ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་བསྒྲལ་ལས་དྲག་པོར་མཁྱེན་གསོལ་རྡོ་རྗེའི་ཐོག་མདའ༔

From Dudjom Wiki
TTDL-ZABTER-01-KA-056
Wylie title zab gsang mkha' 'gro'i snying thig las: che mchog bdud 'joms rdo rje'i bsgral las drag por mkhyen gsol rdo rje'i thog mda': TTDL-ZABTER-01-KA-056.pdf
Location bdud 'joms gling pa zab gter
Volume 1, Text 56, Pages 547-551 (Folios 1a1 to 3a5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las che mchog bdud 'joms rdo rje'i bsgral las drag por mkhyen gsol rdo rje'i thog mda'. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 1: 547-551. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: mkhyen gsol   Verso: bdud 'joms gro lod
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Entreaties - dgongs gsol
Cycle ཆེ་མཆོག་རཀྴ་ཐོད་ཕྲེང་བདུད་འཇོམས་རྡོ་རྗེ་གྲོ་ལོད་ (che mchog rak+sha thod phreng bdud 'joms rdo rje gro lod)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Colophon

ཞེས་པ་འདི་ཡང་སྤྲང་པོ་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་ཤོག་སེར་ལས་ཞལ་བཤུས་ཤིང་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di yang sprang po bdud 'joms rdo rjes gter nas bton te shog ser las zhal bshus shing dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཆེ་མཆོག་བདུད་འཇོམས་རྡོ་རྗེའི་བསྒྲལ་ལས་དྲག་པོར་མཁྱེན་གསོལ་རྡོ་རྗེའི་ཐོག་མདའ་བཞུགས་སོ༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ དང་པོ་གསེར་སྐྱེམས་བྲན་ལ༔ ཨོཾ་ཨཱཿཧཱུྃ་ལན་གསུམ་བརྗོད༔ དེ་ནས་དགྲ་བགེགས་ལ་སྡང་བའི་སེམས་ཀྱིས་ཀུན་ནས་བསླངས་ཏེ་རྩ་གསུམ་སྲུང་མ་རྒྱ་མཚོའི་ཚོགས་ལ་མོས་གུས་ཚད་མེད་པའི་ངང་ནས་མཁྱེན་གསོལ་དཔང་བཙུགས་ཀྱི་མན་ངག་འདིར་བརྩོན་པར་བྱའོ༔ འདི་ལག་ལེན་བྱེད་པའི་དུས་སུ་སྟེང་འོག་ཕྱོགས་མཚམས་ཐམས་ཅད་དུ་བླ་མ་ཡི་དམ་མཁའ་འགྲོ་ཆོས་སྐྱོང་སྲུང་མ་ཐམས་ཅད་ནམ་མཁའི་གར་ཁྱབ་ཐམས་ཅད་དུ་ཁྱབ་ཅིང་མི་མངོན་ནམ་མཁའ་དང་མི་གཞན་པར་བརྡལ་བ་དེ་ཐམས་ཅད་སྐད་ཅིག་ཉིད་ལ་རང་གིས་གསོལ་བསྐུལ་གྱི་སྒྲས་གདངས་ལྟར་ཆོས་ཀྱི་དབྱིངས་མི་མངོན་པའི་ངང་ལས་གཟུགས་སྐུ་འཇིགས་པའི་ཆ་ལུགས་སུ་བཞེངས་པར་བསམ༔ ཕྱི་ནང་མཆོད་པའི་སྤྲིན་དཔུང་ཆེན་པོས་མཉེས་ཤིང་སྣང་སྲིད་ཐམས་ཅད་བར་དང་མཚམས་སྲུབ་མེད་པར་ཁྲོ་བོ་ཁྲོ་མོ་སྲུང་མའི་ཚོགས་ཀྱིས་ཁྱབ་ཅིང་༔ ཁ་དོག་དང་འབྱུང་བ་ཐམས་ཅད་ཆེ་མཆོག་རྡོ་རྗེ་གྲོ་ལོད་ཀྱི་ཡེ་ཤེས་སྐུ་ཡི་ངོ་བོར་གྱུར་ནས་འཁོར་འདས་ཐམས་ཅད་བདག་གི་དབང་དུ་བསྒྱུར་བར་རིག་སྟེ༔ ཧཱུྃ༔ དཀོན་མཆོག་གསུམ་པོ་དགོངས་སུ་གསོལ༔ བརྒྱུད་གསུམ་བླ་མ་དགོངས་སུ་གསོལ༔ ཡི་དམ་ལྷ་ཚོགས་དགོངས་སུ་གསོལ༔ མ་དང་མཁའ་འགྲོ་དགོངས་སུ་གསོལ༔ ཆོས་སྐྱོང་བཀའ་སྲུང་དགོངས་སུ་གསོལ༔ སྐུ་གསུམ་རྒྱལ་བ་དགོངས་སུ་གསོལ༔ གསོན་ཅིག་དགོངས་ཤིག་རྒྱལ་བ་རྣམས༔ ཐམས་ཅད་མཁྱེན་པའི་ཡེ་ཤེས་ཅན༔ བརྩེ་བ་ཆེན་པོའི་ཐུགས་རྗེ་ཅན༔ མཛད་པ་རྨད་བྱུང་ཕྲིན་ལས་ཅན༔ གདུལ་བྱ་སྐྱོབ་པའི་ནུས་མཐུ་ཅན༔ མ་ལུས་བདག་ལ་དགོངས་སུ་གསོལ༔ བདག་ནི་རྣལ་འབྱོར་སྒྲུབ་པ་པོ༔ སྒོ་གསུམ་དམ་པའི་ཆོས་ལ་བསྐུལ༔ མ་ཉེས་བདེ་བར་གནས་པ་ལ༔ གནོད་བྱེད་འདི་ཡིས་བསམ་སྦྱོར་གནག༔ མཁྱེན་ཅིག་དགོངས་ཤིག་རྒྱལ་བ་རྣམས༔ མངོན་སྤྱོད་དྲག་པོའི་ལས་ལ་དགོངས༔ རྣལ་འབྱོར་དཔུང་དང་ར་མདར་བསྐུལ༔ དྲག་པོའི་ཕྲིན་ལས་དུས་ལ་བབ༔ སྡང་བའི་དགྲ་བོ་དམ་ཉམས་ཀྱིས༔ སངས་རྒྱས་བསྟན་པ་གཉན་པོ་བཤིག༔ དཀོན་མཆོག་གསུམ་གྱི་དབུ་འཕང་སྨད༔ རྣལ་འབྱོར་སྒྲུབ་པའི་བར་ཆད་བརྩམ༔ སྐྱེ་འགྲོའི་བདེ་སྐྱིད་ཉི་མ་བསྣུབས༔ ལས་ངན་བསྒྲལ་བའི་ཞིང་བཅུ་འདི༔ དྲག་པོ་མངོན་སྤྱོད་ཕྲིན་ལས་ཀྱིས༔ བཀུག་བསྒྲལ་བསྲེག་མནན་དུས་ལ་བབ༔ བརྒྱུད་གསུམ་བླ་མས་མཁྱེན་པར་གསོལ༔ ཡི་དམ་ལྷ་ཚོགས་མཁྱེན་པར་གསོལ༔ མ་དང་མཁའ་འགྲོས་མཁྱེན་པར་གསོལ༔ དཀོན་མཆོག་གསུམ་གྱིས་མཁྱེན་པར་གསོལ༔ སྐུ་གསུམ་རྒྱལ་བས་མཁྱེན་པར་གསོལ༔ བཀའ་ཡི་སྲུང་མས་མཁྱེན་པར་གསོལ༔ དམ་ཅན་རྒྱ་མཚོས་མཁྱེན་པར་གསོལ༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་ལ༔ བཞེངས་ཤིག་ཆོས་ཤིག་ས་མ་ཡ༔ འདོད་དོན་ཚུལ་བཞིན་འགྲུབ་པར་མཛོད༔ ས་མ་ཡ༔ དེས་ནི་བསམ་དོན་ཡིད་བཞིན་འགྲུབ༔ གང་ལ་དམིགས་ཀྱང་ཐོགས་མེད་སྒྲོལ༔ འཁོར་འདས་ཡོ་ལོག་བསྒྱུར་བའོ༔ འདི་ལས་ལྷག་པའི་གདམས་ངག་མེད༔ དེ་ནས་གཟུ་དཔང་བསྐུལ་བ་ནི༔ ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་སྲས་དང་བཅས་པས་མཁྱེན་ཅིང་དགོངས་ནས་ཁྲོ་གཏུམ་རྔམས་བརྗིད་ཀྱི་སྐུར་བཞེངས་ནས་དགྲ་བགེགས་འགུག་སྒྲོལ་གྱི་ལས་ལ་བརྩོན་པར་བསམ༔ ཀྱཻ༔ བཀའ་བརྒྱུད་རིག་འཛིན་བླ་མ་རྣམས༔ གཟུ་དང་དཔང་ལ་དགོངས་སུ་གསོལ༔ ཡི་དམ་རྒྱུད་སྡེའི་དཀྱིལ་འཁོར་ལྷ༔ གཟུ་དང་དཔང་ལ་དགོངས་སུ་གསོལ༔ མ་དང་མཁའ་འགྲོའི་ལྷ་ཚོགས་རྣམས༔ གཟུ་དང་དཔང་ལ་དགོངས་སུ་གསོལ༔ ཡེ་ཤེས་འཇིག་རྟེན་དམ་ཅན་རྣམས༔ གཟུ་དང་དཔང་ལ་དགོངས་སུ་གསོལ༔ བཀའ་ཡི་ལྷ་སྲིན་སྡེ་བརྒྱད་ཚོགས༔ གཟུ་དང་དཔང་ལ་དགོངས་སུ་གསོལ༔ ཡུལ་ལྷ་ཟོ་དོར་མི་མ་ཡིན༔ གཟུ་དང་དཔང་ལ་དགོངས་སུ་གསོལ༔ སྣང་ཞིང་སྲིད་པའི་ལྷ་འདྲེ་རྣམས༔ གཟུ་དང་དཔང་ལ་དགོངས་སུ་གསོལ༔ བདག་ནི་མ་ཉེས་མ་ལེན་ཏེ༔ སྒོ་གསུམ་དགེ་སྦྱོར་ཅི་བདེར་གནས༔ འགྲོ་ཀུན་བདེ་ལ་འགོད་སེམས་བསྐྱེད༔ ཚེ་གཅིག་སངས་རྒྱས་སྒྲུབ་པ་ལ༔ བར་ཆད་དམ་སྲི་བདུད་བགེགས་དང་༔ རྒྱལ་བསེན་དམ་ལོག་མི་མ་ཡིན༔ གདུག་པའི་དགྲ་བགེགས་འདི་རྣམས་ཀྱིས༔ ཕོད་བཙུག་དོ་བསྡོས་འགྲས་བཙལ་ཞིང་༔ ཡ་བཟུང་གདུག་པའི་དཔལ་གྱིས་གཟིར༔ མི་བཟོད་གདུང་བ་དྲག་པོས་མནར༔ ཉམ་ཐག་སྡུག་བསྔལ་མ་བཟོད་པས༔ ལྷ་དང་སྲུང་མ་དམ་ཅན་ལ༔ བུ་ཆུང་བཀྲེས་གདུང་མར་འབོད་ལྟར༔ གདུང་བ་དྲག་པོས་འོ་དོད་འབོད༔ ཐུགས་རྗེས་སྐྱབས་དང་མཐུ་ནུས་ཀྱིས༔ འདོར་རམ་མི་འདོར་ཁྱོད་ཀྱིས་ཤེས༔ ཚེ་གཅིག་སྙིང་པོར་གཞོལ་བ་དང་༔ དཀོན་མཆོག་སྐྱབས་སུ་བསྟེན་པ་བདག༔ བསླུའམ་མི་བསླུ་ཁྱོད་ཀྱིས་ཤེས༔ མཁྱེན་བརྩེ་མཐུ་ནུས་ཡོན་ཏན་ཀུན༔ དྲན་ནས་གཟུ་དང་དཔང་དུ་འབོད༔ ཕྲིན་ལས་དྲག་པོའི་དུས་ལ་བབ༔ མ་གཡེལ་བཛྲ་ས་མ་ཡ༔ དམ་ཚིག་གཉན་པོའི་དུས་ལ་བབ༔ ཕྲིན་ལས་མཛོད་ཅིག་སྐྱབས་མགོན་མཆོག༔ འདོད་ཡོན་ལོངས་སྤྱོད་ཡོན་དུ་འབུལ༔ སྐུ་ཡི་སྤྲུལ་པས་ས་གསུམ་ཁྱབ༔ གསུང་གི་སྤྲུལ་པས་ཁམས་གསུམ་སྒྲོལ༔ ཐུགས་ཀྱི་སྤྲུལ་པས་འཁོར་འདས་ཁྱབ༔ ཡོན་ཏན་ཕྲིན་ལས་སྤྲུལ་པའི་ཚོགས༔ སྣང་སྲིད་ཁམས་ཀུན་ཁྱབ་པར་མཛོད༔ དཔང་མཛོད་གཏན་གྱི་སྐྱབས་དང་གཉེན༔ དམ་ཚིག་ཐུགས་དམ་དུས་ལ་བབ༔ བཅོལ་བའི་ཕྲིན་ལས་ད་མཛོད་ཅིག༔ ས་མ་ཡ༔ ཚུལ་བཞིན་ལྡན་པའི་རྣལ་འབྱོར་གྱི༔ འདོད་དོན་ཡིད་བཞིན་འགྲུབ་པ་དང་༔ ཕྲིན་ལས་ཐོགས་མེད་ཀུན་འགྲུབ་ཅིང་༔ མཐུ་ཡི་གྲགས་པས་ས་སྟེང་ཁྱབ༔ བུད་མེད་ཡེ་ཤེས་མཚོ་རྒྱལ་གྱིས༔ བཀའ་འདི་བརྡ་ཡི་རིས་སུ་ཐོབ༔ སྲུང་མ་བདུད་མགོན་ནག་པོར་གཉེར༔ སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ གུ་ཧྱ༔ ཞེས་པ་འདི་ཡང་སྤྲང་པོ་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་ཤོག་སེར་ལས་ཞལ་བཤུས་ཤིང་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།