ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཁམས་གསུམ་རོལ་པ་ཡང་ཁྲོས་མ་ཧཱ་ཀཱ་ལའི༔ དྲག་ཟློག་རྡོ་རྗེའི་གད་མོ༔

From Dudjom Wiki
TTDL-ZABTER-03-GA-022
Wylie title zab gsang mkha' 'gro'i snying thig las: rta mgrin khams gsum rol pa yang khros ma hA kA la'i: drag zlog rdo rje'i gad mo: TTDL-ZABTER-03-GA-022.pdf
Location bdud 'joms gling pa zab gter
Volume 3, Text 22, Pages 263-274 (Folios 1a1 to 6b5)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las rta mgrin khams gsum rol pa yang khros ma hA kA la'i drag zlog rdo rje'i gad mo. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 263-274. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: drag zlog   Verso: bdud 'joms rta mgrin yang khros
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Averting or Dispelling Rites- zlog pa
Cycle ཁྲོ་རྒྱལ་ཁམས་གསུམ་རོལ་པ་རྟ་མགྲིན་ཡང་ཁྲོས་ནག་པོ་ (khro rgyal khams gsum rol pa rta mgrin yang khros nag po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rta mgrin nag po
Colophon

ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཤྭ་བྲག་རྡོ་རྗེ་ནས་བཏོན་པའི་དུས་སུ་ནམ་མཁའ་བར་སྣང་ས་གཞི་འཇའ་དང་འོད་ཕུང་འཁྲིགས། དྲི་བཟང་གི་ན་བུན་འཐིབས༔ རི་དྭགས་རྒྱ་ནས་བཏོན་པས་རྟེན་འབྲེལ་ཕུན་སུམ་ཚོགས་པ་དུས་གཅིག་ལ་ལེགས་ཏེ་མི་ལོ་བཅུ་གསུམ་དུ་བཀའ་རྒྱས་བཏབ་མཐར་སྨར་མདོ་དགའ་བ་འཁྱིལ་བའི་གཟིམ་ཁང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་པ་དགེའོ། །དགེའོ། །དགེའོ། །དགེའོ།།

zhes pa 'di yang 'od gsal rdzogs pa chen po 'khor 'das 'ub chub rol pa'i rnal 'byor pa bdud 'joms rdo rje khro lod rtsal gyis shwa brag rdo rje nas bton pa'i dus su nam mkha' bar snang sa gzhi 'ja' dang 'od phung 'khrigs/_dri bzang gi na bun 'thibs:_ri dwags rgya nas bton pas rten 'brel phun sum tshogs pa dus gcig la legs te mi lo bcu gsum du bka' rgyas btab mthar smar mdo dga' ba 'khyil ba'i gzim khang du dag par phab pa'i yi ge pa ni hor gyi bla ma phun tshogs bkra shis kyis bgyis pa dge'o/_/dge'o/_/dge'o/_/dge'o//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ རྟ་མགྲིན་ཁམས་གསུམ་རོལ་པ་ཡང་ཁྲོས་མ་ཧཱ་ཀཱ་ལའི༔ དྲག་ཟློག་རྡོ་རྗེའི་གད་མོ་བཞུགས་སོ༔


ཐྂ༎༔ (བརྡ་ཡིག་)ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བདག་འདྲ་པདྨ་ཐོད་ཕྲེང་གིས༔ དྲག་ཟློག་རྡོ་རྗེ་གད་མོ་ཆེ༔ བརྒྱུད་འཛིན་རྣམས་ཀྱི་དོན་དུ་བཀོད༔ ལག་ཏུ་ལེན་པའི་རིམ་པ་ནི༔ དམར་གཏོར་ཤ་ཁྲག་ལིང་ག་བཤམས༔ རཀྟ་ཁྲག་གིས་རབ་བྲན་ནས༔ བདག་ཉིད་ལྷ་ཡི་ང་རྒྱལ་གྱིས༔ ཧཱུྃ་ཧྲཱིཿབདེ་ཆེན་དབང་དྲག་རོལ་པའི་དཀྱིལ་འཁོར་ནས༔ ཆེ་བའི་ཆེ་མཆོག་པདྨ་དབང་གི་ལྷ༔ ཁྲོས་པའི་ཡང་ཁྲོས་འཆོལ་བའི་སྐུར་སྟོན་པ༔ བཅོམ་ལྡན་ཡང་ཁྲོས་སྐུ་ལ་ཕྱག་འཚལ་བསྟོད༔ བརྒྱུད་འཛིན་མོས་པའི་བུ་ཡིས་གསོལ་འདེབས་ཀྱི༔ ཐུགས་དམ་གཉན་པོ་གནད་ནས་བསྐུལ་ལོ་བཞེངས༔ ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ལ༔ མི་སྲུན་རྔམས་པའི་སྟོབས་ཀྱིས་ལས་མཛོད་ཅིག༔ གཙོ་མཆོག་པདྨ་ཀ་ར་བི་མ་ལ༔ རྗེ་འབངས་རིག་འཛིན་རྒྱ་མཚོ་སྟོན་འཁོར་བཅས༔ ཕ་གཅིག་རྩ་བའི་བླ་མ་རིན་པོ་ཆེ༔ བདག་ཅག་བརྒྱུད་འཛིན་སྡུག་བསྔལ་གདུང་བས་མནར༔ མ་གདུང་བུ་ཡིས་འབོད་པ་ཇི་བཞིན་དུ༔ གཏན་གྱི་སྐྱབས་གནས་དྲན་པས་མ་བཟོད་འབོད༔ གསོལ་བ་འདེབས་སོ་བཀའ་དྲིན་མཚུངས་མེད་རྗེ༔ ཐུགས་རྗེས་གཟིགས་ཤིག་སྐུ་བཞིའི་བདག་ཉིད་དཔལ༔ ཀ་དག་སྐྱེ་མེད་ཀློང་ལས་མ་གཡོས་ཀྱང་༔ ལྷུན་གྲུབ་རང་གདངས་གཟུགས་ཀྱི་སྐུར་བཞེངས་ལ༔ རྟ་མགྲིན་ཡང་ཁྲོས་ནག་པོའི་རྣམ་པར་རོལ༔ མི་སྲུན་རྔམས་པའི་སྟོབས་ཀྱིས་ལས་མཛོད་ཅིག༔ ཨ༔ རང་སྣང་རྣམ་དག་དོན་གྱི་འོག་མིན་ན༔ ཆོས་ཉིད་སྒྱུ་མར་རོལ་པའི་དཀྱིལ་འཁོར་དུ༔ རྟོག་མེད་རྟོག་བསྒྲལ་མི་རོའི་བམ་སྟེང་ནས༔ ཆོས་ཉིད་དོན་གྱི་རིག་སྐུ་རང་བྱུང་ལྷ༔ རྟ་མགྲིན་ཡང་ཁྲོས་ནག་པོ་དྲག་གཏུམ་རོལ༔ མ་རིག་གཟུང་འཛིན་ཉོན་མོངས་འཁྲུལ་འཁོར་གྱི༔ བར་ཆད་མི་མཐུན་རྐྱེན་བཟློག་ལས་ལ་བསྐུལ༔ གྲུ་གསུམ་དམར་ནག་འབར་བའི་དཀྱིལ་འཁོར་ནས༔ བཅོམ་ལྡན་ཆེ་མཆོག་ཡང་ཁྲོས་ནག་པོ་ཆེ༔ སྐུ་མདོག་མཐིང་ནག་མུན་ལྟར་གཏིབས་པ་ཡིས༔ རྒྱུ་དྲུག་མ་རིག་འཁྲུལ་འཁོར་དགྲ་ལ་ཟློག༔ ཞལ་གདངས་ལྗགས་འདྲིལ་མཆེ་བ་རབ་གཙིགས་པས༔ གཟུངས་འཛིན་ཀུན་བཏགས་ལྷན་སྐྱེས་ཉོན་འཁྲུལ་ཟློག༔ ཁྲོ་གཉེར་རབ་གཡོ་འཇིགས་པའི་གཟི་མདངས་ཀྱིས༔ ཁམས་གསུམ་འཁོར་བ་མྱང་འདས་ཀློང་དུ་ཟློག༔ སྨ་ར་སྨིན་མ་མེ་ལྟར་འབར་བ་ཡིས༔ བག་ཆགས་བདེན་འཛིན་རྒྱུ་འབྲས་འཐས་པ་ཟློག༔ དབུ་སྐྲ་དམར་སེར་གྱེན་དུ་འཁྱིལ་བ་ཡིས༔ བདག་སྣང་ཨ་འཐས་སྟོང་ཉིད་ཆེན་པོར་ཟློག༔ སྤྱན་གསུམ་དམར་ཟླུམ་མཁའ་ལ་གཟིགས་པ་ཡིས༔ དུག་གསུམ་གཡོ་འཁྲུགས་སྐུ་གསུམ་ཀློང་དུ་ཟློག༔ ཕྱག་གཡས་དང་པོས་རལ་གྲི་བསྣམས་པ་ཡིས༔ སྐྱེ་འཆིའི་འཁྲུལ་འཁོར་མ་ལུས་དབྱིངས་སུ་ཟློག༔ འོག་མས་ལྕགས་ཀྱུ་འབར་བ་བསྣམས་པ་ཡིས༔ སྡུག་བསྔལ་སྣ་ཚོགས་རང་གྲོལ་ཆེན་པོར་ཟློག༔ གཡོན་གྱི་དང་པོས་ཐོད་ཁྲག་བསྣམས་པ་ཡིས༔ རྐྱེན་སྣང་ཉོན་འཁྲུལ་ལྷ་འདྲེའི་གནོད་པ་ཟློག༔ འོག་མས་དུག་སྦྲུལ་རིགས་ལྔའི་ཞགས་པ་བསྣམས༔ དུག་ལྔའི་རྒྱུ་རྐྱེན་ཀླུ་རིགས་ས་བདག་ཟློག༔ སྐུ་ལ་བེར་ནག་རབ་བརྗིད་གསོལ་བ་ཡིས༔ མི་བདེའི་སྡུག་བསྔལ་ཉེས་ཚོགས་ཐམས་ཅད་ཟློག༔ ཞབས་གཉིས་པད་ཉི་རོ་སྟེང་བརྫིས་པ་ཡིས༔ ཐབས་ཤེས་ཡང་དག་ལམ་ལས་འགལ་བ་ཟློག༔ ཡེ་ཤེས་མེ་དཔུང་ཀློང་དུ་བཞུགས་པ་ཡིས༔ རྒྱུ་རྐྱེན་རྟེན་འབྲེལ་ལྷ་འདྲེ་སྡེ་བརྒྱད་ཟློག༔ ཧཱུྃ༔ བདག་མེད་ཆོས་སྐུའི་མཁའ་ཀློང་ནས༔ གཟུགས་སྐུ་འཇིགས་པའི་ཆོ་རོལ་ངོམས༔ རྟ་མགྲིན་པདྨ་དབང་ཆེན་གྱིས༔ ཡང་ཁྲོས་རྔམས་པའི་སྐུར་བཞེངས་པ༔ དྲག་པོ་ཆེན་པོ་དྲག་ཤུལ་ཅན༔ ཁྱེད་ཀྱི་ཐུགས་དམ་དུས་ལ་བབ༔ མི་མཐུན་རྐྱེན་ངན་ཐམས་ཅད་ཟློག༔ སྐུ་ཡི་གསང་བ་རྫོགས་པའི་དཔལ༔ འཇམ་དཔལ་ནག་པོའི་ཐུགས་དམ་བསྐུལ༔ བྱད་ཕུར་རྦོད་གཏོང་ནད་རིམས་གདོན༔ སྡང་བའི་དགྲ་བོའི་སྟེང་དུ་ཟློག༔ གསུང་གི་གསང་བ་རྫོགས་པའི་དཔལ༔ རྟ་མགྲིན་དམར་པོའི་ཐུགས་དམ་བསྐུལ༔ རྒྱལ་བསེན་ཀླུ་གཉན་སྲོག་བདག་གདོན༔ སྡང་དགྲ་དམ་ཉམས་སྟེང་དུ་ཟློག༔ ཐུགས་ཀྱིས་གསང་བ་རྫོགས་པའི་དཔལ༔ གསང་བདག་གཏུམ་པོའི་ཐུགས་དམ་བསྐུལ༔ ཀླུ་གཉན་སྡེ་བརྒྱད་ལྷ་འདྲེའི་སྡེ༔ སྡང་དགྲ་དམ་ཉམས་སྟེང་དུ་ཟློག༔ ཡོན་ཏན་ཡོངས་སུ་རྫོགས་པའི་དཔལ༔ བྱ་ཁྱུང་རིགས་ལྔའི་ཐུགས་དམ་བསྐུལ༔ སྣང་སྲིད་ལྷ་འདྲེའི་གདུག་རྩུབ་དབལ༔ སྡང་དགྲ་དམ་ཉམས་སྟེང་དུ་ཟློག༔ མ་རིག་ཉོན་མོངས་འཇོམས་པའི་དཔལ༔ སྲིད་པའི་དུར་ཕག་མགོ་དགུ་བསྐུལ༔ ཁམས་གསུམ་ལས་བྱུང་སྡུག་བསྔལ་དབལ༔ སྡང་དགྲ་དམ་ཉམས་སྟེང་དུ་ཟློག༔ མེ་ལོང་ཡེ་ཤེས་རྫོགས་མཛད་དཔལ༔ བཛྲ་ཧྱ་གྲཱི་ཝ་བསྐུལ༔ ཞེ་སྡང་ལས་གྱུར་ནད་གདོན་རིམས༔ སྡང་བའི་དགྲ་བོའི་སྟེང་དུ་ཟློག༔ མཉམ་ཉིད་ཡེ་ཤེས་ཡོངས་རྫོགས་དཔལ༔ རཏྣ་ཧྱ་གྲཱི་ཝ་བསྐུལ༔ ང་རྒྱལ་ལས་གྱུར་ནད་གདོན་བགེགས༔ དམ་ཉམས་སྡང་དགྲའི་སྟེང་དུ་ཟློག༔ སོར་རྟོག་ཡེ་ཤེས་ཡོངས་རྫོགས་དཔལ༔ པདྨ་ཧྱ་གྲཱི་ཝ་བསྐུལ༔ འདོད་ཆགས་ལས་གྱུར་ནད་གདོན་བགེགས༔ སྡང་དགྲ་དམ་ཉམས་སྟེང་དུ་ཟློག༔ བྱ་གྲུབ་ཡེ་ཤེས་ཡོངས་རྫོགས་དཔལ༔ ཀརྨ་ཧྱ་གྲཱི་ཝ་བསྐུལ༔ ཕྲག་དོག་ལས་གྱུར་ནད་གདོན་བགེགས༔ སྡང་དགྲ་དམ་ཉམས་སྟེང་དུ་ཟློག༔ ཆོས་དབྱིངས་ཡེ་ཤེས་ཡོངས་རྫོགས་དཔལ༔ བུདྡྷ་ཧྱ་གྲཱི་ཝ་བསྐུལ༔ གཏི་མུག་ལས་བྱུང་ནད་གདོན་བགེགས༔ དམ་ཉམས་སྡང་བའི་དགྲ་ལ་ཟློག༔ བྷྱོ༔ དབུས་ཕྱོགས་སངས་རྒྱས་ཁྲོས་མ་ཡིས༔ དབུས་ནས་དགྲ་འདྲེ་ལྡང་བ་ཟློག༔ ཤར་ཕྱོགས་རྡོ་རྗེ་ཁྲོས་མ་ཡིས༔ ཤར་ནས་དགྲ་འདྲེ་ལྡང་བ་ཟློག༔ ལྷོ་ཕྱོགས་རིན་ཆེན་ཁྲོས་མ་ཡིས༔ ལྷོ་ནས་དགྲ་འདྲེ་ལྡང་ལ་ཟློག༔ ནུབ་ཕྱོགས་པདྨ་ཁྲོས་མ་ཡིས༔ ནུབ་ནས་དགྲ་འདྲེ་ལྡང་བ་ཟློག༔ བྱང་ཕྱོགས་ལས་ཀྱི་ཁྲོས་མ་ཡིས༔ བྱང་ནས་དགྲ་འདྲེ་ལྡང་བ་ཟློག༔ ཡེ་ཤེས་སྒོ་མ་ལྕགས་ཀྱུ་མས༔ ཤར་ལྷོའི་དགྲ་གདོན་ལྡང་བ་ཟློག༔ ཡེ་ཤེས་སྒོ་མ་ཞགས་པ་མས༔ ལྷོ་ནུབ་དགྲ་འདྲེ་ལྡང་བ་ཟློག༔ ཡེ་ཤེས་སྒོ་མ་ལྕགས་སྒྲོག་མས༔ ནུབ་བྱང་དགྲ་བགེགས་ལྡང་བ་ཟློག༔ ཡེ་ཤེས་སྒོ་མ་དྲིལ་བུ་མས༔ བྱང་ཤར་དགྲ་བགེགས་ལྡང་བ་ཟློག༔ བཅོམ་ལྡན་བྱ་ཁྱུང་རྒྱལ་པོ་ཡིས༔ སྟེང་ཕྱོགས་དགྲ་བགེགས་གནོད་བྱེད་ཟློག༔ ཕྲིན་ལས་ལྕགས་སྡིག་ནག་པོ་ཡིས༔ འོག་ཕྱོགས་དགྲ་བགེགས་གནོད་བྱེད་ཟློག༔ བཀའ་སྡོད་དྲེགས་པ་སྡེ་བརྒྱད་ཀྱིས༔ སྡེ་བརྒྱད་ཡོངས་ཀྱི་རྒོལ་ངན་ཟློག༔ དཀོན་མཆོག་གསུམ་གྱི་བདེན་པ་དང་༔ རྩ་བརྒྱུད་རིག་འཛིན་བླ་མ་དང་༔ ཡི་དམ་རྟ་མགྲིན་རྒྱལ་པོ་དང་༔ མཁའ་འགྲོ་ཁྲོས་མ་སྡེ་ལྔའི་མཐུས༔ ནད་རིགས་བཞི་བརྒྱ་རྩ་བཞི་ཟློག༔ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཟློག༔ ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་ཟློག༔ གློ་བུར་དགུ་བཅུ་རྩ་དྲུག་ཟློག༔ ལྟས་ངན་བརྒྱད་ཅུ་རྩ་གཅིག་ཟློག༔ རྐྱེན་ངན་ཉི་ཁྲི་ཆིག་སྟོང་ཟློག༔ འཇིགས་ཆེན་བརྒྱད་དང་བཅུ་དྲུག་ཟློག༔ བྱད་ཕུར་མནན་བསྲེག་འཁོར་ལོ་ཟློག༔ དམོད་བཅོལ་རྦད་པའི་ལས་དབལ་ཟློག༔ བྱིས་པའི་གདོན་ཆེན་བཅོ་ལྔ་ཟློག༔ སྣང་སྲིད་ལྷ་འདྲེའི་གདུག་རྩུབ་ཟློག༔ བཀའ་ཡི་ལྷ་སྲིན་དགྲར་ལངས་ཟློག༔ འཕྲོག་མ་མ་བུ་ལྔ་བརྒྱ་ཟློག༔ མོ་རྩིས་རྨི་ལྟས་ངན་པ་ཟློག༔ མི་ཡི་ན་ཚ་རྐྱེན་ངན་ཟློག༔ ཕྱུགས་ཀྱི་གོད་ཁ་ཐམས་ཅད་ཟློག༔ མི་ཁ་སྨྲ་མཆུ་ངན་པ་ཟློག༔ སྟེང་གདོན་གཟའ་དང་རྒྱུ་སྐར་ཟློག༔ བར་གདོན་བཙན་དང་སྡེ་བརྒྱད་ཟློག༔ འོག་འདོན་ཀླུ་དང་ས་བདག་ཟློག༔ ཡུལ་ལྷ་དགྲ་རུ་བབ་པ་ཟློག༔ ཟོ་དོར་དགྲ་རུ་ལྡང་བ་ཟློག༔ སྐྱོབ་བྱེད་དགྲ་རུ་ལྡང་བ་ཟློག༔ ཡུལ་དཔོན་བདུད་དུ་བབ་པ་ཟློག༔ དཀོན་མཆོག་གསུམ་གྱི་བཀའ་ཆད་ཟློག༔ ཡུལ་མི་དགྲ་རུ་ལངས་པ་ཟློག༔ ཁྱིམ་མཚེས་དགྲ་རུ་ལངས་པ་ཟློག༔ ནང་མི་དགྲ་རུ་ལངས་པ་ཟློག༔ བྲན་འཁོར་དགྲ་རུ་ལངས་པ་ཟློག༔ མི་མཐུན་མི་འདོད་ཐམས་ཅད་ཟློག༔ དཀོན་མཆོག་གསུམ་གྱི་བདེན་པས་ཟློག༔ རྩ་བ་གསུམ་གྱི་བདེན་པས་ཟློག༔ སྐུ་གསུམ་ཡོངས་ཀྱི་བདེན་པས་ཟློག༔ ཆོས་ཉིད་རྣམ་དག་བདེན་པས་ཟློག༔ རྟེན་འབྲེལ་བསླུ་མེད་བདེན་པས་ཟློག༔ མཁྱེན་པའི་ཡེ་ཤེས་སྟོབས་ཀྱིས་ཟློག༔ བརྩེ་བའི་ཐུགས་རྗེ་ཆེན་པོས་ཟློག༔ མཛད་པའི་ཕྲིན་ལས་སྟོབས་ཀྱིས་ཟློག༔ སྐྱོབ་པའི་ནུས་མཐུའི་རྩལ་གྱིས་ཟློག༔ སྡང་བར་བྱེད་པའི་དགྲ་ལ་ཟློག༔ གནོད་པར་བྱེད་པའི་བགེགས་ལ་ཟློག༔ ཟ་བར་བྱེད་པའི་འདྲེ་ལ་ཟློག༔ ཕུང་བར་བྱེད་པའི་སྲི་ལ་ཟློག༔ བསླབ་ལོག་དམ་ཉམས་སྟེང་དུ་ཟློག༔ བྲན་གཡོག་ངོ་ལོག་སྟེང་དུ་ཟློག༔ ཨོཾ་ཤྲཱི་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ གནོད་བྱེད་སརྦ་ཤ་ཏྲུཾ་མཱ་ར་ཡ་རྦད་བྷྱོ་ཟློག༔ ཨེ་ས་མ་ཡ་བྷྱོ་བྷྱོ་ཟློག་ཟློག༔ ས་མ་ཡ༔ དེ་ནས་ལས་ཀྱི་བཟློག་པ་ནི༔ ཧཱུྃ་བྷྱོ༔ གྲུ་གསུམ་དམར་ནག་ཟླ་གམ་གདེངས་པའི་དབུས༔ པད་ཉི་བམ་སྟེང་དུར་ཕག་མགོ་དགུའི་ཁྲིར༔ བཅོམ་ལྡན་དཔལ་ཆེན་པདྨ་ཡང་ཁྲོས་སྐུ༔ ཁམས་གསུམ་དབང་སྡུད་སྲིད་གསུམ་ཟིལ་གྱིས་གནོན༔ འདིར་གཤེགས་མངོན་སྤྱོད་དྲག་པོའི་ཕྲིན་ལས་མཛོད༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བྱད་མའི་སྦྱོར་རྩུབ་ཟློག༔ ཤར་ཕྱོགས་དཔལ་ཆེན་རྡོ་རྗེ་གཏུམ་པོ་ཡིས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་བཞེས་ལ༔ དགྲ་བགེགས་ལྷ་འདྲེ་བྱད་མའི་ནུས་མཐུ་ཟློག༔ བཅོམ་ལྡན་དཔལ་ཆེན་རཏྣ་གཏུམ་པོ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བྱད་མའི་ནུས་མཐུ་ཟློག༔ བཅོམ་ལྡན་དཔལ་ཆེན་པདྨ་གཏུམ་པོ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བྱད་མའི་ནུས་མཐུ་ཟློག༔ བཅོམ་ལྡན་དཔལ་ཆེན་ཀརྨ་གཏུམ་པོ་ཡིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བྱད་མའི་ནུས་མཐུ་ཟློག༔ ཕྲིན་ལས་བཞི་སྒྲུབ་ཡེ་ཤེས་སྒོ་མ་བཞི༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བྱད་མའི་ནུས་མཐུ་ཟློག༔ བཀའ་སྲུང་དྲེགས་པའི་སྲུང་མ་ཐམས་ཅད་ཀྱིས༔ དགྲ་བགེགས་ཤ་ཁྲག་གཏོར་མ་འདི་བཞེས་ལ༔ གནོད་བྱེད་དགྲ་བགེགས་བྱད་མའི་ནུས་མཐུ་ཟློག༔ སྔོན་གྱི་ལས་ལས་གྲུབ་པའི་མི་མཐུན་ཕྱོགས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ཡིས་ཟློག༔ འཕྲལ་གྱི་རྐྱེན་དུ་གྱུར་པའི་མི་མཐུན་ཕྱོགས༔ ཤ་ཁྲག་དམར་གྱི་གཏོར་མ་འདི་ཡིས་ཟློག༔ ཕྱི་ནང་གསང་བའི་བར་ཆད་མི་མཐུན་ཕྱོགས༔ ཐམས་ཅད་དམར་གྱི་གཏོར་མ་འདི་ཡིས་ཟློག༔ སྡང་བྱེད་དགྲ་དང་གནོད་བྱེད་བགེགས་ཀྱི་ཚོགས༔ མ་ལུས་དམར་ཆེན་གཏོར་མས་བརླག་གྱུར་ཅིག༔ པདྨ་ཡང་ཁྲོས་རྟ་མགྲིན་རྒྱལ་པོ་ཡི༔ གསང་གསུམ་བདེན་པའི་ནུས་སྟོབས་མི་བསླུ་བས༔ བཟློག་པའི་ལས་ལ་མ་གཡེལ་ས་མ་ཡ༔ བྷྱོ་བྷྱོ༔ ཟློག་ཟློག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ མ་འོངས་པདྨའི་བརྒྱུད་འཛིན་བུ༔ འདི་ཉིད་ཉམས་སུ་ལོངས་ལ་ནི༔ རྐྱེན་ངན་ཟློགས་པའི་ལས་བརྩོན་གྱིས༔ ཕྱི་ནང་གསང་བའི་བར་ཆད་ཞི༔ མི་མཐུན་ཕྱོགས་ངན་འདིས་བཟློག་འགྱུར༔ འདི་འདྲའི་དྲག་བཟློག་ཟབ་མོ་ནི༔ སྟོང་གསུམ་གང་ལ་བཙལ་ཀྱང་དཀོན༔ པདྨ་བདག་གི་ཐུགས་བཅུད་ཡིན༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ ཆོས་བྱེད་སྨད་ཅིང་སྡིག་བྱེད་བཀུར༔ བདུད་སྤྲུལ་རྒྱལ་པོས་ཁྲག་ཏུ་རོལ༔ དམངས་ཀུན་སྡིག་ལས་དང་ལེན་ནས༔ ནད་མུག་མཚོན་གྱི་འཚུབས་མ་ལངས༔ དེ་དུས་འདི་བརྩོན་ལས་ཅན་རྣམས༔ མི་མཐུན་ཕྱོགས་ལས་རྣམ་པར་རྒྱལ༔ མཁར་ཆེན་ཡེ་ཤེས་མཚོ་རྒྱལ་ཁྱོད༔ ཆོས་འདི་བརྡ་ཡི་རིས་སུ་ཐོབས༔ རྫུ་འཕྲུལ་སྟོབས་ཀྱི་གཏེར་དུ་སྦོས༔ མ་འོངས་དུས་ཀྱི་སྙིགས་མ་ལ༔ སྦས་པའི་རྣལ་འབྱོར་ཁྲོ་ལོད་རྩལ༔ སྐྱེས་མཆོག་དེ་དང་འཕྲད་པར་ཤོག༔ བཀའ་སྲུང་གཟའ་བདུད་རྒྱལ་པོ་དང་༔ གནོད་སྦྱིན་ཤན་པ་དམར་ནག་གིས༔ ཐུབ་པར་སྲུངས་ཤིག་ས་མ་ཡ༔ དམ་ཉམས་ལག་ཏུ་ཤོར་ར་རེ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ ཨ་ཐཾ་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་ཁྲོ་ལོད་རྩལ་གྱིས་ཤྭ་བྲག་རྡོ་རྗེ་ནས་བཏོན་པའི་དུས་སུ་ནམ་མཁའ་བར་སྣང་ས་གཞི་འཇའ་དང་འོད་ཕུང་འཁྲིགས། དྲི་བཟང་གི་ན་བུན་འཐིབས༔ རི་དྭགས་རྒྱ་ནས་བཏོན་པས་རྟེན་འབྲེལ་ཕུན་སུམ་ཚོགས་པ་དུས་གཅིག་ལ་ལེགས་ཏེ་མི་ལོ་བཅུ་གསུམ་དུ་བཀའ་རྒྱས་བཏབ་མཐར་སྨར་མདོ་དགའ་བ་འཁྱིལ་བའི་གཟིམ་ཁང་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཧོར་གྱི་བླ་མ་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་པ་དགེའོ། །དགེའོ། །དགེའོ། །དགེའོ།། །།