ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རཀྴ་ཐོད་ཕྲེང་གི༔ སྒྲུབ་པ་གནམ་ལྕགས་རྫོང་ཁྲོམ༔

From Dudjom Wiki
TTDL-ZABTER-01-KA-048
Wylie title zab gsang mkha' 'gro'i snying thig las: che mchog rak+sha thod phreng gi: sgrub pa gnam lcags rdzong khrom: TTDL-ZABTER-01-KA-048.pdf
Location bdud 'joms gling pa zab gter
Volume 1, Text 48, Pages 445-470 (Folios 1a1 to 13b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las che mchog rak+sha thod phreng gi sgrub pa gnam lcags rdzong khrom. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 445-470. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsang sgrub   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon
  • First colophon: ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱ་བྱས་ཏེ་མཐར་རྟེན་འབྲེལ་དུས་ལ་བབས་ཚེ་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་གཏན་ལ་ཕབ་པའི་ཡི་གེའི་རིས་བྱེད་རང་སློབ་དམ་པ་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།
  • Second colophon: ཞེས་པའང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་སོ།།
  • First colophon: zhes pa 'di yang 'od gsal rdzogs pa chen po'i rnal 'byor pa khrag 'thung bdud 'joms rdo rje gro lod rtsal gyis gser smad rnga la stag rtse'i g.yas logs rdo rje brag nas bton te mi lo bco lnga'i bar du bka' rgya byas te mthar rten 'brel dus la babs tshe smar mdo bkra shis dga' 'khyil du gtan la phab pa'i yi ge'i ris byed rang slob dam pa pad+ma bkra shis so/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//
  • Second colophon: zhes pa'ang bdud 'joms rdo rje gro lod rtsal gyis so//
[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་རཀྴ་ཐོད་ཕྲེང་གི༔ སྒྲུབ་པ་གནམ་ལྕགས་རྫོང་ཁྲོམ་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཆེ་མཆོག་རཀྴ་ཐོད་ཕྲེང་གི༔ སྒྲུབ་པ་རྡོ་རྗེའི་རྫོང་ཁྲོམ་འདི༔ ཉམས་སུ་ལེན་པའི་རིམ་པ་ནི༔ སྒྲུབ་གནས་རབ་ཏུ་དབེན་པའི་སར༔ དཀྱིལ་འཁོར་བཀོད་ལེགས་མཛེས་ལྡན་དབུས༔ ཚོམ་བུ་ཡང་ན་གཏོར་མ་དང་༔ བསྙེན་ཕུར་མཚན་ཉིད་ལྡན་པ་ལ༔ དར་དམར་ལེ་བརྒན་མགུལ་ཆིངས་བཅིང་༔ སྟ་གོན་རིམ་པ་རྫོགས་པའི་རྗེས༔ དང་པོ་སྐྱབས་སེམས་བྱ་བ་ནི༔ ན་མོ༔ དེང་བཟུང་བྱང་ཆུབ་མ་ཐོབ་བར༔ བླ་མ་དྲག་པོར་སྐྱབས་སུ་མཆི༔ མ་གྱུར་འགྲོ་བ་སེམས་ཅན་རྣམས༔ རྣམ་མཁྱེན་ཐོབ་པའི་རྒྱུར་བརྩོན་བྱ༔ ལན་གསུམ༔ དེ་ནས་བགེགས་བསྐྲད་ལ༔ ཧཱུྃ༔ ང་ནི་དབང་དྲག་ཧེ་རུ་ཀ༔ ཉོན་ཅིག་ལོག་འདྲེན་གདོན་བགེགས་ཚོགས༔ ལན་ཆགས་གཏོར་མ་འདི་ལོངས་ལ༔ སོ་སོ་རང་རང་གནས་སུ་དེངས༔ རྩ་སྔགས་དང་དྲག་སྔགས་བརྗོད༔ དེ་ནས་སྲུང་འཁོར་བསྒོམ་པ་ནི༔ ཧཱུྃ༔ བདག་ཉིད་ཡེ་གཞི་དོན་གྱི་ལྷའི༔ འོད་ཟེར་སྲུང་བའི་འཁོར་ལོར་ཤར༔ སྟེང་འོག་བར་གསུམ་གཞལ་ཡས་ཁང་༔ དེ་མཐར་མཚོན་མེ་རླུང་ཆུའི་གུར༔ བཛྲ་རཀྵ་རཀྵ་ཧཱུྃ་སྭཱ་ཧཱ༔ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྐུ་གསུམ་རྒྱལ་བ་རྒྱ་མཚོའི་ཚོགས༔ སྐད་ཅིག་གནས་འདིར་གཤེགས་སུ་གསོལ༔ བདག་ལ་དབང་སྐུར་བྱིན་ཕོབ་ཅིག༔ ཨོཾ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་དྷརྨ་སམྦྷོ་ནིརྨ་ཀཱ་ཡ་བཛྲ་ས་མ་ཡ་ཛ་ཛཿཨ་བེ་ཤ་ཡ་ཨ་ཨ༔ ལན་གསུམ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཨོཾ་ཨཱཿཧཱུྃ༔ སྣོད་བཅུད་ཐམས་ཅད་མཆོད་པའི་སྤྲིན༔ མི་ཟད་རྒྱན་གྱི་འཁོར་ལོར་ཤར༔ ཟག་མེད་ཡེ་ཤེས་བདུད་རྩིའི་རྒྱུན༔ འདོད་ཡོན་མི་ཟད་གཏེར་དུ་སྤེལ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ ལན་གསུམ་བརྗོད་ཅིང་དཀྱིལ་འཁོར་ལྷ་བསྐྱེད་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ ཡེ་ནས་གཞི་རུ་རྫོགས་པའི་ཡེ་ཤེས་ལྷ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྲས་འཁོར་བཅས༔ མ་ལུས་རང་ཉིད་ལ་ཐིམ་བག་ཆགས་བསྲེག༔ རང་རིག་ཧཱུྃ་ཡིག་དམར་ནག་འོད་འབར་ལས༔ འོད་འཕྲོས་རྒྱལ་བ་སྲས་དང་བཅས་པ་མཆོད༔ འགྲོ་དྲུག་རྒྱུད་སྦྱངས་དགྲ་བགེགས་ཐམས་ཅད་བསྒྲལ༔ འཁོར་འདས་སྲོག་སྙིང་ནུས་སྟོབས་མ་ལུས་པ༔ ཚུར་འདུས་སླར་ཡང་འོད་ཟེར་རབ་འཕྲོས་པས༔ མེ་ཆུ་བྲག་ཤིང་དུར་ཁྲོད་འབར་བའི་དབུས༔ གྲུ་གསུམ་རྔམ་པ་ཐོད་པའི་སྐུ་མཁར་ནི༔ རྒྱ་ཆེ་དཔངས་མཐོ་མི་མགོའི་ཏོག་གིས་མཛེས༔ ལྷ་བརྒྱད་ཀྭ་བ་ཀླུ་བརྒྱད་ཀྭ་གདན་དང་༔ ཉི་ཟླའི་ཀྭ་གཞུ་གཟའ་ཡི་གདུང་མ་བྱས༔ རྒྱུ་སྐར་དྲལ་ཕྱམ་ཞིང་གི་ཡ་ཕུབ་དང་༔ མི་ལྤགས་རྒྱལ་མཚན་ལྕང་ལོའི་ཐིག་ཚོམ་མཛེས༔ དེ་དབུས་པདྨ་ཉི་མ་རོ་གདན་སྟེང་༔ ཧཱུྃ་ལས་ཆེ་མཆོག་རཀྴ་ཐོད་ཕྲེང་རྩལ༔ ནག་པོ་རབ་འཇིགས་ཁྲོ་གཏུམ་གཟི་བརྗིད་འབར༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་འདོར་སྟབས་བགྲད༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་རྭ་གདེངས་གསོར༔ གཡོན་པས་གནམ་ལྕགས་ཕུར་པ་ལྕགས་སྡིག་འགྱེད༔ སྐུ་ལ་བེར་ནག་གསེར་གྱི་རི་བཀྲ་གསོལ༔ ཁྲག་འཛག་མི་མགོ་ལྔ་བཅུའི་ཕྲེང་བས་བརྒྱན༔ ཞལ་གདངས་ལྗགས་འདྲིལ་རྣོ་དཀར་མཆེ་བ་གཙིགས༔ ཁྲོ་གཉེར་རབ་འཁྲུག་སྤྱན་གསུམ་ནམ་མཁར་གཟིགས༔ སྨ་ར་སྨིན་མ་དམར་སེར་མེ་ཞགས་འཕྲོ༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་འབར༔ དུར་ཁྲོད་ཆས་རྫོགས་མེ་དཔུང་ཀློང་དུ་འགྱིངས༔ སྤྱི་བོར་པདྨ་འབྱུང་གནས་སྐུ་མདོག་མཐིང་༔ ཕྱག་གཡས་རྡོ་རྗེ་གཡོན་པས་ཐོད་པ་བསྣམས༔ པད་ཞྭ་ཕོད་ཁ་ཟ་བེར་ཐང་ཤམ་དང་༔ ཆོས་གོས་དམར་པོ་གསེར་གྱི་ཧ་རིས་གསོལ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ བདག་ཉིད་དྲག་པོ་རཀྴ་ཐོད་ཕྲེང་གིས༔ ཀླུ་བརྒྱད་དུག་སྦྲུལ་ཚུལ་གྱིས་གདན་དུ་བཏིང་༔ སྡེ་བརྒྱད་རྒྱལ་བསེན་མི་རོའི་ཚུལ་དུ་བཏིང་༔ སྒྲོལ་བའི་ཡུམ་ཆེན་སྟག་མོའི་ཚུལ་དུ་འགྱིངས༔ དེ་སྟེང་གྱད་ཀྱི་འདོར་སྟབས་རབ་ཏུ་བགྲད༔ མེ་རླུང་ཁྱུང་སྡིག་དཔག་མེད་རབ་ཏུ་འཕྲོ༔ ཤར་དུ་གསང་བའི་བདག་པོ་སྐུ་མདོག་མཐིང་༔ ཕྱག་གཉིས་རྡོ་རྗེ་སྦྲུལ་གྱི་ཞགས་པ་བསྣམས༔ རབ་ཁྲོས་དུར་ཁྲོད་ཆས་རྫོགས་འདོར་སྟབས་བགྲད༔ ལྷོ་རུ་ཡེ་ཤེས་བྱ་ཁྱུང་ནག་པོ་ཡིས༔ ཀླུ་གཉན་ཟ་ཞིང་དུར་ཕག་མགོ་དགུ་ཞོན༔ ནུབ་ཏུ་བཅོམ་ལྡན་རྟ་མགྲིན་ནག་པོ་ཡིས༔ བེར་ནག་གསོལ་ཞིང་རལ་གྲི་ཁ་ཊྭཱྃ་བསྣམས༔ བྱང་དུ་དཔལ་ཆེན་རྡོ་རྗེ་གཞོན་ནུ་མཐིང་༔ ཕྱག་གཡས་ལྕགས་ཕུར་མཁར་གཟིར་གཡོན་སྡིགས་མཛུབ༔ ཀུན་ཀྱང་དུར་ཁྲོད་ཆས་རྫོགས་མེ་དཔུང་འབར༔ མཚམས་བཞིར་མཁའ་འགྲོ་སྡེ་བཞི་སྐུ་མདོག་ནག༔ གཡས་རྣམས་གྲི་གུག་གཡོན་རྣམས་ཐོད་ཁྲག་བསྣམས༔ གཅེར་བུ་རུས་རྒྱན་གར་སྟབས་ཁ་ཊྭཱྃ་ཀ༔ ཤར་སྒོར་བདུད་མགོན་ནག་པོ་སེང་གེའི་གདོང་༔ ཕྱག་གཡས་རུ་མཚོན་གཡོན་པས་དམར་གཏོར་བསྣམས༔ བེར་ནག་གསོལ་ཞིང་བདུད་རྟ་ནག་པོ་བཅིབས༔ ལྷོ་རུ་གཟའ་བདུད་ནག་པོ་རླུང་དམར་ཞོན༔ མིག་དམར་མགོ་དགུའི་སྟེང་དུ་བྱ་རོག་དབུ༔ ཕྱག་བཞི་མདའ་གཞུ་ཆུ་སྲིན་སྦྲུལ་ཞགས་བསྣམས༔ རོ་སྟོད་མི་ལ་རོ་སྨད་སྦྲུལ་དུ་འཁྱིལ༔ ནུབ་ཏུ་དབང་ཕྱུག་ནག་པོས་ཐོད་ཞགས་བསྣམས༔ ཞབས་གཉིས་གྱད་སྟབས་བགྲད་ཅིང་སྟག་ལྤགས་གསོལ༔ བྱང་དུ་གནོད་སྦྱིན་ནག་པོ་རལ་གྲི་དང་༔ གཡོན་པ་དགྲ་སྙིང་བསྣམས་ནས་སྟག་ལ་བཅིབས༔ སྤྲུལ་པ་ལས་མཁན་དཔག་མེད་ལས་ལ་འགྱེད༔ དགྲ་བགེགས་གདུག་པ་མ་ལུས་ཚར་གཅོད་བསམ༔ སྤྱི་བོར་ཨོཾ་དང་མགྲིན་པར་ཨཱཿཡིག་དང་༔ ཐུགས་སྲོག་ཧཱུྃ་ལས་འོད་ཟེར་རབ་འཕྲོས་པས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧཱུྃ་ཛཿརྔ་ཡབ་ཟ་བྱེད་སྲིན་པོའི་གྲོང་ཁྱེར་ནས༔ སྲིན་རྒྱལ་རཀྴ་ཐོད་ཕྲེང་གཤེགས་སུ་གསོལ༔ ལྕང་ལོ་ཅན་གྱི་གནས་མཆོག་དམ་པ་ནས༔ གསང་བདག་ཕྱག་ན་རྡོ་རྗེ་གཤེགས་སུ་གསོལ༔ དཔག་བསམ་རྒྱས་པའི་ཤིང་གི་རྩེ་མོ་ནས༔ ཡེ་ཤེས་བྱ་ཁྱུང་ནག་པོ་གཤེགས་སུ་གསོལ༔ དམར་ནག་གྲུ་གསུམ་དབང་གི་དཀྱིལ་འཁོར་ནས༔ བཅོམ་ལྡན་རྟ་མགྲིན་ནག་པོ་གཤེགས་སུ་གསོལ༔ དུར་ཁྲོད་མེ་རི་འབར་བའི་གཞལ་ཡས་ནས༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་གཤེགས་སུ་གསོལ༔ བདེ་སྟོང་འདུ་འབྲལ་མེད་པའི་དཀྱིལ་འཁོར་ནས༔ ཡེ་ཤེས་མཁའ་འགྲོ་སྡེ་བཞི་གཤེགས་སུ་གསོལ༔ ཕོ་བྲང་མཁའ་སྤྱོད་ཙཱ་རིའི་གཞལ་ཡས་ནས༔ ཞིང་སྐྱོང་ཀུན་དགའ་གཞོན་ནུ་གཤེགས་སུ་གསོལ༔ སྟེང་ཕྱོགས་ནམ་མཁའ་ཡངས་པའི་ཀློང་དཀྱིལ་ནས༔ དྲང་སྲོང་གཟའ་བདུད་ནག་པོ་གཤེགས་སུ་གསོལ༔ སྟེང་ཕྱོགས་འདོད་ཁམས་ལྷ་ཡི་ཕོ་བྲང་ནས༔ དབང་ཕྱུག་མ་ཧཱ་དཱེ་ཝ་གཤེགས་སུ་གསོལ༔ བྱང་ཕྱོགས་རིན་ཆེན་གཏེར་གྱི་གཞལ་ཡས་ནས༔ གནོད་སྦྱིན་ནག་པོ་ཆེན་པོ་གཤེགས་སུ་གསོལ༔ གཞན་ཡང་གུ་རུ་པདྨ་ཐོད་ཕྲེང་གི༔ སྤྲུལ་པ་ཡང་སྤྲུལ་འཁོར་བཅས་གཤེགས་སུ་གསོལ༔ རྣལ་འབྱོར་རྗེས་སུ་བཟུང་ཕྱིར་གཤེགས་སུ་གསོལ༔ བསྟན་དགྲ་མ་ལུས་འཇོམས་ཕྱིར་གཤེགས་སུ་གསོལ༔ སྡེ་བརྒྱད་བདུད་བགེགས་འཇོམས་ཕྱིར་གཤེགས་སུ་གསོལ༔ རྒྱལ་བསེན་ཆམ་ལ་འབེབས་ཕྱིར་གཤེགས་སུ་གསོལ༔ སྒོ་བཞིའི་བདུད་དམག་བསྒྲལ་ཕྱིར་གཤེགས་སུ་གསོལ༔ དྲག་པོ་མཐུ་ཡི་དངོས་གྲུབ་སྩོལ་བ་དང་༔ མཆོག་ཐུན་དངོས་གྲུབ་འབད་མེད་མྱུར་སྩོལ་ཅིག༔ བཛྲ་ས་མ་ཡ་ཛ་ཛཿཕེཾ་ཕེཾ༔ དེ་ནས་བཞུགས་སུ་གསོལ་བ་ནི༔ ཧཱུྃ༔ དྲག་པོ་རཀྴ་ཐོད་ཕྲེང་ལྷ་ཚོགས་རྣམས༔ དྲེགས་པ་རྒྱལ་བསེན་བདུད་བགེགས་བསྣོལ་བའི་སྟེང་༔ དམ་ཚིག་ཡེ་ཤེས་གཉིས་མེད་བརྟན་བཞུགས་གསོལ༔ ཚེ་འདིར་རིག་འཛིན་རྣམ་བཞིའི་ས་རུ་སྐྱོལ༔ བཛྲ་ས་མ་ཡ་སྟྭཾ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ སྲིད་གསུམ་གདུག་པ་མ་ལུས་འདུལ་བ་དང་༔ ང་རྒྱལ་ཞེན་པ་རྩད་ནས་གཞོམ་པའི་ཕྱིར༔ དྲག་པོ་རཀྴ་ཐོད་ཕྲེང་ལྷ་ཚོགས་ལ༔ གཉིས་མེད་རྩེ་གཅིག་གུས་པས་ཕྱག་འཚལ་ལོ༔ ན་མོ་པུ་རུ་ཤ་ཡ་ཧོཿ དེ་ནས་དབང་བྱིན་བླང་བ་ནི༔ ཧཱུྃ༔ སྤྲུལ་སྐུའི་དཀྱིལ་འཁོར་ལུས་ཀྱི་སྒོ་རུ་བསྟིམ༔ ལོངས་སྐུའི་དཀྱིལ་འཁོར་ངག་གི་སྒོ་རུ་ཞུགས༔ ཆོས་སྐུའི་དཀྱིལ་འཁོར་ཡིད་ཀྱི་སྒོ་རུ་ཞུགས༔ དབང་བྱིན་གཟི་བརྗིད་འོད་ཟེར་རབ་འབར་གྱུར༔ བཛྲ་ཨ་བྷི་ཥིཉྩ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་མཆོད་པ་འབུལ་བ་ནི༔ ཨོཾ་ཨཱཿཧཱུྃ༔ ཕྱི་ནང་སྣོད་བཅུད་སྣང་སྲིད་ཀྱི༔ དངོས་འཛིན་གྲུབ་པའི་ཆོས་སོ་ཅོག༔ དྲག་པོ་ཐོད་ཕྲེང་ལྷ་ལ་འབུལ༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཉེར་སྤྱོད་བདུན་དང་འདོད་ཡོན་ལྔ༔ སྨན་གཏོར་རཀྟ་བདེ་སྟོང་རྒྱུན༔ དགྲ་བགེགས་བསྒྲལ་བའི་ཤ་ཁྲག་བཅས༔ དྲག་པོ་ཐོད་ཕྲེང་ལྷ་ཚོགས་ལ༔ གུས་པས་འབུལ་ལོ་བཞེས་སུ་གསོལ༔ མ་ཧཱ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་བ་ལིཾ་ཏ་བོ་དྷི་ཙིཏྟ་མ་ཧཱ་མཱཾ་ས་རཀྟ་ཙིཏྟ་གོ་རོ་ཙ་ན་ལ་ཁཱ་ཧི༔ སརྦ་པཱུ་ཛ་ཧོཿ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ གྲུ་གསུམ་རབ་འཇིགས་ཐོད་པའི་སྐུ་མཁར་ནས༔ མ་རུངས་དུས་མཐའི་བདུད་བགེགས་ཚར་གཅོད་མཛོད༔ གསང་གསུམ་རྒྱལ་བའི་དཀྱིལ་འཁོར་སྐུ་ལ་རྫོགས༔ བདེ་གཤེགས་ཡོངས་འདུས་དཔལ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་མཛད་དཔལ༔ པདྨ་འབྱུང་གནས་མཆོག་ལ་ཕྱག་འཚལ་བསྟོད༔ སྣང་སྲིད་དྲེགས་པ་མ་ལུས་འདུལ་མཛད་དཔལ༔ ཕྱག་ན་རྡོ་རྗེའི་སྐུ་ལ་ཕྱག་འཚལ་བསྟོད༔ ཀླུ་གཉན་ས་བདག་མ་ལུས་འཇོམས་མཛད་པ༔ ཡེ་ཤེས་བྱ་ཁྱུང་སྐུ་ལ་ཕྱག་འཚལ་བསྟོད༔ ཁམས་གསུམ་མ་ལུས་དབང་སྡུད་ཟིལ་གནོན་མཛད༔ རྟ་མགྲིན་རྒྱལ་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ འཁོར་འདས་མ་ལུས་ཡོངས་ཀྱི་ཆེ་བཙན་མཆོག༔ དཔལ་ཆེན་ཀཱི་ལ་ཡ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་ལོག་འདྲེན་འདུལ་བའི་ལས་ལ་བསྔགས༔ ཞིང་སྐྱོང་སེང་གདོང་སྐུ་ལ་ཕྱག་འཚལ་བསྟོད༔ ཞིང་བཅུའི་དགྲ་སྡེ་མ་ལུས་འཇོམས་མཛད་དཔལ༔ གཟའ་བདུད་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ འདོད་པའི་ཁམས་ཀུན་མ་ལུས་དབང་བསྒྱུར་བ༔ དབང་ཕྱུག་ཆེན་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ དགྲ་བགེགས་ཀུན་སྒྲོལ་སྒྲུབ་ལ་དངོས་གྲུབ་སྟེར༔ གནོད་སྦྱིན་ནག་པོའི་སྐུ་ལ་ཕྱག་འཚལ་བསྟོད༔ ཧོཿ བསྟོད་ཅིང་བསྒོམ་བསྒྲུབ་དཀྱིལ་འཁོར་ལྷ་ཚོགས་ཀྱིས༔ མོས་པའི་བུ་ལ་ཐུགས་རྗེས་བསྐྱབ་ཏུ་གསོལ༔ དོན་གཉིས་ལྷུན་གྲུབ་མཐུ་ཡི་དངོས་གྲུབ་སྩོལ༔ ཕྱི་ནང་རྐྱེན་ངན་བར་ཆད་ཀུན་ཞི་ནས༔ ཚེ་འདིར་རྡོ་རྗེ་འཛིན་པའི་ས་ཐོབ་སྟེ༔ འགྲོ་ཁམས་རྒྱ་མཚོ་དོང་སྤྲུགས་ནུས་པར་ཤོག༔ དེ་ནས་བཤགས་པ་བྱ་བ་ལ༔ ན་མོ༔ གུ་རུ་ཡི་དམ་ཌཱ་ཀི་དགོངས༔ བདག་ཅག་སྒྲུབ་མཆོག་འཁོར་བཅས་ཀྱིས༔ བག་མེད་དབང་གྱུར་དམ་ཉམས་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་ཅི་འགྲུབ་བཟླ༔ དེ་ནས་ཛབ྄་དགོངས་ཟབ་མོ་ནི༔ བདག་ཉིད་ཡི་དམ་ལྷར་གསལ་བའི་ཐུགས་ཀར་ཡེ་ཤེས་སེམས་དཔའ་ཚོན་གང་བ་མཐིང་ནག་རྡོ་རྗེ་ལྕགས་ཕུར་གདེངས་པ་ཞབས་གཉིས་གྱད་ཀྱི་འདོར་སྟབས་བགྲད་ཅིང་སྟག་ཤམ་གསོལ་བ༔ དེའི་ཐུགས་ཀར་ཉི་མའི་གདན་ལ་གནམ་ལྕགས་ཀྱི་རྡོ་རྗེ་རྩེ་ལྔ་པའི་ལྟེ་བར་ཉི་མའི་གདན་ལ་ཧཱུྃ་ཡིག་མཐིང་ནག་འོད་འབར་བའི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་རབ་ཏུ་འཕྲོས་པས་འཁོར་རྣམས་ཀྱི་ཐུགས་སྲོག་ཧཱུྃ་དང་རྩ་སྔགས་རོ་གཅིག་ཏུ་གྱུར་ནས་བཟླས་པ་ཙམ་གྱིས་གཙོ་འཁོར་ཀུན་གྱི་ཐུགས་སྲོག་ཧཱུྃ་ནག་པོའི་མཐར་སྔགས་ཀྱི་ཕྲེང་བས་ཀྱི་ལི་ལི་འཁོར་བར་བསམ༔ ཨོཾ་བཛྲ་གུ་རུ་རཀྴ་ཀྲོ་དྷ་ཧཱུྃ་ཧཱུྃ་ཕཊ༔ ཅི་མང་བཟླས་མཐར༔ བདག་ཉིད་ཡི་དམ་བདུད་འདུལ་ནག་པོའི་ཐུགས་ཀ་ནས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་ཕྱོགས་བཅུའི་སངས་རྒྱས་བྱང་སེམས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་དང་ཨོ་རྒྱན་པདྨ་བདུད་འདུལ་འཁོར་དང་བཅས་པའི་ཐུགས་ཀར་ཕོག༔ ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ཏེ་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོའི་དབང་དང་བྱིན་རླབས་དངོས་གྲུབ་ཐམས་ཅད་ཐོབ་ནས་སྣང་སྲིད་དག་པ་རབ་འབྱམས་ཀྱི་འཁོར་ལོར་དམིགས་ལ༔ ཨོཾ་བཛྲ་གུ་རུ་རཀྴ་ཀྲོ་དྷ་ཤྲཱི་ཧེ་རུ་ཀ་ཧ་རི་ནི་ས་ཧཱུྃ༔ རཿཏྲཱིཿཤཿཛཿཧཱུྃ༔ ཕཊ༔ ཅི་ནུས་བཟླས་མཐར༔ རང་ཉིད་ཡི་དམ་བདུད་འདུལ་དྲག་པོ་འཁོར་དང་བཅས་པའི་ཐུགས་ཀར་སྔགས་ཀྱི་ཕྲེང་བ་དྲག་ཏུ་འཁོར་བ་ལས་འོད་ཟེར་བྱ་ཁྱུང་ཕག་སྡིག་སོགས་མཚོན་ཐུན་རབ་ཏུ་འཕྲོས་པས་གནོད་བྱེད་དགྲ་བགེགས་རྒྱལ་བསེན་དམ་སྲི་བྱད་མ་རྦོད་གཏོང་ཐམས་ཅད་བསྲེགས་གཏུབ་གཏོར་བརླག་བྱས་ནས་རྗེས་ཤུལ་ལྷག་མ་ཙམ་ཡང་མེད་པར་གྱུར༔ ཨོཾ་བཛྲ་གུ་རུ་རཀྴ་ཀྲོ་ཏ་ཤྲཱི་ཧེ་རུ་ཀ་ཀཱ་ལ་རཱུ་པ་སརྦ་ཤ་ཏྲུཾ་མཱ་ར་ཡ་ཕཊ༔ ཞིང་སྐྱོང་ལ་བརྟེན་ནས་དགྲ་ལ་མངོན་སྤྱོད་བྱེད་པར་འདོད་ན༔ རང་ཉིད་དྲག་པོའི་ཐུགས་ཀ་ནས་འོད་ཟེར་དམར་ནག་དྲག་ཅིང་ཚ་ལ་རྩུབ་པ་དཔག་ཏུ་མེད་པ་འཕྲོས་པས་བདུད་མགོན་སེང་གདོང་ཡབ་ཡུམ་གྱི་ཐུགས་ཀའི་སྔགས་ཕྲེང་ལ་ཕོག་པས་དམ་ཚིག་གཉན་པོའི་སྲོག་ཐོབ་སྟེ་ཅི་འདོད་པའི་མངོན་སྤྱོད་ཀྱི་ལས་ལ་བརྩོན་པར་བསམ༔ ཨོཾ་བཛྲ་གུ་རུ་རཀྴ་ཀྲོ་དྷ་སིང་ཧ་མུ་ཁ་ས་མ་ཡ་ཆེ་གེའི་སྲོག་ལ་ཧུར་ཐུམ་རྦད་བྷྱོ༔ འགུགས་སྒྲོལ་བྱེད་ན་བྲུབ་ཁུང་དུ་ལིངྒ་མིང་རུས་གཟུགས་ཚང་བ་བཞག་སྟེ༔ རང་ཉིད་ཡི་དམ་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་འཕྲོས་པས་བདུད་མགོན་ཆེན་པོ་འཁོར་དང་བཅས་པའི་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་ལས་བྱེད་སྤྲུལ་པའི་ཚོགས་དཔག་ཏུ་མེད་པ་འཕྲོས་པས་དགྲ་བོའི་བླ་འཁྱམས་རང་དབང་མེད་པར་བཀུག་ནས་རཱུ་པ་ལ་ཐིམ་སྟེ་ཐར་མེད་འོད་ཀྱི་སྒོ་ང་ནག་པོས་གཡོགས་ཏེ་བྲོས་ཤིང་ཐར་བའི་སྐབས་ཡུལ་མེད་པར་གྱུར༔ ནམ་གྱི་སྲོད་ལ་སྔགས་འདི་ཁྲི་བཟླའོ༔ ཨོཾ་བཛྲ་གུ་རུ་རཀྴ་ཀྲོ་དྷ་སིང་ཧ་མུ་ཁ་ས་མ་ཡ་ཆེ་གེའི་བླ་སྲོག་ཁུག་ནྲྀ་ཛཿམཐར་ཐུན་གྱིས་བྲབ་སྟེ་གོང་གི་བསད་སྔགས་ཅི་འགྲུབ་བཟླས་ཚེ་བདུད་མགོན་འཁོར་དང་བཅས་པས་མཚོན་ཆ་ཐུན་རྫས་སྣ་ཚོགས་ཀྱི་ཆར་བབ་ནས་རྡུལ་དུ་བརླག་པར་བསམ༔ གཟའ་བདུད་ལ་བརྟེན་ནས་དགྲ་བོ་བཀུག་ནས་སྒྲོལ་བར་འདོད་ན༔ རང་ཉིད་དྲག་པོ་རིགས་ལྔའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དྲག་ཅིང་ཚ་ལ་རྩུབ་པ་དཔག་ཏུ་མེད་པ་འཕྲོས་པས་དྲང་སྲོང་གཟའ་བདུད་ནག་པོ་འཁོར་དང་བཅས་པའི་ཐུགས་ཀར་ཕོག་པས་ཐུགས་དམ་ཀྱི་རྒྱུད་རབ་ཏུ་བསྐུལ་ནས་དམ་ཚིག་གཉན་པོའི་སྲོག་ཐོབ་སྟེ་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་ཆས་པར་གྱུར༔ ཨོཾ་བཛྲ་གུ་རུ་མ་ཧཱ་ཀཱ་ལ་རཀྴ་ཀྲོ་དྷ་ནཱ་ག་རཀྴ་རཱ་ཧུ་ལ་ས་མཱ་ཛཿཆེ་གེའི་བླ་སྲོག་ཁུག་རྦད་ཛཿནམ་གྱི་སྲོད་ལ་ཁྲི་བཟླས་མཐར༔ གིང་གི་བསད་སྔགས་བརྗོད་ཅིང་མཚོན་ཐུན་བྲབ༔ གཟའ་བདུད་འཁོར་དང་བཅས་པས་དུག་མཚོན་ནད་ཀྱི་ཆར་ཕབ་པས་དགྲ་བོ་རྗེས་མེད་དུ་བརླག་པར་བསམ༔ དབང་ཕྱུག་ནག་པོ་ལ་བརྟེན་ནས་དགྲ་བོ་བསྒྲལ་བར་འདོད་ན༔ བདག་ཉིད་དྲག་པོ་རིགས་ལྔའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དྲག་ཅིང་ཚ་ལ་རྩུབ་པ་དཔག་ཏུ་མེད་པ་འཕྲོས་པས་དབང་ཕྱུག་ནག་པོ་ཆེན་པོའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་རབ་ཏུ་བསྐུལ་ནས་དམ་ཚིག་གཉན་པོའི་སྲོག་ཐོབ་སྟེ་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་ཆས་པར་གྱུར༔ ཨོཾ་བཛྲ་གུ་རུ་རཀྴ་ཀྲོ་དྷ་མ་ཧཱ་དཱེ་ཝ་ཀཱ་ལ་ས་མ་ཡ་ཛཿཆེ་གེ་མོའི་བླ་སྲོག་ཧུར་ཐུམ་རྦད་སོད༔ བཀུག་ནས་བསྒྲལ་ན༔ ཨོཾ་བཛྲ་གུ་རུ་རཀྴ་ཀྲོ་ཏ་མ་ཧཱ་དཱེ་ཝ་ཀཱ་ལ་ཡ་ཡ་དགྲ་བོའི་བླ་སྲོག་ཁུག་ཛ་ནན༔ ནམ་གྱི་སྲོད་ལ་ཁྲི་བཟླས་པའི་མཐར་གོང་གི་བསད་སྔགས་བཟླས་པའི་ཚེ་དབང་ཕྱུག་ནག་པོ་འཁོར་དང་བཅས་པས་མཚོན་ཆ་ནད་མུག་དུག་རླངས་བཏབ་ནས་དགྲ་བོ་རྗེས་མེད་དུ་བརླག་པར་བསམ༔ གནོད་སྦྱིན་ནག་པོ་ལ་བརྟེན་ནས་དགྲ་བོ་སྒྲོལ་ན༔ བདག་ཉིད་དྲག་པོ་རིགས་ལྔའི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དྲག་ཅིང་ཚ་ལ་རྩུབ་པ་དཔག་ཏུ་མེད་པ་འཕྲོས་པས་གནོད་སྦྱིན་ནག་པོའི་ཐུགས་ཀར་ཕོག་པས་ཐུགས་དམ་གྱི་རྒྱུད་བསྐུལ་ནས་དམ་ཚིག་གཉན་པོའི་སྲོག་ཐོབ་སྟེ་དྲག་པོ་མངོན་སྤྱོད་ཀྱི་ལས་ལ་ཆས་པར་གྱུར༔ ཨོཾ་བཛྲ་གུ་རུ་རཀྴ་ཀྲོ་དྷ་ཀཱ་ལ་ཡཀྴ་ས་མ་ཡ་དགྲ་བོའི་བླ་སྲོག་ཧུར་ཐུམ་རྦད་སོད༔ བཀུག་ནས་བསྒྲལ་བར་འདོད་ན༔ ཨོཾ་བཛྲ་གུ་རུ་རཀྴ་ཀྲོ་ཏ་ཀཱ་ལ་ཡཀྴ་ས་མ་ཡ་ཆེ་གེའི་བླ་སྲོག་ཁུག་ཛ་རྦད་ནན༔ ནམ་གྱི་སྲོད་ལ་བཟླས་ནས་མཐར་གོང་གི་བསད་སྔགས་བཟླས་ཏེ་མཚོན་ཐུན་བྲབ༔ དེ་ནི་གནོད་སྦྱིན་ལ་བརྟེན་ནས་དགྲ་བཏུལ་བའོ༔ བཞི་པོ་གང་ལ་ཡང་དང་པོ་གསོལ་མཆོད་བསྐུལ་བ་བྱས་པའི་རྗེས་སུ་སྨྲ་བ་བཅད་ནས་བཟླས་པས་ངེས་པར་འགྲུབ་པའོ༔ ཡང་ན་དགྲ་བོ་སྦོས་གྲིར་བསད་པར་འདོད་ན་སྲེ་མོང་གི་ལྤགས་པ་བུག་རལ་མེད་པའི་ནང་དུ་ལིང་ག་དབང་ཚང་སྤྱི་མཐུན་བྲིས་ཏེ་མཐར་སྔགས་འདིས་བསྐོར༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ས་མ་ཡ་ཛཿཆེ་གེ་སྦོས་སྦོས་ཡཾ་ཡཾ་རྦད་རྦད་རྦུད་རྦུད་སོད་སོད་སྭཱ་ཧཱ༔ ཞེས་བསྐོར་ནས་བྲི༔ འགུགས་པ་ནམ་སྟོད་དུ་བརྒྱ་རྩ་བརྒྱད་བརྗོད༔ ཟག་རྫས་བྱུག༔ སྤོས་རྫས་ཐར་ནུ་ཐང་ཁྲོམ་རེ་དུག་རྣམས་བླུགས་ནས་ལིང་ག་ཤིང་ལྤགས་ལྟར་དྲིལ་ཏེ་སྲེ་མོང་གི་ལྤགས་པའི་ནང་དུ་བཅུག་ནས་ཁ་ལ་སྨྱུག་སྦུག་བཙུགས་ཏེ་ཡུག་ས་མོའི་སྐྲ་ཐག་གིས་བསྡམས་ལ་སྔགས་འདི་སྨྲ་བ་བཅད་དེ་བཟླའོ༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ས་མ་ཡ་ཛ་ཛཿརྒྱུག་རྒྱུག་དགྲ་བོ་ཆེ་གེ་ཁུག་རྦད་ནན༔ ནམ་གྱི་སྲོད་ལ་ཁྲི་བརྗོད་ལ་མཐར་སྦོས་སྔགས་འདི་བཏབ་བོ༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ས་མ་ཡ་ཛ་ཛཿཧ་ལ་ཧ་ལ་དགྲ་བོ་ཆེ་གེ་སྦོས་སྦོས་ཡཾ་ཡཾ་གཟེར་གཟེར་གས་གས་ཤག་ཤག་སྭཱ་ཧཱ༔ དགྲ་བོ་སྦོས་ནས་གྲིར་བསད་སྔགས་ལ༔ ནཱ་ག་རཀྴ་རཱ་ཧུ་ལ་ཧ་ལ་ཧ་ལ་ས་མ་ཡ་ཆེ་གེ་སྦོས་དྲི་ཡཾ་ཡཾ་གས་གས་ཤག་ཤག་རྦད་རྦད་སོད་སོད་སྭཱ་ཧཱ༔ རྗེས་སུ་ལིང་ག་གཏུབ་ནས་རླུང་ལ་བོར༔ བསྒྲུབ་ནས་ལས་མཐའ་ཟབ་མོ་དེས་ནི་དགྲ་བོ་ངེས་པར་ཐུབ༔ གཟའ་བདུད་ནག་པོ་བཀོལ་བ་ལ༔ བླ་རྟེན་ཙཀྲ་འདི་མེད་ན༔ གནས་རྟེན་ཁོར་ཡུག་མེད་པ་བཞིན༔ དབྱེར་མེད་གྲོགས་སུ་འགྲུབ་མི་འགྱུར༔ དམ་ཚིག་སྲོག་གི་འཁོར་ལོ་གནད༔ འདི་ནི་སྲོག་འཕྲོག་གཏའ་རུ་ཟུངས༔ དེ་ཡི་ལག་ལེན་རིམ་པ་ནི༔ ཙཀྲ་མུ་ཁྱུད་རིམ་ལྔ་བསྐོར༔ དབུས་ཀྱི་ལྟོ་བ་རབ་ཡངས་པར༔ གཟའ་བདུད་ནག་པོ་རླུང་ཞོན་བྲི༔ ཐུགས་ཀར་ར་ཡིག་ནག་པོ་བྲི༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ ཨོཾ་ནཱ་ག་རཀྴ་རཱ་ཧུ་ལ་ཧཱུྃ་ཛ༔ སུཾཿབཾཿཨེཿཡཾཿརཾཿཧཱུྃཿསྟྭཾ༔ ས་མ་ཡ་ཕེཾ༔ ནཱ་ག་ཀཱ་ལི་ཏྲི༔ རཀྴ་ཀྲོ་དྷ་རུ༔ ཙིཏྟ་ས་མ་ཡ་སྟྭཾ༔ སརྦ་རཏྣ་སིདྡྷི་ཕ་ལ་ཧཱུྃ༔ མི་ནོར་དཀོར་ལ་རཀྵ༔ དེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ པདྨ་འདབ་བརྒྱད་ཀྱི་འདབ་མར་ཤར་ནས་རིམ་པར༔ རཾཿཡཾཿཛྭཿབཾཿཡཾཿཏྭཾཿསུཾཿཨེཿདེའི་ཕྱི་རིམ་འཁོར་ལོ་རྩིབས་བརྒྱད་ལ༔ ཨཿཡཿམཿདུཿརུཿཙཿཤཿནཿདེ་ཡི་ཕྱི་རིམ་མུ་ཁྱུད་ལ༔ མིག་ཉེར་བརྒྱད་བྲི༔ གཟའ་ཡི་ཕྱོགས་བཞིར༔ མཿབྷྱོཿཧྲཱིཾཿཛཿབྲི༔ མུ་ཁྱུད་ཕྱི་མ་ལ༔ ནཱ་ག་རཀྴ་རཱ་ཧུ་ལ་ཧ་ལ་ཧ་ལ་དགྲ་ལ་རྦད༔ ནཱ་ག་རཀྴ་རཱ་ཧུ་ལ་ཧ་ལ་ཧ་ལ་དགྲ་བོ་ཧུར་ཐུཾ་སོད༔ འདིའི་ཡིག་མགོ་ནང་བསྟན་ནོ༔ གོང་གི་སྔགས་རྣམས་ཡིག་མགོ་ཕྱིར་བསྟན་ནོ༔ དེ་མཐར་མེ་རླུང་ས་དང་རི་རབ་བྲི༔ རྫས་ལ་ར་སྙིང་༔ ཕ་ཝཾ་ལོང་བུ༔ རིན་ཆེན་ཞུན་མ་ལྔ་རྣམས་དབུས་སུ་གཞུག༔ འཁོར་གྱི་གནས་སུ་བྱ་སྦྲུལ་ཕག་ཤ་བྱུག༔ རྦད་བསད་སྔགས་ལ་ཐར་ནུ་རེ་ལྕག་ཐང་ཁྲོམ་བྱུག༔ དེ་ནས་དཀྱིལ་འཁོར་ནང་དུ་བཞག་ནས་བསྒྲུབ་མཐར་རབ་གནས་བྱ༔ དེ་ནས་ལྟེ་བ་མི་བཅག་མགོ་འཇུག་མ་ནོར་བར༔ ཚོན་སྐུད་སྣ་ལྔས་བཅིང་སྟེ་སྒྲུབ་རྟེན་དུ་བཞག་ནས་ཟླ་བ་གཅིག་ལ་བསྒྲུབ་མཐར་ལུས་ལ་བཅིང་༔ དེས་ནི་ངེས་པར་བྲན་འཁོལ་འགྱུར༔ དེ་ལྟར་དྲག་པོ་བསྒྲུབ་པ་ཡིས༔ རྣལ་འབྱོར་ཉམས་ཆག་བསྐང་བའི་ཕྱིར༔ ཚོགས་འཁོར་འདོད་འཇོའི་བུམ་བཟང་ནི༔ བཟའ་བཅའ་བཏུང་བ་ལ་སོགས་པའི༔ འབྱོར་ཚོགས་གྷ་ཎའི་ལོངས་སྤྱོད་བཤམས༔ གཙང་མ་ཆབ་ཀྱིས་རབ་བྲན་ཏེ༔ རཾ་ཡཾ་ཁཾ༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས༔ མེ་ཆུ་རླུང་གསུམ་རབ་འཕྲོས་པས༔ མ་དག་འཁོར་བའི་བག་ཆགས་སྦྱངས༔ བདེ་སྟོང་ཡེ་ཤེས་བདུད་རྩིར་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་མཐར་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿལྷོ་ནུབ་པདྨ་འོད་ཀྱི་ཞིང་༔ མངོན་སྤྱོད་ལྷུན་གྲུབ་གཞལ་ཡས་ནས༔ རྗེ་བཙུན་རཀྴ་ཐོད་ཕྲེང་རྩལ༔ འཁོར་བཅས་ཚོགས་ཀྱི་མགྲོན་ལ་བྱོན༔ ལྕང་ལོ་ཅན་གྱི་ཕོ་བྲང་ནས༔ ཕྱག་ན་རྡོ་རྗེ་གཤེགས་སུ་གསོལ༔ དཔག་བསམ་ཤིང་གི་རྩེ་མོ་ནས༔ ཕག་ཁྱུང་འབར་བ་གཤེགས་སུ་གསོལ༔ དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ རྟ་མགྲིན་རྒྱལ་པོ་གཤེགས་སུ་གསོལ༔ དུར་ཁྲོད་མེ་འབར་གཞལ་ཡས་ནས༔ རྡོ་རྗེ་གཞོན་ནུ་གཤེགས་སུ་གསོལ༔ ཕོ་བྲང་མཁའ་སྤྱོད་ཙཱ་རི་ནས༔ ཞིང་སྐྱོང་སེང་གདོང་གཤེགས་སུ་གསོལ༔ བཀའ་དང་དམ་ཚིག་གཞལ་ཡས་ནས༔ གཟའ་བདུད་འཁོར་བཅས་གཤེགས་སུ་གསོལ༔ སྣང་སྲིད་དབང་བསྒྱུར་ཕོ་བྲང་ནས༔ དབང་ཕྱུག་ཆེན་པོ་གཤེགས་སུ་གསོལ༔ དགྲ་བགེགས་ཡོངས་སྒྲོལ་དུར་ཁྲོད་ནས༔ གནོད་སྦྱིན་ནག་པོ་གཤེགས་སུ་གསོལ༔ ཚོགས་ཀྱི་མཆོད་འབུལ་མགྲོན་ལ་བྱོན༔ སྒྲུབ་གནས་དག་པའི་ཞིང་དུ་རློབས༔ སྒྲུབ་མཆོག་རིག་འཛིན་ས་ལ་སྦྱོར༔ སྒྲུབ་རྫས་མྱོང་གྲོལ་བདུད་རྩི་དང་༔ བརྟེན་རྫས་ཡེ་ཤེས་འཁོར་ལོར་བསྒྱུར༔ ཉམས་ཆག་དག་ཚངས་དངོས་གྲུབ་སྩོལ༔ དྲག་པོ་མངོན་སྤྱོད་ལྷུན་གྲུབ་ཤོག༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧོཿ དཀྱིལ་འཁོར་ལྷ་ཚོགས་མ་ལུས་པར༔ ཡེ་ཤེས་བདུད་རྩིའི་ཚོགས་མཆོད་འབུལ༔ རྡོ་རྗེ་ལྗགས་ཀྱི་སྦུ་གུ་ནས༔ དྲངས་ཏེ་བདེ་བ་ཆེན་པོར་རོལ༔ གུ་རུ་དྷེ་ཝ་ཌཱ་ཀི་ནཱི་སརྦ་ས་པ་རི་ཝཱ་ར་གྷ་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་སྤྱན་སྔ་རུ༔ མ་རིག་མ་ཚོར་རྐྱེན་དབང་གིས༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་བཤགས༔ དག་ཚངས་གསང་གསུམ་དངོས་གྲུབ་སྩོལ༔ ཨོཾ་གྷ་ཎ་ཙཀྲ་སཏྭ་སོགས༔ དེ་ནས་བསྒྲལ་མཆོད་འབུལ་བ་ནི༔ ཧཱུྃ༔ དྲག་པོ་པདྨ་ཐོད་ཕྲེང་རྩལ༔ ཡང་ཁྲོས་རྡོ་རྗེ་གྲོ་བོ་ལོད༔ འཆོལ་བ་ནག་པོ་ཆེན་པོའི་སྐུ༔ བཞེངས་ཤིག་ཆོས་ཀྱི་དབྱིངས་ནས་བཞེངས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ཀྱིས༔ དགྲ་བགེགས་གདུག་ཅན་རྡུལ་དུ་རློག༔ ཨོཾ་བཛྲ་གུ་རུ་རཀྴ་ཀྲོ་དྷ་སརྦ་ས་མ་ཡ་ཛ་ཛཿདགྲ་བགེགས་སརྦ་ནྲྀ་ཏྲི་མཱ་ར་ཡ་རྦད་རྦད་སོད་སོད༔ ཕྱེ་མ་ཕྱེ་མ་ཐུལ་ཐུལ་སྭཱ་ཧཱ༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ༔ མ་རིག་གསུམ་དང་ལས་ཉོན་གྱི༔ རྒྱུ་ལས་རྐྱེན་སྣང་དགྲ་བགེགས་ཀུན༔ མཉམ་ཉིད་བདེ་ཆེན་ཞལ་དུ་བསྟབ༔ རྗེས་ཤུལ་ལྷག་མ་མེད་པར་རོལ༔ ནྲྀ་ཏྲི་ཤ་ཏྲུཾ་མཱ་ར་ཡ་ཁ་རཾ་ཁཱ་ཧི༔ དེ་ནས་ཚོགས་ལ་རོལ་བ་ནི༔ ཀྱཻ༔ རྡོ་རྗེ་རྒྱལ་པོ་སངས་རྒྱས་དངོས༔ མཆེད་ལྕམ་ཉམས་ཆག་བསྐང་བའི་ཕྱིར༔ གསང་སྔགས་གསང་བའི་ཐབས་ཆེན་པོ༔ བླ་མེད་ཚོགས་ཀྱི་ལོངས་སྤྱོད་རོལ༔ ལན་བཏབ་པ་ནི༔ ཧོཿ གསང་སྔགས་ཐབས་ཀྱི་ལམ་མཆོག་གི༔ བླ་མེད་གསང་ཆེན་ཚོགས་ཀྱི་རྫས༔ གཙང་དང་དམེ་བར་ལྟ་སོགས་སྤངས༔ འཁོར་གསུམ་དག་པའི་ངང་ནས་རོལ༔ ཨ་ལ་ལ་ཧོཿ མཆེད་ལྕམ་ཀུན་གྱིས༔ ཧོཿ ཟབ་གསང་རྡོ་རྗེའི་དཀྱིལ་འཁོར་དུ༔ བསྟེན་པའི་དངོས་གྲུབ་སྐལ་བ་བཟང་༔ ཚོགས་ཀྱི་བསོད་ནམས་འདིར་བརྟེན་ནས༔ བདག་སོགས་ཚོམ་བུ་གཅིག་གྲོལ་ཤོག༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ་ཨ་ལ་ལ་ཧོཿ སྨོན་ལམ་གདབ་པ་ནི༔ ན་མོ༔ བདག་སོགས་སྒྲུབ་པའི་རྣལ་འབྱོར་གྲལ༔ ཚོགས་ཀྱི་འཁོར་ལོའི་བསོད་ནམས་ཀྱིས༔ ཚེ་རབས་སྡིག་དང་དམ་ཉམས་པ༔ དག་ཚངས་མཆོག་གི་དངོས་གྲུབ་ཐོབ༔ གདོད་མ་གཞི་ཡི་སངས་རྒྱས་ཀྱི༔ ཀློང་དུ་ཡང་དག་སངས་རྒྱས་ཤོག༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ་ཛཿསྔོན་ཚེ་མ་ལ་ཡ་རིའི་རྩེར༔ ཧེ་རུས་དྲེགས་པ་བཏུལ་བའི་ཚེ༔ བར་དུ་རིག་འཛིན་རྒྱ་མཚོ་ཡིས༔ སྙན་ནས་བརྒྱུད་པར་བསྟན་པའི་ཚེ༔ ཐ་མ་ཨོ་རྒྱན་པདྨ་ཡིས༔ སྤྲུལ་པའི་རིག་འཛིན་སྨིན་གྲོལ་ཚེ༔ རང་རྩལ་སྒྱུ་འཕྲུལ་རོལ་པའི་དཔྱིད༔ དབང་ཕྱུག་མ་མོ་ལྷག་མ་སྐྱོང་༔ བཀའ་ཡི་སྲུང་མ་དམ་ཅན་སྡེ༔ མ་ལུས་འདིར་གཤེགས་ལྷག་མ་རོལ༔ སྔོན་གྱི་ཆད་དོན་ཁྲིམས་ལུགས་བཞིན༔ སངས་རྒྱས་བསྟན་པ་གཉན་པོ་སྲུངས༔ རྣལ་འབྱོར་འདོད་དོན་ཡིད་བཞིན་སྒྲུབས༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ མ་བྷྱོ་ཛཿཧྲཱིཾ་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ལོ་ཀ་པཱ་ལ་ས་མ་ཡ་ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ ས་མ་ཡ་བདག་ཅག་སྒྲུབ་པ་པོ་ལ་རཀྴ་རཀྴ་སྭཱ་ཧཱ༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ དང་པོ་སྤྱི་དཔལ་ཆེན་པོའི་དམ༔ བར་དུ་རིག་འཛིན་བརྒྱུད་པའི་ཚིག༔ ཐ་མ་ཨོ་རྒྱན་པདྨའི་བཀའ༔ མ་འདའ་ཆད་དོན་ཁྲིམས་ལུགས་བཞིན༔ ཡེ་ཤེས་འཇིག་རྟེན་སྲུང་མ་རྣམས༔ འདིར་གཤེགས་དམར་གྱི་གཏོར་མ་ལོངས༔ ཕྲིན་ལས་རབ་འབྱམས་ལྷུན་གྲུབ་མཛོད༔ ཆད་དོན་ཁྲིམས་བཞིན་ཕྲིན་ལས་མཛོད༔ དེ་ནས་བརྟན་མ་སྐྱོང་བ་ནི༔ ཧཱུྃ༔ རྗེ་བཙུན་རྡོ་རྗེ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཞག་དབང་བསྐུར་བའི༔ མ་མོ་བརྟན་མ་སྐྱོང་མ་རྣམས༔ ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ ཟབ་གསང་བསྟན་པ་གཉན་པོ་སྲུངས༔ སྒྲུབ་པའི་སྐལ་ལྡན་ཕོ་མོ་སྐྱོངས༔ ཚེ་བསོད་དཔལ་འབྱོར་མངའ་ཐང་སྐྱེད༔ དགྲ་བགེགས་གདུག་པ་ཚར་ཆོད་ཅིག༔ ལས་བཞིའི་ཕྲིན་ལས་ལྷུན་གྲུབ་མཛོད༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ སྨོན་ལམ་ལྟ་བ་ལས་ལོག་པའི༔ བར་ཆད་དམ་སྲི་རྒབ་འདྲེ་རྣམས༔ རིམ་དགུ་ས་ཡི་འོག་ཏུ་མནན༔ མཆོག་གསུམ་བདེན་པའི་སྟོབས་ཀྱིས་མནན༔ མ་ཤོར་རྡོ་རྗེ་གསུམ་གྱི་རྒྱ༔ སྐུ་གསུམ་ལྷུན་གྲུབ་བྲོ་བརྡུངས་པས༔ དུག་གསུམ་རྣམ་རྟོག་རྡུལ་དུ་རློག༔ ཡེ་ཤེས་ལྔ་ཡི་བྲོ་བརྡུངས་པས༔ དུག་ལྔའི་བདུད་བགེགས་རྡུལ་དུ་རློག༔ ཆོས་ཕུང་བརྒྱད་ཁྲིའི་བྲོ་བརྡུངས་པས༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་དང་༔ རྒྱུ་རྐྱེན་འབྲེལ་བའི་ལྷ་འདྲེ་བདུད༔ ཆོས་ཉིད་འགྱུར་མེད་ཧོམ་དུ་མནན༔ ནམ་ཡང་ལྡང་མེད་བྲོ་རྒྱས་བཏབ༔ ཡ་མ་དམ་སྲི་སྟྭཾ་བྷ་ཡ་ནན༔ མཱ་ར་ཡ་རྦད་ནན༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ བླ་མ་སངས་རྒྱས་བྱང་སེམས་དང་༔ ཡི་དམ་ལྷ་ཚོགས་དགོངས་སུ་གསོལ༔ ཚེ་རབས་སྐྱེ་བ་ཐམས་ཅད་དུ༔ བསགས་པའི་ལས་ཉོན་བག་ཆགས་དང་༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་རྣམས༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ དག་ཚངས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་སཏྭ་ས་མ་ཡ་སོགས༔ དེ་ནས་དངོས་གྲུབ་བླང་བ་ནི༔ ཧཱུྃ༔ བླ་མ་ཡི་དམ་མཁའ་འགྲོ་དང་༔ སྲུང་མ་དམ་ཅན་རྒྱ་མཚོའི་ཚོགས༔ དད་པས་ཐུགས་དམ་རྒྱུད་བསྐུལ་ལོ༔ བསྙེན་སྒྲུབ་ལས་སྦྱོར་མཐར་ཕྱིན་ནས༔ དམ་བཅའི་དུས་རྫོགས་ཚད་དུ་འཁྱོལ༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ སྐུ་གསུང་ཐུགས་ཀྱི་གསང་བ་ནས༔ དབང་བྱིན་དངོས་གྲུབ་མ་ལུས་པ༔ སྒོ་གསུམ་སྣོད་དུ་དབབ་པར་མཛོད༔ སྨིན་གྲོལ་བདེ་ཆེན་གདིང་ཐོབ་ཤོག༔ རྩ་སྔགས་དང་༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བདག་གི་དུས་གསུམ་དགེ་ཚོགས་ཀུན༔ བསྡུས་ཏེ་མ་གྱུར་འགྲོ་ལ་བསྔོ༔ ཁམས་གསུམ་འཁོར་བའི་སེམས་ཅན་ཀུན༔ སྐུ་གསུམ་ཀློང་དུ་རང་གྲོལ་ཤོག༔ དེ་ནས་བསྡུ་བའི་རིམ་པ་ནི༔ ཧཱུྃ༔ སྣང་སྲིད་འཁོར་བའི་ཆོས་སོ་ཅོག༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཆོས་སྐུ་སྐྱེ་མེད་ཀློང་དུ་ཞིག༔ འཁོར་གསུམ་དམིགས་མེད་དབྱིངས་སུ་ཨ༔ དེ་ཡིས་རྟག་པའི་མཐའ་སེལ་འགྱུར༔ ཧཱུྃ་ཧཱུྃ༔ ཤེས་རབ་དབྱིངས་ལས་ཐབས་ཀྱི་སྐུ༔ མ་བཅོས་སྟོང་གསལ་རང་བྱུང་ཤར༔ འགྱུར་མེད་ངོ་བོ་ཉིད་ཀྱི་ལྷ༔ གཞོམ་མེད་རྡོ་རྗེ་གོ་ཆ་མཁྲེགས༔ ཕཊ་ཕཊ་ཕཊ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྩ་བ་གསུམ་གྱི་བྱིན་རླབས་དང་༔ དམ་ཅན་སྲུང་མའི་མཐུ་སྟོབས་ཀྱིས༔ མི་འདོད་ཉེར་འཚེ་ཞི་གྱུར་ཅིག༔ ཚེ་བསོད་དཔལ་ཡོན་རྒྱས་གྱུར་ཅིག༔ འཁོར་འདས་དབང་དུ་འདུ་གྱུར་ཅིག༔ དགྲ་བགེགས་གནོད་བྱེད་བརླག་གྱུར་ཅིག༔ བསམ་དོན་ལྷུན་གྲུབ་བཀྲ་ཤིས་ཤོག༔ མཐར་ཐུག་གཏན་བདེའི་བཀྲ་ཤིས་ཤོག༔ དོན་གཉིས་ལྷུན་གྲུབ་བཀྲ་ཤིས་ཤོག༔ ས་མ་ཡ༔ འདི་ནི་མངོན་སྤྱོད་རྒྱལ་པོ་སྟེ༔ ནག་པོ་ངན་སྔགས་མཐུ་ཡི་རྒྱུད༔ ཉམས་སུ་ལེན་པའི་རིག་འཛིན་གྱིས༔ དྲེགས་པ་ལྷ་སྲིན་བྲན་འཁོལ་ཏེ༔ ཞིང་བཅུའི་དགྲ་སྡེ་ཐམས་ཅད་འཇོམས༔ འདི་ཉིད་ཉམས་སུ་ལེན་པའི་བུ༔ ཐོག་མར་སྒོ་གསུམ་རྣལ་དབབ་ནས༔ བསྙེན་སྒྲུབ་རྟགས་ཚད་རྫོགས་པར་བྱ༔ མཐར་ནི་ལས་ཚོགས་བཀོལ་བའི་ཚེ༔ སངས་རྒྱས་བསྟན་པའི་ཆེད་ཕྱིར་དང་༔ སྒོས་ཀྱི་དགེ་འདུན་ཡོངས་ཆེད་དུ༔ དམིགས་ནས་ལས་བརྩོན་གནད་དུ་ཟུངས༔ རང་འདོད་ཁེ་གྲགས་ཆེད་མིན་པར༔ བསྟན་དགྲ་བསྒྲལ་བ་སྔགས་ཀྱི་ལས༔ དམ་ཚིག་ཡིན་པས་ཤེས་པར་གྱིས༔ སངས་རྒྱས་བསྟན་པའི་སྤྱི་དགྲ་དང་༔ མཚན་ལྡན་བླ་མའི་སྐུ་དགྲ་ལ༔ བྱམས་སེམས་བསྒོམ་ན་དམ་ཉམས་ངེས༔ དེ་ཕྱིར་སྔགས་ཀྱི་ལས་ཀ་འདི༔ བརྒྱུད་འཛིན་རྣམས་ཀྱི་མཚོན་ཆར་བཞག༔ སྔོན་དུ་སྒྲུབ་པ་མ་རྫོགས་པའི༔ ཐོ་ཅོའི་སྤྱོད་པས་ལས་བརྩོན་མཁན༔ གདམས་ངག་རྫུན་དུ་མ་སེམས་ཤིག༔ རྡོ་ལ་ཞ་ཉེའི་མཚོན་བཞིན་དུ༔ གང་ལ་བྱས་ཀྱང་རྡུག་པའི་རྒྱུ༔ མ་བསྒྲུབ་ལས་མཐའ་བཀོལ་བ་དེ༔ ཤེས་པར་གྱིས་ལ་ཚུལ་བཞིན་སྒྲུབས༔ འདི་ནི་སྙིང་གི་ཡང་ཐིག་སྟེ༔ ཉམས་སུ་ལེན་པའི་སྐལ་ལྡན་བུ༔ དོན་གཉིས་ལྷུན་གྲུབ་མཐུ་ལྡན་ཏེ༔ ཚེ་འདིར་གྲོལ་བ་མ་འཐོབ་ན༔ པདྨས་བསླུས་སོ་ཕྱི་རབས་རྣམས༔ བསྒྲལ་ནས་གྲོལ་བར་བྱ་བའི་ཕྱིར༔ ཐེག་པའི་ཡང་རྩེ་རྫོགས་པ་ཆེའི༔ ཉམས་ལེན་མཐའ་རུ་ཕྱིན་པར་གྱིས༔ བུད་མེད་ཡེ་ཤེས་མཚོ་རྒྱལ་ཁྱོད༔ པདྨའི་སྙིང་ཐིག་ཡི་གེར་ཐོབ༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ པདྨའི་སྲས་དང་འཕྲད་པར་ཤོག༔ བཀའ་སྲུང་བདུད་མགོན་ཡབ་ཡུམ་དང་༔ གཟའ་དང་དབང་ཕྱུག་གནོད་སྦྱིན་གྱིས༔ སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ ལོག་ལྟ་མཁན་གྱི་སྙིང་ཁྲག་རོལ༔ ཉམས་ལེན་བུ་ལ་བརྩེ་གྲོགས་མཛོད༔ དགེ་བསྙེན་གཡུ་ཕྲེང་ཅན་ལ་གཏད༔ མ་འོངས་ང་ཡི་བུ་ལ་སྤྲོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ༠༠༠༠༠བརྡ་ཡིག་༤༦༩༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱ་བྱས་ཏེ་མཐར་རྟེན་འབྲེལ་དུས་ལ་བབས་ཚེ་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་གཏན་ལ་ཕབ་པའི་ཡི་གེའི་རིས་བྱེད་རང་སློབ་དམ་པ་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།


སྱྂ༔ (བརྡ་ཡིག་) ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི༔ རྡོ་རྗེ་འཁོར་ལོའི་སྙིང་པོ་འདི༔ གང་གིས་ཟོས་པའི་སྒོ་གསུམ་ལ༔ སྣང་སྲིད་ལྷ་འདྲེ་སྡེ་བརྒྱད་ཚོགས༔ བྱད་ཕུར་རྦོད་གཏོང་གདོན་རྣམས་དང་༔ ནད་དང་སྡུག་བསྔལ་སྡིག་སྒྲིབ་གྲིབ༔ རྐྱེན་དང་འཇིགས་པས་མི་ཚུགས་ཤིང་༔ ཀུན་བྲལ་ཀུན་ཐུབ་ཀུན་འཇོམས་འགྱུར༔ བསོད་ནམས་ཚེ་དབང་ལོངས་སྤྱོད་སྲིད༔ ཤེས་རབ་འཕེལ་སོགས་གང་གི་ཕྱིར༔ དམིགས་ནས་ཟོས་པས་དེ་དོན་འགྲུབ༔ མཁའ་འགྲོ་འབུམ་གྱི་སྙིང་ཁྲག་ཡིན༔ གཞན་ཡང་གང་ཕྱིར་དམིགས་དོན་སྤོ༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ གཟའ་བདུད་དུག་གི་སྤུ་གྲིས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ཞེས་པའང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་སོ།། །། (བརྡ་ཡིག་)༔ དྷིཿགུར་གུམ་ ཀ་རའམ་གཅུ་གང་ ཧཱུྃཿགུ་གུལ་ ཏཱཾཿགྷི་ཝཾ་ ཕཊ༔ བཙན་དུག་བཅས་སོ་སོར་བྱུག་གོ། །།