ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒྲུབ་པ་དངོས་གྲུབ་གཏེར་མཛོད༔

From Dudjom Wiki
TTDL-ZABTER-03-GA-003
Wylie title zab gsang mkha' 'gro'i snying thig las: 'phags mchog thugs rje chen po'i sgrub pa dngos grub gter mdzod: TTDL-ZABTER-03-GA-003.pdf
Location bdud 'joms gling pa zab gter
Volume 3, Text 3, Pages 23-46 (Folios 1a1 to 12b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las 'phags mchog thugs rje chen po'i sgrub pa dngos grub gter mdzod. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 23-46. Thimphu, Bhutan: Lama Kuenzang Wangdue, 2004.
Side notes   Verso: bdud 'joms thugs chen
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang
Cycle འཕགས་མཆོག་ཐུགས་རྗེ་ཆེན་པོ་ ('phags mchog thugs rje chen po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity thugs rje chen po
Colophon

ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གཉིས་བར་དུ་བཀའ་རྒྱས་བཏབ་མཐར་སློབ་བུ་དགེ་ལེགས་དཔལ་བཟང་དང་རྩང་པ་ཟང་ཐལ་དྲི་མེད་གཉིས་ཀྱིས་བསྐུལ་ངོར་གསེར་སྨད་བླ་མ་རོང་གི་བསྟན་འཕེལ་ནོར་བུའི་གླིང་དུ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།།

zhes pa 'di ni khrag 'thung bdud 'joms rdo rjes gser smad rnga la stag rtse'i g.yas logs nas gdan drangs te mi lo sum cu rtsa gnyis bar du bka' rgyas btab mthar slob bu dge legs dpal bzang dang rtsang pa zang thal dri med gnyis kyis bskul ngor gser smad bla ma rong gi bstan 'phel nor bu'i gling du dag par phab pa'o/_/dge'o/_/dge'o/_/dge'o/_/legs so/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ འཕགས་མཆོག་ཐུགས་རྗེ་ཆེན་པོའི་སྒྲུབ་པ་དངོས་གྲུབ་གཏེར་མཛོད་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ རང་བྱུང་ཡེ་སངས་རྒྱས་པ་གདོད་མའི་གཞི༔ མངོན་གྱུར་ཆེན་པོར་དབང་བསྒྱུར་ཆོས་ཀྱི་སྐུར༔ བྱར་མེད་བྱ་བཏང་སྤྱོད་པའི་གདིང་ཆེན་པོར༔ མི་ཚེ་སྙིང་པོའི་སྒྲུབ་ལ་དྲིལ་བྱེད་ཀྱི༔ ལས་སྣ་བསྐལ་པའི་རླུང་གིས་བསྒྱུར་བ་ཡི༔ སྐལ་དམན་ཐབས་ཀྱིས་ལམ་དུ་ཁ་དྲངས་ནས༔ འགྲོ་བའི་བླ་མ་ཐུགས་རྗེ་ཆེན་པོ་ནི༔ རྡོ་རྗེ་གསུམ་གྱི་ལྷུམས་སུ་འཇུག་པའི་ལམ༔ འབྲེལ་ཚད་རྣམ་པར་གྲོལ་བའི་ཟབ་ལམ་མཆོག༔ མ་འོངས་བརྒྱུད་འཛིན་ཐར་ལམ་ལ་གཟུད་ཕྱིར༔ མཐའ་ཡས་དབང་པོ་པདྨ་བདག་གིས་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ རབ་དབེན་སྐྱིད་པའི་གནས་མཆོག་ཏུ༔ དཀྱིལ་འཁོར་བཀོད་ལེགས་ཡིད་འོང་བ༔ སྒོ་གྲུ་རྟ་བབས་ཁོར་ཡུག་བཅས༔ སྤྱི་དང་མཐུན་པ་ཉིད་དུ་བྱ༔ མེ་ཏོག་ཚོམ་བུ་རབ་ཏུ་བཀོད༔ རྩ་གསུམ་གཏོར་མ་བརྗིད་ལྡན་བཤམ༔ མཆོད་རྫས་ཡོ་བྱད་འབྱོར་ཚོགས་བཀོད༔ དཀར་ཕྱོགས་སྐྱོང་ལ་དཀར་གཏོར་དང་༔ ནག་ཕྱོགས་སྐྱོང་ལ་དམར་གཏོར་ཕུལ༔ དང་པོ་སྐྱབས་སུ་འགྲོ་བ་ནི༔ ན་མོ༔ བླ་མེད་བླ་མ་དཀོན་མཆོག་གསུམ༔ ཡི་དམ་མཁའ་འགྲོ་དམ་ཅན་ཚོགས༔ ཡོངས་འདུས་བདག་ཉིད་སྤྱན་རས་གཟིགས༔ འཁོར་དང་བཅས་ལ་སྐྱབས་སུ་མཆི༔ དེ་ནས་སེམས་བསྐྱེད་པ་ལ༔ ཧོཿ བདག་གིས་མཁའ་མཉམ་སེམས་ཅན་ཀུན༔ རྣམ་གྲོལ་ས་ལ་འགོད་པའི་ཕྱིར༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ གསང་གསུམ་རྡོ་རྗེའི་གྲོང་འཇུག་བྱ༔ དེ་ནས་བགེགས་བསྐྲད་པ་ལ༔ ཧོཿ ང་ནི་དབང་ཆེན་ཁྲོས་པའི་སྐུ༔ ཁམས་གསུམ་འདི་ན་སུ་ཡང་རུང་༔ ལོག་པར་འདྲེན་པའི་གདོན་དང་བགེགས༔ འདོད་ཡོན་གཏོར་མ་འདི་ལོངས་ལ༔ སོ་སོ་རང་རང་གནས་སུ་དེངས༔ གལ་ཏེ་མི་འགྲོ་འདུག་གྱུར་ན༔ ཡེ་ཤེས་རོལ་པའི་སྒྱུ་འཕྲུལ་ལས༔ མཚོན་ཆ་སྣ་ཚོགས་རབ་འབར་བས༔ ལུས་ངག་རྡུལ་ཕྲན་བཞིན་དུ་བརླག༔ དེ་བས་ད་ལྟ་ཕྱིར་དེངས་ཤིག༔ ཧཱུྃ་བཞིའི་སྔགས་བརྗོད་ཐུན་གྱིས་བྲབ༔ སླར་ཡང་སྲུང་འཁོར་བསྒོམ་པ་ལ༔ ཧཱུྃ༔ ཡེ་ཤེས་རོལ་པའི་ཆོ་འཕྲུལ་གྱིས༔ ལོག་འདྲེན་འདུལ་བའི་མཚོན་ཆ་ཐུན༔ ཚུར་འདུས་སྲུང་བའི་འཁོར་ལོ་ནི༔ རིམ་པ་དྲུག་གི་ཚུལ་དུ་བསྐོར༔ མི་ཤིགས་རྡོ་རྗེའི་རྒྱས་བཏབ་ནས༔ སྲ་མཁྲེག་གཞོམ་གཞིག་མེད་པར་གྱུར༔ བཛྲ་རཏྣ་པདྨ་ཀརྨ་ཙཀྲ་ཛྭ་ལ་རཾ་རཀྵ་རཀྵ་ཧཱུྃ་བྷུྃ༔ དེ་ནས་བརྡ་སྒོ་དབྱེ་བ་ལ༔ ཧཱུྃ༔ འཁོར་འདས་དག་མཉམ་ཆོས་ཀྱི་སྐུ༔ ལྷུན་གྲུབ་རོལ་པ་ལོངས་སྤྱོད་རྫོགས༔ ཐུགས་རྗེ་ཀུན་ཁྱབ་སྤྲུལ་པའི་སྐུ༔ རང་བྱུང་ཡེ་ཤེས་འཆར་སྒོ་ཕྱེས༔ བཛྲ་པྲ་བེ་ཤ་ཡ་ཕཊ༔ དེ་ནས་བརྡ་ཕྱག་འཚལ་བ་ལ༔ ཧཱུྃ༔ ཀ་དག་བརྡལ་ཁྱབ་ཆེན་པོའི་མཁའ༔ གདོད་ནས་མ་བཅོས་སྤྲོས་མཐའ་བྲལ༔ སྐུ་དང་ཡེ་ཤེས་རོལ་པའི་མཛོད༔ རང་ཞལ་མཇལ་ཕྱིར་ཕྱག་འཚལ་ལོ༔ ན་མོ་ན་མ་ཧོཿ དེ་ནས་བྱིན་ཆེན་དབབ་པ་ནི༔ ཧཱུྃ་ཧྲཱིཿ འཁོར་འདས་དག་མཉམ་གཞལ་ཡས་ནས༔ ཆོས་སྐུ་རྒྱལ་བ་འོད་དཔག་མེད༔ སྒྱུ་འཕྲུལ་རིགས་ལྔ་གངས་ཆེན་མཚོ༔ གང་འདུལ་ཐུགས་རྗེའི་གཏེར་ཆེན་པོ༔ བྱང་སེམས་འཕགས་པའི་ཚོགས་དང་བཅས༔ མོས་གུས་དྲག་པོས་ཐུགས་རྒྱུད་བསྐུལ༔ ཆོས་ཀྱི་དབྱིངས་ལས་སྐུར་བཞེངས་ལ༔ གནས་འདིར་བྱིན་ཆེན་དབབ་ཏུ་གསོལ༔ སྒྲུབ་མཆོག་བདག་ལ་དབང་བསྐུར་རོ༔ མཆོག་ཐུན་དངོས་གྲུབ་བྱིན་ཕོབ་ཅིག༔ ན་མོ་ཨཱཪྻ་ལོ་ཀི་ཤྭ་ར་མཎྜ་ལ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛཿཨ་བེ་ཤ་ཡ་ཨ་ཨ༔ དེ་ནས་མཆོད་རྫས་བྱིན་བརླབ་ནི༔ ཧཱུྃ་ཧྲཱིཿ སྟོང་ཆེན་ཡུམ་གྱི་མཁའ་ཀློང་དུ༔ རང་བྱུང་ཡེ་ཤེས་རོལ་པའི་རྩལ༔ འདོད་ཡོན་སྣང་བ་རྒྱན་དུ་ཤར༔ མི་ཟད་ནམ་མཁའ་མཛོད་དུ་སྤེལ༔ ཆོས་ཉིད་སྒྱུ་མར་རོལ་བའི་འཕྲུལ༔ གང་ལ་གང་འདོད་མཆོད་པའི་སྤྲིན༔ མ་བཙལ་རང་བྱུང་ལྷུན་གྱིས་གྲུབ༔ ཨོཾ་བཛྲ་ཨརྒྷཾ་སོགས་ཤཔྡ་ཨཱཿཧཱུྃ༔ རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་ཨཱཿཧཱུྃ༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་བ་ལིངྟ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་རཀྟ་ཛྭ་ལ་མཎྜ་ལ་ཧཱུྃ་ཧྲཱིཿཋཱ༔ མ་ཧཱ་བོ་དྷི་ཙིཏྟ་ཏ་ན་ག་ན་སརྦ་པཱུ་ཛ་སྭཱ་ཧཱ༔ དེ་ནས་དེ་བཞིན་ཉིད་ཀྱི་ཏིང་ངེ་འཛིན་ལ༔ ཧཱུྃ༔ སྣང་སྲིད་གཟུང་དང་འཛིན་པའི་ཆོས༔ རྨི་ལམ་དབྱིངས་སུ་སད་པ་ལྟར༔ ཆོས་ཉིད་དེ་བཞིན་ཉིད་དུ་ཞིག༔ ཀ་དག་ཆེན་པོ་མངོན་དུ་བྱ༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་བཛྲ་སྭ་བྷཱ་ཝ་ཨཏྨ་ཀོ྅་ཧཾ༔ དེ་ནས་ཀུན་ཏུ་སྣང་བའི་ཏིང་ངེ་འཛིན༔ ཨཱཿ སྟོང་ཆེན་དབྱིངས་ཀྱི་རང་རྩལ་ལས༔ ཁྱབ་བྱེད་ཡེ་ཤེས་ཆེན་པོ་ཤར༔ འཁོར་འདས་དག་མཉམ་བྱང་ཆུབ་སེམས༔ ཀུན་མཁྱེན་ཀུན་གཟིགས་ཀུན་ཏུ་སྣང་༔ དྷརྨ་དྷ་ཏུ་ཛྙཱ་ན་ག་ག་ན་ཨཱཿ དེ་ནས་རྒྱུ་ཡི་ཏིང་ངེ་འཛིན༔ ཧཱུྃ༔ དབྱིངས་ལས་ཐུགས་རྗེའི་རོལ་པའི་རྩལ༔ མཁའ་ལ་འཇའ་ཚོན་ཤར་བ་བཞིན༔ དུས་གསུམ་བདེ་གཤེགས་ཀུན་གྱི་སྲོག༔ རིག་པ་རྒྱུ་ཡི་ཡི་གེར་ཤར༔ ཧྲཱིཿཙིཏྟ་བཛྲ་ས་མ་ཏི་ཨཱཿ དེ་ནས་ཞིང་ཁམས་བསྐྱེད་པ་ལ༔ ཧྲཱིཿ ལས་འབྱུང་ཆེན་ལྔ་ཡི་ས་བོན་འཕྲོས༔ ཨེ་ལས་ནམ་མཁའ་མཐིང་ནག་རོལ་པའི་མཁར༔ ཡཾ་ལས་འོག་གཞི་རླུང་གི་དཀྱིལ་འཁོར་ལྗང་༔ བཾ་ལས་དྭངས་གསལ་རྙོགས་བྲལ་རྒྱ་མཚོར་འཁྱིལ༔ སུཾ་ལས་དབང་ཆེན་གསེར་གྱི་ས་གཞིར་བརྡལ༔ རཾ་ལས་ཡེ་ཤེས་འོད་ཕུང་མེ་ལྟར་འབར༔ ཡེ་ཤེས་ལྔ་ཡི་ངོ་བོར་ལྷུན་གྱིས་གྲུབ༔ དེ་སྟེང་འབྱུང་ཆེན་ལྔ་ཡི་དྭངས་མ་ལས༔ འོད་ལྔའི་ས་གཞི་རྒྱ་ཆེ་ཁྱོན་ཡངས་པ༔ འཇམ་མཉེན་ཁོད་སྙོམས་སྨན་གྱི་སྤང་རི་ལ༔ དྲི་ཞིམ་སྣ་ཚོགས་ངད་པ་རབ་ཏུ་འཐུལ༔ སྣ་ཚོགས་པདྨོ་རྒྱས་པས་ཡོངས་སུ་ཁེབས༔ ཡན་ལག་བརྒྱད་ལྡན་མཚོ་དང་རྫིང་བུ་དང་༔ དག་བྱེད་ཆུ་མིག་དཔག་བསམ་ལྗོན་པའི་ཤིང་༔ ནོར་བུའི་གྲམ་པ་གསེར་གྱི་བྱེ་མ་དང་༔ གཡུ་ཡི་ནེའུ་སིང་སྤྲུལ་པའི་བྱ་རིགས་དང་༔ ཅང་ཤེས་རི་དྭགས་མཛེས་པས་རྩེ་འཇོ་རོལ༔ དེ་དབུས་བྷྲུྃ་ཡིག་འོད་དང་བཅས་པ་བབས༔ ཡོངས་གྱུར་ཡེ་ཤེས་ལྔ་ཡི་རང་མདངས་ལས༔ རིན་ཆེན་སྣ་ལྔ་ལས་གྲུབ་གཞལ་ཡས་ཁང་༔ གྲུ་བཞི་སྒོ་བཞི་ཚད་དང་མཚན་ཉིད་རྫོགས༔ རྟ་བབས་བང་རིམ་མུ་ཁྱུད་ཁོར་ཡུག་དང་༔ བུམ་པ་བྲེ་དང་ཆོས་འཁོར་གདུགས་ཏོག་མཛེས༔ དྲྭ་བ་དྲྭ་ཕྱེད་འཕྱང་ཞིང་དྲིལ་གཡེར་བརྒྱན༔ དེ་དབུས་རིན་ཆེན་སྣ་ཚོགས་ཁྲི་ཡི་ཁར༔ མ་ཆགས་པདྨ་ཐབས་ཤེས་ཉི་ཟླའི་སྟེང་༔ རྒྱུ་ཡི་ངོ་བོ་ཧྲཱིཿཡིག་དཀར་པོ་བབ༔ འོད་ཟེར་རབ་འཕྲོས་རྒྱལ་བ་མཆོད་པས་མཉེས༔ ལྷ་དང་ཞིང་ཁམས་མ་ལུས་བསྡུས་ཏེ་ཐིམ༔ མར་འཕྲོས་ཁམས་གསུམ་འཁོར་བ་ཆོས་སྐུར་བསྒྲལ༔ ཚུར་འདུས་སྣོད་བཅུད་དཔལ་ཡོན་བསྡུས་ཏེ་བསྟིམ༔ ཡོངས་གྱུར་རང་ཉིད་ཐུགས་རྗེ་ཆེན་པོའི་སྐུ༔ དཀར་གསལ་ཞལ་གཅིག་ཕྱག་བཞི་མཚན་དཔེ་རྫོགས༔ གཞོན་ཚུལ་ཞི་འཛུམ་འོད་དང་འོད་ཟེར་འབར༔ དང་པོའི་ཕྱག་གཉིས་ཐུགས་ཀར་ཐལ་མོ་སྦྱར༔ འོག་མ་གཉིས་ན་ཤེལ་ཕྲེང་པད་དཀར་བསྣམས༔ དབུ་སྐྲ་ཐོར་ཚུགས་ཟུར་ཕུད་རཏྣས་བརྒྱན༔ མགུལ་རྒྱན་ཕྲེང་བ་དོ་ཤལ་གདུ་བུ་དང་༔ དར་གྱི་ཅོད་པན་སྟོད་གཡོགས་སྨད་དཀྲིས་དང་༔ དར་ཤམ་སྐུ་རེག་རིན་ཆེན་དྲྭ་བ་འཕྱང་༔ གསེར་གྱི་སྙན་ཆ་ཉི་ཟླའི་ཝང་མིག་མཛེས༔ ཞབས་གཉིས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་བཞུགས༔ གསང་བའི་ཡུམ་མཆོག་མཁའ་སྤྱོད་དབང་མོས་འཁྱུད༔ དམར་གསལ་ཞལ་གཅིག་ཕྱག་གཉིས་གྲི་ཐོད་ཅན༔ གཅེར་བུ་པདྨའི་ཕྲེང་བའི་དོ་ཤལ་དང་༔ ཀུ་མུཏ་ཏ་ཡི་ཐོད་གདེངས་རབ་ཏུ་མཛེས༔ ལྗང་སྔོན་རལ་པའི་ཟར་བུ་སྐུ་རྒྱབ་གྲོལ༔ རིགས་ཀྱི་བདག་པོ་སྣང་མཐའ་ཡབ་ཡུམ་ཤར༔ དམར་གསལ་ལོངས་སྐུ་མཉམ་གཞག་སྐྱིལ་ཀྲུང་བཞུགས༔ ཤར་དུ་མི་བསྐྱོད་ས་གནོན་མཉམ་གཞག་ཅན༔ ཆུ་ཁམས་དབང་ཕྱུག་མཱ་ཀི་དཀར་མོས་འཁྲིལ༔ ལྷོ་རུ་རིན་འབྱུང་མཆོག་སྦྱིན་མཉམ་གཞག་ཅན༔ ས་ཁམས་དབང་ཕྱུག་སངས་རྒྱས་སྤྱན་མར་སྦྱོར༔ ནུབ་ཏུ་རྣམ་སྣང་བྱང་ཆུབ་ཕྱག་རྒྱ་ཅན༔ ནམ་མཁའ་རྣམ་དག་དབྱིངས་ཕྱུག་སྔོན་མོས་འཁྲིལ༔ བྱང་དུ་དོན་གྲུབ་སྐྱབས་སྦྱིན་མཉམ་གཞག་ཅན༔ རླུང་ཁམས་དབང་ཕྱུག་དམ་ཚིག་སྒྲོལ་མས་འཁྱུད༔ སྐུ་བཞིའི་བདག་ཉིད་དེ་བཞིན་གཤེགས་པ་བཞི༔ སྔོ་སེར་དཀར་དང་ལྗང་ཀུའི་ཁ་ཏོག་མཛེས༔ མཚན་དཔེ་དང་ལྡན་ལོངས་སྐུའི་ཆས་རྒྱན་རྫོགས༔ ཡུམ་རྣམས་རྡོ་རྗེ་དྲིལ་བུའི་ཕྱག་རྒྱ་ཅན༔ ཀུན་ཀྱང་པད་ཟླའི་གདན་ལ་སྐྱིལ་ཀྲུང་བཞུགས༔ ཡེ་ཤེས་འཇའ་སྐུ་སྟོང་གསལ་འོད་ཕུང་འབར༔ འོད་ཟེར་རྩེ་ལ་རྣམ་འདྲེན་སྤྲུལ་པའི་སྐུ༔ སྟེང་དུ་བརྒྱ་བྱིན་དཀར་པོ་པི་ཝཾ་ཅན༔ ཤར་ལྷོ་ཐག་བཟང་ལྗང་ཀུ་གོ་མཚོན་ཐོགས༔ ལྷོ་ནུབ་ཤཀ་ཐུབ་སེར་པོ་ལྷུང་བཟེད་བསྣམས༔ ནུབ་བྱང་སེང་གེ་རབ་བརྟན་པོ་ཏི་ལྗང་༔ བྱང་ཤར་ཁ་འབར་དམར་པོ་སྒྲོམ་བུ་བསྣམས༔ འོག་ཏུ་ཆོས་རྒྱལ་མཐིང་ནག་མེ་ཆུ་འཛིན༔ ཀུན་ཀྱང་བཞེངས་སྟབས་སྤྲུལ་སྐུའི་ཆ་ལུགས་ཅན༔ ཁམས་གསུམ་འཁོར་བ་ཡོངས་སྒྲོལ་དཔལ་དུ་བསྐྱེད༔ གཞན་ཡང་འཕགས་པའི་སྐུ་ཡི་བཀོད་པ་ལ༔ མཚོ་ལ་གཟའ་སྐར་གཟུགས་བརྙན་བཀྲ་བ་ལྟར༔ ཞི་བ་རྡོ་རྗེ་དབྱིངས་ཀྱི་དཀྱིལ་འཁོར་ཤར༔ ཤར་སྒོར་རྟ་མགྲིན་འགུག་བྱེད་འཁྲིལ་སྦྱོར་རོལ༔ ལྷོ་སྒོར་རྟ་མགྲིན་འཆིང་བྱེད་འཁྲིལ་སྦྱོར་རོལ༔ ནུབ་སྒོར་རྟ་མགྲིན་རྨོངས་བྱེད་འཁྲིལ་སྦྱོར་རོལ༔ བྱང་སྒོར་རྟ་མགྲིན་མྱོས་བྱེད་འཁྲིལ་སྦྱོར་རོལ༔ དཀར་སེར་དམར་ལྗང་ལས་བཞིའི་ཕྱག་རྒྱ་ཅན༔ གཞལ་ཡས་གྲུ་ཆད་བར་ཁྱམས་ཁོར་ཡུག་ཏུ༔ སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དང་༔ ཆོས་སྐྱོང་དམ་ཅན་སྲུང་མ་རྒྱ་མཚོའི་ཚོགས༔ མ་འདྲེས་ཡོངས་རྫོགས་ཏིལ་གོང་ཕྱུར་བཞིན་བསྒོམ༔ དེ་ལྟར་གསལ་བའི་སྒྱུ་འཕྲུལ་དཀྱིལ་འཁོར་ལྷའི༔ སྤྱི་བོར་ཨོཾ་དཀར་མགྲིན་པར་ཨཱཿདམར་པོ༔ ཐུགས་ཀར་ཧཱུྃ་མཐིང་ཡིག་འབྲུ་འོད་དང་བཅས༔ རྡོ་རྗེ་གསུམ་གྱི་ངོ་བོར་ལྷུན་གྱིས་གྲུབ༔ དེ་དག་ལས་ནི་འོད་ཟེར་དཀར་དམར་མཐིང་༔ དཔག་ཡས་རྒྱལ་བའི་ཞིང་ཁམས་ཡོངས་ཁྱབ་ནས༔ རྟེན་དང་བརྟེན་པའི་དཀྱིལ་འཁོར་མ་ལུས་པ༔ སྤྱན་དྲངས་དམ་ཡེ་དབྱེར་མེད་རོ་གཅིག་གྱུར༔ དེ་ནས་སྤྱན་འདྲེན་པ་ནི༔ ཧྲཱིཿ ནུབ་ཕྱོགས་བདེ་བ་ཅན་གྱི་ཞིང་ཁམས་ནས༔ ཆོས་སྐུ་སྣང་བ་མཐའ་ཡས་གཤེགས་སུ་གསོལ༔ ལྷོ་ཕྱོགས་པོ་ཏ་ལ་ཡི་གནས་མཆོག་ནས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་གཤེགས་སུ་གསོལ༔ བདེ་ཆེན་དག་པ་མཁའ་སྤྱོད་ཞིང་ཁམས་ནས༔ ཡུམ་ཆེན་མཁའ་སྤྱོད་དབང་མོ་གཤེགས་སུ་གསོལ༔ ལྷུན་གྲུབ་བཀོད་པ་རབ་རྫོགས་གཞལ་ཡས་ནས༔ བདེ་གཤེགས་རིགས་ལྔ་གངས་ཆེན་གཤེགས་སུ་གསོལ༔ ཡེ་ཤེས་རོལ་པའི་དཀྱིལ་འཁོར་ཆེན་པོ་ནས༔ དབྱིངས་ཀྱི་ཡུམ་ཆེན་རིགས་ལྔ་གཤེགས་སུ་གསོལ༔ མི་མཇེད་འཇིག་རྟེན་དག་པའི་ཞིང་ཁམས་ནས༔ རྣམ་འདྲེན་སྤྲུལ་སྐུ་ཐུབ་དྲུག་གཤེགས་སུ་གསོལ༔ རབ་འབྱམས་ཕྲིན་ལས་གྲུབ་པའི་དཀྱིལ་འཁོར་ནས༔ དབང་ཆེན་རིགས་བཞི་འཁོར་བཅས་གཤེགས་སུ་གསོལ༔ གཞན་ཡང་སྐུ་གསུམ་ཞིང་ཁམས་མཐའ་ཡས་ནས༔ སངས་རྒྱས་བྱང་སེམས་དཔའ་བོ་མཁའ་འགྲོ་དང་༔ ཆོས་སྐྱོང་སྲུང་མ་དམ་ཅན་རྒྱ་མཚོར་བཅས༔ ཆོས་ཀྱི་དབྱིངས་ལས་གཟུགས་ཀྱི་སྐུར་བཞེངས་ལ༔ འཁོར་བ་དོང་ནས་སྤྲུགས་ཕྱིར་གཤེགས་སུ་གསོལ༔ ཨོཾ་ཨཱཪྻ་ལོ་ཀི་ཤྭ་ར་སརྦ་ཏ་ཐཱ་ག་ཏ་བོ་དྷི་སཏྭ་ས་པ་རི་ཝཱ་ར་བཛྲ་ས་མ་ཡ་ཛ་ཛ༔ དེ་ནས་བཞུགས་སུ་གསོལ་བ་ལ༔ ཧྲཱིཿརང་སྣང་དོན་གྱི་འོག་མིན་མཁར༔ ལྷུན་གྲུབ་རོལ་པའི་དཀྱིལ་འཁོར་འདིར༔ དམ་ཡེ་དབྱེར་མེད་ངོ་བོར་བཞུགས༔ འཁོར་བ་དོང་སྤྲུགས་ཕྲིན་ལས་མཛོད༔ བཛྲ་ས་མ་ཡ་ཏིཥྛ་ལྷན༔ དེ་ནས་ཕྱག་འཚལ་བ་ནི༔ ན་མོ༔ རང་བྱུང་ཡེ་ཤེས་བྱང་ཆུབ་སེམས༔ སྐུ་དང་ཡེ་ཤེས་རོལ་པའི་རྩལ༔ སྒྱུ་འཕྲུལ་འཁོར་ལོའི་བཀོད་པ་ལ༔ རྣམ་གསུམ་དད་པས་ཕྱག་འཚལ་ལོ༔ ཨ་ཏི་པུ་ཧོཿ པྲ་ཏཱིཙྪ་ཧོཿ དེ་ནས་མཆོད་པ་འབུལ་བ་ལ༔ ཧཱུྃ་ཧྲཱིཿ མི་མཇེད་འཇིག་རྟེན་མཐའ་ཡས་ནས༔ འབྱུང་དང་འབྱུང་ལས་སྐྱེས་པ་ཡི༔ ཉེར་སྤྱོད་བདུན་གྱི་མཆོད་པ་རྣམས༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་ཡི༔ སྒྱུ་འཕྲུལ་རོལ་པའི་ལྷ་ལ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ ཨོཾ་བཛྲ་ཨརྒྷཾ་པཱདྱཾ་པུཥྤེ་དྷུ་པེ་ཨཱ་ལོ་ཀེ་གནྡྷེ་ནཻ་ཝིདྱ་ཤཔྡ་པྲ་ཏཱིཙྪ་པཱུ་ཛ་ཧཱུྃ༔ དེ་ནས་འདོད་ཡོན་ནང་མཆོད་ལ༔ ཧཱུྃ་ཧྲཱིཿ ཁམས་གསུམ་སྲིད་པའི་འཇིག་རྟེན་ན༔ འདོད་ཡོན་ལྔ་ཡི་མཆོད་སྤྲིན་ཚོགས༔ སྣང་བ་ཆེན་པོར་འུབ་ཆུབ་རོལ༔ སྒྱུ་འཕྲུལ་རོལ་པའི་ལྷ་ལ་འབུལ༔ དགྱེས་པར་དགོངས་ཤིང་བཞེས་ནས་ཀྱང་༔ མཆོག་དང་ཐུན་མོང་དངོས་གྲུབ་སྩོལ༔ ཨོཾ་ཨཱཿཧཱུྃ་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་མ་ཧཱ་པཱུ་ཛ་ཧོཿ དེ་ནས་གསང་བའི་མཆོད་པ་ལ༔ ཨོཾ་ཨཱཿཧཱུྃ༔ རྩ་བརྒྱད་ཡན་ལག་སྟོང་སྦྱར་བའི༔ མྱོང་གྲོལ་ཡེ་ཤེས་བདུད་རྩི་དང་༔ འཁོར་བ་ཁྲག་ཏུ་བསྐྱིལ་བ་ཡི༔ དམར་ཆེན་རཀྟའི་རྒྱ་མཚོར་འཁྱིལ༔ སྣང་སྲིད་བཅུད་དུ་དྲིལ་བ་ཡི༔ འདོད་འཇོའི་དམར་གྱི་གཏོར་ཆེན་པོ༔ ཡེ་ཤེས་སྒྱུ་འཕྲུལ་ལྷ་ལ་འབུལ༔ བཞེས་ནས་སངས་རྒྱས་ས་རུ་དྲོངས༔ མ་ཧཱ་སརྦ་པཉྩ་ཨ་མྲྀ་ཏ་རཀྟ་བ་ལིཾ་ཏ་ཁ་རཾ་ཁཱ་ཧི༔ དེ་ནས་སྦྱོར་བའི་མཆོད་པ་ལ༔ ཧྲཱིཿ སྣང་བ་ཡབ་ལ་སྟོང་པ་ཡུམ༔ སྣང་སྟོང་སྦྱོར་བ་བདེ་བའི་བཅུད༔ སྒྱུ་འཕྲུལ་རོལ་པའི་ལྷ་ལ་འབུལ༔ གསང་བ་མཆོག་གི་དངོས་གྲུབ་སྩོལ༔ མ་ཧཱ་བོ་དྷི་ཙིཏྟ་པཱུ་ཛ་ཧོཿ དེ་ནས་བསྒྲལ་མཆོད་ལ༔ ཧཱུྃ༔ ཁྱབ་བརྡལ་སྟོང་ཆེན་ཡུམ་གྱི་མཁར༔ གཟུང་དང་འཛིན་པའི་རཱུ་ཏྲ་བསྡུས༔ ཡེ་ཤེས་རོལ་པའི་སྟོབས་ཀྱིས་བསྒྲལ༔ མཉམ་པ་ཉིད་ཀྱི་དབྱིངས་སུ་འབུལ༔ བཞེས་ནས་མཆོག་གི་དངོས་གྲུབ་སྩོལ༔ རཱུ་ཏྲ་ཧ་ལ་པཉྩ་ཁཱ་ཧི༔ དེ་ནས་བསྟོད་པ་བྱ་བ་ནི༔ ཧཱུྃ་ཧྲཱིཿ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ནས༔ སྣ་ཚོགས་ཐབས་ཀྱིས་འགྲོ་བ་འདུལ་བའི་ཕྱིར༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་ཆོ་འཕྲུལ་འགྱེད༔ བདེ་གཤེགས་སྣང་མཐའ་ཡས་ལ་ཕྱག་འཚལ་བསྟོད༔ མཁྱེན་བརྩེ་ནུས་པའི་བདག་ཉིད་ཡེ་སངས་རྒྱས༔ འགྲོ་བའི་དཔལ་དུ་གཟུགས་ཀྱི་སྐུར་སྟོན་ཅིང་༔ ཐབས་དང་ཐུགས་རྗེས་འགྲོ་ཁམས་དབྱིངས་སུ་སྡུད༔ མགོན་པོ་སྤྱན་རས་གཟིགས་ལ་ཕྱག་འཚལ་བསྟོད༔ འཁོར་འདས་སྟོང་ཆེན་མཁའ་རུ་མཉམ་རོལ་ཞིང་༔ བདེ་གཤེགས་རྒྱལ་བ་རྒྱ་མཚོ་བསྐྱེད་པའི་ཡུམ༔ དག་པ་མཁའ་སྤྱོད་དབྱིངས་ཀྱི་སྤྱི་རྗེ་མོ༔ མཁའ་སྤྱོད་མཁའ་འགྲོའི་དབང་མོ་ཁྱོད་ལ་བསྟོད༔ སྐུ་དང་ཡེ་ཤེས་མཉམ་སྦྱོར་རོལ་པའི་གདངས༔ རྟེན་དང་བརྟེན་པའི་འཁོར་ལོར་ཡོངས་ཤར་བ༔ དྲན་དང་ཡིད་ལ་བྱེད་པའི་གདུལ་བྱ་རྣམས༔ རྣམ་གྲོལ་དབུགས་ཆེན་འབྱིན་པའི་ནུས་སྟོབས་ལྡན༔ བདེ་གཤེགས་རིགས་ལྔ་ཡབ་ཡུམ་སྐུ་ལ་བསྟོད༔ འཕགས་པའི་ཐུགས་རྗེའི་གདངས་ལས་སྤྲུལ་པའི་སྐུ༔ བདེ་གཤེགས་ཐུབ་ཆེན་དྲུག་ལ་ཕྱག་འཚལ་བསྟོད༔ ཚད་མེད་རྣམ་བཞིས་འགྲོ་བ་གནས་ནས་འདྲེན༔ སྒོ་སྐྱོང་ཡབ་ཡུམ་རྣམས་ལ་ཕྱག་འཚལ་བསྟོད༔ གཞན་ཡང་རང་སྣང་ཡེ་ཤེས་དཀྱིལ་འཁོར་དུ༔ སྒྱུ་འཕྲུལ་རོལ་པའི་རྩལ་ལས་རང་ཤར་བའི༔ བདེ་གཤེགས་ཡབ་ཡུམ་སྲས་དང་སྲུང་མར་བཅས༔ དཀྱིལ་འཁོར་ཡོངས་རྫོགས་ལྷ་ལ་ཕྱག་འཚལ་བསྟོད༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿ དཔང་གྱུར་དཀོན་མཆོག་གསུམ་པོ་དགོངས༔ བདག་ནི་ཚེ་རབས་ཐོག་མེད་ནས༔ སྒྲིབ་གཉིས་བག་ཆགས་དབང་གྱུར་པས༔ འཁྲུལ་དང་ཉམས་ཆག་ཉེས་ལྟུང་ཀུན༔ གནོང་འགྱོད་དྲག་པོས་མཐོལ་ཞིང་བཤགས༔ རྣམ་དག་མཆོག་གི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་བརྗོད༔ དེ་ལྟར་ཡུལ་ཞིང་ཁམས་སུ་འཕོ་བ་དང་༔ གནས་ཁང་གཞལ་ཡས་སུ་འཕོ་བ་དང་༔ བདག་ལུས་ཡེ་ཤེས་སྒྱུ་མའི་སྐུ་རུ་འཕོ་བ་དང་༔ བཅུད་ཀྱི་སེམས་ཅན་སྤྲུལ་པའི་དཔའ་བོ་དང་དཔའ་མོར་འཕོ་བ་དང་བཞི༔ དེ་ཡི་གྲོང་དུ་འཇུག་པ་ཞེས་བྱ་བ་ཡིན༔ གནད་རྣམ་པ་བཞི་དང་ལྡན་པར་བྱ་བ་ནི་མེད་ཐབས་མེད་པས་ཤེས་པར་བྱའོ༔ ཡུལ་རང་རྒྱུད་པར་འཛིན་ཞེན་གྱིས་འཆིང་བའི་ཀུན་དཀྲིས་རང་ཞིག་སྟེ་ལྷ་དང་ཞིང་ཁམས་ཀྱི་རོལ་པར་གོ་འཕོས་ཏེ་ངང་བརྟན་པ་ནི་སྒྲུབ་པའི་སྙིང་རྡོ་ཆེན་པོ་ཡིན་པས་གནད་ཀྱི་ཡང་གཅེས་དམ་པ་རུ་ཟུངས་ཤིག༔ དེ་ལྟར་བསྒོམ་པའི་ཡོན་ཏན་གྱིས༔ སྣང་སྲིད་སྒྱུ་འཕྲུལ་ལྟ་བུ་དང་༔ བདག་སྣང་སྒྱུ་མ་ལྟ་བུར་འཆར༔ སྒྱུ་མ་དང་ནི་སྒྱུ་མའི་འཕྲུལ༔ རོལ་པ་ཆོས་ཉིད་ཆེན་པོར་ཞིག༔ ཆོས་ཉིད་སྤྲོས་མཐའ་བྲལ་བ་ཉིད༔ མངོན་གྱུར་རྣམ་མཁྱེན་ཡེ་ཤེས་ཀྱིས༔ གདོད་མའི་མགོན་པོ་མཆོག་འཐོབ་འགྱུར༔ དེ་ཕྱིར་ཐབས་དང་རྟེན་འབྲེལ་གྱི༔ ཆོ་ག་ཉིད་ལ་མཁས་པར་སྦྱངས༔ ཐབས་ཀྱི་འབྲས་བུས་ཤེས་རབ་ཀྱི༔ དབྱིངས་སུ་དྲོངས་ཏེ་མངོན་སངས་རྒྱས༔ ས་མ་ཡ༔ གུ་ཧྱ༔ གསང་སྔགས་རྡོ་རྗེའི་ཐེག་པ་ཡི༔ མྱུར་ལམ་སྙིང་པོ་ཉམས་ལེན་ན༔ མཆོག་ཐུན་དངོས་གྲུབ་ཐམས་ཅད་ཀྱི༔ རྩ་བ་རྡོ་རྗེའི་བླ་མ་སྟེ༔ ངོ་བོ་དམ་ཚིག་ཆེན་པོ་ལགས༔ ཉམས་པ་གསོ་དང་འགལ་འཁྲུལ་བཤགས༔ ཐབས་ནི་གཉེན་པོའི་སྟོབས་ལྡན་པས༔ ན་རག་དོང་སྤྲུག་སྙིང་པོ་དང་༔ ཚོགས་དང་བསྐང་བ་དག་ལ་འབད༔ ཚོགས་ཀྱི་མཆོད་པ་འབུལ་བ་ནི༔ ཤ་ཆང་ལ་སོགས་བཟའ་བཅའ་དང་༔ བཏུང་བ་སྤོད་ཀྱི་རིགས་གྱུར་བསགས༔ མཆོད་པའི་ཡོ་བྱད་སྣ་ཚོགས་བཤམས༔ དང་པོ་སྦྱང་པའི་རིམ་པ་ནི༔ ཧཱུྃ་ཧྲཱིཿ རང་ཉིད་ལྷ་ཡི་ཐུགས་ཀ་ནས༔ ཚོགས་འཁོར་སྦྱངས་པའི་ཡི་གེ་ནི༔ རཾ་འཕྲོས་དངོས་འཛིན་བག་ཆགས་བསྲེགས༔ ཡཾ་འཕྲོས་གཟུང་འཛིན་འཁྲུལ་པ་གཏོར༔ ཁཾ་འཕྲོས་མི་གཙང་འབག་རྩོག་སྦྱངས༔ སྐུ་གསུམ་ཡེ་ཤེས་རོལ་པའི་རྩལ༔ རྩ་གསུམ་ནུས་པའི་སྟོབས་ཤུགས་ཀྱིས༔ འབྱུང་ཆེན་འབར་གཡོ་འཕྱོ་འཐབ་པས༔ དྭངས་མ་རྡོ་རྗེའི་སྙིང་པོར་ཤར༔ ཞུ་བའི་ཡེ་ཤེས་བདུད་རྩི་ནི༔ དཀར་དམར་མཐིང་ཀའི་ཁ་དོག་འཆར༔ ཟག་མེད་བདེ་ཆེན་བཅུད་དུ་འཁྱིལ༔ འདོད་རྒུའི་དཔལ་ཡོན་ཅིར་ཡང་འཆར༔ རབ་འབྱམས་ཞིང་ཁམས་ཡོངས་ཁྱབ་གྱུར༔ ཨོཾ་ཨཱཿཧཱུྃ༔ ལན་གསུམ་བརྗོད༔ དེ་ནས་སྤྱན་འདྲེན་པ་ནི༔ ཧཱུྃ་ཧྲཱིཿ རང་སྣང་དོན་གྱི་འོག་མིན་མཁའ༔ ནུབ་ཕྱོགས་བདེ་ཆེན་ཞིང་ཁམས་ནས༔ སྣང་བ་མཐའ་ཡས་སྟོན་འཁོར་བཅས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷོ་ཕྱོགས་རི་བོ་པོ་ཊ་ལ༔ ས་སྤྱོད་དང་ནི་མཁའ་སྤྱོད་ཀྱི༔ ཞིང་ཁམས་ཅིར་ཡང་སྣང་བར་ངོམས༔ དབང་བསྒྱུར་འཇིག་རྟེན་དབང་ཕྱུག་ཆེ༔ འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་༔ ཡུམ་ཆེན་མཁའ་སྤྱོད་དབང་མོ་ཆེ༔ དཔག་ཡས་སྤྲུལ་པའི་སངས་རྒྱས་དང་༔ བྱང་སེམས་དཔའ་བོ་མཁའ་འགྲོའི་ཚོགས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ ལྷུན་གྲུབ་རོལ་པའི་ཀློང་ཆེན་ནས༔ རིགས་ལྔའི་རྒྱལ་བ་གངས་ཆེན་མཚོ༔ སྒྱུ་འཕྲུལ་རོལ་པའི་དཀྱིལ་འཁོར་ལྷ༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ གཞན་ཡང་གནས་གསུམ་དབང་མཛད་པའི༔ རྩ་གསུམ་དཔའ་བོ་མཁའ་འགྲོ་དང་༔ བཀའ་སྲུང་ཆོས་སྐྱོང་དམ་ཅན་ཚོགས༔ ཚོགས་ལ་སྤྱན་འདྲེན་གཤེགས་སུ་གསོལ༔ བཛྲ་ས་མ་ཡ་ཛ་ཛ༔ ཏིཥྛ་ལྷན༔ དེ་ནས་ཚོགས་ཕུད་འབུལ་བ་ལ༔ ཧོཿ འཕགས་མཆོག་ཐུགས་རྗེ་ཆེན་པོ་དང་༔ རྩ་གསུམ་དམ་ཅན་རྒྱ་མཚོ་ལ༔ ཛ་གད་ཕུད་ཀྱི་མཆོད་པ་དང་༔ ཞལ་ཟས་ཚོགས་ཀྱི་མཉེས་མཆོད་འབུལ༔ ཨོཾ་ཨཱཪྻ་ལོ་ཀི་ཤྭ་ར་སརྦ་ས་པ་རི་ཝཱ་ར་མ་ཧཱ་པཉྩ་ཨ་མྲྀ་ཏ་ལ་ཁཱ་ཧི༔ སརྦ་གྷ་ཎ་ཙཀྲ་པཱུ་ཛ་ལ་ཁཱ་ཧི༔ དེ་ནས་བཤགས་པ་བྱ་བ་ལ༔ ཧཱུྃ༔ བདག་གིས་ཚེ་རབས་ཐོག་མེད་ནས༔ སྒོ་གསུམ་མ་རིག་དབང་གྱུར་པས༔ ལས་ཉོན་སྡིག་དང་དམ་ཉམས་ཀུན༔ ཞལ་ཟས་ཚོགས་ཀྱི་མཆོད་པས་བཤགས༔ ཨོཾ་གྷ་ཎ་ཙཀྲ་སཏྭ་ས་མ་ཡ༴ སོགས་ཡིག་བརྒྱ་བརྗོད༔ དེ་ནས་བསྒྲལ་ལས་ནི༔ འགུགས་གཞུག་སྤྱི་ལྟར༔ ཧཱུྃ༔ ཐུགས་རྗེ་ཆེན་པོའི་སྟོབས་དང་ཤུགས༔ ཡེ་ཤེས་རྡོ་རྗེས་སྒྲིབ་གཉིས་བཅོམ༔ བདག་ལྟའི་རཱུ་ཏྲ་འཁོར་བའི་བླ༔ བདག་མེད་མཉམ་ཉིད་ཆེན་པོར་སྒྲོལ༔ མ་ཏྲཾ་རཱུ་ཏྲ་པྲ་ཝེ་ཤ་ཡ་ཕཊ༔ དེ་ནས་བསྟབ་པ་ལ༔ ཧཱུྃ༔ མཉམ་པ་ཉིད་ཀྱི་ཞལ་ཕྱེས་ཤིག༔ གཉིས་སྣང་གཟུང་འཛིན་རཱུ་ཏྲ་དང༔ རེ་དོགས་མཚན་མར་འཛིན་པའི་འདྲེ༔ ཡུལ་མེད་ཟང་ཐལ་ཆེན་པོར་རོལ༔ དུ་ཏྲི་རཱུ་དྲ་ཨ་མུ་ཀ་མཱ་ར་ཡ་ཁཱ་ཧི༔ དེ་ནས་ལྷག་མ་འབུལ་བ་ནི༔ ཧཱུྃ༔ སྔོན་གྱི་བསྐལ་པ་དང་པོ་ལ༔ བདེ་གཤེགས་སྤྱི་དཔལ་ཆེན་པོ་ཡི༔ སྤྱན་སྔར་ཁས་བླངས་དམ་མནོས་པའི༔ བཀའ་དང་བསྟན་སྲུང་དྲེགས་པ་ཅན༔ མ་ལུས་འདིར་གཤེགས་ལྷག་ལ་རོལ༔ ཟབ་གསང་གཉན་པོའི་བསྟན་པ་དང་༔ བསྟན་འཛིན་སྐྱེ་བུའི་སྡེ་སྐྱོངས་ལ༔ དགྲ་བགེགས་ཐལ་བའི་རྡུལ་དུ་རློག༔ བཀའ་དམ་གཉན་པོ་དཔང་བཙུག་གོ༔ མ་འདའ་བཛྲ་ས་མ་ཡ༔ སརྦ་དྷརྨ་པཱ་ལ༔ ཀྵེ་ཊ་པཱ་ལ༔ ལོ་ཀ་པཱ་ལ༔ སརྦ་ཌཱ་ཀི་ནཱི་གྷ་ཎ་ཙཀྲ་པཱུ་ཙ་ལ་ཁཱ་ཧི༔ ཨུཙྪིཥྚ་བ་ལིཾ་ཏ་ཁཱ་ཧི༔ དེ་ནས་ཆད་མདོ་བཏང་བ་ལ༔ ཧཱུྃ་ཧྲཱིཿ སྔོན་ཚེ་འོག་མིན་ཞིང་ཁམས་ནས༔ སྟོན་པ་ཀུན་ཏུ་བཟང་པོ་ཡི༔ འཁོར་འདས་དག་མཉམ་རོལ་པ་ཆེ༔ རིག་རྩལ་ཡེ་ཤེས་ཀློང་རྒྱས་བཏབ༔ རི་བོ་མ་ལ་ཡ་ཡི་རྩེར༔ དཔལ་ཆེན་རྡོ་རྗེ་འཆང་དབང་པོས༔ གསང་སྔགས་ཆོས་འཁོར་བསྐོར་བའི་ཚེ༔ བཀའ་སྲུང་དྲེགས་པ་ཕོ་མོ་རྣམས༔ དབྱིངས་ལས་སྤྲུལ་ཞིང་དམ་རྒྱས་བསྡམས༔ བར་དུ་རྒྱ་བལ་བོད་ཡུལ་དུ༔ ཨོཾ་རྒྱན་པདྨ་ཐོད་ཕྲེང་གིས༔ ཡེ་ཤེས་འཇིག་རྟེན་ལས་གྲུབ་པའི༔ བཀའ་སྲུང་ཆོས་སྐྱོང་ལྷ་སྲིན་ཚོགས༔ དམ་ལ་བཏགས་ཤིང་བཀའ་གཉན་བསྒོས༔ བསྟན་པ་སྲུང་བའི་གཉེར་ཀ་གཏད༔ བསྟན་དགྲ་བསྒྲལ་བའི་དབང་ཡང་བསྐུར༔ དམར་གྱི་གཏོར་མ་བརྔན་དུ་བཞག༔ ཐ་མ་དོན་གྱི་འོག་མིན་མཁར༔ ཡེ་ཤེས་སྒྱུ་མའི་རྣལ་འབྱོར་གྱིས༔ འཁོར་འདས་འུབ་ཆུབ་རོལ་པའི་ཚེ༔ རང་རྩལ་སྲིད་པའི་ལྷ་སྲིན་སྡེ༔ ཆོས་ཉིད་ཆེན་པོར་རྒྱ་ཡིས་བཏབ༔ འདོད་ཡོན་རྣམ་དག་བརྔན་དུ་བཞག༔ བསྟན་པ་བསྲུང་བའི་དམ་རྒྱས་བསྡམས༔ ད་ལྟ་གསང་ཆེན་དཀྱིལ་འཁོར་འདིར༔ སྒྲུབ་པའི་རྣམ་འབྱོར་མཆེད་ལྕམ་གྱིས༔ ཡེ་ཤེས་རོལ་པའི་ལྷར་སྣང་བཀོད༔ མཆོག་གི་དངོས་གྲུབ་དོན་དུ་གཉེར༔ བཀའ་སྲུང་དྲེགས་པའི་སྡེ་ཚོགས་ལ༔ བདག་ལྟའི་རཱུ་ཏྲ་བསྒྲལ་བ་ཡི༔ ཤ་ཁྲག་དམར་གྱི་གཏོར་མ་བཤམས༔ འདོད་རྒུའི་དཔལ་ཡོན་ཅིར་ཡང་འཆར༔ ཡེ་ཤེས་པ་དང་འཇིག་རྟེན་གྱི༔ རོལ་རྩལ་བཀའ་སྲུང་ཆོས་སྐྱོང་དང་༔ སྡེ་བརྒྱད་ལྷ་འདྲེ་དྲེགས་པ་ཅན༔ མ་ལུས་འདིར་གཤེགས་གཏོར་མ་ལོངས༔ ནད་གདོན་བར་ཆད་ཞི་བ་དང་༔ ཚེ་བསོད་དཔལ་འབྱོར་རྒྱས་པ་དང་༔ ཁམས་གསུམ་དབང་དུ་སྡུད་པ་དང་༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔ ཁྱད་པར་ཟབ་གསང་མཁའ་འགྲོ་ཡི༔ སྙིང་ཐིག་བསྟན་དང་བསྟན་འཛིན་སྐྱོངས༔ བསྟན་པའི་མངའ་ཐང་འཕེལ་རྒྱས་མཛོད༔ བསྟན་དགྲ་སྡེ་དང་བཅས་པ་རྣམས༔ ལྷག་མ་མེད་པར་རྡུལ་དུ་རློག༔ བཀའ་དམ་གཉན་པོའི་ཁྲིམས་དེ་ཀ༔ མ་འདའ་བཛྲ་ས་མ་ཡ༔ དེ་ནས་བརྟན་མ་སྐྱོང་བ་ལ༔ ཧཱུྃ་བྷྱོ༔ དཔལ་གྱི་བཀའ་ཉན་མ་སྲིང་སྡེ༔ དབང་ཕྱུག་འབར་མ་གིང་ལང་ཀ༔ བརྟན་མ་ཡ་མ་སྐྱོང་མའི་ཚོགས༔ མ་ལུས་བཤལ་ཆུའི་གཏོར་མ་ལོངས༔ སྒྲུབ་མཆོག་རྣལ་འབྱོར་མཆེད་ལྕམ་གྱི༔ ཕྲིན་ལས་བསྒྲུབ་ལ་རོགས་ལྡན་མཛོད༔ ཕྱི་ནང་གསང་བའི་བར་ཆད་བཟློག༔ དགྲ་བགེགས་ཚར་གཅོད་ཕྲིན་ལས་མཛོད༔ མ་བྷྱོ་ཛཿཧྲཱིཾ་བ་ལིངྟ་ཁཱ་ཧི༔ དེ་ནས་འགུག་གཞུག་བྱས་ལ་རྟ་བྲོ་བརྡུང་བ་ནི༔ ཧཱུྃ༔ སྟོང་ཆེན་དབྱིངས་ཀྱི་བྲུབ་ཁུང་དུ༔ མ་རིགས་ལོག་འདྲེན་དམ་སྲི་བྲུབ༔ ཡེ་ཤེས་རོལ་པའི་རྟ་བྲོ་བརྡུང༔ བདག་མེད་ཆོས་ཉིད་ངང་དུ་ནན༔ བྱང་ཆུབ་བར་དུ་མ་ལྡང་ཞིག༔ སྐུ་བཞི་ཡེ་ཤེས་ལྔ་ཡི་རྒྱ༔ དུ་ཏྲི་རཱུ་དྲ་མཱ་ར་ཡ་ནན༔ སྟཱཾ་བྷ་ཡ་ནན༔ དེ་ནས་དངོས་གྲུབ་བླང་བ་ལ༔ ཧྲཱིཿམགོན་པོ་ཐུགས་རྗེའི་དབང་ཕྱུག་དགོངས༔ སྒྲུབ་པའི་རྣལ་འབྱོར་བདག་ཅག་གི༔ ཡང་གསང་བླ་མེད་དཀྱིལ་འཁོར་འདིར༔ བསྙེན་ཅིང་བསྒྲུབ་པའི་དམ་ཚིག་ཐེམས༔ རྡོ་རྗེ་སྲིན་པོའི་ནམ་ཡང་ལངས༔ དངོས་གྲུབ་སྩོལ་བའི་དུས་ལ་བབ༔ གསང་གསུམ་རྡོ་རྗེའི་ཀློང་མཛོད་ནས༔ དབང་དང་དངོས་གྲུབ་ཡེ་ཤེས་གཏེར༔ མཆོག་དང་ཐུན་མོང་དངོས་གྲུབ་ཀུན༔ ད་ལྟ་ཉིད་དུ་ཐོབ་པར་སྩོལ༔ རྩ་སྔགས་མཐར༔ ཀཱ་ཡ་ཝཱཀ་ཙིཏྟ་སརྦ་སིདྡྷི་ཕ་ལ་ཧཱུྃ་ཨ༔ དེ་ནས་བཤགས་པ་བྱ་བ་ལ༔ ཧོཿ དཀྱིལ་འཁོར་ལྷ་ཚོགས་ཐམས་ཅད་ཀུན༔ མ་ལུས་བདག་ལ་དགོངས་སུ་གསོལ༔ བདག་ནི་འཁོར་ཚེ་ཐོག་མེད་ནས༔ ལས་དང་ཉོན་མོངས་དབང་གྱུར་པས༔ སྡིག་སྒྲིབ་ཉམས་ཆག་ཉེས་ལྟུང་ཀུན༔ མི་འཆབ་མི་སྦེད་མཐོལ་ཞིང་བཤགས༔ དག་ཅིང་ཚངས་པའི་དངོས་གྲུབ་སྩོལ༔ ཡི་གེ་བརྒྱ་པ་ཅི་མང་བརྗོད༔ དེ་ནས་བསྔོ་བ་སྨོན་ལམ་ནི༔ ཧོཿ བདག་གིས་འདི་དང་དུས་གསུམ་དུ༔ བསོད་ནམས་དགེ་རྩ་ཅི་བསགས་པ༔ འགྲོ་ཀུན་སངས་རྒྱས་འཐོབ་ཕྱིར་བསྔོ༔ རྣམ་གྲོལ་སྐུ་གསུམ་ཐོབ་པར་ཤོག༔ ལན་གསུམ༔ དེ་ནས་རྟག་ཆད་མཐའ་བསལ་ལ༔ ཧཱུྃ༔ ཡེ་ཤེས་སྒྱུ་འཕྲུལ་རྟེན་བརྟེན་པ༔ ཆོས་ཉིད་སྤྲོས་མཐའ་བྲལ་བར་ཞིག༔ སླར་ཡང་འཇའ་ཚོན་ཤར་བ་བཞིན༔ སྐད་ཅིག་ཐུགས་རྗེ་ཆེན་པོར་བཞེངས༔ ཨོཾ་མ་ཎི་པདྨེ་ཧཱུྃ་ཧྲཱིཿ དེ་ནས་བཀྲ་ཤིས་བྱ་བ་ལ༔ ཧཱུྃ༔ ཀ་དག་སྤྲོས་མཐའ་བྲལ་བའི་དབྱིངས༔ སྐྱེ་མེད་ཆོས་སྐུའི་བཀྲ་ཤིས་ཤོག༔ ལྷུན་གྲུབ་བདེ་ཆེན་རོལ་པའི་དཔལ༔ འགགས་མེད་ལོངས་སྐུའི་བཀྲ་ཤིས་ཤོག༔ ཀུན་ཁྱབ་ཐུགས་རྗེའི་བདག་ཉིད་ཆེ༔ ཕྱོགས་མེད་སྤྲུལ་སྐུའི་བཀྲ་ཤིས་ཤོག༔ དེ་ལྟར་ཉམས་སུ་ལེན་པ་དང་༔ བསྐྱེད་རིམ་ཟབ་མོའི་གནད་ལྡན་པ༔ སྐལ་པ་བཟང་པོའི་སྐྱེས་བུ་རྣམས༔ ཚེ་དང་བསྒྲུབ་པ་མཉམ་བྱས་ནས༔ སྒོ་གསུམ་རྡོ་རྗེའི་གྲོང་འཕོས་ཏེ༔ རྣམ་སྨིན་རིག་འཛིན་ཉེར་ཐོབ་འགྱུར༔ དེ་ལྟར་བསྐྱེད་རིམ་བློ་ཡི་ཆོས༔ དམིགས་མེད་ཁྱབ་བརྡལ་རིག་པའི་ཀློང་༔ གྲོལ་བ་གནད་ཀྱི་དམ་པར་ཟུངས༔ བཀའ་སྲུང་དབང་ཕྱུག་ཆེན་པོ་དང་༔ བཙན་རྒོད་སྲོག་ལེན་དམར་པོས་སྲུངས༔ བསྟན་པའི་དགྲ་བོའི་སྲོག་ལ་ཡ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ནི་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་ནས་གདན་དྲངས་ཏེ་མི་ལོ་སུམ་ཅུ་རྩ་གཉིས་བར་དུ་བཀའ་རྒྱས་བཏབ་མཐར་སློབ་བུ་དགེ་ལེགས་དཔལ་བཟང་དང་རྩང་པ་ཟང་ཐལ་དྲི་མེད་གཉིས་ཀྱིས་བསྐུལ་ངོར་གསེར་སྨད་བླ་མ་རོང་གི་བསྟན་འཕེལ་ནོར་བུའི་གླིང་དུ་དག་པར་ཕབ་པའོ། །དགེའོ། །དགེའོ། །དགེའོ། །ལེགས་སོ། །སརྦ་མངྒ་ལཾ།། །།