ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་ལས་བྱང་ཡེ་ཤེས་སྒྲོན་མེ༔

From Dudjom Wiki
TTDL-ZABTER-02-KHA-009
Wylie title zab gsang mkha' 'gro'i snying thig las: 'jam dpal gsang ba 'dus pa'i las byang ye shes sgron me: TTDL-ZABTER-02-KHA-009.pdf
Location bdud 'joms gling pa zab gter
Volume 2, Text 9, Pages 167-205 (Folios 1a1 to 20a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las 'jam dpal gsang ba 'dus pa'i las byang ye shes sgron me. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 167-205. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las byang   Verso: bdud 'joms 'jam dpal zhi ba
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang
Cycle འཇམ་དཔལ་གསང་བ་འདུས་པ་ ('jam dpal gsang ba 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity 'jam dpal dbyangs
Colophon

ཞེས་པ་འདི་ཡང་རིག་འཛིན་བདུད་འདུལ་རྡོ་རྗེའི་དངོས་སྤྲུལ་སྔགས་ཀྱི་ཕྱག་རྒྱ་འཆང་བ་གླིང་པ་བདུད་འཇོམས་རྡོ་རྗེས་གཏེར་ནས་སྤྱན་དྲངས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བན་དེ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang rig 'dzin bdud 'dul rdo rje'i dngos sprul sngags kyi phyag rgya 'chang ba gling pa bdud 'joms rdo rjes gter nas spyan drangs te dag par phab pa'i yi ge pa ni hor gyi ban de phun tshogs bkra shis so/ /dge'o/ /dge'o/ /dge'o/ /sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གསང་བ་འདུས་པའི་ལས་བྱང་ཡེ་ཤེས་སྒྲོན་མེ་ཞེས་བྱ་བ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་མཉྫུ་ཤྲཱི་བོ་དྷི་སཏྭ་ཡེ༔ (བརྡ་ཡིག་) འཇམ་དཔལ་གསང་བ་འདུས་པ་ཡི༔ ལས་བྱང་ཡེ་ཤེས་སྒྲོན་མེ་འདི༔ བདག་འདྲ་པདྨ་འབྱུང་གནས་ངས༔ མ་འོངས་བསྐལ་པ་རྩུབ་འགྱུར་ཡང་མཐའི་དུས༔ སེམས་ཅན་བློ་རྨོངས་ཆོས་ཀྱི་རྩ་བ་དོར༔ དགེ་སྡིག་ཤན་འབྱེད་མི་ཤེས་བག་མེད་བྱས༔ མཁས་པ་ཡིན་བརྗོད་རྨོངས་པའི་ཐ་ཤལ་འདྲ༔ ཆོས་པ་ཡིན་ཟེར་དགེ་སྡིག་ངོ་མི་ཤེས༔ སྒོམ་པའི་ཐ་སྙད་འདོད་ཀྱང་དོན་ཆུང་འདྲ༔ དེ་དུས་དུས་ཀྱི་མར་གཤམ་བདུད་སྟོབས་དྲག༔ ཆོས་ཀྱི་བྱིན་རླབས་ཡལ་བའི་མཚན་མ་ཤར༔ དེ་དུས་འཇམ་དཔལ་གསང་བ་འདུས་པ་འདི༔ ཉམས་ལེན་སྐྱེ་བོ་འགའ་ཞིག་ཤེས་རབ་ཆེ༔ བཟང་ངན་ཤན་འབྱེད་མངོན་པར་ཤེས་པ་འཆར༔ ཆོས་ཡོན་སྡིག་མཚངས་མ་བསླབ་རང་བབས་འཆར༔ རྒྱུད་སྡེ་ཕལ་ཆེར་རང་བྱུང་སེམས་ལ་གསལ༔ བསླབ་པ་ལས་ལྷག་མ་བསླབ་མཁས་པ་འབྱུང་༔ དམ་ཆོས་བདུད་རྩི་ང་ཡི་སྙིང་ཐིག་སྟེར༔ འབྲས་བུ་ཨེ་འབྱིན་གང་ཟག་ཁྱོད་ལ་རག༔ ཆོས་འདིའི་ཡོན་ཏན་བསྐལ་བརྒྱར་བགྲངས་མི་ནུས༔ དགོས་འདོད་འབྱུང་བའི་ཡིད་བཞིན་ནོར་བུ་ལ༔ བཏེགས་བཀུར་ལག་ལེན་ཨེ་འགྲུབ་ཁྱོད་ལ་རག༔ མ་རིག་མུན་སེལ་བཤེས་གཉེན་བླ་མ་ལ༔ སྙིང་བསྐུལ་ཞུ་ཚུལ་ཨེ་ཤེས་ཁྱོད་ལ་རག༔ གཞུང་བཞིན་ཚིག་ལ་སེམས་ཀྱིས་བཞག་བཙལ་ཀུན༔ མ་ནོར་བྱེད་དང་མི་བྱེད་བྱེ་བྲག་གིས༔ རྒྱུད་ལ་སྨིན་གྲོལ་ཁྱད་པར་དེ་ལ་རག༔ ཁ་མཁས་མཁས་པའི་མཆོག་གྱུར་འདོགས་པ་ལ༔ དོན་རྨོངས་དུད་འགྲོ་ལྟ་བུ་གང་སུ་དག༔ གཏམ་ཚིག་ངག་འཁྱལ་བྱས་པ་ཅི་ལྟ་བུར༔ འབྲས་བུ་འབྱིན་དང་རྒྱུད་སྨིན་ཨ་རེ་དཀོན༔ ཚད་མ་གསུམ་གྱི་ཤེས་བཞིན་གཏན་ལ་ཕབ༔ ཚད་མེད་རྣམ་བཞིའི་ཤེས་བཞིན་དོན་ལྡན་ངང་༔ བསྐྱེད་རྫོགས་བཟླས་བརྗོད་ཡེངས་མེད་རྣལ་མ་བྱ༔ དེ་བཞིན་སྤྱོད་པའི་རྣལ་འབྱོར་གང་གིས་ཀྱང་༔ གང་བརྩོན་རིགས་ཀུན་འབད་མེད་མྱུར་དུ་འགྱུར༔ འདི་ནི་ཡང་གསང་སྙིང་གི་དྭངས་མའི་ཁྲག༔ ཚུལ་བཞིན་ཉམས་སུ་ལེན་པའི་སྐྱེས་བུ་གང་༔ ཚེ་འདིར་རིག་འཛིན་ས་ལས་ཕྱིར་མི་ལྡོག༔ མཆོག་ཐུན་དངོས་གྲུབ་རྩོལ་མེད་འགྲུབ་པ་དང་༔ ཤེས་རབ་བློ་འཕེལ་བསྙེན་བཀུར་གནས་ཀྱི་མཆོག༔ འཇམ་དཔལ་དབྱངས་དང་དབྱེར་མེད་རོ་གཅིག་སྟེ༔ རིག་གནས་གང་ལ་ཐོགས་པ་ཡོད་རེ་ཀན༔ ཨོ་རྒྱན་ང་ཡི་སྲས་ཀྱི་མཆོག་ཏུ་གཅེས༔ ང་ཡི་ཡང་གསང་སྙིང་གི་དྭངས་མའི་ཁྲག༔ ས་སྟེང་འདི་ན་འགྲན་གྱི་ཟླ་བོ་མེད༔ མ་འོངས་བསྐལ་པ་རྩུབ་འགྱུར་ཡང་མཐའི་དུས༔ ང་ཡི་སྙིང་གི་བུ་མཆོག་བདུད་འཇོམས་གླིང་༔ ལས་ཅན་སྐྱེས་བུ་དེ་དང་འཕྲད་པར་ཤོག༔ གནོད་སྦྱིན་རྣམ་ཐོས་སྲས་ཀྱིས་སྲུངས་ཤིག་རྒྱ༔ འཇམ་དཔལ་གསང་བ་འདུས་པ་ལས༔ སྔོན་བྱུང་ལུང་བསྟན་ལེའུ་སྟེ་དང་པོའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) ༡དེ་ནས་ལག་ལེན་རིམ་པ་ནི༔ དབེན་པའི་གནས་མཆོག་རྐྱེན་ནག་གིས་འདས་པར༔ ཕྱི་ལྟར་ད་ལ་འཁོར་ལོ་རྩིབས་བརྒྱད་བྲི༔ ཕྱི་རིམ་གཞལ་ཡས་ཁང་གི་སྒོ་གྲུ་རྫོགས༔ དེ་དབུས་པདྨ་འདབ་བརྒྱད་གྱེས་པ་བྲིས༔ འདབ་མ་ཤར་དཀར་ཤར་ལྷོ་དཀར་སེར་མདངས༔ ལྷོ་སེར་ལྷོ་ནུབ་དམར་སེར་ནུབ་དམར་བ༔ ནུབ་བྱང་དམར་ནག་བྱང་ལྗང་བྱང་ཤར་སྔོ༔ ལྟེ་བ་ཁ་དོག་ལྔ་ཡི་ཟེའུ་འབྲུ་འཁྲུངས༔ དེ་སྟེང་བསྒྲུབ་རྫས་བཞི་ཡང་རིམ་བཞིན་བཞག༔ དབུས་སུ་བླ་མའི་གཏོར་མ་ཤར་ཡི་དམ༔ ལྷོ་རུ་ནོར་ལྷ་ནུབ་ཏུ་མཁའ་འགྲོ་དང་༔ བྱང་དུ་ཆོས་སྐྱོང་དེ་དག་རེ་རེ་ལའང་༔ རང་འདྲའི་གཏོར་ཕྲན་བཞི་རེ་ཕྱོགས་བཞིར་བཞག༔ མཆོད་རྫས་ཕྱི་ནང་གསང་བ་སྤྱི་ལྟར་བཤམས༔ དབང་རྟེན་རྣམས་ལ་དར་ཚོན་གདུགས་ཕུབ་པ༔ ནང་ལྟར་དབང་རྟེན་བཞི་ལ་བརྟེན་པས་ཀྱང་༔ མཆོད་རྫས་ལ་སོགས་མི་མངོན་པ་རུ་བཤམས༔ གསང་བ་དཀྱིལ་འཁོར་གཏོར་མ་གང་ཡང་མེད༔ གང་ཕྱོགས་ཁ་གྱུ་ཕྱོགས་དེ་འོག་མིན་གནས༔ ལྷ་དང་ཞིང་ཁམས་གཞུང་བཞིན་གསལ་ནས་ཀྱང་༔ མཆོད་རྫས་ཕྱི་ནང་གསང་བ་སྣོད་བཅུད་ཤེས༔ དེ་བཞིན་ཐེག་པའི་ཁྱད་པར་དབྱེ་བར་བྱ༔ འཇམ་དཔལ་གསང་བ་འདུས་པ་ལས༔ ལག་ལེན་རིམ་པའི་ལེའུ་སྟེ་གཉིས་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) དེ་ནས་སྒྲུབ་པའི་གཞུང་དུ་འཇུག་པ་ཡང་༔ དང་པོ་དཀར་མཆོད་དེ་ནས་དམར་མཆོད་བཏང་༔ ལན་ཆགས་བགེགས་རིགས་རྣམས་ལ་གླུད་གཏོར་བཏང་༔ དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃཧཱུྃ༔ ང་ནི་ཆེ་མཆོག་འཇིགས་བྱེད་འབར་བའི་སྐུ༔ སེར་ནག་འབར་བ་མེ་ཡི་ཚྭ་ཚྭ་འཕྲོས༔ ཕྱག་གཡས་རལ་གྲི་གཡོན་པས་ཞགས་པ་བསྣམས༔ རྡོ་རྗེ་འཇིགས་པར་བྱེད་པའི་མཚོན་ཆ་འཕྲོས༔ ལོག་པར་ལྟ་བ་གང་དག་སུ་ཡང་རུང་༔ རང་རང་བདེ་བར་འདུག་པའི་དུས་འདི་རུ༔ ལན་ཆགས་གླུད་གཏོར་བཟང་པོ་འདི་ཁྱེར་ལ༔ བསྒོ་བའི་བཀའ་ཉོན་རང་རང་གནས་སུ་སོང་༔ བཀའ་འདས་གྱུར་ན་ཐལ་བའི་རྡུལ་དུ་རློག༔ དེ་བས་ད་ལྟ་ཉིད་དུ་ཕྱིར་དེངས་ཤིག༔ ཨོཾ་མ་ཧཱ་ཀྲོ་དྷ་མཉྫུ་ཤྲཱི་ཡ་མཱནྟ་ཀ་ཧྲཱིཥྚ་ཝིཥྚི་ཏ་ན་ན་ཧཱུྃ་ཕཊ༔ ཧཱུྃ་བཞིའི་སྔགས་བརྗོད༔ དེ་ནས་མཚམགས་གཅོད་ནི༔ ཧཱུྃཧྲཱིཿསྣང་སྲིད་རྣམ་དག་ཡེ་ཤེས་ལྷ་སྔགས་མཚོན༔ འོད་ལྔ་མེ་དཔུང་ཐུན་མཚོན་དྲྭ་བ་འཁྲིགས༔ ཕྱོགས་མཚམས་སྟེང་འོག་ཀུན་ཏུ་ཁྱབ་པར་བསྲུངས༔ བསྲུང་བའི་གུར་ཁང་རང་བཞིན་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཙཀྲ་རཀྵ་རཀྵ་ཧཱུྃ༔ འཇམ་དཔལ་གསང་བ་འདུས་པ་ལས༔ སྒྲུབ་པའི་བགེགས་སེལ་བའི་ལེའུ་སྟེ་གསུམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) དེ་ནས་བརྡ་སྒོ་དབྱེ་བ་ནི༔ ཧཱུྃ༔ ཡེ་ནས་ལྷན་ཅིག་དབྱེར་མེད་རང་སྣང་ལྷ༔ མ་རིག་དབང་གིས་རང་དང་ཞལ་མ་མཇལ༔ ད་ནི་ངོ་བོ་རང་བཞིན་རང་གྲོལ་ལྷ༔ རང་ཞལ་མཇལ་ཕྱིར་ཆོས་དབྱིངས་འཆར་སྒོ་ཕྱེས༔ ཨོཾ་བཛྲ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿ ཡེ་ནས་མ་བཅོས་རང་བྱུང་རང་རྩལ་ལྷར༔ རང་ངོ་རང་ཞལ་མཇལ་ཕྱིར་གུས་ཕྱག་འཚལ༔ ན་མོ་པུ་རུ་ཤ་ཡ་ ཧོཿ དེ་ནས་བྱིན་ཆེན་དབབ་པ་ནི༔ སྤོས་སོགས་འོས་པའི་དྲི་བསུང་ལ༔ རོལ་མོ་དབྱངས་སྙན་སྒྲ་སྒྲོགས་ཅིང་༔ ཧཱུྃ་ཧྲཱིཿ ཆོས་ཉིད་རོལ་པ་ཆེན་པོའི་གཞལ་ཡས་ནས༔ དུས་གསུམ་རྒྱལ་བའི་སྐུ་མཆོག་འཇམ་པའི་དབྱངས༔ ཐུགས་རྗེའི་རྩལ་སྣང་བཞི་བཅུ་རྩ་གཉིས་ལྷ༔ སྐྱེ་མེད་ཆོས་ཀྱི་དབྱིངས་ལས་མ་གཡོས་ཀྱང་༔ ཐབས་མཁས་ཐུགས་རྗེའི་ཀློང་ལས་སྐུར་བཞེངས་ལ༔ གནས་མཆོག་འདི་རུ་བྱིན་ཆེན་དབབ་ཏུ་གསོལ༔ སྒྲུབ་མཆོག་བདག་ལ་དབང་མཆོག་བསྐུར་དུ་གསོལ༔ དཀྱིལ་འཁོར་བསྒྲུབ་རྫས་རྣམས་ལ་བྱིན་ཕོབ་ཅིག༔ ཨོཾ་མཉྫུ་ཤྲཱི་ཀུ་མ་ར་སརྦ་དྷརྨཱ་ཀཱ་ཡ་ནིརྨཱ་ཀཱ་ཡ་སམྦྷོ་ཀཱ་ཡ་བཛྲ་ས་མ་ཡ་ཛ་ཛ༔ ཨ་བེ་ཤ་ཡ་ཨ་ཨ༔ འཇམ་དཔལ་གསང་བ་འདུས་པ་ལས༔ བྱིན་ཆེན་དབབ་པའི་ལེའུ་སྟེ་བཞི་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) དེ་ནས་མཆོད་རྫས་བྱིན་བརླབ་ནི༔ གཙང་ཆབ་བྲན་ལ༔ ཨོཾ་སྭ་བྷཱ་ཝ་ཤུདྡྷོ༴ རཾ་ཡཾ་ཁཾ༔ ཨོཾ་ཨཱཿཧཱུྃ༔ རབ་འབྱམས་རྒྱ་མཚོའི་ཞིང་གི་གཟུང་འཛིན་ཀུན་ཏུ་བཏགས་པས་བདག་ཏུ་བཟུང་བ་དང་མ་བཟུང་བའི་ཆོས་ཐམས་ཅད་སྟོང་པར་གྱུར༔ སྟོང་པའི་ངང་ལས༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པཱུ་ཛ་ ཧོཿ སྣང་སྲིད་ཁམས་ཀྱི་བཅུད་དང་སྙིང་པོ་ཐམས་ཅད་བྷནྡྷར་བསྡུས་ཏེ༔ ཨོཾ་ཨཱཿཧཱུྃ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ ཁམས་གསུམ་འཁོར་བ་དབྱིངས་སྒྲོལ་གྱི་རཀྟ་བྷནྡྷར་བསྡུས་ཏེ༔ ཨོཾོཾ་མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ ལྷ་མིའི་ལོངས་སྤྱོད་དངོས་དང་མཚན་མར་གྲུབ་པ་ཐམས་ཅད་གཅིག་བསྡུས་ཀྱི་གཏོར་མ༔ ཨོཾཨཱཿཧཱུྃམ་ཧཱ་བ་ལིཾ་ཏ་ཏེ་ཛྭ་བ་ལིཾ་ཏ་བྷ་ལ་བྷ་ཏི་གུ་ཧྱ་ཧྲཱིཿཤྭ་ས་མ་ཡ་ཧཱུྃ་ཧྲཱིཿཋཱ༔ སྣང་སྟོང་དབྱེར་མེད་བདེ་སྦྱོར་གྱི་བདུད་རྩི་དཀར་དམར་བཅུད་ལྡན་གྱི་རང་བཞིན༔ ོཾ་བོ་དྷི་ཙིཏྟ་གྷ་ཎ་གུ་ཧྱ་ཏ་ན་ག་ན་པཉྩ་པཱུ་ཛ་ཧོཿ འཇམ་དཔལ་གསང་བ་འདུས་པ་ལས༔ མཆོད་རྫས་སྤེལ་བསྒྱུར་གྱི་ལེའུ་སྟེ་ལྔ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) དེ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་བསྒོམ་པ་ནི༔ ཨཱཿསྣང་སྲིད་ཡེ་ནས་ཁྱབ་གདལ་སྟོང་པ་ཉིད༔ མཁའ་ལྟར་མ་སྐྱེས་མ་འགས་གཡོ་འཕྲོས་བྲལ༔ མ་བཅོས་ངང་ཡན་ཁྱབ་བརྡལ་མཐའ་དབུས་འདས༔ རྟོག་བྲལ་མ་བསྒོམ་ཏེ་བཞིན་ཉིད་ཀྱི་ལམ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ དེ་ནས་ཀུན་སྣང་གི་ཏིང་ངེ་འཛིན་བསྒོམ་པ་ནི༔ ཨཱཿཁྱབ་གདལ་ཕྱོགས་བྲལ་སྣང་བ་མ་བཅོས་ངང་༔ སྟོང་ཉིད་སྙིང་རྗེའི་འཁོར་འདས་མཉམ་པར་བརྡལ༔ ཐབས་མཁས་ཐུགས་རྗེ་རང་གསལ་ཀུན་ཏུ་སྣང་༔ དྷརྨཱ་དྷཱ་ཏུ་སྭ་བྷཱ་ཝ་བི་ཤུདྡྷེ་ཧཱུྃ༔ དེ་ནས་རྒྱུ་ཡི་ཏིང་ངེ་འཛིན་བསྒོམ་པ་ནི༔ ཧཱུྃ༔ རང་བྱུང་རང་མདངས་སྟོང་པའི་མཁའ་དབྱིངས་ལས༔ མ་བཅོས་རང་བབས་འཁོར་འདས་རྒྱུ་རུ་བསྡུས༔ གསལ་སྟོང་ངང་ནས་རྒྱུ་ཡི་ཡི་གེ་དྷཱིཿསེར་གསལ་ཐིག་ལེའི་ཀློང་དུ་ས་ལེ་བ༔ ཨོཾ་བཛྲ་ཙིཏྟ་ཧཱུྃ་ཨཱཿདེ་ནས་གཞལ་ཡས་ཁང་བསྒོམ་པ་ནི༔ ཧཱོུྃཾ་ཧྲཱིཿརྒྱུ་ཡི་ཡི་གེ་ལས་བྱུང་ཡི་གེ་ལྔ༔ ཨེ་ལས་ནམ་མཁའ་མཐའ་བྲལ་ཡངས་པའི་ཀློང་༔ ཡཾ་ལས་རྒྱ་གྲམ་རླུང་གི་དཀྱིལ་འཁོར་ལྗང་༔ རཾ་ལས་མེ་དཔུང་དམར་ནག་རང་བྱུང་འབར༔ ཁཾ་ལས་འབྱུང་བ་ཆུ་ཡི་དཀྱིལ་འཁོར་ཆགས༔ སུཾ་ལས་དབང་ཆེན་གསེར་གྱི་ས་གཞི་བརྡལ༔ ཨེཿཡཾཿརཾཿསུཾཿཁཾཿབཛྲ་ས་མ་ཛ་ཏིཥྛ༔ ཧཱུྃ༔ རྒྱུ་ལས་བྷྲུྃ་འཕྲོས་ཡོངས་གྱུར་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་མུ་ཁྱུད་ཁོར་ཡུག་རྫོགས༔ རྒྱན་དང་རྟ་བབས་བང་རིམ་ཁྱམས་གྲུ་ཆད༔ ཡོངས་སུ་རྫོགས་པར་སྟོང་པ་འཇའ་ལྟར་ཤར༔ ཀློང་ཡངས་རྒྱ་ཆེ་དཔངས་མཐོ་ཟང་ཐལ་གསལ༔ བྷྲུྃ་བི་ཤྭ་བི་ཤུདྡྷེ་ཨ་ཛྙཱ་ན་ཙཀྲ་བྷྲཱུྃ༔ ཧཱུྃ༔ རང་བྱུང་ལྷུན་གྲུབ་ཕོ་བྲང་དེ་ཡི་དབུས༔ མ་ཆགས་པདྨ་སྐྱོན་བྲལ་ཟླ་བའི་གདན༔ པཾཿཔདྨ་མཎྜལ༔ ཨཿཙནྡྲ་མཎྜལ༔ ཧཱུྃཿཛ་བཛྲ༔ དེ་ནས་དངོས་གཞིའི་ལྷ་བསྐྱེད་པ་ནི༔ དེ་སྟེང་རྒྱུ་ཡི་ཡི་གེ་དྷཱིཿསེར་པོ༔ འོད་ཟེར་ཡར་འཕྲོས་རྒྱལ་བ་མཆོད་པས་མཉེས༔ མར་འཕྲོས་འགྲོ་བ་སེམས་ཅན་སྒྲིབ་པ་སྦྱངས༔ ཚུར་འདུས་ཡོངས་གྱུར་མགོན་པོ་འཇམ་པའི་དབྱངས༔ ཞལ་གཅིག་ཕྱག་གཉིས་ཞབས་གཉིས་སྐྱིལ་ཀྲུང་བཞུགས༔ ཕྱག་གཡས་ཤེས་རབ་རལ་གྲི་མཁའ་ལ་ཕྱར༔ གཡོན་པས་ཨུཏྤལ་པོ་ཏི་ཐུགས་ཀར་འཛིན༔ ཕྱག་གདུབ་ཞབས་གདུབ་སོར་གདུབ་དཔུང་རྒྱན་དང་༔ རིན་ཆེན་ཕྲེང་བ་དོ་ཤལ་སེ་མོ་དོ༔ དར་སྣ་ལྔ་ཡི་རྒྱན་ཆ་རབ་ཏུ་མཛེས༔ ཞལ་འཛུམ་སྤྱན་གྱིས་འཁོར་འདས་ས་ལེར་གཟིགས༔ དབུ་སྐྲ་ནག་སྣུམ་ཟུར་ཕུད་ལྔ་དང་ལྡན༔ རིན་ཆེན་དབུ་རྒྱན་མེ་ཏོག་པདྨ་བཀྲ༔ སྙན་གཉིས་རྒྱན་ཆ་གཡུ་ཡི་མེ་ཏོག་མཛེས༔ དར་དམར་ཤམ་ཐབས་གསེར་གྱི་སྐེད་རགས་ལ༔ ནོར་བུ་རིན་ཆེན་འབར་བའི་ཕྲེང་བས་སྤྲས༔ འོད་དང་ཟེར་གྱི་ཀློང་དུ་འཇའ་ལྟར་ཤར༔ དེ་ཡི་པང་དུ་ཨུ་མ་དབྱངས་ཅན་སྔོ༔ ཕྱག་གཡས་རལ་གྲི་གཡོན་པས་པོ་ཏི་བསྣམས༔ ཞབས་གཉིས་ཡབ་ཀྱི་སྐེད་ལ་འཁྲིལ་ཞིང་འཁྱུད༔ ཡབ་དང་ཞལ་སྦྱོར་བདེ་བའི་ཉམས་དང་ལྡན༔ ནག་སྣུམ་རལ་པའི་ཐོར་གཙུག་རིན་ཆེན་སྤྲས༔ དར་སྣ་ལྔ་དང་རིན་ཆེན་ཕྲེང་བས་བརྒྱན༔ ཡབ་ཡུམ་ལང་ཚོ་བཅུ་དྲུག་གཞོན་ནུའི་ཚུལ༔ མཐོང་བས་ཡིད་འཕྲོག་མཚན་དང་དཔེ་བྱད་རྫོགས༔ ཐུགས་ཀར་གེ་སར་འདབ་སྟོང་བཞད་པའི་དབུས༔ ཀུན་གཞི་ཡིད་ཆོས་ཀ་དག་ངོ་བོ་ལ༔ ཀུན་བཟང་ཡབ་ཡུམ་ཐིག་ལེའི་ཀློང་དུ་གསལ༔ དེ་ཡི་རང་མདངས་འོད་ལྔ་ཕྱོགས་བཅུར་ཤར༔ འོད་ཀྱི་རང་མདངས་རྒྱལ་བའི་ཞིང་རྣམས་ཤར༔ གཟུགས་ཕུང་སྟོང་ཁམས་གནས་དག་རང་མདངས་ལས༔ རྣམ་སྣང་དབྱིངས་ཕྱུག་འཁྲིལ་སྦྱོར་དབུས་སུ་ཤར༔ མཉམ་ཉིད་རང་མདངས་རིན་འབྱུང་ཡབ་ཡུམ་ལྷོ༔ འདུ་ཤེས་འདོད་ཆགས་མ་སྤངས་རང་གྲོལ་ལས༔ སོར་རྟོག་རང་མདངས་སྣང་མཐའ་ཡབ་ཡུམ་ནུབ༔ འདུ་བྱེད་རླུང་ཁམས་མ་སྤངས་རང་གྲོལ་ལས༔ བྱ་གྲུབ་རང་མདངས་དོན་གྲུབ་ཡབ་ཡུམ་བྱང་༔ ཚོགས་བརྒྱད་ཡུལ་བརྒྱད་མ་སྤངས་རང་གྲོལ་ལས༔ སེམས་དཔའ་སེམས་མ་བཅུ་དྲུག་རང་བྱུང་ཤར༔ ཉོན་མོངས་དྲུག་པོ་མ་སྤངས་རང་གྲོལ་ལས༔ ཡེ་ཤེས་རང་མདངས་བཅོམ་ལྡན་ཐུབ་པ་དྲུག༔ རྟག་ཆད་སྐྱེ་གནས་མ་སྤངས་རང་གྲོལ་ལས༔ ཡེ་ཤེས་རང་མདངས་སྒོ་བ་སྒོ་མར་ཤར༔ རྟོག་ཚོགས་ཐམས་ཅད་མ་སྤངས་རང་གྲོལ་ལས༔ རང་མདངས་ཡེ་ཤེས་བསྐལ་བཟང་སངས་རྒྱས་སྟོང་༔ གསལ་འཚེར་ལྷུན་སྡུག་གཟི་བརྗིད་འོད་དུ་འབར༔ མཉེན་ལྕུགས་འཁྲིལ་ལྡེམ་གཞོན་ནུ་བུམ་པའི་སྐུ༔ ཉི་མ་དང་ནི་ཟེར་གྱི་ཚུལ་བཞིན་དུ༔ རང་རིག་གཙོ་ལ་རང་མདངས་ཡེ་ཤེས་འཁོར༔ ཞི་རྒྱས་དབང་དྲག་རང་བཞིན་ལྷུན་གྲུབ་རྫོགས༔ མདུན་དུ་རྡོ་རྗེའི་རིགས་འཆང་འཇམ་དཔལ་དཀར༔ ཕྱག་གཡས་ཤེས་རབ་རལ་གྲི་གཡོན་པོ་ཏི༔ ཡུམ་མཆོག་རྡོ་རྗེ་དབྱངས་ཅན་ཡབ་ལ་འཁྲིལ༔ ཕྱག་གཡས་རྡོར་མཚན་རལ་གྲི་གཡོན་པོ་ཏི༔ གཡས་སུ་རཏྣའི་རིགས་འཆང་འཇམ་དཔལ་སེར༔ ཕྱག་གཡས་གསེར་གྱི་རལ་གྲི་གཡོན་པོ་ཏི༔ ཡུམ་མཆོག་རིན་ཆེན་དབྱངས་ཅན་སྐུ་ལ་འཁྲིལ༔ རིན་ཆེན་མཚན་པའི་རལ་གྲི་གཡོན་པོ་ཏི༔ རྒྱབ་ཏུ་པདྨའི་རིགས་འཆང་འཇམ་དཔལ་དམར༔ ཕྱག་གཡས་ཟངས་ཀྱི་རལ་གྲི་གཡོན་པོ་ཏི༔ ཡུམ་མཆོག་པདྨ་དབྱངས་ཅན་ཡབ་ལ་འཁྲིལ༔ པདྨས་མཚན་པའི་རལ་གྲི་གཡོན་པོ་ཏི༔ གཡོན་དུ་ལས་ཀྱི་རིགས་ཀྱི་འཇམ་དཔལ་དབྱངས༔ ཕྱག་གཡས་གཡུ་ཡི་རལ་གྲི་གཡོན་པོ་ཏི༔ ཡུམ་མཆོག་ཀརྨ་དབྱངས་ཅན་ཡབ་ལ་འཁྲིལ༔ རྒྱ་གྲམ་མཚན་པའི་རལ་གྲི་གཡོན་པོ་ཏི༔ ཀུན་ཀྱང་ཞི་འཛུམ་དམངས་ལྡན་དར་སྣས་བརྒྱན༔ རིན་ཆེན་ཕྲེང་བ་སྨད་ཤམ་སྐུ་རགས་མཛེས༔ འོད་དང་འཇའ་ཚོན་ཀློང་དུ་མཚན་དཔེས་སྤྲས༔ སངས་རྒྱས་བྱང་སེམས་རྒྱལ་བའི་དཀྱིལ་འཁོར་རྣམས༔ མ་འདྲེས་ཏིལ་གོང་ཁ་ཕྱེས་བཞིན་དུ་གསལ༔ ཤར་སྒོར་རྒྱལ་པོ་ཆེན་པོ་ཡུལ་འཁོར་སྲུང་༔ དཀར་གསལ་གོ་ཁྲབ་རྨོག་གསོལ་པི་ཝཾ་བསྒྱུར༔ ལྷོ་སྒོར་རྒྱལ་པོ་ཆེན་པོ་འཕགས་སྐྱེས་པོ༔ དཀར་ནག་གོ་ཁྲབ་རྨོག་གསོལ་གྲི་ཕྱེད་ཕྱུང་༔ ནུབ་སྒོར་རྒྱལ་ཆེན་སྤྱན་མིག་བཟང་དམར་ནག༔ གོ་ཁྲབ་རྨོག་གསོལ་མཆོད་རྟེན་ནེའུ་ལེ་འཛིན༔ བྱང་སྒོར་རྒྱལ་པོ་རྣམ་ཐོས་སྲས་སེར་པོ༔ གོ་ཁྲབ་རྨོག་གསོལ་རྒྱལ་མཚན་ནེའུ་ལེ་འཛིན༔ རང་སྣང་ཀློང་ཡངས་མཐའ་བྲལ་གཞལ་ཡས་སུ༔ རྩལ་སྣང་རང་གྲོལ་རྒྱལ་བའི་དཀྱིལ་འཁོར་ལྷ༔ མ་འདྲེས་རང་གསལ་སྨིག་རྒྱུ་ཇི་བཞིན་དུ༔ སྐུ་དང་ཞིང་ཁམས་ངང་རྫོགས་ཆེན་པོར་བསྒོམ༔ འཇམ་དཔལ་གསང་བ་འདུས་པ་ལས༔ དངོས་གཞིའི་ལྷ་བསྐྱེད་པའི་ལེའུ་སྟེ་དྲུག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠བརྡ་ཡིག༡༨༠དེ་ནས་སྤྱན་འདྲེན་པ་ནི༔ སྦོས་དང་དྲི་བཟང་སྣ་ཚོགས་ཀྱི་དུད་པ་ཕྱུར༔ སྙན་དབྱངས་རོལ་མོ་མང་པོ་སྒྲོག་ཅིང་༔ ཧཱུྃ་ཧྲཱིཿ ཆོས་ཉིད་སྒྱུ་མར་རོལ་བའི་གཞལ་ཡས་ནས༔ རྒྱལ་བ་རྒྱ་མཚོའི་ཡེ་ཤེས་འདུས་པའི་དཔལ༔ འགྲོ་བའི་མུན་སེལ་སྒྲོན་མེ་འཇམ་པའི་དབྱངས༔ སྒྲུབ་མཆོག་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ ཆོས་དབྱིངས་གཡོ་བ་མེད་པའི་གཞལ་ཡས་ནས༔ རིགས་ཀུན་བདག་ཉིད་གདོད་མའི་མགོན་པོ་མཆོག༔ རྒྱལ་བའི་སྤྱི་མེས་ཀུན་བཟང་ཡབ་ཡུམ་དང་༔ ཡེ་ཤེས་རང་མདངས་བཞི་བཅུ་རྩ་གཉིས་ལྷ༔ འགྲོ་བའི་དོན་དུ་ཐུགས་དམ་རྒྱུད་བསྐུལ་ལོ༔ སྒྲུབ་མཆོག་བྱིན་གྱིས་བརླབ་ཕྱིར་གཤེགས་སུ་གསོལ༔ མ་བཅོས་ཆོས་ཉིད་རོལ་བའི་རང་མདངས་ལས༔ འགྲོ་བའི་དོན་དུ་ཅིར་ཡང་སྐུར་སྟོན་པ༔ གང་འདུལ་ཐབས་ཀྱིས་འགྲོ་དོན་མཛད་པའི་དཔལ༔ བཅོམ་ལྡན་སངས་རྒྱས་སྟོང་རྩ་གཤེགས་སུ་གསོལ༔ སྐུ་ཡི་གར་བསྒྱུར་འཇམ་དཔལ་རིགས་བཞི་དང་༔ ཐབས་ཤེས་གཉིས་མེད་དབྱངས་ཅན་རིགས་ལྔ་དང་༔ ཕྲིན་ལས་ཐོགས་མེད་རྒྱལ་ཆེན་སྡེ་བཞིར་བཅས༔ རིགས་ཀུན་རྒྱལ་བ་རབ་འབྱམས་མ་ལུས་པ༔ དད་དང་དམ་ཚིག་དབང་གིས་གཤེགས་སུ་གསོལ༔ འགྲོ་རྣམས་མ་ལུས་སྒྲོལ་ཕྱིར་གཤེགས་སུ་གསོལ༔ འཁོར་བ་དོང་ནས་སྤྲུག་ཕྱིར་གཤེགས་སུ་གསོལ༔ དགེ་ལེགས་ཕན་བདེ་སྤེལ་ཕྱིར་གཤེགས་སུ་གསོལ༔ སྒྲུབ་མཆོག་རྣལ་འབྱོར་བདག་ཅག་འཁོར་བཅས་ཀྱི༔ རྩ་མཆོག་དབུ་མའི་གྲོང་འདིར་བྱིན་གྱིས་རློབས༔ འཁོར་ལོ་ལྔ་ཡི་བཅིང་ཁྲོལ་ཤེས་རབ་སྒོ༔ དབྱེ་ཞིང་མ་རིག་འཁྲུལ་པ་ལས་སད་ནས༔ ཚེ་གཅིག་རིག་འཛིན་མཆོག་གི་ས་ལ་སྐྱོལ༔ ཨོཾ་མཉྫུ་ཤྲཱི་ཀུ་མ་ར་བོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་སརྦ་བུདྡྷ་བོ་དྷི་ས་ཏྭ་ས་མ་ཡ་ཛ་ཛ༔ ཛཿཧཱུྃ་བྃ་ཧོཿ ཞེས་གདུང་བའི་ང་རོས་བརྗོད་དོ༔ འཇམ་དཔལ་གསང་བ་འདུས་པ་ལས༔ ལྷ་ཚོགས་སྤྱན་འདྲེན་པའི་ལེའུ་སྟེ་བདུན་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ནས་བཞུགས་སུ་གསོལ་བ་ནི། ཧཱུྃ་ཧྲཱིཿ ཡེ་ཤེས་སྐུ་མཆོག་བཅོམ་ལྡན་འཇམ་དཔལ་དབྱངས༔ རིགས་བཞི་ཡབ་ཡུམ་གསང་ཆེན་དཀྱིལ་འཁོར་ལྷ༔ རིན་ཆེན་པདྨ་ཟླ་རྒྱས་གདན་སྟེང་དུ༔ མི་གཡོ་གཉིས་མེད་བརྟན་པར་བཞུགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཏིཥྠ་ལྷན༔ འཇམ་དཔལ་གསང་བ་འདུས་པ་ལས༔ དམ་ཡེ་དབྱེར་མེད་བརྟན་བཞུགས་གསོལ་བའི་ལེའུ་སྟེ་བརྒྱད་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) དེ་ནས་ཕྱག་འཚལ་བ་ནི༔ ཧཱུྃཧཱུྃ་ཧྲཱིཿ བདེ་གཤེགས་རྒྱལ་བའི་ཡེ་ཤེས་སྒྲོན་མེ་མཆོག༔ མ་རིག་མུན་སེལ་བཅོམ་ལྡན་འཇམ་པའི་དབྱངས༔ སྒྱུ་འཕྲུལ་རང་ཤར་ཞི་བ་བཞི་བཅུ་གཉིས༔ འགྲོ་བའི་མགོན་པོ་སྤྲུལ་བསྒྱུར་སངས་རྒྱས་སྟོང་༔ གསང་བ་ཡོངས་འདུས་རྒྱལ་བའི་དཀྱིལ་འཁོར་ལ༔ སྒོ་གསུམ་གུས་པ་ཆེན་པོས་ཕྱག་འཚལ་ལོ༔ ཨ་ཏི་པཱུ་ ཧོཿ པྲ་ཏཱིཙྪ་ཧོཿ འཇམ་དཔལ་གསང་བ་འདུས་པ་ལས༔ ཕྱག་འཚལ་བའི་ལེའུ་སྟེ་དགུ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ ༠༠༠བརྡ་ཡིག༡༨༣དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿ རབ་འབྱམས་རྒྱ་མཚོ་དཔག་མེད་མཐའ་ཡས་ན༔ མཆོད་སྤྲིན་རྒྱ་མཚོ་འདོད་ཡོན་བྱེ་བྲག་རྣམས༔ མ་ལུས་བསྡུས་ཏེ་ནམ་མཁའི་ཁམས་བཀང་ནས༔ ཕྱི་ནང་གསང་བའི་མཆོད་སྤྲིན་དཔག་མེད་བསྒྱུར༔ འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་ཚོགས་ལ་འབུལ༔ བཞེས་ནས་གསང་བ་མངོན་གྱུར་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་སོགས་ཤཔྡ་རཱུ་པ་སོགས་སྤཪྴེ༴ ཧཱོུྃཾ་ཧྲཱིཿརྩ་བརྒྱད་སྟོང་སྦྱར་མ་ཧཱ་ཨ་མྲྀ་ཏ༔ འཁོར་བ་དབྱིངས་སུ་སྒྲོལ་བའི་རཀྟ་མཆོག༔ སྣོད་བཅུད་དབྱིངས་སུ་བསྡུས་པའི་བ་ལིཾ་ཏ༔ འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་ཚོགས་ལ་འབུལ༔ བཞེས་ནས་གསང་བ་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་མ་ཧཱ་རཀྟ་མ་ཧཱ་བ་ལིཾ་ཏ་ལ་ཁཱ་ཧི༔ སྐབས་འདིར་བརྒྱུད་པའི་མཚན་དོན་སྦྱར༔ ཧཱུྃ་ཧྲཱིཿ སྣང་སྟོང་གཉིས་མེད་ཡེ་སྦྱོར་ཡེ་སྒྲོལ་ལས༔ བདེ་སྟོང་རབ་འབར་བཅུད་ཀྱི་བདུད་རྩི་མཆོག༔ དཀར་དམར་བྱང་ཆུབ་སེམས་ཀྱི་རང་བཞིན་བབས༔ གསང་ཆེན་རྫས་སྦྱོར་བླ་མེད་ཤ་ཆེན་ལྔ༔ མ་དག་ལོག་རྟོག་ཡེ་གྲོལ་བདུད་རྩི་ལྔ༔ འཇམ་དཔལ་སྒྱུ་འཕྲུལ་གསང་ཆེན་ལྷ་ལ་འབུལ༔ ཐབས་ཤེས་ཟུང་འཇུག་བདེ་སྟོང་སྙོམས་འཇུག་སོགས༔ བླ་མེད་གསང་ཆེན་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ མ་ཧཱ་བོ་དྷི་ཙིཏྟ་ག་ན་གུ་ཧྱ་གྷ་ཎ་ཙཀྲ་པཱུ་ཛ་ ཧོཿ སྣང་སྟོང་གཉིས་མེད་ཐབས་ཤེས་ཟུང་འཇུག་དང་༔ བདེ་སྟོང་སྙོམས་འཇུག་གྲགས་སྟོང་གཉིས་མེད་དང་༔ དྲན་པ་རིག་སྟོང་གསལ་བ་འོད་ཟེར་སོགས༔ ཡེ་ནས་གཉིས་མེད་ཡབ་ཡུམ་འདུ་འབྲལ་མེད༔ སྐུ་གསུང་ཐུགས་ཡོན་ཕྲིན་ལས་མཉེས་མཆོད་མ༔ སྣ་ཚོགས་འཆར་བའི་གར་མཁན་རིག་མའི་ཚོགས༔ འཇམ་དཔལ་སྒྱུ་འཕྲུལ་རོལ་པའི་ཚོགས་ལ་འབུལ༔ རྟོག་ཚོགས་ཡེ་ཤེས་ངང་གྲོལ་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ༔ ཨོཾ་ཨཱཿཧཱུྃ༔ ཨོཾཨཱཿཧཱུྃ་ཛྙཱ་ན་པཉྩ་མུ་དྲ་པྲ་ཏཱིཙྪ་ཧཱུྃ༔ འཇམ་དཔལ་གསང་བ་འདུས་པ་ལས༔ མཆོད་འབུལ་གྱི་ལེའུ་སྟེ་བཅུ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) དེ་ནས་བསྟོད་པ་ནི༔ ཧཱུྃ་ཧྲཱིཿ གདོད་མའི་མགོན་པོ་ཀུན་བཟང་འོད་མི་འགྱུར༔ ཀུན་ཁྱབ་ནམ་མཁའ་ལྟ་བུར་གཡོ་མེད་ཐུགས༔ ཀ་དག་སྤྲོས་བྲལ་དགོངས་ཀློང་ཡངས་པ་ཡིས༔ གདུལ་བྱ་གདུལ་དཀའ་འདུལ་བར་མ་གྱུར་པས༔ རང་བཞིན་ཐུགས་རྗེའི་ཐབས་མཁས་རྣམ་མང་གིས༔ གང་ལ་གང་འདུལ་རིགས་གཟུགས་རང་སྐད་ཀྱིས༔ རྒྱུད་དང་མཐུན་པའི་བདེན་དོན་སྟོན་པར་བསྟན༔ སྒྱུ་འཕྲུལ་དྲྭ་བའི་འཁོར་ལོར་ཕྱག་འཚལ་བསྟོད༔ དུས་གསུམ་རྒྱལ་བ་ཀུན་གྱི་ཡེ་ཤེས་སྐུ༔ སྒྲིབ་གཉིས་སྐྱོན་བྲལ་ནམ་མཁའ་ལྟ་བུའི་ཐུགས༔ དྲན་པ་ཙམ་གྱིས་རྨོངས་པའི་མུན་སེལ་བ༔ ཤེས་རབ་ཡེ་ཤེས་ཉི་མའི་དཀྱིལ་འཁོར་གྱིས༔ མ་རིག་རྨོངས་པའི་མུན་པ་ཐམས་ཅད་སེལ༔ གདོད་ནས་ཡེ་སངས་རྒྱས་ཀྱང་འགྲོ་དོན་དུ༔ དཔའ་བོའི་ཚུལ་འཆང་སྤྲུལ་པ་བསམ་ཡས་སྟོན༔ རབ་མཛེས་གཞོན་ནུ་མཚན་དཔེའི་ལང་ཚོ་ཅན༔ མ་ངེས་སྣ་ཚོགས་སྣང་བའི་སྐུར་སྟོན་པ༔ འཇམ་དཔལ་གཞོན་ནུའི་སྐུ་ལ་ཕྱག་འཚལ་བསྟོད༔ ཚངས་དབྱངས་སྙན་པས་འཁོར་འདས་ཡོངས་སུ་ཁྱབ༔ ཐོས་པའི་སྒྲ་ཡིས་གཞན་སྣང་འགུགས་འཕྲོག་ཅིང་༔ སྲིད་པའི་ལམ་ཞུགས་དག་ཀྱང་ཕྱིར་ལྡོག་སྟེ༔ ངེས་པའི་དོན་ལ་འདུད་པས་འཇུག་གྲོལ་བྱེད༔ འཇམ་དཔལ་གཞོན་ནུའི་གསུང་ལ་ཕྱག་འཚལ་བསྟོད༔ ཁྱབ་གདལ་ནམ་མཁའ་ལྟ་བུའི་ཐུགས་མངའ་བ༔ ཇི་ལྟ་མཁྱེན་ཅིང་ཇི་སྙེད་སྒྱུ་འཕྲུལ་སྟོན༔ ཡེ་ཤེས་རྩལ་ཆེན་འབར་བའི་ཤེས་རབ་ཀྱིས༔ གང་གི་དྲན་ཙམ་གུས་འདུད་བྱེད་དེའི་བློའི༔ མི་ཤེས་རྨོངས་པ་དྲུང་ནས་འབྱིན་བྱེད་ཅིང་༔ ཇི་སྙེད་མཁྱེན་པའི་ཤེས་རབ་མེ་ཆེན་སྦར༔ འཇམ་དཔལ་གཞོན་ནུའི་ཐུགས་ལ་ཕྱག་འཚལ་བསྟོད༔ ཀུན་གཞིའི་ཡིད་ཆོས་གནས་དག་ཁྱབ་གདལ་ངང་༔ ཀུན་བཟང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ གཟུགས་ཕུང་ནམ་མཁའ་གནས་དག་ཆོས་དབྱིངས་ངང་༔ རྣམ་སྣང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ རྣམ་ཤེས་ས་ཁམས་གནས་དག་མེ་ལོང་ངང་༔ མི་བསྐྱོད་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ ཚོར་ཕུང་ཆུ་ཁམས་གནས་དག་མཉམ་ཉིད་ངང་༔ རིན་འབྱུང་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ འདུ་ཤེས་མེ་ཁམས་གནས་དག་སོར་རྟོག་ངང་༔ སྣང་མཐའ་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ འདུ་བྱེད་རླུང་ཁམས་གནས་དག་བྱ་གྲུབ་ངང་༔ དོན་གྲུབ་ཡབ་ཡུམ་གཉིས་ལ་ཕྱག་འཚལ་བསྟོད༔ ཚོགས་བརྒྱད་ཡུལ་བརྒྱད་མ་སྤངས་གནས་དག་པའི༔ སེམས་དཔའ་ཡབ་ཡུམ་རྣམས་ལ་ཕྱག་འཚལ་བསྟོད༔ ཉོན་མོངས་དྲུག་པོ་རང་བཞིན་གནས་དག་པའི༔ བཅོམ་ལྡན་ཐུབ་པ་དྲུག་ལ་ཕྱག་འཚལ་བསྟོད༔ རྟག་ཆད་སྐྱེ་གནས་རང་བཞིན་གནས་དག་པའི༔ སྒོ་བ་ཡབ་ཡུམ་བརྒྱད་ལ་ཕྱག་འཚལ་བསྟོད༔ རབ་མཛེས་གཞོན་ནུ་དཀར་གསལ་དུང་གི་མདོག༔ མཐོང་ཐོས་དྲན་རེག་འགྲོ་བ་མ་ལུས་པའི༔ མ་རིག་སྒོ་ང་ནག་པོའི་སྦུབས་འབྱེད་ཅིང་༔ སྡུག་བསྔལ་ཞི་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ མཚན་དཔེས་རབ་བརྒྱན་གཞོན་ནུ་སྐུ་འཆང་བ༔ རིན་ཆེན་གསེར་གྱི་རི་ལ་ཉི་ཤར་ལྟར༔ མ་རིག་མུན་སེལ་ཆེ་བའི་ཡོན་ཏན་ཀུན༔ རབ་ཏུ་རྒྱས་མཛད་ཁྱོད་ལ་ཕྱག་འཚལ་བསྟོད༔ རབ་མཛེས་གཞོན་ནུ་བྱུ་རུའི་མདོག་འཆང་བ༔ མཚན་དཔེས་རབ་སྤྲས་ལོངས་སྤྱོད་རྒྱན་དང་ལྡན༔ འཁོར་འདས་དབང་སྡུད་ཡེ་སངས་རྒྱས་པའི་སྐུ༔ དྲན་པ་ཙམ་གྱིས་མ་རིག་གཉིད་ལས་སངས༔ ཤེས་རབ་ཡོན་ཏན་སྦར་ལ་ཕྱག་འཚལ་བསྟོད༔ གཞོན་ཚུལ་མཚན་དང་དཔེ་བྱད་ལང་ཚོས་བརྒྱན༔ མརྒད་མདོག་ཅན་ཡེ་ཤེས་ཕྱག་རྒྱ་ཡིས༔ འཁྲུལ་པའི་འཁོར་ལོ་ཆོས་ཉིད་ངང་དུ་བཤིག༔ གང་གིས་དྲན་པའི་ཤེས་རབ་རྩལ་ཆེན་འབར༔ ཞི་ཉིད་དྲག་པོ་ཁྱོད་ལ་ཕྱག་འཚལ་བསྟོད༔ ཆོས་ཉིད་སྒྱུ་མར་རོལ་བའི་རྩལ་ཆེན་གྱིས༔ མ་ངེས་སྣ་ཚོགས་བསྒྱུར་བའི་ཆོ་འཕྲུལ་ཅན༔ གང་གིས་དྲན་པས་ཤེས་རབ་ཡོན་ཏན་འཁྱུད༔ འབྱུང་ཁམས་གནས་དག་སྒྲ་དབྱངས་ལྷ་མོའི་ངང་༔ དབྱངས་ཅན་ཡུམ་ལྔའི་སྐུ་ལ་ཕྱག་འཚལ་བསྟོད༔ རང་སྣང་དབང་བསྡུས་གཞན་སྣང་ཟིལ་གནོན་ཅིང་༔ གདུལ་དཀའ་དྲི་ཟ་ཀླུ་གཤིན་གནོད་སྦྱིན་ཚོགས༔ རང་ཚུལ་རང་གཟུགས་རང་གི་སྤྱོད་པ་ཡིས༔ དབང་སྡུད་ཟིལ་གནོན་ཕྲིན་ལས་ལྷུན་གྲུབ་ཅིང་༔ སྒྲུབ་མཆོག་བར་ཆད་སེལ་མཛད་སྒོ་བཞི་བསྲུང་༔ འཁོར་ལོའི་བསྒྱུར་རྒྱལ་ཚུལ་འཆང་རྒྱལ་ཆེན་བཞི༔ དོན་ལ་ཡེ་སངས་རྒྱས་པ་འོད་མི་འགྱུར༔ རྒྱལ་ཆེན་རིགས་བཞིའི་སྐུ་ལ་ཕྱག་འཚལ་བསྟོད༔ སྟོང་པ་ཁྱབ་གདལ་ཀློང་ཡངས་གཞལ་ཡས་ཁང་༔ སྣང་བ་སྣ་ཚོགས་གནས་དག་སྒྱུ་འཕྲུལ་ལྷ༔ ཀུན་ཁྱབ་ཡེ་ཤེས་ཐུགས་རྗེའི་སྤྲུལ་པའི་ཆ༔ རབ་འབྱམས་དཀྱིལ་འཁོར་ཡོངས་རྫོགས་རང་སྣང་ལྷ༔ གཉིས་མེད་རང་ངོར་རིག་པས་ཕྱག་འཚལ་བསྟོད༔ ཀྱཻ་ཧོ་དགོངས་ཤིག་ཕྱོགས་བཅུ་དུས་གསུམ་རྒྱལ་བ་སྲས་དང་བཅས༔ བདག་སོགས་མ་རིག་འཁྲུལ་བའི་དབང་གྱུར་གཟུང་འཛིན་གྱིས་བཅིངས་ཏེ༔ འོད་གསལ་རྡོ་རྗེ་སྙིང་པོའི་ལམ་སྟོར་ལོག་པའི་ལམ་ཞུགས་ཏེ༔ ཉམས་ཆག་འགལ་འཁྲུལ་ཉེས་བྱས་ཐམས་ཅད་ཆོས་ཉིད་རོལ་པར་བཤགས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ ཡི་གེ་བརྒྱ་པ་བརྗོད༔ འཇམ་དཔལ་གསང་བ་འདུས་པ་ལས༔ བསྟོད་པའི་ལེའུ་སྟེ་བཅུ་གཅིག་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ (བརྡ་ཡིག་) མ་འོངས་དུས་ན་དམུ་རྒོད་བདུད་ཀྱིས་བསླུ༔ ཆོས་བཞིན་སྤྱོད་པ་ཉིན་མོའི་སྐར་མ་ཙམ༔ སྡིག་སྤྱོད་རྒྱལ་པོ་འཁྲུགས་རྩོད་ཁྲག་ཏུ་རོལ༔ ངེས་པར་ཆོས་བཞིན་སྤྱོད་པ་ཟུང་མར་དམངས༔ ཟོག་པོ་རྫུན་མས་འགྲོ་བ་རྫུན་གྱིས་བསླུ༔ ཆོས་དང་ཆོས་མིན་ཤན་མི་འབྱེད་པ་ཡིས༔ འགྲོ་ཀུན་བདེན་པས་མི་འདུལ་ཟོག་པོས་འདུལ༔ དཔེར་ན་གསེར་དང་ར་གན་ནོར་བ་བཞིན༔ ནོར་ཚད་ཕུང་བའི་གཞི་རུ་འགྱུར་བ་ཡི༔ རང་བྱས་ལས་ཀྱི་རྣམ་སྨིན་མི་ཤེས་ཤིང་༔ དུས་དང་བསྐལ་བ་འདི་ལ་སྨོད་པར་འགྱུར༔ དེ་དུས་བསྟན་པའི་གསོས་སུ་བཀའ་འདི་བཞག༔ མ་འོངས་ང་ཡི་རྗེས་སུ་འཛིན་པ་རྣམས༔ བཀའ་འདི་གཞུང་བཞིན་མ་ནོར་ཉམས་སུ་ལོངས༔ ཐབས་ཀྱི་ལམ་མཆོག་བསྐྱེད་རིམ་ཉམས་ལེན་མཛོད༔ དང་པོ་རྣལ་མར་བསྒོམ་ལ་གོམས་པར་བྱ༔ གོམས་མཐར་གཉིས་སུ་འཛིན་པའི་ཡུལ་སྤངས་ལ༔ རང་རིག་ཡེ་ཤེས་ཉི་མའི་དཀྱིལ་འཁོར་ལ༔ རྟོག་ཚོགས་རང་གྲོལ་ཟེར་གྱི་དཔེ་བཞིན་དུ༔ གདོད་ནས་ཡེ་གྲུབ་རྒྱལ་བའི་དཀྱིལ་འཁོར་ཏེ༔ ཕྱི་རུ་བཟུང་བའི་ཡུལ་ལ་ཕྱིར་མ་ཚོར༔ ཕྱི་ན་མེད་དེ་རང་རིག་ཆོས་སྐུའོ༔ རང་རིག་རང་ངོར་སངས་ཕྱིར་རང་གཞི་བསྒོམ༔ ལམ་ལ་མི་ལྟོས་རང་ཐོག་རང་གྲོལ་ཕྱིར༔ ཐབས་ཀྱི་ལམ་འདི་ལས་ཅན་དོན་དུ་བསྟན༔ བསྒོམ་པའི་གོམས་མཐར་རང་ངོར་གྲོལ་བ་གནད༔ རྟག་ཏུ་ཕྱི་རུ་གཉིས་སུ་འཛིན་པ་ན༔ དེ་ནི་ཕྱི་ཡི་ཡུལ་ལ་གོལ་བ་ཡི༔ ངེས་པའི་དོན་དང་རྒྱབ་སྤྲོད་དམན་ལམ་བསྙག༔ ཐར་བ་བདེ་བའི་ལམ་ལས་མར་ལྡོག་པའི༔ གཉིས་འཛིན་ངན་གོམས་ཡུལ་ལ་ཉིང་འཁྲུལ་ཕུང་༔ དེ་ལྟར་མ་གོལ་བསྐྱེད་པའི་ལྷ་གང་དག༔ རང་རིག་རང་ངོ་རྫོགས་པ་གཞི་ཡི་ལྷ༔ དྲན་པ་ཙམ་གྱིས་འཁོར་འདས་སོ་སོར་རྫོགས༔ སྟོང་པའི་ཆ་ནི་ཀློང་ཡངས་ཆོས་སྐུའི་ཞིང་༔ ངོ་བོ་ཀ་དག་ཆོས་སྐུར་ལྷུན་གྱིས་གྲུབ༔ རང་བཞིན་གནས་དག་དེས་འཕྲུལ་ལོངས་སྤྱོད་རྫོགས༔ ཐུགས་རྗེའི་སྤྲུལ་སྐུ་ལོངས་སྤྱོད་སྐུ་ཡི་ཆ༔ དོན་ལ་ཕྱི་ན་མེད་དོ་རང་རིག་ཉིད༔ དེ་ཡང་ཐ་མི་དད་དོ་རང་རིག་ཉིད༔ མིང་གི་དབྱེ་བ་ཙམ་ལས་སོ་སོར་མིན༔ མར་མེ་གཅིག་ལ་འོད་ལྔ་སྣང་བ་ལྟར༔ རང་རིག་ཡེ་ཤེས་ལྷུན་རྫོགས་འདི་ལ་བལྟ༔ རྫོགས་པ་ཆེན་པོ་འདི་ལ་ཆོས་ཀུན་གྲོལ༔ དེ་མ་རྟོགས་ན་འཁོར་བའི་སེམས་ཉིད་ལས༔ གང་ཤར་བསམ་ཀྱང་དེ་ལས་ག་ལ་འགྱུར༔ རྫོགས་པ་ཆེན་པོ་རང་རིག་ཆོས་སྐུ་ཉིད༔ འདི་མ་རྟོགས་པའི་རྟོག་ཚོགས་འཁོར་ས་བོན༔ འདི་དོན་རྟོགས་པའི་ཆོས་ལ་བྱ་རྩོལ་མེད༔ ཆོས་ཀྱི་རྒྱལ་པོ་བྱ་རྩོལ་ཆོས་མིན་རྟོགས༔ ཀུན་རྫོབ་བྱིས་པའི་རྩེད་མོར་མཚར་མི་ཆེ༔ བྱ་རྩོལ་མེད་པའི་ཆོས་ཉིད་ཨེ་མ་ ཧོཿ ས་མ་ཡ༔ རྒྱ་རྒྱ་རྒྱ༔ རྫོགས་པ་ཆེན་པོ་ཀློང་གི་མེ་ལོང་རྫོགས་རིམ་གྱི་ལེའུ་སྟེ་བཅུ་གཉིས་པའོ༔ ༠༠༠བརྡ་ཡིག༡༩༠ཚོགས་གཉིས་ཡོངས་སུ་རྫོགས་པ་དང་༔ ཉམས་ཆག་འགལ་འཁྲུལ་བཤགས་སྦྱངས་ཕྱིར༔ སྣང་ཚད་ཚོགས་ཀྱི་འཁོར་ལོ་བྱ༔ དངོས་སུ་ཅི་འབྱོར་བཤམས་པའི་རྫས༔ ཡིད་ཀྱིས་བསམ་ཡས་སྤྲུལ་ཏེ་ཕུལ༔ དངོས་དང་བདག་འཛིན་དྲི་མ་སྦྱངས༔ ཡེ་ཤེས་བདུད་རྩིར་བྱིན་རླབས་བྱ༔ དང་པོ་ཚོགས་ཀྱི་འབག་རྩོག་སྦྱངས༔ ཧཱུྃ༔ རང་ཉིད་ཡེ་ཤེས་ལྷ་ཡི་ཐུགས་ཀ་ནས༔ རཾ་ཡིག་དམར་ནག་མེ་འབར་འཕྲོས་པ་ཡིས༔ ཚོགས་ཀྱི་དངོས་འཛིན་དྲི་མ་ཐམས་ཅད་བསྲེགས༔ ཡཾ་ཡིག་རླུང་གཞི་རླུང་ཆེན་རབ་འཕྲོས་པས༔ ཚོགས་ཀྱི་བག་ཆགས་རྣམ་རྟོག་ཐམས་ཅད་གཏོར༔ ཁཾ་ཡིག་གཙང་མ་ཆབ་ཀྱི་རྒྱུན་འཕྲོས་པས༔ ཚོགས་ཀྱི་བདག་འཛིན་སེར་སྣའི་འབག་རྩོག་བཀྲུས༔ རཾ་ཡཾ་ཁཾ་སརྦ་དྷརྨ་ག་ག་གྷ་ཎ་ཙཀྲ་ཨཱཿདེ་ནས་བྱིན་གྱིས་བརླབ་པ་ནི༔ ཨོཾ༔ ཨོཾ་ཡིག་དཀར་པོ་དྲི་མེད་དུང་གི་མདོག༔ ཨཱཿཨཱཿཡིག་དམར་པོ་པདྨ་རཱ་གའི་མདོག༔ ཧཱུ༔ ཧཱུྃ་ཡིག་མཐིང་ག་བཻ་ཌཱུཪྻ་ཡི་མདོག༔ སྭཱ༔ སྭཱ་ཡིག་སེར་པོ་འཛམ་བུའི་གསེར་མདོག་ཅན༔ ཧཱ༔ ཧཱ་ཡིག་ལྗང་གུ་རིན་ཆེན་གཡུ་ཡི་མདོག༔ དབྱིངས་ནས་རང་བབ་བདུད་རྩིའི་རྒྱ་མཚོར་ཞུ༔ ཡཾ་རཾ་ལས་བྱུང་མེ་རླུང་སྟོབས་ཀྱིས་ཁོལ༔ འཁོར་འདས་ཡོངས་ཀུན་ཡེ་ཤེས་བདུད་རྩིས་ཁྱབ༔ འདོད་ཡོན་སྣ་ཚོགས་ཚོགས་ཀྱི་ངད་རླངས་འཕྱོ༔ ཡེ་ཤེས་ལྔ་ཡི་ཁ་དོག་བྱིན་རླབས་འབར༔ ཡེ་ཤེས་མདངས་ཀྱི་ཡི་གེ་འབྲུ་ལྔ་པོ༔ ཟླ་ཁེབས་རྡོ་རྗེའི་སྦུ་གུ་ནས་ཐོན་ཏེ༔ རིགས་ལྔ་ཡབ་ཡུམ་སྙོམས་འཇུག་བདུད་རྩིའི་རྒྱུན༔ རྒྱལ་བའི་ཞིང་ཁམས་རྒྱ་མཚོ་ཀུན་ཁྱབ་ཀྱི༔ ནམ་མཁའི་ངོ་བོ་མི་ཟད་ནམ་མཁའི་མཛོད༔ སྣང་སྲིད་ཐམས་ཅད་ཚོགས་ཀྱི་འཁོར་ལོར་ཤར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ༔ ཨོཾ་ཨཱཿཧཱུྃ༔ སྣང་བའི་སྣོད་མཆོག་ཀློང་ཡངས་གདལ་བ་རུ༔ སྲིད་པ་བཅུད་ཀྱི་ཚོགས་འཁོར་བསམ་ཡས་གཏེར༔ འཛིན་པ་སེམས་ཀྱི་སྣོད་མཆོག་ཡངས་པ་རུ༔ གཟུང་བ་ཡུལ་གྱི་སྣ་ཚོགས་སྣང་བའི་རིས༔ ཟག་མེད་ཡེ་ཤེས་བདུད་རྩིའི་ཚོགས་སུ་ཤར༔ རང་རིག་ཡེ་ཤེས་སྒྱུ་མའི་གར་མཁན་གྱི༔ སྣ་ཚོགས་ལྷ་མོའི་གར་གྱིས་མཆོད་སྤྲིན་སྤེལ༔ རྒྱལ་དང་རྒྱལ་བའི་སྲས་པོ་ཇི་སྙེད་ལ༔ ཞིང་གི་རྡུལ་སྙེད་ལྟ་བུའི་གྲངས་མང་གིས༔ དབང་པོའི་ཡུལ་དུ་མཉེས་པའི་མཆོད་འབུལ་བསམ༔ ཨོཾ་ཨཱཿཧཱུྃ་སྭཱ་ཧཱ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿ མཁའ་སྤྱོད་སྟོང་གསུམ་མི་མཇེད་སྤྲུལ་སྐུའི་ཞིང་༔ དོན་ལ་འོག་མིན་ཆོས་དབྱིངས་ཁྱབ་གདལ་གནས༔ སྐུ་གསུམ་ཞིང་ཁམས་རབ་འབྱམས་རྒྱ་མཚོ་ཡང་༔ དོན་ལ་རང་སྣང་འོག་མིན་གསང་བའི་ཞིང་༔ རབ་འབྱམས་རྒྱལ་བ་སྲས་དང་བཅས་པ་རྣམས༔ གདུལ་བྱའི་མོས་ངོར་མཆོད་བསྐང་བཤགས་གནས་སུ༔ རྣམ་མང་སྒྱུ་མའི་འཕྲུལ་གྱིས་འདིར་གཤེགས་ཤིག༔ སྙན་པའི་དབྱངས་དང་དད་པའི་གདུང་ཤུགས་ཀྱིས༔ ཧཱུྃ་ཧྲཱིཿ འོག་མིན་ཆོས་ཀྱི་དབྱིངས་ཀྱི་ཕོ་བྲང་ནས༔ རབ་འབྱམས་རྒྱལ་བའི་སྐུ་དང་ཡེ་ཤེས་དཔལ༔ བཅོམ་ལྡན་འཇམ་དཔལ་རིགས་ལྔ་འཁོར་དང་བཅས༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ རང་བྱུང་ཡེ་ཤེས་ལྔ་ལྡན་གཞལ་ཡས་ནས༔ འགྲོ་བློའི་མུན་པ་སེལ་མཛད་གར་མཁན་མོ༔ དབྱངས་ཅན་ལྷ་མོ་རིགས་ལྔ་འཁོར་དང་བཅས༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གདལ་ཁྱབ་ཀློང་ཆེན་ཡངས་པའི་གཞལ་ཡས་ནས༔ ཀུན་བཟང་སྒྱུ་འཕྲུལ་ཞི་བ་བཞི་བཅུ་གཉིས༔ སྒྱུ་འཕྲུལ་ཡང་འཕྲུལ་མ་ལུས་རྒྱལ་བའི་ཚོགས༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ འོག་མིན་ལྷུན་གྲུབ་ཁྱབ་གདལ་གཞལ་ཡས་ནས༔ ཀུན་བཟང་ཐུགས་རྗེ་འགྲོ་ལ་ལེགས་ཤར་བའི༔ སྤྲུལ་སྐུ་བསྐལ་བ་བཟང་པོའི་སངས་རྒྱས་སྟོང་༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྲིན་ལས་ལྷུན་གྲུབ་སྒོ་བཞིའི་གནས་མཆོག་ནས༔ རང་སྣང་དབང་སྡུད་གཞན་སྣང་ཟིལ་གནོན་མཛད༔ ཆོས་སྐྱོང་རྒྱལ་པོ་སྡེ་བཞི་འཁོར་དང་བཅས༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་འོག་མིན་གཞི་སྙིང་མི་མཇེད་ནས༔ སྐུ་གསུམ་རབ་འབྱམས་རྒྱལ་བ་རྒྱ་མཚོར་བཅས༔ བདག་སོགས་དད་དང་གུས་པའི་མོས་ངོ་རུ༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དུར་ཁྲོད་གནས་ཡུལ་ལ་སོགས་མཁའ་སྤྱོད་ན༔ འཇིག་རྟེན་འདས་ཀྱང་འཇིག་རྟེན་ཚུལ་འཆང་བ༔ མཁའ་འགྲོ་ཆོས་སྐྱོང་སྲུང་མ་མ་ལུས་པ༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ནམ་མཁའི་ཁམས་གང་སྐར་ཚོགས་བཞིན་དུ་འཁྲིགས༔ བར་སྣང་ཁམས་གང་སྤྲིན་བཞིན་ཐིབས་སེ་ཐིབ༔ ས་གཞིར་ཁ་ཆར་བཞིན་དུ་ཐ་ར་ར༔ དབུ་སྐྲ་མཛེས་པའི་ཐོར་ཅོག་ལྡེམས་སེ་ལྡེམ༔ སྣང་སྲིད་འཇའ་དང་འོད་ཕུང་ལམས་སེ་ལམ༔ དར་ཚོན་ན་བཟའ་རླུང་བསྐྱོད་པུ་རུ་རུ༔ རིན་ཆེན་རུས་པའི་རྒྱན་ཆ་ཁྲོ་ལོ་ལོ༔ གཡེར་ཁ་དྲིལ་ཆུང་སྒྲ་སྙན་སི་ལི་ལི༔ དཔའ་བོའི་ཚོགས་ཀྱིས་བྲོ་ར་གྱི་ལི་ལི༔ དཔའ་མོས་གར་འཁྱུགས་གླུ་དབྱངས་འུ་རུ་རུ༔ གནས་འདིར་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་ཁང་གཞལ་ཡས་འདི་ལ་བྱིན་ཕོབ་ཅིག༔ སྒྲུབ་མཆོག་མོས་པའི་བུ་ལ་དབང་བསྐུར་ཅིག༔ ཚོགས་རྫས་མཆོད་རྫས་འདི་ལ་བཅུད་ཅིག་སྩོལ༔ ན་མོ་མ་ཧཱ་བོ་དྷི་སཏྭ་མཉྫུ་ཤྲཱི་ཀུ་མ་ར་སརྦ་བུདྡྷ་བོ་དྷི་སཏྭ་གུ་རུ་དེ་ཝ་དྷཱ་ཀི་ནཱི་སརྦ་ས་མ་ཡ་ཛ་ཛཿཛཿཧཱུྃ་བཾ་ཧོཿ དེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱིཿ སྣང་སྲིད་ཚོགས་ཀྱི་འཁོར་ལོ་བཤམ་པ་ཡི༔ འབྲུ་གསུམ་འོད་ཞུ་བདུད་རྩིའི་རྒྱ་མཚོར་འཁྱིལ༔ འདོད་ཡོན་ལྔ་ལྡན་ལོངས་སྤྱོད་བསམ་ཡས་འཕྲོ༔ སྐུ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ ཕྱི་སྣོད་འཇིག་རྟེན་ཚོགས་ཀྱི་གཞོང་བ་རུ༔ ནང་བཅུད་སེམས་ཅན་ཐམས་ཅད་ཚོགས་སུ་བཤམས༔ སྣང་བ་སྣ་ཚོགས་ཚོགས་ཀྱི་རྒྱན་དུ་སྤྲས༔ སྐུ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ གསེར་རི་རོལ་མཚོ་ཁུ་རླངས་རྩི་ཐོག་ཤིང་༔ ཉི་ཟླ་སྐར་ཚོགས་མེ་རླུང་འབབ་ཆུ་དང་༔ ལྷ་ཀླུ་མི་ཡི་ཟས་ནོར་གནས་མལ་བཅས༔ གདོད་ནས་ཚོགས་ཀྱི་འཁོར་ལོར་རང་བྱུང་ཤར༔ སྐུ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ ངོ་བོ་ཡེ་སྟོང་མཐའ་བྲལ་ཀློང་ཡངས་སུ༔ རང་བཞིན་མ་འགགས་རྟོག་ཚོགས་རྣམ་མང་ཚོགས༔ ཐུགས་རྗེའི་རྩལ་སྣང་འདོད་འབྱུང་འཕྲུལ་མོ་ཆེ༔ མི་ཟད་ནམ་མཁའི་ངོ་བོ་ཚོགས་ཀྱི་ཚོགས༔ སྐུ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ འབྱོར་ཚོགས་འདོད་ཡོན་ལུས་དང་ལོངས་སྤྱོད་བཅས༔ འཛིན་མེད་བློ་ཡིས་བདུད་རྩིའི་རང་བཞིན་བསྒྱུར༔ མཐོང་ཐོས་དྲན་རེག་ཚིམ་བྱེད་བདེ་སྟོང་རོ༔ སྐུ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས་ལ་འབུལ༔ ཨོཾ་ཨཱཿཧཱུྃ༔ སྤྲུལ་བའི་འཁོར་ལོའི་ཨ་ཤད་རཾ་འབར་གྱིས༔ བདེ་ཆེན་འཁོར་ལོའི་ཧཾ་ཞུ་བདུད་རྩིའི་རྒྱུན༔ རིམ་ལྔའི་འཁོར་ལོའི་དཔའ་བོ་མཁའ་འགྲོ་མཆོད༔ མེ་རླུང་བདུད་རྩི་མཆོད་པས་འཁོར་འདས་ཁྱབ༔ བླ་མེད་བདེ་སྟོང་བདུད་རྩིའི་ཚོགས་མཆོད་འདི༔ སྐུ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས་ལ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུ༔ སརྦ་དྷརྨཱ་ཀཱ་ཡ་སརྦ་སམྦྷོ་ཀཱ་ཡ་སརྦ་ནིརྨ་ཀཱ་ཡ༔ གུ་རུ་དྷེ་ཝ་དྷཱ་ཀི་ནཱི་སརྦ་གྷ་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ནི༔ ཧོཿ བླ་མ་སྐུ་གསུམ་རབ་འབྱམས་རྒྱ་མཚོའི་ཚོགས༔ འཇམ་དཔལ་སྒྱུ་འཕྲུལ་གསང་ཆེན་དཀྱིལ་འཁོར་ལྷ༔ ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་བའི་དབང་གྱུར་ཏེ༔ ཕུང་ལྔ་ཡེ་ཤེས་ལྔ་ཡི་རང་བཞིན་ལ༔ མ་རྟོགས་དུག་ལྔའི་དབང་དུ་གྱུར་པ་དང་༔ སྒོ་གསུམ་རྡོ་རྗེ་གསུམ་གྱི་རང་བཞིན་ལ༔ མ་རྟོགས་འཁྲུལ་པའི་དབང་དུ་འཁྱོལ་བ་དང་༔ རྡོ་རྗེ་སློབ་དཔོན་མཆེན་ལྕམ་ཕོ་མོ་ལ༔ དམ་ཚིག་ཉམས་ཆག་འགལ་འཁྲུལ་གྱུར་པ་རྣམས༔ མ་ལུས་གནོང་ཞིང་འགྱོད་པ་དྲག་པོ་ཡིས༔ ཞལ་ཟས་ཚོགས་ཀྱིས་བསྐང་ཞིང་བཤགས་པར་བགྱི༔ ཨོཾ་གྷ་ཎ་ཙཀྲ་སཏྭ་ས་མ་ཡ༔ དེ་ནས་བསྒྲལ་བ་ནི༔ ཧཱུྃ་ཧྲཱིཿ ཉོན་མོངས་དུག་ལྔའི་རྣམ་རྟོག་བགེགས༔ ཡེ་ཤེས་ལྔ་ཡི་ངང་དུ་བཤིག༔ དུག་གསུམ་དགྲར་ལང་འཁྲུལ་བའི་བགེགས༔ སྐུ་གསུམ་ལྷུན་གྲུབ་ཀློང་དུ་བཤིག༔ མ་རིག་རྣམ་པར་རྟོག་པའི་བགེགས༔ རིག་པ་ཡེ་ཤེས་ངང་དུ་བསྒྲལ༔ འཁྲུལ་པའི་ཡུལ་དང་འཁྲུལ་པ་མཁན༔ ཀ་དག་སྐྱེ་མེད་ངང་དུ་བསྒྲལ༔ འབྲས་བུ་ཀུན་བཟང་ཆོས་སྐུའོ༔ དེ་ནས་བསྟབ་པ་ནི༔ ཧཱུྃ་ཧྲཱིཿ བདག་འཛིན་རཱུ་ཏྲ་དུག་ལྔར་བཅས༔ བསྟན་དགྲ་བསྒྲལ་བའི་བམ་གྱི་ཚོགས༔ ཤ་ཁྲག་དོན་སྣོད་ཁམས་སྐྱེ་མཆེད༔ ཡེ་ཤེས་བདུད་རྩིའི་རང་བཞིན་བསྒྱུར༔ ལྷ་ཚོགས་དགྱེས་པ་སྐོང་ཕྱིར་འབུལ༔ འཁྲུལ་མེད་ཡེ་ཤེས་དངོས་གྲུབ་སྩོལ༔ བཞེས་ཤིག་རོལ་ཞིག་ཁ་རཾ་ཁཱ་ཧི༔ དེ་ནས་ལྷག་མ་ནི༔ ཧཱུྃ་བྷྱོ༔ ལྷག་ལ་དབང་བའི་སྡེ་ཚོགས་ནི༔ དབང་ཕྱུག་ཉི་ཤུ་རྩ་བརྒྱད་དང་༔ གིང་དང་ལངྐ་འབར་མའི་ཚོགས༔ སྣང་སྲིད་དྲེགས་པ་ཕོ་མོ་རྣམས༔ སྔོན་ཚེ་དཔལ་ཆེན་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་ཇི་བཞིན་དུ༔ སྐད་ཅིག་ཚོགས་ལྷག་མགྲོན་ལ་གཤེགས༔ ཧཱུྃ་བྷྱོ༔ དཔལ་གྱི་བཀའ་ཉན་ལྷག་སྡུད་མ༔ དབང་མོ་ཉེར་བརྒྱད་འཁོར་དང་བཅས༔ བཞེས་ཤིག་ཚོགས་ཀྱི་ལོངས་སྤྱོད་བཞེས༔ རོལ་ཞིག་བདུད་རྩིའི་རྒྱ་མཚོ་རོལ༔ ལྷག་མའི་ལོངས་སྤྱོད་བསམ་ཡས་གཏེར༔ ངས་འདི་སྔོན་གྱི་ཆད་དོན་ཏེ༔ ཁྱེད་ཅག་དམ་ཅན་རྒྱ་མཚོའི་ཚོགས༔ ལྷག་མ་ལོངས་ལ་ཕྲིན་ལས་སྒྲུབ༔ མ་གཡེལ་མ་གཡེལ་ས་མ་ཡ༔ དེ་ནས་ཆད་མདོ་གཏོང་བ་ནི༔ ཧཱུྃ་བྷྱོ༔ ཐོག་མེད་དུས་ནས་ད་ལྟ་ཡན་ཆད་དུ༔ འོག་མིན་མི་མཇེད་བསྟན་གནས་སྒྲུབ་གནས་སུ༔ ཀུན་བཟང་རྡོར་འཆང་དགའ་རབ་ཤྲཱི་སིང་དང་༔ རྡོ་རྗེ་ཐོད་ཕྲེང་མཚན་བརྒྱད་རྗེ་འབངས་སོགས༔ སྟོན་པ་བརྒྱུད་པ་སྒྲུབ་པའི་རིག་འཛིན་གྱིས༔ སྤྱན་སྔར་ཁས་བླངས་དམ་ཅན་སྲུང་མའི་ཚོགས༔ འདིར་གཤེགས་དམ་རྫས་དམར་གྱི་གཏོར་མ་ལོངས༔ སྒྲུབ་མཆོག་བུ་བཞིན་སྐྱོང་ལ་ཕྲིན་ལས་སྒྲུབ༔ སྦྱིན་བདག་བར་ཆད་རྐྱེན་བཟློག་བདེ་ལེགས་སྩོལ༔ བཤད་སྒྲུབ་བསྟན་པ་ཕྱོགས་མཐར་རྒྱས་པ་དང་༔ དུས་གསུམ་ཀུན་ཏུ་བསྟན་པའི་བྱ་ར་མཛོད༔ སྒྲུབ་པའི་རྣལ་འབྱོར་མཆེད་ལྕམ་ཕོ་མོ་ཡི༔ ཚེ་དང་སྒྲུབ་པ་མ་ལུས་མཐར་ཕྱིན་ནས༔ ཆོས་ཀྱི་འགལ་རྐྱེན་བར་ཆད་ཐམས་ཅད་ཟློག༔ དགེ་ལེགས་མཐུན་རྐྱེན་སྒྲུབས་ཤིག་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་མཛད་ལ་གཏོར་མ་གཏོང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་རིག་འཛིན་རྡོ་རྗེ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཞག་དབང་བསྐུར་གཉེར་གཏད་པས༔ བོད་ཁམས་སྐྱོང་བའི་བརྟན་མ་བཅུ་གཉིས་དང་༔ སྐྱོང་མ་བཅུ་གཉིས་ཡ་མ་བཅུ་གཉིས་དང་༔ གཡའ་མ་སྐྱོང་མཛད་ལ་སོགས་དམ་ཅན་རྣམས༔ བཀའ་དང་དམ་ཚིག་གཉན་ལ་མ་འདའ་བར༔ འདིར་གཤེགས་དམ་རྫས་དམར་གྱི་གཏོར་མ་ལོང་༔ བཤད་སྒྲུབ་སྡེ་སྐྱོང་ཉམས་པའི་དགྲ་བགེགས་སྒྲོལ༔ བོད་ཁམས་དཀར་པོའི་ཆོས་ལ་འགོད་པར་མཛོད༔ ཕྱི་ནང་གསང་བའི་བར་ཆད་དབྱིངས་སུ་ཟློག༔ ཕྲིན་ལས་མ་ལུས་ཐོགས་མེད་འགྲུབ་པར་མཛོད༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ་ཧཱུྃ་ཧཱུྃ༔ དབུས་ཀྱི་ཕྱོགས་ནས་ཆོས་དབྱིངས་བྲོ་ར་བཙུག༔ གཏི་མུག་འཁྲུལ་བའི་མགོ་ལ་ཆེམས་སེ་ཆེམ༔ འོད་གསལ་བདེ་བ་ཆེན་པོའི་དབྱིངས་སུ་ནན༔ ཤར་ཕྱོགས་ཞི་བའི་བྲོ་ར་ཟླུམ་ལ་འཁྱིལ༔ ཞེ་སྡང་མེ་འབར་མགོ་ལ་ཆེམས་སེ་ཆེམ༔ མེ་ལོང་ཡེ་ཤེས་ཆེན་པོའི་དབྱིངས་སུ་ནན༔ ལྷོ་ཕྱོགས་རྒྱས་པའི་བྲོ་ར་གྲུ་བཞི་བཙུག༔ ང་རྒྱལ་འཁྲུལ་བའི་མགོ་ལ་ཆེམས་སེ་ཆེམ༔ མཉམ་ཉིད་ཡེ་ཤེས་ཆེན་པོའི་དབྱིངས་སུ་ནན༔ ནུབ་ཕྱོགས་དབང་གི་བྲོ་ར་ཟླ་གམ་བཙུག༔ འདོད་ཆགས་འཁྲུལ་བའི་མགོ་ལ་ཆེམས་སེ་ཆེམ༔ སོར་རྟོག་ཡེ་ཤེས་ཆེན་པོའི་དབྱིངས་སུ་ནན༔ བྱང་ཕྱོགས་དྲག་པོའི་བྲོ་ར་གྲུ་གསུམ་དབལ༔ ཕྲག་དོག་གདུག་པའི་མགོ་ལ་ཆེམས་སེ་ཆེམ༔ བྱ་གྲུབ་ཡེ་ཤེས་ཆེན་པོའི་དབྱིངས་སུ་ནན༔ :འཁྲུལ་པ་འཁྲུལ་མེད་ཀ་དག་ངང་དུ་ནན༔ གཉིས་འཛིན་གཉིས་མེད་སྟོང་པའི་དབྱིངས་སུ་ནན༔ ནམ་ཡང་འཁྲུལ་མེད་ཆོས་སྐུའི་དགོངས་ཀློང་ལས༔ འཁྲུལ་རྟོག་མ་ལྡང་རྫོགས་པ་ཆེན་པོའི་རྒྱ༔ ཨོཾ་ལཾ༔ ཨཱཿལཾ༔ ཧཱུྃ་ལཾ༔ སྭཱ་ལཾ༔ ཧཱ་ལཾ༔ སྟྭཾ་བྷ་ཡ་ནན༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ འཇམ་དཔལ་གསང་བ་འདུས་པ་ལས༔ རྗེས་གཏོར་བྲོ་མནན་གྱི་ལེའུ་སྟེ་བཅུ་གསུམ་པའོ༔ ༠༠༠བརྡ་ཡིག༢༠༠དེ་ནས་བཤགས་པ་ནི༔ ཧཱུྃ་ཧྲཱིཿ འཇམ་དཔལ་སྒྱུ་འཕྲུལ་དྲྭ་བའི་དཀྱིལ་འཁོར་ལྷ༔ ཐུགས་རྗེ་བརྩེ་བས་བདག་ལ་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་བའི་དབང་གྱུར་ཏེ༔ ཉེས་བྱས་ཉམས་ཆག་འཁྲུལ་རྟོག་མ་ལུས་པ༔ མི་གསང་མི་སྦེད་གནོང་འགྱོད་མཐོལ་ལོ་བཤགས༔ ཚངས་པ་མཆོག་གི་དངོས་གྲུབ་སྩལ་དུ་གསོལ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ནས་བཀྲ་ཤིས་ནི༔ ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་བ་མ་ལུས་འདུས་པ་ཡི༔ སྐུ་དང་ཡེ་ཤེས་ངོ་བོ་གཅིག་འདུས་པ༔ མཐོང་ཐོས་དྲན་པས་བློ་ཡི་མུན་སེལ་བ༔ མགོན་པོ་འཇམ་པའི་དབྱངས་ཀྱི་བཀྲ་ཤིས་ཤོག༔ ཆོས་སྐུ་ནམ་མཁའ་ལྟ་བུར་ཀུན་ལ་ཁྱབ༔ ལོངས་སྐུ་ཉི་འོད་ལྟ་བུར་སོ་སོར་གསལ༔ སྤྲུལ་སྐུ་འཇའ་ཚོན་ལྟ་བུས་འགྲོ་དོན་མཛད༔ སྐུ་གསུམ་སྒྱུ་འཕྲུལ་འཁོར་ལོའི་བཀྲ་ཤིས་ཤོག༔ དང་པོ་ཆོས་སྐུ་ཀུན་བཟང་འོད་མི་འགྱུར༔ བར་དུ་འཇིག་རྟེན་ཁམས་སུ་ཆོས་སྟོན་མཛད༔ ཐ་མ་འཁོར་བ་མྱང་འདས་དེ་བཞིན་གཤེགས༔ སྤྲུལ་སྐུ་སངས་རྒྱས་སྟོང་གི་བཀྲ་ཤིས་ཤོག༔ སྒྲུབ་ཁང་འོག་མིན་ཆོས་དབྱིངས་གཞལ་ཡས་ཁང་༔ སྒྲུབ་མཆོག་གཞོན་ནུ་བུམ་སྐུར་འགྲུབ་པ་དང་༔ སྣང་སྲིད་བྲན་འཁོར་ཆོས་ལ་འགོད་པ་ཡིས༔ བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ་ཧྲཱིཿ འདི་དང་དུས་གསུམ་བསགས་པའི་དགེ་ཚོགས་རྣམས༔ ནམ་མཁའི་མཐའ་མཉམ་སེམས་ཅན་ཡོངས་ལ་བསྔོ༔ མཁའ་མཉམ་འགྲོ་བ་སེམས་ཅན་མ་ལུས་པ༔ ཕྱམ་གཅིག་རྫོགས་པའི་སངས་རྒྱས་ཐོབ་པར་ཤོག༔ དེ་ནས་རྟག་པའི་མཐའ་བསལ་བ་ནི༔ ཧཱུྃ་ཧཱིུྃཿ སྣང་སྲིད་གཞལ་ཡས་ལྷར་གསལ་རང་ཉིད་ལྷ༔ རང་ལུས་གཞལ་ཡས་དཀྱིལ་འཁོར་ཐུགས་སྲོག་ལ༔ ཐུགས་སྲོག་སྐྱེ་མེད་ཆོས་སྐུའི་དབྱིངས་སུ་ཨཱཿདེ་ནས་ཆད་པའི་མཐའ་བསལ་བ་ནི༔ ཧཱུྃ་ཧྲཱིཿ ཆོས་དབྱིངས་ཀློང་ལས་ཆོས་ཉིད་སྒྱུ་མའི་ལྷ༔ གཞོམ་བྲལ་རྒྱལ་ཀུན་སྲས་ཀྱི་ཐུ་བོར་བཞེངས༔ ནམ་མཁའི་ངོ་བོ་མི་འགྱུར་རྡོ་རྗེའི་སྐུ༔ ཁྱབ་གདལ་འོག་མིན་ཆོས་དབྱིངས་རིག་སྟོང་ཞིང་༔ ཨ་ཨ་ཨཱཿས་མ་ཡ༔ རྒྱ་རྒྱ་རྒྱ༔ འཇམ་དཔལ་གསང་བ་འདུས་པ་ལས༔ རྗེས་རིམ་མཐའ་རྟེན་གྱི་ལེའུ་སྟེ་བཅུ་བཞི་པའོ༔ ༠༠༠བརྡ་ཡིག༢༠༢མ་འོངས་དུས་ཀྱི་གང་ཟག་རྣམས༔ འཁྲུལ་བའི་འཁོར་ལོར་ཞེན་པ་ཆོད༔ ཚེ་གཅིག་སྒྲུབ་པ་ཉམས་སུ་ལོངས༔ གྲོགས་ལ་བརྩེ་སེམས་ཆགས་པ་ཆོད༔ གྲོགས་སུ་ཆགས་པའི་ཡུལ་ངན་གྱི༔ རྒྱུད་དེ་མཛེས་མའི་རྐྱེན་གྱིས་བསླུ༔ བདུད་པོ་སྒོ་ཉལ་གློ་བུར་ལང་༔ རྒྱུན་དུ་སྒྲུབ་པ་ཉམས་སུ་ལོངས༔ ལུས་ངག་ཡིད་གསུམ་བརྟན་པར་གྱིས༔ བསྒྱུར་བ་མེད་པར་ཆོས་ལ་འབུངས༔ སྡིག་པ་མི་དགེ་རྒྱབ་ཏུ་སྤོངས༔ ལེ་ལོ་རྣམ་གཡེང་བག་མེད་ཀུན༔ ཤེས་པས་དུག་བཞིན་སྤོང་ལ་ཐོང་༔ དགའ་སྡུག་གཉིས་ཀ་རེ་མོས་སྤྱི༔ བཏང་སྙོམས་ངང་དུ་ཅོག་མི་བཞག༔ བཟང་ངན་རྐྱེན་གྱིས་མི་བསྒྱུར་ན༔ རྣལ་འབྱོར་དམ་པ་ལོགས་ན་མེད༔ སྣང་སྲིད་སྒྱུ་མར་རྟོགས་པ་ཡི༔ སྒྱུ་མཁན་སེམས་སུ་ཐག་ཆོད་ན༔ ལྷ་སྒོམ་མཆོག་གྱུར་དེ་ལས་མེད༔ ལུས་ངག་ཡིད་གསུམ་མི་འགྱུར་ཞིང༔ མི་ཚེ་ཆོས་ལ་འདའ་བ་ན༔ ཆོས་པའི་མཆོག་གྱུར་དེ་ལས་མེད༔ རང་སེམས་ཡེ་ཤེས་ཀློང་འཕོས་ཏེ༔ ཉོན་མོངས་རྣམ་རྟོག་འཇིག་ནུས་ན༔ བརྟུལ་ཞུགས་མཆོག་གྱུར་དེ་ལས་མེད༔ མི་མངོན་ཆོས་སྐུའི་ཀློང་ཡངས་ནས༔ རང་རིག་ཆོས་སྐུ་དྲན་རྩལ་འཁོར༔ གྲུབ་རྟགས་མཆོག་གྱུར་དེ་ལས་མེད༔ ཟང་ཟིང་ནོར་ལ་ངེས་དོན་མེད༔ ངེས་པའི་དོན་ལ་འདུས་བྱས་མེད༔ ལྷ་ཁམས་ཕྱུག་ལ་འགྲན་མེད་ཀྱང་༔ གཏན་བདེའི་ལོངས་སྤྱོད་ཡོད་མ་ཡིན༔ འཇིག་རྟེན་ཚེ་འདིར་གཡེང་བ་མཁན༔ བདེ་སྐྱིད་ཚེ་གཅིག་རེ་རློམས་ཅན༔ འཇིག་རྟེན་སྲིད་པ་འཁོར་ལོ་ཅོག༔ འདི་དག་ཆུ་རྒྱུན་འཁོར་བའོ༔ ངེས་པའི་དོན་ལ་བློ་ཁེལ་ན༔ ཚེ་གཅིག་སངས་རྒྱས་རང་ལ་ཡོད༔ གཏན་བདེ་སྒྲུབ་བརྩོན་རང་དབང་ཡོད༔ རྒྱུད་བཟང་རྡོ་རྗེ་ཐེག་པའི་མཚོ༔ བླ་མ་དམ་པའང་བསམ་མི་ཁྱབ༔ མཚོ་ནས་ཆུ་བླངས་བཏུང་བ་དང་༔ མཚོ་ལ་བསྙེན་བཀུར་མི་སྨོད་པ༔ འདི་ལས་ལྷག་པའི་མན་ངག་མེད༔ སྙིང་གཏམ་ཡིན་ནོ་སྐལ་ལྡན་རྣམས༔ བསྙེན་བཀུར་བདུད་ཀྱིས་བསླུ་བ་ཡིན༔ བསྙེན་བཀུར་གནས་ལ་རེ་མ་རློམས༔ ཞེན་ཚད་བདུད་ཀྱི་དབང་དུ་སོང་༔ ཁམས་གསུམ་དབང་བསྒྱུར་པད་འབྱུང་ང་༔ སྣང་སྲིད་ཁམས་ན་འགྲན་ཟླ་སུ༔ དང་པོ་ཨོ་རྒྱན་ཡུལ་དུ་འཁྲུངས༔ ཨོ་རྒྱན་རྒྱལ་པོའི་རྒྱལ་སྲིད་ཐོབ༔ དེ་ཡང་བསྙེན་བཀུར་བདུད་དུ་ཤེས༔ འགྲོ་བའི་དོན་ལ་བརྩོན་དགོངས་ནས༔ རྒྱལ་སྲིད་ཐབས་ཀྱིས་སྤངས་པ་ཡིན༔ གནས་ཡུལ་དུར་ཁྲོད་ཐམས་ཅད་དུ༔ བསྒྲུབ་མཛད་དཀྱིལ་འཁོར་ཞལ་ཕྱེས་ཚེ༔ གནས་ཡུལ་དུར་ཁྲོད་བདག་པོ་ཡིས༔ སྣང་སྲིད་ཟས་ནོར་མངོན་ཕུལ་བྱུང་༔ བསྙེན་བཀུར་བདུད་ཀྱིས་བསླུ་བར་དགོངས༔ ཆོས་བསྲུང་བཀའ་བསྒོས་གཏེར་གཉེར་བཅོལ༔ གཞན་ཡང་འཕགས་ཡུལ་ཕྱོགས་བཅུ་རུ༔ རྒྱལ་ཁམས་ཀུན་ཏུ་ཆོས་བསྟན་མཛད༔ ལོངས་སྤྱོད་ཟས་ནོར་རྒྱལ་པོའི་སྲིད༔ བསམ་མི་ཁྱབ་ཅིང་དཔེ་མེད་ཕུལ༔ དེ་ཡང་དུག་བཞིན་རྒྱབ་ཏུ་བོར༔ འགྲོ་དོན་ཕྱོགས་རིས་བྲལ་བ་ཡིས༔ ཡུལ་ཀུན་དཀར་བོའི་དགེ་ལ་བསྒྱུར༔ ཐ་མ་བོད་ཡུལ་མུན་གླིང་དུ༔ དཀར་པོ་དགེ་བའི་གསལ་སྒྲོན་སྦར༔ ཡུལ་ལ་དགེ་བའི་ཟབ་དོན་གྱིས༔ བསྟན་པ་ཕྱོགས་བཅུར་རྒྱས་པར་མཛད༔ བོད་ཡུལ་མངའ་བདག་རྒྱལ་པོའི་སྲིད༔ འཇིག་རྟེན་ཟས་ནོར་བསམ་ཡས་ཕུལ༔ དེ་ཡང་བདུད་ཀྱི་བར་ཆད་ཤེས༔ ཐམས་ཅད་དུག་བཞིན་རྒྱབ་ཏུ་བོར༔ བདག་ལ་འགྲོ་བའི་དོན་ལས་མེད༔ གསོག་འཇོག་དཀོར་མཛོད་འབངས་བཀོལ་མེད༔ གདུལ་བྱས་དྲན་པའི་མོས་ངོ་རུ༔ ཆུ་ཟླ་བཞིན་དུ་སྐད་ཅིག་བྱོན༔ མོས་པའི་བུ་ལ་ཆོས་བསྟན་མཛད༔ མཐར་ཡང་རིག་འཛིན་མཁའ་འགྲོ་བཅས༔ འཁོར་བ་མ་ཆགས་རྔ་ཡབ་གླིང་༔ ཅུང་ཟད་འཕགས་ཡུལ་དཔལ་གྱི་རིར༔ མཁའ་ལྡིང་གནམ་འཕང་གཅོད་བཞིན་གཤེགས༔ མ་འོངས་ང་ཡི་འདུལ་ཞིང་དུ༔ ང་ཡི་རྒྱལ་ཚབ་སྤྱོད་པ་ཡི༔ འགྲོ་དོན་མཛད་པའི་གང་ཟག་རྣམས༔ ངེས་པར་འགྲོ་བའི་དོན་བརྩོན་ན༔ བསྙེན་བསྐུར་བདུད་ལ་ཞེན་པ་ཆོད༔ ཟང་ཟིང་ཟས་ནོར་དུག་བཞིན་སྤོངས༔ ཕ་ཡི་རྒྱལ་ཁྲིམས་བུ་ཡིས་ཟུངས༔ མཐར་ཡང་ང་དང་གཉིས་སུ་མེད༔ དེ་ལས་ང་ཡི་ཚུལ་མིན་ན༔ ངེས་ཚབ་ངེས་པའི་འགྲོ་དོན་མེད༔ རང་དོན་ཁེ་དྲག་རེ་རློམ་ཞིང་༔ ལྷ་བུའི་བདུད་ལ་ཞེན་འབྱམས་ཏེ༔ བདུད་ཀྱི་དབང་བསྒྱུར་རང་བསླུས་པ༔ དེས་ཀྱང་འགྲོ་དོན་ག་ལ་འགྲུབ༔ དེ་མིན་ང་ཡི་རྗེས་འཛིན་པས༔ ཚེ་གཅིག་སྒྲུབ་པ་ཉམས་ལེན་ཅིང་༔ ཟོལ་མེད་སྦས་ཡུལ་སྦས་པ་ཡི༔ རྣལ་འབྱོར་དམ་པ་ང་ཉིད་དོ༔ ང་དང་གཉིས་མེད་ང་བུའོ༔ འཇམ་དཔལ་གསང་བ་འདུས་པ་ཉིད༔ ཡང་གསང་ཐུགས་སྒྲུབ་དང་པོ་འདི༔ ཉམས་སུ་ལེན་ཚད་སངས་རྒྱས་སོ༔ ཐེ་ཚོམ་བྱུང་ན་པདྨས་བསླུས༔ ས་མ་ཡ༔ པདྨའི་གསང་ཡུམ་ཡེ་ཤེས་མཚོ་རྒྱལ་ངས༔ ཡབ་ཀྱི་བཀའ་བཞིན་བརྡ་ཡི་རིས་སུ་བཀོད༔ བཀའ་འདི་སྔགས་སྲུང་ཨེ་ཀ་ཛ་ཊཱི་དང་༔ མ་མོ་སྲིད་རྒྱལ་སྔགས་སྲུང་ངེས་ནུས་མ༔ གནོད་སྦྱིན་ཀུན་དགའ་གཞོན་ནུ་ལ་སོགས་པ༔ བསྟན་སྲུང་དམ་ཅན་རྒྱ་མཚོ་ཚོགས་ལ་བཅོལ༔ ཐུབ་པར་སྲུངས་ཤིག་བཀའ་དང་ཐ་ཚིག་རྒྱ༔ ལྟ་ལོག་ངན་སྨྲ་མཁན་གྱི་སྲོག་རྩ་ཆོད༔ དམ་ལྡན་རྣམས་ལ་མ་ཡིས་བུ་བཞིན་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ གཉན་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་རིག་འཛིན་བདུད་འདུལ་རྡོ་རྗེའི་དངོས་སྤྲུལ་སྔགས་ཀྱི་ཕྱག་རྒྱ་འཆང་བ་གླིང་པ་བདུད་འཇོམས་རྡོ་རྗེས་གཏེར་ནས་སྤྱན་དྲངས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བན་དེ་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།