ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་པོའི་བསྐང་བ་སྒྲིབ་གཉིས་རབ་སྦྱོང་༔

From Dudjom Wiki
TTDL-ZABTER-02-KHA-020
Wylie title zab gsang mkha' 'gro'i snying thig las: khro rgyal gshin rje'i gshed po'i bskang ba sgrib gnyis rab sbyong: TTDL-ZABTER-02-KHA-020.pdf
Location bdud 'joms gling pa zab gter
Volume 2, Text 20, Pages 285-287 (Folios 1a1 to 2a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las khro rgyal gshin rje'i gshed po'i bskang ba sgrib gnyis rab sbyong. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 285-287. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: bskang ba   Verso: bdud 'joms 'jam dpal drag po
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Mending Rituals - bskang chog
Cycle འཇམ་དཔལ་དྲག་པོ་གཤིན་རྗེ་གཤེད་ ('jam dpal drag po gshin rje gshed)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity gshin rje
Colophon

ཞེས་པ་འདི་ཡང་སྤྲང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱ་བྱས་ནས་མཐར་ཀུན་དགའི་ངོར་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang sprang bdud 'joms rdo rjes gter nas bton te mi lo bco lnga'i bar du bka' rgya byas nas mthar kun dga'i ngor dag par phab pa'o/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཁྲོ་རྒྱལ་གཤིན་རྗེའི་གཤེད་པོའི་བསྐང་བ་སྒྲིབ་གཉིས་རབ་སྦྱོང་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) བསྐང་བ་སྒྲིབ་གཉིས་རབ་སྦྱོང་ལ༔ མཆོད་རྫས་གྷ་ཎའི་ལོངས་སྤྱོད་བཤམས༔ ཡིད་ཀྱིས་མི་ཟད་རྒྱན་འཁོར་སྤེལ༔ ཉམས་ཆག་བཤགས་སྦྱང་ཆེད་དུ་དམིགས༔ དཔང་གྱུར་དཔང་བཙུགས་གནད་ལྡན་གྱི༔ ཧཱུྃ་༔ རང་སྣང་དོན་གྱི་འོག་མིན་ནས༔ རང་རིག་ཡེ་ཤེས་སྒྱུ་འཕྲུལ་ལྷ༔ ཡེ་རྫོགས་དཀྱིལ་འཁོར་ཆེན་པོ་གང་༔ དབྱིངས་ནས་སྐུར་བཞེངས་འདིར་གཤེགས་ཤིག༔ བཛྲ་ས་མ་ཡ་ཛ༔ ཨོཾ་ཨཱཿཧཱུྃ༔ སྣང་བ་སྣོད་དང་སྲིད་པ་བཅུད༔ འདོད་ཡོན་ལྔ་ཡི་ཡུལ་སོ་ཅོག༔ གདོད་ནས་རང་ལས་རང་སྣང་བ༔ མ་བཙལ་མཆོད་པའི་རྫས་སུ་ཤར༔ ཡེ་ཤེས་ཆེན་པོས་རྒྱས་བཏབ་ནས༔ ཉམས་ཆག་བསྐང་ཕྱིར་མཆོད་པར་བཤམ༔ ཧཱུྃ་༔ མི་གནས་གསང་ཆེན་དཀྱིལ་འཁོར་ནས༔ རང་བྱུང་ཡེ་ཤེས་ཐུགས་དམ་བསྐང་༔ ཀུན་ཏུ་བཟང་པོའི་ཐུགས་དམ་བསྐང་༔ རྡོ་རྗེ་སེམས་དཔའི་ཐུགས་དམ་བསྐང་༔ དགའ་རབ་རྡོ་རྗེའི་ཐུགས་དམ་བསྐང་༔ ཤྲཱི་སིདྷའི་ཐུགས་དམ་བསྐང་༔ པདྨ་འབྱུང་གནས་ཐུགས་དམ་བསྐང་༔ ཁྱེའུ་ཆུང་ལོ་ཙཱའི་ཐུགས་དམ་བསྐང་༔ བདུད་འཇོམས་རྡོ་རྗེ་གླིང་པའི་ཐུགས་དམ་བསྐང་༔ རྩ་བའི་བླ་མའི་ཐུགས་དམ་བསྐང་༔ འཇམ་དཔལ་གཞོན་ནུའི་ཐུགས་དམ་བསྐང་༔ རྡོ་རྗེ་འཇིགས་བྱེད་ཐུགས་དམ་བསྐང་༔ གཤིན་རྗེའི་གཤེད་པོའི་ཐུགས་དམ་བསྐང་༔ དུར་ཁྲོད་བདག་མོའི་ཐུགས་དམ་བསྐང་༔ རྒྱལ་བ་ཞི་ཁྲོའི་ཐུགས་དམ་བསྐང་༔ རྡོ་རྗེ་བདུད་འདུལ་ཐུགས་དམ་བསྐང་༔ ཡཀྵ་མེ་དབལ་ཐུགས་དམ་བསྐང་༔ ཀླུ་བདུད་རྡོ་རྗེའི་ཐུགས་དམ་བསྐང་༔ ཚེ་བདག་ནག་པོའི་ཐུགས་དམ་བསྐང་༔ ལྕགས་ཀྱུ་མ་ཡི་ཐུགས་དམ་བསྐང་༔ ཞགས་པ་མ་ཡི་ཐུགས་དམ་བསྐང་༔ ལྕགས་སྒྲོག་མ་ཡི་ཐུགས་དམ་བསྐང་༔ དྲིལ་བུ་མ་ཡི་ཐུགས་དམ་བསྐང་༔ མ་དང་མཁའ་འགྲོའི་ཐུགས་དམ་བསྐང་༔ གནོད་སྦྱིན་དམར་ནག་ཐུགས་དམ་བསྐང་༔ ཡ་མ་རཱ་ཙའི་ཐུགས་དམ་བསྐང་༔ གཟའ་མཆོག་ཆེན་པོའི་ཐུགས་དམ་བསྐང་༔ ཕྱི་མཆོད་ཉེར་སྤྱོད་བདུན་གྱིས་བསྐང་༔ ནང་མཆོད་འདོད་ཡོན་སྣ་ལྔས་བསྐང་༔ གསང་མཆོད་སྨན་གཏོར་རཀྟས་བསྐང་༔ སྦྱོར་སྒྲོལ་ཏ་ན་ག་ནས་བསྐང་༔ དཔང་གྱུར་རྩ་གསུམ་དགོངས་སུ་གསོལ༔ བདག་ནི་མ་རིག་དབང་གྱུར་པས༔ ཚེ་རབས་འཁོར་བ་ཐོག་མེད་ནས༔ ལས་དང་ཉོན་མོངས་བག་ཆགས་སྒྲིབ༔ མི་གསང་མི་སྦེད་མཐོལ་ལོ་བཤགས༔ སྐུ་ཡི་དམ་ཚིག་ཉམས་ཆག་ཀུན༔ དཔང་གྱུར་སྐུ་ལ་མཐོལ་ལོ་བཤགས༔ གསུང་གི་དམ་ཚིག་ཉམས་ཆག་ཀུན༔ དཔང་གྱུར་གསུང་ལ་མཐོལ་ལོ་བཤགས༔ ཐུགས་ཀྱི་དམ་ཚིག་ཉམས་ཆག་ཀུན༔ དཔང་གྱུར་ཐུགས་ལ་མཐོལ་ལོ་བཤགས༔ ཡན་ལག་དམ་ཚིག་ཉམས་ཆག་ཀུན༔ ཡོན་ཏན་ཕྲིན་ལས་ཚོགས་ལ་བཤགས༔ ལུས་དང་ངག་དང་ཡིད་ཀྱི་ལས༔ མི་དགེའི་ཉེས་བྱས་ཉམས་ཆག་སྡིག༔ གནོང་འགྱོད་དྲག་པོས་མཐོལ་ལོ་བཤགས༔ དག་ཅིང་ཚངས་པའི་དངོས་གྲུབ་སྩོལ༔ སྐུ་གསུང་ཐུགས་ཀྱིས་བྱིན་གྱིས་རློབས༔ ཨོཾ་བཛྲ་སཏྭ་ས་མ་ཡ༔ སོགས༔ སྒྲིབ་གཉིས་བག་ཆགས་མ་ལུས་པ༔ བྱང་འགྱུར་འདི་ལ་ཐེ་ཚོམ་མེད༔ མཆོག་དང་ཐུན་མོང་དངོས་གྲུབ་ཐོབ༔ ཡེ་ཤེས་ལྷ་ཡི་དཔལ་ཐོབ་འགྱུར༔ བཀའ་འདི་དྲང་སྲོང་ཆེན་པོས་སྲུངས༔ གཤེ་སྐུར་མཁན་གྱི་དབང་པོ་བསྣུབས༔ སྒྲུབ་པ་པོ་ལ་བུ་ལྟར་སྐྱོངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་སྤྲང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་མི་ལོ་བཅོ་ལྔའི་བར་དུ་བཀའ་རྒྱ་བྱས་ནས་མཐར་ཀུན་དགའི་ངོར་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ།། །།