ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་རྩ་དབང་རྡོ་རྗེའི་བུམ་བཅུད༔

From Dudjom Wiki
TTDL-ZABTER-02-KHA-016
Wylie title zab gsang mkha' 'gro'i snying thig las: 'jam dpal gshin rje'i gshed kyi rtsa dbang rdo rje'i bum bcud: TTDL-ZABTER-02-KHA-016.pdf
Location bdud 'joms gling pa zab gter
Volume 2, Text 16, Pages 247-255 (Folios 1a1 to 5a2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las 'jam dpal gshin rje'i gshed kyi rtsa dbang rdo rje'i bum bcud. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 247-255. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: dbang chog   Verso: bdud 'joms 'jam dpal drag po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Empowerment Ritual - dbang chog - dbang skur
Cycle འཇམ་དཔལ་དྲག་པོ་གཤིན་རྗེ་གཤེད་ ('jam dpal drag po gshin rje gshed)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity gshin rje
Colophon

ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་གྲོ་ལོད་བདུད་འཇོམས་རོལ་པ་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱ་བྱས་ཏེ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་དགའ་རབ་བོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang khrag 'thung rdo rje gro lod bdud 'joms rol pa rtsal gyis gser smad rnga la stag rtse'i g.yas logs shwa brag rdo rje nas bton te mi lo bco lnga'i bar du bka' rgya byas te mthar smar mdo bkra shis dga' 'khyil du dag par phab pa'i yi ge pa ni kun bzang dga' rab bo/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་རྩ་དབང་རྡོ་རྗེའི་བུམ་བཅུད་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) མ་འོངས་ལས་ཅན་སྐལ་བ་རུ༔ ཐབས་མཆོག་མྱུར་ལམ་ཟབ་མོའི་ཆོས༔ འཇམ་དཔལ་གཤིན་རྗེའི་སྒྲུབ་ཐབས་བསྟན༔ དེ་ཡི་སྙིང་པོ་རྩ་བའི་དབང་༔ ཚུལ་བཞིན་བསྐུལ་བའི་རིམ་པ་ནི༔ དབང་དང་ལྡན་བའི་བླ་མ་ཡིས༔ དཀྱིལ་འཁོར་བསྙེན་སྒྲུབ་རྟགས་རྫོགས་ནས༔ སྣོད་ལྡན་བུ་ལ་བསྐུར་བར་བྱ༔ ཁྲུས་བྱ་བགེགས་བསྐྲད་སྲུང་འཁོར་བསྒོམ༔ སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་ནས༔ དང་པོ་ལོ་རྒྱུས་བཤད་པ་ནི༔ འོ༔ ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ལ་དཀྲི་བར་བྱ༔ དེ་ཡི་ཆེད་དུ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་དབང་ཟབ་མོ་བསྐུར་བ་ལ་འདིའི་ལོ་རྒྱུས་ནི༔ སྔོན་ཚེ་འདས་པའི་དུས་སུ་རི་རབ་ཆེན་པོའི་ཁོང་གསེང་དུ་རྒྱ་མཚོ་ཆེན་པོའི་རླབས་དང་མེ་འབར་རྡོ་ཡི་ཚ་དབལ་འཐབ་པ་ལས་སྐྱེས་པའི་ལས་ཀྱི་གཤིན་རྗེ་ནག་པོ་ཟས་སུ་ཤ་དང་སྐོམ་དུ་ཁྲག་ལ་མི་ཚིམ་པ༔ ལས་སུ་སྐྱེ་འགྲོའི་སྲོག་དབུགས་ལེན་པ་སྣང་སྲིད་ལྷ་འདྲེ་དང་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་བྲན་དང་ལས་ལ་བཀོལ་བ་གང་གིས་ཀྱང་མི་ཐུལ་བ་བྱུང་ཚེ༔ ཕྱོགས་བཅུ་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་ཞལ་བསྡུར་དགོངས་པ་བསྡུར་ཏེ་འཇམ་དཔལ་ཡ་མཱནྟ་ཀར་སྤྲུལ་ནས་ལས་ཀྱི་གཤིན་རྗེ་འཆི་བདུད་ནག་པོ་སྒྲོལ་བའི་དབང་བསྐུར་མངའ་གསོལ་ཏེ་མངགས་པས་འཆི་བདག་ལས་ཀྱི་གཤིན་རྗེ་དེ་དབང་དུ་བསྡུས༔ སྲོག་སྙིང་འཕྲོག༔ ནུས་མཐུ་བཅོམ༔ བྲན་དུ་བཀོལ༔ འཁོར་སྣང་སྲིད་ལྷ་སྲིན་དྲེགས་པ་ཅན་ཐམས་ཅད་བཅོམ་ནས་སངས་རྒྱས་ཀྱི་བསྟན་པ་སྲུང་བར་བཀའ་བསྒོས༔ གཉེར་གཏད༔ དམ་ཚིག་གཉན་པོའི་སྲོག་གཏད་པ་ཡིན་པས༔ འཇམ་དཔལ་གཤིན་རྗེ་གཤེད་པོའི་བཀའ་དང་དམ་འོག་ཏུ་མ་འདུས་པ་གཅིག་ཀྱང་མེད་པས་འདི་ཡི་དབང་ཐོབ་ནས་འཆི་བདག་གཤིན་རྗེ་ནག་པོ་ལ་སོགས་སྣང་སྲིད་ཀྱི་ལྷ་འདྲེ་ཐམས་ཅད་ཀྱི་ཕྱོགས་ལས་རྣམ་པར་རྒྱལ་བར་གདོན་མི་ཟའོ༔ ཕྱོགས་བཅུའི་རྒྱལ་བ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་མི་ཟད་པ་རྒྱན་གྱི་འཁོར་ལོ་ལ་ལོངས་སྤྱོད་པའི་སྐལ་བ་ཐོབ་པ་ཡིན་ཏེ༔ དཔལ་ཨོ་རྒྱན་གྱི་མཁན་པོ་པདྨ་འབྱུང་གནས་བདག་གིས་བཀའ་ལུང་དགོངས་བཅུད་ཐམས་ཅད་བསྡུས་ནས་ལྔ་བརྒྱ་སྙིགས་མའི་འགྲོ་བ་རྣམས་ལ་བརྩེ་བ་ཆེན་པོའི་སྒོ་ནས་གཏེར་དུ་སྦོས༔ བཀའ་སྲུང་གཟའ་བདུད་ནག་པོ་དང་གནོད་སྦྱིན་ཤན་པ་དབང་དྲག་གི་རྒྱལ་པོ་གཉིས་ལ་བཀའ་འདི་གཏད་དོ་གཉེར་རོ་བཀའ་དང་ཐ་ཚིག་གཉན་པོའི་དམ་རྒྱའོ༔ མ་འོངས་སྙིགས་མའི་དུས་སུ་པད་འབྱུང་དངོས་སུ་བྱོན་པ་སྦས་པའི་རྣལ་འབྱོར་ཁྲག་འཐུང་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་ལ་སྤྲོད་ཅིག༔ ས་མ་ཡ༔ གསང་སྔགས་ཟབ་མོའི་དབང་ཞུ་བ་ལ་གསོལ་བ་འདེབས་པ་འདིའི་རྗེས་ཟློས་མཛོད༔ ཀྱེ༔ དུས་གསུམ་སངས་རྒྱས་འདུས་པའི་སྐུ༔ བླ་མ་མགོན་པོ་དགོངས་སུ་གསོལ༔ བདག་ཅག་སྐལ་ལྡན་སློབ་བུ་ལ༔ འཇམ་དཔལ་ཡ་མཱནྟ་ཀ་ཡི༔ རྩ་དབང་ཡོངས་རྫོགས་བསྐུར་དུ་གསོལ༔ ལན་གསུམ་ཞུ༔ ཧོཿ དད་དམ་ནོར་ལྡན་སློབ་བུ་ལ༔ གསང་སྔགས་ཟབ་མོའི་དཀྱིལ་འཁོར་དུ༔ དབང་གིས་སྨིན་ཅིང་གྲོལ་བར་བགྱི༔ དཀྱིལ་འཁོར་ལྷ་ཚོགས་དགོངས་སུ་གསོལ༔ འགྲོ་འདི་རྗེས་སུ་བཟུང་དུ་གསོལ༔ དེ་ནས་དམ་ཆུ་སྦྱིན་པ་ནི༔ ཧོཿ དམ་ཚིག་ཆེན་པོ་མནའ་ཡི་ཆུ༔ སྐལ་ལྡན་ཁྱོད་ཀྱི་ལྕེ་ལ་བཞག༔ གསང་སྔགས་རིག་སྔགས་གཟུངས་སྔགས་དང་༔ སྙིང་པོ་སྔགས་ཀྱི་བདེན་སྟོབས་ཀྱིས༔ དམ་ཚིག་གཉན་གྱི་སྲོག་ཐོབ་ཤོག༔ སྲུངས་ཤིག་སོམས་ཤིག་དམ་ལ་འདུས༔ བཛྲ་ས་མ་ཡ༔ དེ་ནས་སློབ་མ་ལྷར་བསྐྱེད་དེ༔ ཡེ་ཤེས་དབབ་བསྟིམ་བརྟན་བཞུགས་ནས༔ བུམ་དབང་ཟབ་མོ་བསྐུར་བ་ནི༔ ཧཱུྃ༔ བུམ་པ་ལྷ་ཡི་གཞལ་ཡས་ཁང་༔ བསྐྱེད་རིམ་ལྷ་རྣམས་ཡོངས་སུ་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་རོ༔ འཇམ་དཔལ་ཡ་མཱནྟ་ཀ་ཡི༔ བསྐྱེད་པ་སྐུ་ཡི་དབང་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ ཨོཾ༔ སྐུ་ཡི་དཀྱིལ་འཁོར་གཤིན་རྗེའི་གཤེད༔ ཨཱཿགསུང་གསང་ཀླུ་བདུད་རྡོ་རྗེའི་སྐུ༔ ཧཱུྃ༔ ཐུགས་གསང་རྡོ་རྗེ་བདུད་འདུལ་བ༔ སྭཱ༔ ཡོན་ཏན་ཡཀྴ་མེ་དབལ་སྐུ༔ ཧཱ༔ ཕྲིན་ལས་ཚེ་བདག་ནག་པོར་ཤར༔ ཛཿསྙིང་རྗེའི་རང་གཟུགས་ལྕགས་ཀྱུ་མ༔ ཧཱུྃ༔ བྱམས་པའི་རང་གཟུགས་ཞགས་པ་མ༔ བཾ༔ དགའ་བའི་རང་གཟུགས་ལྕགས་སྒྲོག་མ༔ ཧོཿ བཏང་སྙོམས་རང་གཟུགས་དྲིལ་བུ་མ༔ གཅིག་ལས་གཉིས་པ་རེ་འཕྲོས་པས༔ སློབ་མའི་ལུས་ལ་ཐིམ་པ་ཡིས༔ ལུས་སྒྲིབ་ཀུན་དག་བུམ་དབང་ཐོབ༔ སྤྲུལ་པའི་སྐུ་རུ་མངོན་གྱུར་ནས༔ རྣམ་སྨིན་རིག་འཛིན་མཆོག་ཐོབ་ཤོག༔ རྩ་སྔགས༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གསང་དབང་ནི༔ བྷནྡྷ་བདུད་རྩི་ཐོགས་ལ༔ ཧོཿ ཡེ་ཤེས་དབྱིངས་ཀྱི་བྷནྡྷ་རུ༔ གསུང་གསང་འདུས་པའི་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ཀྱི་ངག་ཏུ་བླུད༔ གསུང་གི་དབང་མཆོག་ཡོངས་ཐོབ་ཤོག༔ རྩ་སྔགས༔ ཝཱཀ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་ཕྲེང་བ་སྔགས་བཅས་གཏད༔ ཧཱུྃ༔ སྔགས་ཀྱི་འཁོར་ལོ་གསུང་གསང་རྫོགས༔ སྔགས་ཀྱི་འདྲེན་ཕྲེང་གསུང་དབང་འདུས༔ སྐལ་ལྡན་ཁྱོད་ལ་གཏད་པ་ཡིས༔ འོད་དམར་ཨཱཿམཚན་མགྲིན་པར་ཐིམ༔ ངག་སྒྲིབ་དག་ནས་གསང་དབང་ཐོབ༔ ལོངས་སྤྱོད་རྫོགས་སྐུར་མངོན་གྱུར་ནས༔ ཚེ་དབང་རིག་འཛིན་ཉིད་ཐོབ་ཤོག༔ རྩ་སྔགས༔ ཝཱཀཱ་ཨ་བྷི་ཥིཉྩ་ཨཱཿརལ་གྲི་ཐོགས་ལ༔ ཧཱུྃ༔ ཤེས་རབ་རལ་གྲིའི་ཐུགས་གསང་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་རོ༔ འཇམ་དཔལ་ཡ་མཱནྟ་ཀ་ཡི༔ ཐུགས་དབང་ཡོངས་སུ་རྫོགས་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཕུར་པ་ཐུན་མཚོན་གཏད་ལ༔ ཧཱུྃ༔ ཕུར་བ་ཁམས་གསུམ་སྒྲོལ་བའི་དབལ༔ ཐུན་མཚོན་མེ་ཧོམ་ལས་བྱེད་དབང་༔ རྒྱལ་བ་ཐུགས་ཀྱི་དབང་རྣམས་རྫོགས༔ སྐལ་ལྡན་བུ་ལ་དབང་བསྐུར་བས༔ ཐུགས་དབང་ཡོངས་སུ་རྫོགས་ཐོབ་ཅིང་༔ ཁམས་གསུམ་ཡོངས་སྒྲོལ་མཐུ་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཧཱུྃ་མཱུཾ་གཏད་ལ༔ ཧཱུྃ༔ འོད་མཐིང་ཧཱུྃ་མཱུྃ་མཚན་པ་ཅན༔ རྒྱལ་བ་རྒྱ་མཚོ་ཐུགས་དབང་བཅུད༔ སློབ་མའི་སྙིང་གར་ཐིམ་གྱུར་ནས༔ ཡིད་སྒྲིབ་དག་ནས་ཤེར་དབང་ཐོབ༔ ཆོས་ཀྱི་སྐུ་རུ་མངོན་འཕོས་ཏེ༔ ཕྱག་རྒྱའི་རིག་འཛིན་ཉེར་ཐོབ་ཤོག༔ རྩ་སྔགས༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཐིག་ལེ་གཏད་ལ༔ ཧཱུྃ༔ གཞི་དབྱིངས་ཀ་དག་ཐིག་ལེ་འདི༔ འཇམ་དཔལ་ཡེ་ཤེས་དཀྱིལ་འཁོར་ཏེ༔ སྐལ་ལྡན་ཁྱོད་ཀྱི་སྙིང་གར་ཐིམ༔ ཡེ་ཤེས་ཁྱོད་ཀྱི་སེམས་ལ་འཕོས༔ ཁྱོད་སེམས་ཆོས་སྐུའི་ཀློང་དུ་འཕོས༔ རིག་པ་རྩལ་གྱི་དབང་ཆེན་ཐོབ༔ ལྷུན་གྲུབ་རིག་འཛིན་བདེ་ཆེན་ངང་༔ དབྱེར་མེད་འདྲེས་ཏེ་བུམ་སྐུར་གྲོལ༔ ཕྱིར་མི་ལྡོག་པའི་རྒྱས་གདབ་བོ༔ ཨ་ཨ་ཨ་ཕཊ༔ དེ་ནས་བཀྲ་ཤིས་རྫས་བརྒྱད་གཏད་ལ༔ ཧཱུྃ༔ བཀྲ་ཤིས་རྫས་བརྒྱད་ལོངས་སྤྱོད་མཆོག༔ མཚན་དཔེའི་ཁྱད་ཆོས་བཀྲ་ཤིས་རྟགས༔ ལོངས་སྤྱོད་རྨད་བྱུང་རྒྱལ་པོའི་སྲིད༔ སྐལ་ལྡན་ཁྱོད་ལ་གཏད་ཅིང་སྦྱིན༔ རྣམ་མཁྱེན་རྫོགས་པའི་སངས་རྒྱས་ཀྱི༔ གོ་འཕང་མཆོག་ལ་དབང་ཐོབ་ཤོག༔ མངྒ་ལཾ་མ་ཎི་རཏྣ་ཨ་བྷི་ཥིཉྩ་མཾ༔ མཐར་ནི་གཏང་རག་ཚོགས་འཁོར་བསྐོར༔ བསྔོ་སྨོན་ཟབ་མོས་རྒྱས་གདབ་བྱ༔ འདི་ཐོབ་དམ་ཚིག་གཉན་སྲུང་ཞིང་༔ ཉམས་སུ་ལེན་པའི་སྐལ་ལྡན་བུ༔ བདུད་དང་བགེགས་ལས་རྣམ་རྒྱལ་ཞིང་༔ ལྷ་སྲིན་སྡེ་བརྒྱད་བྲན་དུ་ཁོལ༔ ལས་ཀྱི་གཤིན་རྗེས་ཕྲིན་ལས་སྒྲུབ༔ འདོད་དོན་ཡིད་བཞིན་འགྲུབ་གྱུར་ནས༔ ཚེ་འདིར་རིག་འཛིན་ས་ཐོབ་འགྱུར༔ པདྨ་འབྱུང་གནས་རྡོ་རྗེའི་ཚིག༔ བཀའ་སྲུང་གནོད་སྦྱིན་གཟའ་གཤིན་རྗེས༔ སྲུང་ལ་བརྒྱུད་འཛིན་འདོད་དོན་སྒྲུབ༔ དགྲ་བགེགས་གདུག་པའི་སྙིང་ཁྲག་རོལ༔ ས་མ་ཡ༔ སྐུའི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱཿབརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་ཁྲག་འཐུང་རྡོ་རྗེ་གྲོ་ལོད་བདུད་འཇོམས་རོལ་པ་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ཤྭ་བྲག་རྡོ་རྗེ་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱ་བྱས་ཏེ་མཐར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཀུན་བཟང་དགའ་རབ་བོ། །དགེའོ། །དགེའོ། །དགེའོ།། །།