ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་གསང་སྒྲུབ་ཆོས་ཉིད་ཀློང་མཛོད༔

From Dudjom Wiki
TTDL-ZABTER-01-KA-052
Wylie title zab gsang mkha' 'gro'i snying thig las: che mchog bdud 'joms rdo rje'i gsang sgrub chos nyid klong mdzod: TTDL-ZABTER-01-KA-052.pdf
Location bdud 'joms gling pa zab gter
Volume 1, Text 52, Pages 501-506 (Folios 1a1 to 3b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las che mchog bdud 'joms rdo rje'i gsang sgrub chos nyid klong mdzod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 501-506. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsang sgrub   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིག་འཛིན་ཆོས་ཉིད་ཀློང་བརྡོལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་གདན་དྲངས་ཏེ་སྨར་མདོ་དགའ་བ་འཁྱིལ་ཁུག་ཏུ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang 'od gsal rdzogs pa chen po'i rnal 'byor pa rig 'dzin chos nyid klong brdol gyis gser smad rnga la stag rtse'i g.yas logs rdo rje brag nas gdan drangs te smar mdo dga' ba 'khyil khug tu dag par phab pa'i yi ge pa ni rang slob dam pa pad+ma bkra shis so/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་གསང་སྒྲུབ་ཆོས་ཉིད་ཀློང་མཛོད་བཞུགས་སོ༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ ཆེ་མཆོག་དཔལ་དགུའི་གསང་ཆེན་རོལ་པའི་དཔལ༔ རྡོ་རྗེ་གྲོ་ལོད་གསང་བའི་སྒྲུབ་པ་འདི༔ རིག་པའི་རང་གདིང་ཐོབ་ནས་འཁོར་འདས་ཀུན༔ གཉིས་མེད་རོལ་པར་རྟོགས་པའི་རྣལ་འབྱོར་གྱིས༔ སྤྱོད་ཡུལ་ཟབ་མོ་མ་བཙལ་རྫོགས་པའི་ལྷ༔ དམ་ཚིག་ཡེ་ཤེས་གདོད་ནས་གཉིས་མེད་དེ༔ རང་ཤེས་གཟུང་འཛིན་བྲལ་བའི་ངང་ནས་སྤྱོད༔ སྤྱན་འདྲེན་བཞུགས་གསོལ་ཕྱག་འཚལ་འདིར་མི་དགོས༔ སངས་རྒྱས་ཡུལ་གོལ་ཅན་གྱི་ཞེན་ལམ་མིན༔ ཚེ་གཅིག་སངས་རྒྱས་སྒྲུབ་པ་ཟབ་མོའི་ལམ༔ ངེས་གསང་རྫོགས་པ་ཆེན་པོ་དོན་གྱི་ལྷ༔ འབྲེལ་བའི་སྒྲུབ་པ་གསང་བའི་སྙིང་པོ་འདི༔ བདུད་འདུལ་ཆེན་པོ་པདྨ་འབྱུང་གནས་ངས༔ མ་འོངས་འབྱུང་འགྱུར་སྤྲུལ་པ་དག་ལ་གདམས༔ ཉམས་སུ་ལེན་ཚད་ངའི་སྤྲུལ་ཤ་སྟག་གོ༔ ས་མ་ཡ༔ དེ་ནས་སྒོ་གསུམ་རྡོ་རྗེ་གྲོང་འཇུག་ལ༔ རྣལ་འབྱོར་བྱ་བ་སྒྲུབ་པ་ཀུན་གྱི་གནད༔ བསྐྱེད་རྫོགས་བཟླས་བརྗོད་ཏིང་འཛིན་ཡ་མ་བྲལ༔ དམ་བཅའ་མི་རལ་བ་ནི་རྩལ་དུ་འདོན༔ ས་མ་ཡ༔ དངོས་གཞི་ནི༔ ཧཱུྃ་བླ་མ་ཧཱུྃ་ཡི་དམ་ཧཱུྃ་མཁའ་འགྲོ་མ་ལུས་པ༔ ཡོངས་འདུས་སྒོ་གསུམ་ཡི་གེ་ཧཱུྃ་དུ་ཞུ༔ ཧཱུྃ་ཡིག་དམར་ནག་ཡེ་ཤེས་མེ་འབར་བ༔ སྐུ་གསུམ་ཡོངས་རྫོགས་གསང་ཆེན་ཐིག་ལེར་བཟླུམས༔ ཐབས་ཤེས་ཉི་ཟླའི་གྭའུ་ཁ་སྦྱོར་བའི༔ གཞལ་ཡས་ཡངས་པར་ཆོས་ཀྱི་འབྱུང་གནས་མཁར༔ པདྨ་ཉི་མ་བདུད་དཔུང་བསྣོལ་བའི་སྟེང་༔ ཟ་བྱེད་རྔམ་པ་སྟག་མོ་གྲུས་མ་འགྱིང་༔ སྒལ་སྟེང་ཧཱུྃ་ལས་རྒྱལ་ཀུན་གསང་འདུས་པ༔ ཆོས་ཉིད་དོན་གྱི་རིག་སྐུ་ཆེ་བའི་མཆོག༔ ཁྲག་འཐུང་ཡང་ཁྲོས་རྡོ་རྗེ་གྲོ་བོ་ལོད༔ དམར་ནག་འབར་བ་ཞལ་གཅིག་ཕྱག་གཉིས་པ༔ སྤྱན་གསུམ་དམར་ཟླུམ་ཉི་ལྟར་མཁའ་ལ་གཟིགས༔ ཁྲོ་གཉེར་བསྡུས་ཤིང་ཨམ་གཙིགས་མཆེ་བ་དཀར༔ སྨ་ར་སྨིན་མ་དམར་སེར་མེ་ཞགས་འཕྲོ༔ དབུ་སྐྲ་གཡས་འཁྱིལ་དུང་གི་སྙན་ཆ་མཛེས༔ ཕྱག་གཡས་གནམ་ལྕགས་རྡོ་རྗེ་ནམ་མཁར་ཕྱར༔ དགྲ་གདོན་གནོད་བྱེད་ཕོ་མོའི་མགོ་བོ་འགེམ༔ གཡོན་པས་གནམ་ལྕགས་ཕུར་པ་ས་ལ་གཟིར༔ དགྲ་བགེགས་ལོག་འདྲེན་མགོ་ལུས་དུམ་བུར་འཐོར༔ སྡིགས་མཛུབ་རྩེ་ནས་ལྕགས་སྡིག་བྱ་ཁྱུང་འགྱེད༔ རྒྱལ་བསེན་ཀླུ་གཉན་འབྱུང་པོའི་སྙིང་ཁྲག་རོལ༔ བརྒྱལ་བྱེད་དྲི་ངན་དུག་རླངས་ཕྱོགས་བཅུར་འཕྲོས༔ སྡེ་བརྒྱད་ཀླུ་གཉན་འབྱུང་པོ་བརྒྱལ་ཞིང་འབོག༔ སྐུ་སྟོད་ཟ་འོག་སྔོ་ནག་བེར་འདུང་མནབ༔ སྐུ་སྨད་ཐང་ཤམ་དམར་སྨུག་རླུང་གིས་གཡེང་༔ ཆོས་གོས་དམར་པོ་གསེར་གྱི་ཧ་རིས་གསོལ༔ ཁྲག་འཛག་མི་མགོ་ལྔ་བཅུའི་དོ་ཤལ་མཛད༔ ཡིད་བཞིན་འདོད་འབྱུང་ནོར་བུའི་རྒྱན་ཕྲེང་གསོལ༔ སྤྱི་བོར་ཨོཾ་ལ་སྐུ་ཡི་གསང་བ་འདུས༔ མགྲིན་པར་ཨཱཿལ་གསུང་གི་གསང་བ་རྫོགས༔ ཐུགས་ཀར་ཧཱུྃ་ལ་ཐུགས་ཀྱི་གསང་བ་འདུ༔ ལྟེ་བར་སྭཱ་ལ་ཡོན་ཏན་གསང་ཆེན་རྫོགས༔ གསང་བར་ཧཱ་ལ་ཕྲིན་ལས་གསང་ཆེན་འདུ༔ དཀར་དམར་མཐིང་སེར་ལྗང་གསལ་འོད་ཟེར་འབར༔ རྒྱལ་བ་རྒྱ་མཚོའི་གསང་ཆེན་ཡོངས་སུ་གྲུབ༔ ཡེ་ཤེས་མེ་དཔུང་འབར་བའི་ཀློང་ན་འགྱིང་༔ ཞབས་གཉིས་གྱད་ཀྱི་འདོར་སྟབས་ཚུལ་དུ་བགྲད༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ དམ་ཚིག་ཡེ་ཤེས་གཉིས་མེད་རོལ་པ་རུ༔ ཤེས་རབ་དབྱིངས་ལས་ཐབས་ཀྱི་ཕྱག་རྒྱར་ཤར༔ སྣང་ལ་རང་བཞིན་མེད་པ་འོད་ཀྱི་སྐུ༔ གསལ་ལ་དེར་འཛིན་བྲལ་བ་ཆོས་ཀྱི་དབྱིངས༔ ཡུལ་དུ་ཞེན་གོལ་མེད་པ་ངོ་བོ་ཉིད༔ མ་བཅོས་སྤྲོས་མཐའ་བྲལ་བ་ཆོས་ཀྱི་སྐུ༔ སྐུ་དང་ཡེ་ཤེས་ངང་རྫོགས་གནས་ལུགས་གཤིས༔ ཆོས་ཉིད་མཐའ་གྲོལ་བྱང་ཆུབ་རྫོགས་པ་ཆེ༔ མ་བསྒོམ་སངས་རྒྱས་རང་བྱུང་ཉིད་དུ་རིག༔ ཨོཾ་བཛྲ༔ ཞེས་བརྗོད་པས་ལུས་ཡེ་ཤེས་སྒྱུ་མའི་སྐུར་འཕོས་པར་བསམ༔ ཨཱཿབཛྲ༔ ཞེས་བརྗོད་པས་ངག་རྡོ་རྗེའི་གསུང་རང་བྱུང་ཧཱུྃ་གི་རང་སྒྲར་འཕོས་པར་བསམ༔ ཧཱུྃ་བཛྲ༔ ཞེས་བརྗོད་པས་སེམས་རྡོ་རྗེའི་ཐུགས་རྣམ་པར་མི་རྟོག་པའི་ངོ་བོར་འཕོས་ཤིང་སྨིན་པར་བསམ༔ སྭཱ་བཛྲ༔ ཞེས་བརྗོད་པས་ཡོན་ཏན་ཐམས་ཅད་ཡོངས་སུ་རྫོགས་པར་བསམ༔ ཧཱ་བཛྲ༔ ཞེས་བརྗོད་པས་ཕྲིན་ལས་ཐམས་ཅད་ཡོངས་སུ་རྫོགས་ཤིང་འགྲོ་བ་མ་ལུས་འདུལ་བའི་མཐུ་ནུས་དང་ལྡན་པར་བསམ༔ ཨོཾ་སརྦ་ཏ་ཐཱ་ག་ཏ་གུ་ཧྱ་ཛྙཱ་ན་ས་མ་ཏི་སྟྭཾ་ཨཱཿལན་བདུན་བརྗོད་ཚེ་རྒྱལ་བ་མ་ལུས་ཡོངས་ཀྱི་གསང་ཆེན་ཡེ་ཤེས་དགོངས་མཛོད་ཐམས་ཅད་རང་རྒྱུད་ལ་འདུས་པར་བསམ༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ༔ བླ་མེད་བླ་མའི་གསང་ཆེན་བུམ་ཀློང་དུ༔ བདེ་གཤེགས་དཔལ་དགུའི་གསང་བ་མཉམ་ཞུགས་པས༔ བླ་མ་ཡི་དམ་གཉིས་མེད་འཆོལ་བར་ཁྲོས༔ བདག་དང་ཡུལ་བལྟ་རྒྱུ་དང་རྐྱེན་སྣང་བགེགས༔ ཉེ་རིང་སྙོམས་པ་ཆེན་པོས་མཉམ་པར་བསྒྲལ༔ མ་བསྒྲལ་ཤུགས་སྒྲོལ་ཀློང་བསྡུས་སྟོབས་ཆེན་གྱིས༔ འཁོར་བའི་རྒྱུ་རྐྱེན་རཱུ་ཏྲ་ངང་གིས་སྒྲོལ༔ ཆེ་མཆོག་ཡོངས་འདུས་དཔལ་ལ་ཕྱག་འཚལ་བསྟོད༔ ས་མ་ཡ༔ དེ་ནས་ཛབ྄་འཁོར་བསྒོམ་བཟླས་ནི༔ རང་ཉིད་རྡོ་རྗེ་གྲོ་ལོད་ཀྱི༔ ཐུགས་ཀར་འོད་ཀློང་པད་ཉིའི་སྟེང་༔ ཡེ་ཤེས་སེམས་དཔའ་ཚོན་གང་བའི༔ སྙིང་གར་ཉི་སྟེང་རྡོ་རྗེ་ཡི༔ ལྟེ་བར་ཉི་ཟླའི་གྭའུ་རུ༔ ཧཱུྃ་ཡིག་དམར་གསལ་འོད་འབར་བའི༔ མཐའ་མར་སྔགས་ཀྱི་ཕྲེང་བས་བསྐོར༔ དམར་གསལ་ཧཱུྃ་གི་འཕྲོ་འདུ་ལས༔ སྣང་སྲིད་ཧཱུྃ་གི་ཚང་ཁང་འཁྲིག༔ རྒྱལ་བ་ཀུན་མཆོད་དབང་བྱིན་བསྡུས༔ རྡོ་རྗེ་གསུམ་གྱི་གཟི་བྱིན་བསྐྱེད༔ འགྲོ་ཀུན་སྡུག་བསྔལ་རྒྱུ་རྐྱེན་བསྲེགས༔ གཉིས་སུ་འཛིན་པའི་རཱུ་ཏྲ་བསྒྲལ༔ ཁྱབ་བརྡལ་ཆོས་དབྱིངས་ཆེན་པོའི་ངང་༔ རང་བྱུང་ཧཱུྃ་སྒྲ་དི་རི་རི༔ མ་ལུས་འཁོར་འདས་ཐམས་ཅད་ཀྱི༔ སྲོག་གི་སྙིང་པོ་ཡི་གེ་ཧཱུྃ༔ བཟླས་པ་ཙམ་གྱིས་སྲོག་འདུས་གྱུར༔ ཨོཾ་བཛྲ་གུ་རུ་གྲོ་བོ་ལོད་ལོ་ཀ་སརྦ་སིདྡྷི་ཧཱུྃ་ཧཱུྃ༔ ཧཱུྃ་ཧཱུྃ་ཧཱུྃ་ཧཱུྃ༔ གྲངས་མེད་བརྗོད༔ ཧཱུྃ་ནི་འཁོར་འདས་ཐམས་ཅད་ཀྱི༔ སྲོག་གི་སྙིང་པོ་འདུས་པའི་བཅུད༔ བཟླས་པས་མཆོག་གི་དངོས་གྲུབ་ཐོབ༔ བཟླས་ཚེ་ཧཱུྃ་དང་རིག་པ་དྲིལ༔ གཞན་དུ་གཡེང་བར་མི་བྱའོ༔ གཟེར་བཞིའི་མན་ངག་དང་ལྡན་པའི༔ རྣལ་འབྱོར་རྣམས་ནི་ངེས་གྲོལ་འགྱུར༔ སྒྲུབ་རྫས་གཞལ་ཡས་ལྷ་སྔགས་ཀུན༔ ཡོངས་རྫོགས་རོལ་པར་གསལ་བའི་ངང་༔ རྩེ་གཅིག་བསྒོམ་བཟླས་གནད་དུ་བསྣུན༔ མ་དག་སྒོ་གསུམ་གནས་དག་ནས༔ རྡོ་རྗེ་གསུམ་ཀློང་ངེས་པར་འཕོ༔ བློ་བྲལ་རྫོགས་པ་ཆེན་པོ་ནི༔ མཐར་ཐུག་གྲོལ་བའི་ལམ་དུ་གནད༔ འདི་ནི་པདྨའི་སྙིང་ཁྲག་དངོས༔ ཚུལ་བཞིན་ཉམས་སུ་ལེན་པའི་བུ༔ ཚེ་འདིར་གྲོལ་བ་མ་ཐོབ་ན༔ པདྨས་བསླུས་སོ་བརྒྱུད་འཛིན་བུ༔ མཁའ་འགྲོ་ཡེ་ཤེས་མཚོ་རྒྱལ་ཁྱོད༔ བཀའ་འདི་བརྡ་ཡི་རིས་སུ་ཐོབ༔ ལྷ་ཆེན་དབང་ཕྱུག་ཆེན་པོས་སྲུངས༔ བསྟན་པ་མི་ནུབ་དར་རྒྱས་ཤིང་༔ བརྒྱུད་འཛིན་སྐྱེས་བུའི་འདོད་དོན་སྒྲུབས༔ བསྟན་དགྲའི་སྡེ་དཔུང་ཚར་ཆོད་ཅིག༔ འཛིན་འཆང་ཡུན་གནས་བདེ་དགེ་མཛོད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་རིག་འཛིན་ཆོས་ཉིད་ཀློང་བརྡོལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་གདན་དྲངས་ཏེ་སྨར་མདོ་དགའ་བ་འཁྱིལ་ཁུག་ཏུ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་པདྨ་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།