ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་གསང་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་༔

From Dudjom Wiki
TTDL-ZABTER-02-KHA-046
Wylie title zab gsang mkha' 'gro'i snying thig las: yang gsang tshe sgrub dngos grub 'dod 'byung: TTDL-ZABTER-02-KHA-046.pdf
Location bdud 'joms gling pa zab gter
Volume 2, Text 46, Pages 463-479 (Folios 1a1 to 9a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las yang gsang tshe sgrub dngos grub 'dod 'byung. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 2: 463-479. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: las byang   Verso: bdud 'joms tshe sgrub
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang  ·  Longevity Rituals - tshe sgrub
Cycle ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་ (tshe sgrub dngos grub 'dod 'byung)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity tshe dpag med
Colophon

ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་པདྨ་ངོ་མཚར་རོ། །དགེའོ། །དགེའོ། །དགེའོ།།

zhes pa 'di ni khrag 'thung bdud 'joms rdo rjes gter nas bton te dag par phab pa'i yi ge pa ni rang slob dam pa pad+ma ngo mtshar ro/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཡང་གསང་ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) མ་འོངས་ལྔ་བརྒྱའི་དུས་ཀྱི་ཐ་མ་ལ༔ སྐྱེ་འགྲོའི་ཚེ་དཔལ་འབྱོར་བ་རྒུད་པའི་ཚེ༔ པདྨའི་བརྒྱུད་འཛིན་རྣམས་ཀྱི་དོན་ཆེད་དུ༔ ཚེ་སྒྲུབ་དངོས་གྲུབ་འདོད་འབྱུང་བསྟན་པར་བྱ༔ དུས་གསུམ་རྒྱུན་ཆད་མེད་པར་ཉམས་སུ་ལོངས༔ ཚེ་དཔལ་འབྱོར་པ་གོང་ནས་གོང་འཕེལ་འགྱུར༔ འདི་ཉིད་ཉམས་སུ་ལེན་པའི་སྐྱེས་བུ་ལ༔ སྙིང་ཁྲག་མིག་འབྲས་ལྟ་བུའི་གནད་གཅིག་བཤད༔ དམ་ཚིག་གཉན་པོ་སྲོག་ལྟར་བསྲུང་བ་དང་༔ བསྐྱེད་རིམ་གནད་ལྡན་ཐབས་ཀྱི་ཡང་ཐིག་དང་༔ ཤེས་རབ་རིག་པའི་གདིང་ཆེན་འཐོབ་པའོ༔ ས་མ་ཡ༔ སྔོན་འགྲོའི་རིམ་པ་སྤྱི་ལྟར་རྫོགས་བྱས་ནས༔ དངོས་གཞི་རྟེན་དང་བརྟེན་པའི་རིམ་པ་ནི༔ ཧཱུྃ་ཧྲཱིཿ སྣང་སྲིད་དག་མཉམ་རོལ་པ་འོག་མིན་ཞིང་༔ བཀོད་པ་རབ་རྫོགས་བདེ་ཆེན་གཞལ་ཡས་སུ༔ པདྨ་ཟླ་བ་རྒྱས་པའི་གདན་སྟེང་དུ༔ རང་ཉིད་བཅོམ་ལྡན་མགོན་པོ་ཚེ་དཔག་མེད༔ སྐུ་མདོག་དམར་གསལ་འོད་ཕུང་གཟི་བརྗིད་འབར༔ ཕྱག་གཉིས་མཉམ་བཞག་ཚེ་ཡི་བུམ་པ་འཛིན༔ ཞབས་གཉིས་སྐྱིལ་ཀྲུང་གཞོན་ནུའི་ལང་ཚོས་མཛེས༔ དབུ་རྒྱན་སྙན་ཆ་ཕྲེང་བས་དོ་ཤལ་དང་༔ ཕྱག་གདུབ་ཞབས་གདུབ་སོར་གདུབ་སེ་མོ་དོ༔ ཅོད་པན་སྟོད་གཡོགས་སྨད་དཀྲིས་པང་ཁེབས་དང་༔ སྐུ་རེག་ལ་སོགས་ཆས་རྒྱན་བཅུ་གསུམ་རྫོགས༔ ཡུམ་མཆོག་གསང་བ་ཡེ་ཤེས་མཁའ་འགྲོ་མ༔ བདེ་སྟོང་ཟུང་འཇུག་ཡབ་ཀྱི་སྐུ་ལ་འཁྲིལ༔ ཕྱག་གཡས་ཚེ་བུམ་གཡོན་པས་མདའ་དར་བསྣམས༔ བདེ་ཆེན་འཁོར་ལོར་སངས་རྒྱས་ཚེ་དཔག་མེད༔ དཀར་གསལ་མཉམ་བཞག་སྐྱིལ་ཀྲུང་ཚེ་བུམ་འཛིན༔ ལོངས་སྤྱོད་འཁོར་ལོར་པདྨ་ཚེ་དཔག་མེད༔ དམར་གསལ་མཉམ་བཞག་སྐྱིལ་ཀྲུང་ཚེ་བུམ་བསྣམས༔ ཆོས་ཀྱི་འཁོར་ལོར་རྡོ་རྗེ་ཚེ་དཔག་མེད༔ མཐིང་གསལ་མཉམ་བཞག་སྐྱིལ་ཀྲུང་ཚེ་བུམ་བསྣམས༔ སྤྲུལ་པའི་འཁོར་ལོར་རཏྣ་ཚེ་དཔག་མེད༔ སེར་གསལ་མཉམ་བཞག་སྐྱིལ་ཀྲུང་ཚེ་བུམ་བསྣམས༔ བདེ་སྐྱོང་འཁོར་ལོར་ཀརྨ་ཚེ་དཔག་མེད༔ ལྗང་གསལ་མཉམ་བཞག་སྐྱིལ་ཀྲུང་ཚེ་བུམ་བསྣམས༔ ཀུན་ཀྱང་རང་རང་རིགས་ཀྱི་ཡུམ་དང་འཁྲིལ༔ ལོངས་སྤྱོད་རྫོགས་སྐུ་དར་དང་རིན་ཆེན་བརྒྱན༔ ཡེ་ཤེས་འོད་ཕུང་གཟི་བརྗིད་རབ་ཏུ་འབར༔ དེ་ལྟར་གསལ་བའི་གནས་གསུམ་འབྲུ་གསུམ་ལས༔ འོད་འཕྲོས་འོག་མིན་བདེ་ཆེན་ལྷུན་གྲུབ་ནས༔ ཡེ་ཤེས་ལྷ་ཚོགས་སྤྱན་དྲངས་གཉིས་མེད་བསྟིམ༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿ བདེ་ཆེན་པདྨ་བརྩེགས་པའི་ཞིང་ཁམས་ནས༔ ཚེ་དཔག་མེད་མགོན་ཡབ་ཡུམ་གཤེགས་སུ་གསོལ༔ ལོངས་སྤྱོད་བཀོད་པ་རབ་རྫོགས་ཞིང་ཁམས་ནས༔ ལོངས་སྐུ་རིགས་ལྔ་གངས་ཆེན་གཤེགས་སུ་གསོལ༔ སརྦ་བུདྡྷ་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་ཞིང་ཕྱག་འཚལ་བ་ནི༔ ཧཱུྃ་ཧྲཱིཿ གདོད་ནས་རྫོགས་པའི་གདན་གསུམ་དཀྱིལ་འཁོར་དུ༔ ཡེ་ཤེས་ལྷ་ཚོགས་གཉིས་མེད་བརྟན་བཞུགས་གསོལ༔ རང་སྣང་རྣམ་དག་རྟེན་དང་བརྟེན་པའི་ལྷར༔ མཉམ་རྫོགས་རིག་པའི་ངང་ནས་ཕྱག་འཚལ་ལོ༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ ན་མོ་ན་མ་ ཧོཿ དེ་ནས་མཆོད་པ་འབུལ་བ་ནི༔ ཧཱུྃ་ཧྲཱིཿ སྣང་བའི་བཀོད་པ་རབ་འབྱམས་རྒྱ་མཚོ་ན༔ འདོད་ཡོན་ལོངས་སྤྱོད་རང་ཤར་མི་ཟད་གཏེར༔ བློ་ཡིས་བླངས་ཏེ་དཀྱིལ་འཁོར་ལྷ་ལ་འབུལ༔ བཞེས་ནས་མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ མ་ཧཱ་སརྦ་གྷ་ཎ་པཱུ་ཛ་ ཧོཿ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་བ་མ་ལུས་ཡོངས་འདུས་དཔལ༔ སྐུ་གསུམ་ལྷུན་གྲུབ་མགོན་པོ་ཚེ་མཐའ་ཡས༔ ཁམས་གསུམ་འགྲོ་བ་སྐྱོབ་ཕྱིར་སྐུར་སྟོན་པ༔ འཁོར་འདས་སྤྱི་དཔལ་མཆོག་ལ་ཕྱག་འཚལ་བསྟོད༔ དེ་ནས་འཛབ་བཟླས་རིམ་པ་ནི༔ ཧཱུྃ་ཧྲཱིཿ རང་ཉིད་འཆི་མེད་མགོན་པོ་ཡི༔ ཐུགས་གསང་ཉི་ཟླའི་གྭའུའི་ནང་༔ དྭངས་མའི་ཐིག་ལེ་གསལ་འཚེར་ཀློང་༔ པདྨ་ཟླ་རྒྱས་ལྟེ་བ་རུ༔ སྲོག་གི་སྙིང་པོ་ཧྲཱིཿ དམར་གསལ༔ དེ་མཐར་སྔགས་ཀྱི་ཕྲེང་བས་བསྐོར༔ བཟླས་པས་འོད་ཟེར་རབ་འཕྲོས་ཏེ༔ རྒྱལ་བ་མཆོད་ཅིང་དབང་བྱིན་བསྡུས༔ འགྲོ་བའི་རྒྱུད་སྦྱངས་དག་པར་སྦྱོར༔ ཚེ་བསོད་དཔལ་ཡོན་བཀྲག་མདངས་བཅུད༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ ཚེ་དཔལ་ཡེ་ཤེས་འབར་བར་བསྒོམ༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷཱི་ཧཱུྃ༔ དེ་ནས་སྒྲུབ་པའི་རིམ་པ་ནི༔ ཧཱུྃ་ཧྲཱིཿ རང་ཉིད་ལྷར་གསལ་ཐུགས་ཀ་རུ༔ སྲོག་གི་སྙིང་པོ་གསལ་བ་ལས༔ སྔགས་ཀྱི་འཁོར་ལོ་མགལ་མེ་ལྟར༔ ཐབས་ཤེས་ཞལ་བརྒྱུད་གསང་ལམ་ནས༔ བརྒྱུད་འཁོར་བདེ་སྟོང་ཡེ་ཤེས་འབར༔ འོད་འཕྲོས་བརྟན་གཡོ་ཐམས་ཅད་ཀུན༔ གཞལ་ཡས་ལྷ་སྔགས་རོལ་བར་གྱུར༔ ཕྱོགས་བཅུའི་རྒྱལ་བ་སྲས་བཅས་མཆོད༔ འཁོར་འདས་ཡོངས་ཀྱི་ཚེ་བསོད་བཅུད༔ བསྡུས་ཏེ་སྲོག་གི་སྙིང་པོར་བསྟིམ༔ རྡོ་རྗེའི་ཚེ་མཆོག་བརྙེས་པར་བསམ༔ ཨོཾ་ཨ་མི་དྷེ་ཝ་ཨཱ་ཡུརྫྙཱ་ན་མ་ཧཱ་པུནྱེ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿལས་སྦྱོར་དུས་བཞིར་ལས་བཞི་བསྒོམ༔ བསྙེན་པ་འབུམ་ཕྲག་ཉེར་ལྔ་དང་༔ སྒྲུབ་སྔགས་འབུམ་ཕྲག་ཉི་ཤུ་ཐམ༔ ལས་སྔགས་བཅོ་ལྔས་དངོས་གྲུབ་འཐོབ༔ དེ་ལྟས་ལུས་བདེ་འཇམ་མཉེན་ཡངས༔ ངག་སྙན་ཆོས་ཚིག་མགུར་མ་ལེགས༔ ཡིད་བདེ་དབང་གསལ་ཉམས་རྟོགས་འབར༔ དེ་ནི་མངོན་སུམ་རབ་ལ་འབྱུང་༔ ཡང་ན་རིགས་ལྔའི་ཕྱག་རྒྱ་སྲོག༔ ལུས་ལ་དབབ་ཅིང་བདེ་དྲོད་སྐྱེས༔ མངོན་པར་ཤེས་པ་འཆར་བ་ནི༔ འབྲིང་ལ་འབྱུང་བ་ཉམས་ཀྱི་ལྟས༔ ལྷ་ཞལ་མཐོང་སྣང་གཟུགས་ལུང་བསྟན༔ ཐ་མས་རྨི་སྣང་འདི་ལྟར་མཐོང་༔ མེ་ཏོག་འཐུ་ཞིང་ལོ་ཏོག་རྒྱས༔ ཉི་ཟླ་ཤར་དང་རོལ་མོ་འཁྲོལ༔ ཁྲོམ་བསྡུ་དབང་བསྐུར་ལོངས་སྤྱོད་འདུ༔ ལོ་མ་འབྲས་བུ་རྒྱས་པ་དང་༔ མེ་ལོང་བུམ་པ་གླེགས་བམ་རྙེད༔ མཁའ་ལ་འཕུར་དང་གོས་བཟང་གྱོན༔ དེ་དག་དངོས་གྲུབ་ལྟས་སུ་ལེགས༔ ཚེ་འཕེལ་བསོད་ནམས་ཡེ་ཤེས་རྒྱས༔ མཆོག་གི་དངོས་གྲུབ་མི་རིང་འཐོབ༔ ས་མ་ཡ༔ ཚེ་ཡི་རིག་འཛིན་བསྒྲུབ་པ་ཡི༔ རྣལ་འབྱོར་ཉམས་ཆག་བསྐང་བ་དང་༔ ཚོགས་རྫོགས་སྒྲིབ་པ་སྦྱང་བའི་ཕྱིར༔ ལོངས་སྤྱོད་ཚོགས་འཁོར་བསྐོར་བ་ལ༔ བཟའ་བཏུང་ལོངས་སྤྱོད་འབྱོར་ཚོགས་བཤམས་ནས་སུ༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ་ཏེ་ཕུལ༔ ཧཱུྃ་ཧྲཱིཿ རང་ཉིད་ཡེ་ཤེས་ལྷ་ཡི་ཐུགས་ཀ་ནས༔ འབྱུང་བའི་སྙིང་པོ་རྃ་ཡྃ་ཁྃ་གསུམ་འཕྲོས༔ རྃ་ལས་མེ་འབར་རྣམ་པར་རྟོག་སྒྲིབ་བསྲེགས༔ ཡྃ་ལས་རླུང་བྱུང་འཁོར་བའི་བག་ཆགས་གཏོར༔ ཁྃ་ལས་ཆུ་བྱུང་གཉིས་འཛིན་དྲི་མ་སྦྱངས༔ རྃ་ཡྃ་ཁྃ༔ སླར་ཡང་སྙིང་པོ་འབྲུ་གསུམ་རབ་ཏུ་འཕྲོས༔ ཨོཾ་གྱིས་སྐུ་ཡི་བདུད་རྩི་ཁ་དོག་དཀར༔ ཨཱཿཡིས་གསུང་གི་བདུད་རྩི་དམར་གསལ་འཁྱིལ༔ ཧཱུྃགིས་ཐུགས་ཀྱི་བདུད་རྩི་མཐིང་གར་འཁྱིལ༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད༔ གསང་བའི་སྙིང་པོ་འབྲུ་གསུམ་རབ་འཕྲོས་པས༔ འདོད་ཡོན་མི་ཟད་རྒྱན་གྱི་འཁོར་ལོར་སྤེལ༔ ཁམས་གསུམ་འཁོར་བའི་རྒྱ་མཚོ་མ་སྟོང་བར༔ རྒྱལ་བའི་ཞིང་ཁམས་རྒྱ་མཚོ་ཇི་སྙེད་དུ༔ མཆོད་སྤྲིན་རྒྱ་མཚོ་རྒྱུན་མི་ཆད་པར་སྤྲོས༔ ཧ་ཧོ་ཧྲཱིཿ ལན་གསུམ་བརྗོད༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿ སྲིད་ལས་དཔག་ཚད་བརྒྱད་ཁྲི་འདས་པའི་ཚལ༔ གཞི་དང་སྙིང་པོ་མེ་ཏོག་བརྒྱན་པའི་ཞིང་༔ བདེ་ཆེན་པདྨ་བཀོད་པའི་གཞལ་ཡས་ནས༔ རིགས་འདུས་བདག་ཉིད་འཆི་མེད་མགོན་པོ་ལ༔ ཚེ་དབང་རིག་འཛིན་དཔའ་བོ་དཔའ་མོས་བསྐོར༔ དམ་ཚིག་ཐུགས་རྗེ་དབང་གིས་སྐུར་བཞེངས་ལ༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ དབུས་ཕྱོགས་སྟུག་པོ་བཀོད་པའི་གཞལ་ཡས་ནས༔ བཅོམ་ལྡན་རྣམ་སྣང་རྒྱལ་པོ་ཚེ་དཔག་མེད༔ སངས་རྒྱས་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཤར་ཕྱོགས་མངོན་པར་དགའ་བའི་ཞིང་ཁམས་ནས༔ བཅོམ་ལྡན་མི་འགྱུར་རྡོ་རྗེ་ཚེ་དཔག་མེད༔ རྡོ་རྗེ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷོ་ཕྱོགས་དཔལ་དང་ལྡན་པའི་ཞིང་ཁམས་ནས༔ བཅོམ་ལྡན་རིན་ཆེན་རྒྱལ་པོ་ཚེ་དཔག་མེད༔ རིན་ཆེན་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ བཅོམ་ལྡན་སྣང་བ་མཐའ་ཡས་ཚེ་དཔག་མེད༔ པདྨ་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བྱང་ཕྱོགས་ལས་རབ་རྫོགས་པའི་ཞིང་ཁམས་ནས༔ བཅོམ་ལྡན་དོན་གྲུབ་རྒྱལ་པོ་ཚེ་དཔག་མེད༔ ཕྲིན་ལས་རིགས་ཀྱི་དཔའ་བོ་མཁའ་འགྲོས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ འབྱུང་བ་རྣམ་པར་དག་པའི་དབྱིངས་ཆེན་མོ༔ ཚེ་ཡི་ལྷ་མོ་མགྱོགས་མ་རྣམ་ལྔ་ལ༔ འབུམ་ཕྲག་ཡངས་པའི་མཁའ་འགྲོ་མ་ཡིས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ཕྱོགས་ལས་རྣམ་པར་རྒྱལ་བའི་ཕོ་བྲང་ནས༔ ལྷ་ཡི་བླ་མ་ཚོགས་ཀྱི་བདག་པོ་ལ༔ འཇིག་རྟེན་སྲིད་པ་རྒྱ་མཚོའི་འཁོར་གྱིས་བསྐོར༔ ཞལ་ཟས་ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛཿདེ་ནས་ཚོགས་ཕུད་འབུལ་བ་ནི༔ ཧཱུྃ་ཧྲཱིཿ དུས་གསུམ་རྒྱལ་བའི་སྤྱི་གཟུགས་ཚེ་མཐའ་ཡས༔ རིགས་ཀུན་བདག་ཉིད་རིགས་ལྔ་གངས་ཆེན་མཚོ༔ འབྱུང་བ་རྣམ་དག་དབྱིངས་ཀྱི་ཡུམ་ཆེན་ལྔ༔ ཚད་མེད་ཕྱག་རྒྱའི་ལྷ་མོ་མགྱོགས་མ་ལྔ༔ བསྙེན་སྒྲུབ་དཀྱིལ་འཁོར་ལྷ་ཚོགས་མ་ལུས་ལ༔ ཞལ་ཟས་ཚོགས་ཀྱི་མཆོད་པ་དམ་པ་འབུལ༔ གཟི་བྱིན་དབང་དང་དངོས་གྲུབ་མྱུར་དུ་སྩོལ༔ གུ་རུ་དྷེ་ཝ་ཌཱཀི་ནཱི་སརྦ་གྷ་ཎ་ཙཀྲ་ལ་ཁཱ་ཧི༔ དེ་ནས་ཉམས་ཆག་བཤགས་པ་ནི༔ ཧོཿ དཀྱིལ་འཁོར་ལྷ་ཚོགས་མ་ལུས་དགོངས་སུ་གསོལ༔ བདག་ཅག་མ་རིག་འཁྲུལ་བའི་དབང་གྱུར་ཏེ༔ སྒོ་གསུམ་བག་མེད་དམ་ཚིག་ཉམས་ཆག་སྒྲིབ༔ མི་འཆབ་མི་སྦེད་གནོང་འགྱོད་དྲག་པོ་ཡིས༔ ཞལ་ཟས་ཚོགས་འབུལ་བསྐང་ཞིང་བཤགས་པར་བགྱི༔ མི་བསྒྲིབ་ཚངས་པའི་དངོས་གྲུབ་སྩལ་དུ་གསོལ༔ ཨོཾ་གྷ་ཎ་ཙཀྲ་སཏྭ་ས་མ་ཡ་སོགས༔ དེ་ནས་བསྒྲལ་བ་ནི༔ ཧཱུྃ་ཧྲཱིཿ དུས་གསུམ་སངས་རྒྱས་ཡོངས་འདུས་ཆེ་བའི་མཆོག༔ མངོན་སྤྱོད་མཐུ་ལྡན་པདྨ་ཧེ་རུ་ཀ༔ དྲག་པོའི་ཕྲིན་ལས་མྱུར་མཛད་དུས་ལ་བབས༔ མ་གཡེལ་དམ་ཚིག་གཉན་པོ་གནད་ནས་བསྐུལ༔ ཕྱི་དགྲ་ཀླ་ཀློ་ལྟ་ལོག་རྡུལ་དུ་རློགས༔ ནང་དགྲ་བསྟན་བཤིག་བཀའ་ལོག་དམ་ཉམས་སོད༔ གསང་དགྲ་བསླུ་བྱེད་དམ་སྲི་འབྱུང་པོ་འཐུལ༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ ཕུང་ཁམས་སྐྱེ་མཆེད་ཐལ་བ་རྡུལ་དུ་རློགས༔ ཨོཾ་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧྲཱིཿནྲྀ་ཏྲི་སརྦ་ཤ་ཏྲཱུཾ་མཱ་ར་ཡ་རྦད་སོད༔ དེ་ནས་ཞལ་དུ་བསྟབ་པ་ནི༔ ཧཱུྃ་ཧྲཱིཿ མ་རིག་ལོག་རྟོག་བསྒྲལ་བ་ཡི༔ ཕུང་ཁམས་སྐྱེ་མཆེད་དབང་ཡུལ་བཅས༔ དཀྱིལ་འཁོར་ལྷ་ཚོགས་ཞལ་དུ་བསྟབ༔ རྗེས་ཤུལ་ལྷག་མ་མེད་པར་རོལ༔ རཱུ་དྲ་ཧ་ལ་པཉྩ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ༔ སྔོན་ཚེ་ཀུན་ཏུ་བཟང་པོ་ནས་བཟུང་སྟེ༔ རྒྱལ་བ་རིག་འཛིན་རྒྱ་མཚོའི་སྤྱན་སྔ་རུ༔ ཁས་བླངས་དམ་བཅས་མནའ་བོར་གཉེར་བླངས་བའི༔ བཀའ་ཉན་དྲེགས་པ་ལྷག་སྐྱོང་ཕོ་མོའི་ཚོགས༔ སྐད་ཅིག་ཉིད་དུ་འདིར་གཤེགས་ལྷག་ལ་རོལ༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་གཉན་པོ་ཡི༔ བསྟན་དང་བསྟན་འཛིན་རྟག་སྐྱོངས་འཕེལ་རྒྱས་མཛོད༔ ལོག་པར་འདྲེན་པའི་བསྟན་དགྲ་རྡུལ་དུ་རློག༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ནི༔ ཧཱུྃ་བྷྱོ༔ སྔོན་ཚེ་འདས་དུས་བསྐལ་བའི་དང་པོ་ལ༔ འོག་མིན་གསང་བ་མཆོག་གི་ཕོ་བྲང་དུ༔ གདོད་མའི་མགོན་པོ་ཀུན་ཏུ་བཟང་པོ་ཡིས༔ ལྷུན་གྲུབ་རོལ་བའི་འཁོར་ལ་དགོངས་བརྒྱུད་ཚེ༔ ཡེ་ཤེས་དབྱིངས་ཀྱི་བཀའ་སྲུང་རྒྱ་མཚོ་ཡིས༔ སངས་རྒྱས་བསྟན་དང་བསྟན་འཛིན་སྐྱོང་བ་དང་༔ ཕྱི་ནང་བར་ཆད་བསྲུང་བཟློག་དམ་བཅས་བཞིན༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་གཉན་པོ་ཡི༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་དགེ་ལེགས་སྤེལ༔ བསྟན་ལ་སྡང་བའི་དགྲ་བགེགས་ཐལ་བར་རློག༔ ཧཱུྃ༔ དེ་འོག་བར་གྱི་དུས་ཚིགས་གཉིས་པ་ལ༔ རི་བོ་གནམ་ལྕགས་འབར་བའི་རྩེ་མོ་ནས༔ བཅོམ་ལྡན་དཔལ་ཆེན་ཆེ་མཆོག་ཧེ་རུ་ཀས༔ བདུད་ཕོ་མ་ཏྲཾ་རཱུ་དྲ་བསྒྲལ་པའི་ཚེ༔ དྲེགས་པ་ཅན་གྱི་འཁོར་ཚོགས་ཕོ་མོ་ཡིས༔ གསང་སྔགས་བསྟན་དང་བསྟན་འཛིན་སྐྱོང་བ་དང་༔ ཕྲིན་ལས་རབ་འབྱམས་བསྒྲུབ་པར་ཁས་བླངས་བཞིན༔ དམ་ཚིག་དྲན་མཛོད་དམར་གྱི་གཏོར་མ་ལོངས༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་གཉན་པོ་ཡི༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་དགེ་ལེགས་སྤེལ༔ བསྟན་ལ་སྡང་བའི་དགྲ་བགེགས་ཐལ་བར་རློག༔ ཧཱུྃ༔ དེ་འོག་དུས་ཚིགས་གསུམ་པར་བབ་པའི་ཚེ༔ སྐུ་གསུམ་སྟོན་པ་རིམ་བཞིན་བྱོན་ནས་སུ༔ བརྡ་ཚིག་བརྒྱུད་པའི་གསང་མཛོད་ཕྱེས་པའི་ཚེ༔ ཡེ་ཤེས་འཇིག་རྟེན་སྲུང་མ་ཐམས་ཅད་ཀྱིས༔ གསང་སྔགས་བསྟན་དང་བསྟན་འཛིན་སྐྱོང་བ་དང་༔ ཕྲིན་ལས་རབ་འབྱམས་བསྒྲུབ་པར་ཁས་བླངས་བཞིན༔ དམ་ཚིག་དྲན་མཛོད་དམར་གྱི་གཏོར་མ་ལོངས༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་གཉན་པོ་ཡི༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་དགེ་ལེགས་སྤེལ༔ བསྟན་ལ་སྡང་བའི་དགྲ་བགེགས་ཐལ་བར་རློག༔ ཧཱུྃ༔ དེ་འོག་དུས་ཚིགས་བཞི་པའི་ཐ་མ་ལ༔ རིག་འཛིན་ཆེན་པོ་པདྨ་འབྱུང་གནས་ཀྱིས༔ གཉིས་མེད་སྒྱུ་འཕྲུལ་རོལ་པའི་རིག་འཛིན་ལ༔ ཟབ་གསང་གཉན་པོའི་གཏད་རྒྱ་བཀྲོལ་བའི་ཚེ༔ དྲེགས་པའི་གཙོ་མཆོག་གཟའ་བདུད་རྒྱལ་པོ་དང་༔ ཁམས་གསུམ་དབང་ཕྱུག་ཚོགས་ཀྱི་བདག་པོ་སོགས༔ ཕོ་རྒྱུད་མོ་རྒྱུད་བཀའ་སྲུང་རྒྱ་མཚོ་ཡིས༔ གསང་སྔགས་བསྟན་དང་བསྟན་འཛིན་སྐྱོང་བ་དང་༔ ཕྲིན་ལས་རབ་འབྱམས་བསྒྲུབ་པར་ཁས་བླངས་བཞིན༔ དམ་ཚིག་དྲན་མཛོད་དམར་གྱི་གཏོར་མ་ལོངས༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་གཉན་པོ་ཡི༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་དགེ་ལེགས་སྤེལ༔ བསྟན་ལ་སྡང་བའི་དགྲ་བགེགས་ཐལ་བར་རློག༔ ཧཱུྃ༔ ད་ལྟ་བརྒྱུད་འཛིན་རྣལ་འབྱོར་བདག་ཅག་གིས༔ ཟབ་གསང་གཉན་པོའི་དཀྱིལ་འཁོར་ཞལ་ཕྱེས་ཏེ༔ རིམ་གཉིས་ཟབ་མོའི་ལམ་མཆོག་ལྷུར་བླངས་ནས༔ བཀའ་དམ་ལ་གནས་བསྟན་སྲུང་རྒྱ་མཚོ་ལ༔ ཆད་དོན་དམར་གྱི་གཏོར་མ་འདི་འབུལ་གྱིས༔ བཞེས་ནས་སྔོན་གྱི་ཐ་ཚིག་དྲན་མཛོད་ལ༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་གཉན་པོ་ཡི༔ བསྟན་དང་བསྟན་འཛིན་སྡེ་སྐྱོངས་དགེ་ལེགས་སྤེལ༔ བསྟན་ལ་སྡང་བའི་དགྲ་བགེགས་ཐལ་བར་རློག༔ ཧཱུྃ༔ ཡེ་ཤེས་དང་ནི་འཇིག་རྟེན་སྲུང་མའི་ཚོགས༔ མ་གཡེལ་མ་འགྱངས་དམ་ཚིག་གཉན་གྱིས་འབོད༔ མྱུར་མགྱོགས་མཐུ་དང་རྫུ་འཕྲུལ་སྟོབས་དབང་གིས༔ འདིར་གཤེགས་ཤ་ཁྲག་དམར་གྱི་གཏོར་མ་ལོངས༔ སྒྲུབ་པའི་རྣལ་འབྱོར་བདག་གི་སྲུང་མ་མཛོད༔ སངས་རྒྱས་བསྟན་དང་བསྟན་འཛིན་སྡེ་སྐྱོངས་ཤིག༔ ཆོས་སྲིད་བསྟན་པའི་མངའ་ཐང་འཕེལ་རྒྱས་མཛོད༔ ཕྱི་དགྲ་ཀླ་ཀློ་བདུད་ཀྱི་རྒོལ་ངན་བཟློག༔ ནང་དགྲ་བན་བོན་འཁྲུགས་རྩོད་རྒོལ་ངན་བཟློག༔ གསང་དགྲ་བར་ཆད་ཡུལ་རྐྱེན་ངན་པ་བཟློག༔ མི་མཐུན་དགྲ་འདྲེས་རྒོལ་ངན་རྡུལ་དུ་རློག༔ བཀའ་དང་དམ་ལས་མ་འདའ་ས་མ་ཡ༔ དེ་ནས་བརྟན་མར་ཆད་དོན་ལ༔ ཧཱུྃ་བྷྱོ༔ དབྱིངས་ཕྱུག་ཆེན་མོ་བཀྲ་ཤིས་ཚེ་རིང་མའི༔ བྲན་དང་བཀའ་ཉན་མ་མོ་བརྟན་མའི་ཚོགས༔ སྔོན་ཚེ་དཔལ་ཆེན་པདྨ་ཐོད་ཕྲེང་གིས༔ བཀའ་བསྒོས་དམ་བཞག་དབང་བསྐུར་མཚན་གསོལ་ནས༔ བསྟན་དང་བསྟན་འཛིན་སྐྱོང་བར་ཁས་བླངས་བཞིན༔ འདིར་གཤེགས་བཤལ་ཆུའི་གཏོར་མ་འདི་ལོངས་ལ༔ ཕྲིན་ལས་རབ་འབྱམས་མ་ལུས་ཡོངས་གྲུབ་མཛོད༔ དམ་ཚིག་གཉན་ལས་མ་འདའ་ས་མ་ཡ༔ དེ་ནས་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ བླ་མེད་གསང་ཆེན་རོལ་བའི་དཀྱིལ་འཁོར་དུ༔ ཡེ་ཤེས་རྔམས་པ་གར་གྱི་རྣམ་རོལ་པས༔ མ་རིག་ལོག་རྟོག་འདུལ་བའི་བྲོ་ར་འཁྲབ༔ དུག་གསུམ་སྐུ་གསུམ་དབྱིངས་སུ་སྒྲོལ་བའི་བྲོ༔ དུག་ལྔ་ཡེ་ཤེས་ལྔ་རུ་བཏུལ་བའི་བྲོ༔ འཁོར་བ་མྱང་འདས་ཆེན་པོར་སྒྲོལ་བའི་བྲོ༔ གཟུང་འཛིན་རཱུ་དྲའི་མགོ་ལ་ཆེམས་སེ་ཆེམ༔ བདག་མེད་མཉམ་པ་ཉིད་ཀྱི་དབྱིངས་སུ་བྲུབ༔ མ་ཤོར་མ་ལྡང་རྡོ་རྗེ་ཐེག་པའི་རྒྱ༔ ཨོཾ་ལཾཿཨཱཿལཾ༔ ཧཱུྃ་ལཾ༔ སུཾ་ལཾ༔ སྟྭཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་ལེན་པ་ནི༔ ཧཱུྃ༔ དཀྱིལ་འཁོར་ལྷ་ཚོགས་མ་ལུས་དགོངས་སུ་གསོལ༔ སྒྲུབ་པའི་རིག་འཛིན་རྣལ་འབྱོར་བདག་ཉིད་ཀྱིས༔ བསྙེན་སྒྲུབ་ལས་སྦྱོར་དུས་འདིར་མཐར་སོན་ཏེ༔ དམ་བཅའ་ཚད་དུ་ཕྱིན་པའི་གནས་སྐབས་འདིར༔ མ་གཡེལ་ཐུགས་རྗེ་བརྩེ་བ་ཆེན་པོ་ཡིས༔ དབང་བྱིན་དངོས་གྲུབ་མ་ལུས་འདིར་སྩོལ་ཅིག༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨཱཿདེ་ནས་བསྔོ་བ་སྨོན་ལམ་ནི༔ ཧཱུྃ༔ བདག་གིས་དུས་གསུམ་བསགས་པའི་དགེ་རྩ་ཀུན༔ མ་གྱུར་འགྲོ་བ་སེམས་ཅན་ཡོངས་ལ་བསྔོ༔ ཀུན་ཀྱང་གདོད་མའི་གཞི་དབྱིངས་ཆེན་པོ་རུ༔ ཕྱམ་གཅིག་རྫོགས་པའི་སངས་རྒྱས་ཐོབ་གྱུར་ཅིག༔ དེ་ནས་རྟག་མཐའ་བསལ་བ་ནི༔ ཧཱུྃ༔ སྣང་སྲིད་མ་ལུས་བདག་བསྐྱེད་ལྷ་ལ་བསྡུ༔ བདག་བསྐྱེད་ཐུགས་སྲོག་སྔགས་ཀྱི་འཁོར་ལོར་བསྡུ༔ དེ་ཡང་ཧྲཱིཿ དང་ཧྲཱིཿ ཡིག་དབྱིངས་སུ་བསྡུ༔ ཁྱབ་བརྡལ་རྫོགས་པ་ཆེན་པོར་འབྱམས་ཀླས་སོ༔ ཨ་ཨ་ཨ༔ དེ་ནས་ཆད་མཐའ་བསལ་བ་ནི༔ ཧཱུྃ༔ ཆོས་ཉིད་མཁའ་ལས་ལྷུན་གྲུབ་རོལ་པའི་རྩལ༔ ཡེ་ཤེས་རྔམས་པའི་སྒྱུ་འཕྲུལ་ལྷ་རུ་ལྡང་༔ དོན་དམ་མི་ཤིགས་ངོ་བོ་རྡོ་རྗེ་ཡིས༔ སྲ་མཁྲེགས་རྡོ་རྗེའི་གོ་ཁྲབ་ཞུ་ལུགས་བགོས༔ རྩ་སྔགས་མཐར༔ བཛྲ་རཀྵ་རཀྵ་ཧཱུྃ་བྷྲུྃ༔ དེ་ནས་བཀྲ་ཤིས་བྱ་བ་ནི༔ ཨོཾ༔ རྡོ་རྗེའི་སྐུ་ནི་སྐྱེ་འཆི་བསྒྲེས་རྒུད་བྲལ༔ ཨཱཿཚངས་པའི་གསུང་དབྱངས་ཡན་ལག་དྲུག་ཅུའི་གདངས༔ ཧཱུྃ༔ རྡོ་རྗེའི་ཐུགས་མཆོག་སྤྲོས་པའི་མཐའ་དང་བྲལ༔ ཡོན་ཏན་ཕྲིན་ལས་རྨད་བྱུང་འདོད་རྒུའི་གཏེར༔ རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་གང་ལགས་པ༔ དམ་པ་དེས་ཀྱང་དེང་འདིར་བདེ་ལེགས་ཤོག༔ ས་མ་ཡ༔ འདི་ནི་དུས་གསུམ་རྒྱལ་ཀུན་གྱི༔ ཡང་གསང་སྒྲུབ་པ་སྙིང་པོའི་བཅུད༔ གནད་མཆོག་དོན་དང་ལྡན་པའི་བུ༔ ཚེ་འདིར་མཆོག་གི་དངོས་གྲུབ་བརྙེས༔ དོན་གཉིས་ལྷུན་གྲུབ་དཔལ་ཐོབ་འགྱུར༔ མ་འོངས་ང་ཡི་བརྒྱུད་འཛིན་རྣམས༔ བསྐྱེད་རིམ་དམིགས་གནད་དང་ལྡན་ཅིང་༔ གཞན་དུ་ཡེངས་པར་མི་བྱེད་པ༔ སྒྲུབ་པ་ཀུན་གྱི་གནད་གཅིག་ཡིན༔ ནེ་ཙོའི་འདོན་པ་ལྟ་བུ་ཡིས༔ བསྐལ་པར་བསྒྲུབ་ཀྱང་འབྲས་མི་འབྱིན༔ ལྷ་ལ་ཡི་ཆད་བཏང་ན་ཡང་༔ རང་ཉིད་ངན་འགྲོར་མནར་བའི་རྒྱུ༔ དེ་འདྲའི་ལས་ངན་མ་བསགས་པར༔ བསྐྱེད་པ་གནད་ཀྱི་དམ་པར་ཟུངས༔ གསལ་བ་ཆེན་པོའི་གཟེར་བསྡམས་པས༔ གཞན་དུ་མ་ཡེངས་ཉམས་ལེན་ན༔ རྡོ་རྗེ་འཆང་གི་ས་ཐོབ་འགྱུར༔ བཀའ་སྲུང་གནོད་སྦྱིན་ཆེན་པོར་གཏད༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ སྐུ་ཡི་རྒྱ༔ གསུང་གི་རྒྱ༔ ཐུགས་ཀྱི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་རང་སློབ་དམ་པ་པདྨ་ངོ་མཚར་རོ། །དགེའོ། །དགེའོ། །དགེའོ།། །།