་ཏན་མངོན་རྫོགས་ཏེ༔ སྤྲུལ་སྐུའི་གདུལ་བྱ་མཆོག་ཐོབ་ནས༔ མཚན་དཔེས་སྤྲོས་པའི་སྐུ་ཐོབ་ཤོག༔ མངྒ་ལཾ་ཨ་བྷི་ཥིཉྩ་ཨཱཿདེ་ནས་བཀྲ་ཤིས་རྫས་བརྒྱད་གཏད་ལ༔ ཧཱུྃ༔ བཀྲ་ཤིས་རྫས་མཆོག་རྣམ་པ་བརྒྱད༔ སྐལ་ལྡན་ཁྱོད་ཀྱི་ལག་ཏུ་གཏད༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི༔ ལོངས་སྤྱོད་ཀུན་རྫོགས་དབང་ཐོབ་ཤོག༔ ཨཥྚ་མངྒ་ལཾ་ཨ་བྷི་ཥིཉྩ་ཨཱཿདེ་ནས་རྒྱལ་སྲིད་སྣ་བདུན་གཏད་ལ༔ ཧཱུྃ༔ རྒྱལ་སྲིད་སྣ་བདུན་འདི་གཏད་པས༔ རང་རིག་ཆོས་སྐུའི་རྒྱལ་ས་རུ༔ རང་གྲོལ་རང་དབང་ཐོབ་གྱུར་ནས༔ ཐུགས་རྗེས་འགྲོ་ཁམས་སྒྲོལ་ནུས་ཤོག༔ ཨོཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་སྭཱ་ཧཱ༔ དེ་ནས་ཤིས་བརྗོད་བསྔོ་སྨོན་བྱ༔ གཏང་རག་ཚོགས་ཀྱི་འཁོར་ལོ་བསྐོར༔ འདི་ནི་ཤིན་ཏུ་ཟབ་ཅིང་གཉན༔ དམ་ལྡན་དག་ལས་བསྐུར་མི་རུང་༔ མཁའ་འགྲོའི་སྙིང་གི་དྭངས་མའི་ཁྲག༔ ཟགས་སུ་དོར་ན་ཆད་པས་གཅོད༔ དེ་ཕྱིར་དམ་ལྡན་གནད་དུ་ཆེ༔ དབང་འདི་ཐོབ་ནས་གདམས་པ་ལ༔ མ་རྨོངས་བསླབ་ཅིང་ཉམས་བླངས་ནས༔ ཚེ་འདིར་རིག་འཛིན་མ་ཐོབ་ན༔ པདྨས་བསླུས་སོ་ཕྱི་རབས་རྣམས༔ མ་འོངས་ལྔ་བརྒྱའི་ཐ་མ་ལ༔ མ་ཧཱའི་བསྟན་པ་ཉམས་པའི་ལྟས༔ གསང་སྔགས་ཆོལ་སྒྲོགས་ཁྲོམ་དབང་བྱེད༔ ཨ་ནུའི་བསྟན་པ་ཉམས་པའི་ལྟས༔ རྩ་རླུང་ལྟད་མོའི་གནས་སུ་མངོན༔ ཨ་ཏིའི་བསྟན་པ་ཉམས་པའི་ལྟས༔ ལྟ་སྒོམ་ཁྲོམ་ལབ་རྩོད་ལ་འཆོལ༔ ཐོད་རྒལ་ལམ་གྱི་སྲང་མདོར་འཆད༔ འདི་དུས་ཡོ་ག་རྣམ་གསུམ་ནི༔ ཉམས་པ་རི་མོའི་ལོངས་སྤྱོད་ལྟར༔ གང་ལའང་ཕན་གནོད་མེད་པ་ཡིན༔ དེ་དུས་པད་འབྱུང་ང་ཉིད་ནི༔ སྦས་པའི་རྣལ་འབྱོར་ཞིག་པོའི་ཚུལ༔ བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ༔ མཁའ་འགྲོའི་གསང་མཛོད་བདག་པོར་སྤྲུལ༔ སྨོན་ལམ་གདུལ་བྱ་རྣམ་གྲོལ་བྱེད༔ ད་ལྟའི་རྗེ་འབངས་ཉེར་ལྔ་དང་༔ གྲུབ་པའི་རིག་འཛིན་སུམ་ཅུ་རྣམས༔ སྟོན་འཁོར་ཚུལ་དུ་སྤྲུལ་ནས་འོང་༔ སྙིང་ཐིག་ཆོས་ཀྱི་ཉི་གཞོན་འབར༔ བརྒྱུད་འཛིན་དབང་གི་སྐལ་པར་འཇོག༔ དེ་དུས་སྨོན་ལམ་ལོག་པ་ཡི༔ བདུད་བློན་ལྔ་ཡིས་བར་ཆད་བརྩམ༔ གཤེ་སྐུར་ལོག་ལྟ་ག་ཞ་དང་༔ ངན་སྨྲ་དགྲ་གྱོད་འཁོན་དུ་ལང་༔ དེས་ཀྱང་ཟབ་ཆོས་བསྣུབ་མི་ནུས༔ ཉི་ཟླ་གཏན་སྒྲིབ་སྤྲིན་གྱིས་མིན༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ཁྱོད༔ བཀའ་འདི་བརྡ་ཡི་རིས་སུ་ཐོབས༔ ཁམས་ཀྱི་སྲིན་མོ་བྲག་ལ་སྦོས༔ བཀའ་སྲུང་དབང་ཕྱུག་ཆེན་པོ་དང་༔ མ་མོ་གཟའ་བཙན་ལེགས་པས་སྲུངས༔ བརྒྱུད་འཛིན་བུ་ལ་སྡོང་གྲོགས་མཛོད༔ གཤེ་སྐུར་མཁན་གྱི་དབང་པོ་སྣུབས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ཅེས་བྱ་བ་ནས་གདན་དྲངས་ཏེ་མི་ལོ་བཅོ་བརྒྱད་བར་དུ་བཀའ་རྒྱ་བྱས་ནས་མཐར་རྟེན་འབྲེལ་དུས་ལ་བབས་ཚེ་རང་སློབ་ཡེ་ཤེས་ཉི་མས་ནན་དུ་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཤེས་རབ་འོད་ཟེར་གྱི་རྣམ་སྤྲུལ་སློབ་མའི་མཆོག་གྱུར་ཆོས་ཀྱི་རྡོ་རྗེའོ། །དགེའོ། །དགེའོ། །དགེའོ། །ཇི་སྲིད་བསྐལ་པ་འཇིག་རྟེན་མ་སྟོང་བར། །དེ་སྲིད་སྙིང་པོའི་བསྟན་འདི་མ་རྫོགས་སོ།། །།