ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པའི་སྒོམ་བཟླས་ཡེ་ཤེས་འོད་ཟེར༔

From Dudjom Wiki
TTDL-ZABTER-03-GA-044
Wylie title zab gsang mkha' 'gro'i snying thig las: bla ma zhi khro 'dus pa'i sgom bzlas ye shes 'od zer: TTDL-ZABTER-03-GA-044.pdf
Location bdud 'joms gling pa zab gter
Volume 3, Text 44, Pages 425-430 (Folios 1a1 to 3b3)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bla ma zhi khro 'dus pa'i sgom bzlas ye shes 'od zer. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 425-430. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: sgom bzlas   Verso: bdud 'joms bla ma zhi khro
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle བླ་མ་ཞི་ཁྲོ་འདུས་པ་ (bla ma zhi khro 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity zhi khro
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་རྡོ་རྗེ་བྲག་གི་མགུལ་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་ཏེ་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་སྨར་མདོ་ནས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes rdo rje brag gi mgul nas bton te mi lo nyi shu'i bar du bka' rgya byas te mthar rten 'brel dus la bab tshe smar mdo nas gtan la phab pa'i yi ge pa ni phun tshogs bkra shis so/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པའི་སྒོམ་བཟླས་ཡེ་ཤེས་འོད་ཟེར་བཞུགས་སོ༔ (བརྡ་ཡིག་) ན་མོ་གུ་རུ་པདྨ་ཀ་ར་ཡེ༔ བླ་མ་ཞི་ཁྲོ་འདུས་པའི་སྒྲུབ་པ་འདི༔ ཉམས་སུ་ལེན་པའི་སྐལ་པ་བཟང་པོ་ལ༔ སྒོམ་བཟླས་དམིགས་གནད་ཡེ་ཤེས་འོད་ཟེར་བསྟན༔ འདི་ལྟར་ཉམས་སུ་ལོངས་དང་ངེས་པར་གྲོལ༔ བྷྲུྃ་ཧཱུྃ༔ བདག་བསྐྱེད་བསྒོམ་པའི་དཀྱིལ་འཁོར་ལྷའི༔ གདངས་ལས་མདུན་བསྐྱེད་རྟེན་བརྟེན་པ༔ བྱད་དང་མེ་ལོང་གཟུགས་བརྙན་བཞིན༔ རང་བྱུང་རང་ཤར་ཆེན་པོར་བསྒོམ༔ ཐུགས་ཀར་པདྨ་ཟླ་གདན་ལ༔ གསེར་གྱི་རྡོ་རྗེ་རྩེ་ལྔ་པའི༔ ལྟེ་བར་ཧྲཱིཿལ་སྔགས་ཀྱིས་བསྐོར༔ བཟླས་པས་བདག་སྣང་དབྱིངས་སུ་ཞིག༔ ཆོས་ཉིད་རོལ་པར་རྫོགས་སངས་རྒྱས༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ འདི་ཉིད་རྩེ་གཅིག་བཟླས་པའི་ཚེ༔ སྔགས་ཕྲེང་འཁོར་བའི་འོད་ཟེར་གྱིས་རྒྱལ་བ་སྲས་དང་བཅས་པ་ཐམས་ཅད་མཆོད༔ གསང་བ་གསུམ་གྱི་དབང་བྱིན་ནུས་པ་ཐམས་ཅད་བསྡུས༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀྱི་ལས་སྒྲིབ་བག་ཆགས་ཐམས་ཅད་སྦྱངས༔ སྣོད་བཅུད་བརྟན་གཡོ་ཐམས་ཅད་ཀྱི་གཟི་བྱིན་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ་པར་བསྒོམ༔ ཨོཾ་ཨཱཿཧཱུྃ་བཛྲ་གུ་རུ་པདྨ་སིདྡྷི་ཧཱུྃ༔ དེ་ནི་བསྙེན་པ་དང་ཉེ་བསྙེན་ནོ༔ སླར་ཡང་སྒྲུབ་པ་ནི༔ བསྒོམ་པའི་ལྷ་རྣམས་ཀྱི་ཐུགས་ཀར་རང་རང་གི་ཐུགས་སྲོག་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བའི་འོད་ཟེར་གྱིས་སྣང་བ་ལྷ༔ སྒྲ་གྲགས་སྔགས༔ དྲན་རྟོག་ཐམས་ཅད་ཆོས་ཉིད་ཀྱི་རོལ་པར་སངས་རྒྱས་པར་བསམ༔ ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་ཨཱཿཡིག་དཀར་པོའི་མཐར༔ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་ཛྙཱ་ན་དྷ་ཏུ་ཨཱ༔ ཨོཾ་རུ་ལུ་རུ་ལུ་ཧཱུྃ་བྷྱོ་ཧཱུྃ༔ ཅི་ནུས་བཟླས་ཚེ་ལྷར་གསལ་མི་འགྱུར་བའི་ཏིང་ངེ་འཛིན་བསྒོམ་པར་བྱ༔ སླར་ཡང་ལས་ལ་སྦྱོར་བ་ནི༔ བདག་མདུན་གྱི་ཐུགས་ཀའི་སྔགས་ཕྲེང་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་འགྲོ་བ་རིགས་དྲུག་གི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་སྦྱངས༔ དེ་དག་གི་སྣང་བ་ཐམས་ཅད་སྒྱུ་མའི་འཁྲུལ་འཁོར་ཞིག་པའམ༔ རྨི་ལམ་དབྱིངས་སུ་སད་པ་བཞིན་དུ་ཡེ་ཤེས་ཀྱི་སྣང་བ་ཆེན་པོར་གྲོལ་ཏེ་ཁམས་གསུམ་འཁོར་བ་དོང་ནས་སྤྲུགས་པར་བསྒོམ༔ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ༴ ཨཱཿཨོཾ་རུ་ལུ༴ ཧཱུྃ༔ ཞེས་བཟླས་པའི་ཚེ་ཁམས་གསུམ་གྱི་སེམས་ཅན་ཐམས་ཅད་སྐུ་གསུམ་ཞི་ཁྲོ་རབ་འབྱམས་ཀྱི་སྐུར་གྱུར༔ སྔགས་ཀྱི་སྒྲ་བར་མ་ཆད་པར་དི་རི་རི་སྒྲོགས་པས་སྣང་སྲིད་ཐམས་ཅད་གཡོ་བར་བསམ༔ ཨོཾ་བྷོ་དྷི་ཙིཏྟ་མ་ཧཱ་སུ་ཁ་སོགས་བྷྱོ་ཧཱུྃ༔ ༈གཞན་ལ་དབང་བསྐུར་བྱེད་འདོད་ན༔ བུམ་པ་མཚན་ལྡན་མགུལ་ཆིངས་ཅན༔ སྙིང་པོ་རིན་ཆེན་དྲི་སྨན་དང་༔ འབྲུ་ལྔ་སྦྱོར་བའི་ཆུས་བཀང་སྟེ༔ དཀྱིལ་འཁོར་དབུས་སུ་བཞག་བྱས་ལ༔ ཧཱུྃ༔ བུམ་པ་བརྡལ་ཁྱབ་གཞལ་ཡས་སུ༔ གེ་སར་ཉི་ཟླའི་གདན་སྟེང་དུ༔ རྫོགས་པའི་སངས་རྒྱས་པདྨ་སྐྱེས༔ སྣང་སྲིད་ཟིལ་གནོན་རྒྱལ་བའི་སྐུ༔ ཞི་ཁྲོ་རབ་འབྱམས་རྒྱུད་སྡེའི་ལྷ༔ ཏིལ་གོང་ཕྱུར་བཞིན་ཡོངས་སུ་རྫོགས༔ ཉི་མ་དང་ནི་འོད་ཟེར་བཞིན༔ རིག་འཛིན་བླ་མའི་འཁོར་གྱིས་བསྐོར༔ གདོད་ནས་དམ་ཚིག་ཡེ་ཤེས་པ༔ དབྱེར་མེད་ཆེན་པོར་ལྷུན་གྱིས་གྲུབ༔ ཅེས་བསྐྱེད་པས་འཛབ་ཁང་དབྱེ་ལ༔ བུམ་པའི་ལྷ་རྣམས་ཀྱི་ཐུགས་ཀར་རང་རང་གི་ཐུགས་སྲོག་ས་བོན་གྱི་མཐར་སྔགས་ཀྱི་ཕྲེང་བས་བསྐོར་བ་ལས་འོད་ཟེར་དཔག་ཏུ་མེད་པ་འཕྲོས་པས་རྒྱལ་བ་སྲས་དང་བཅས་པ་མཆོད༔ དབང་བྱིན་ནུས་པ་ཐམས་ཅད་བསྡུས་ཏེ་སྔགས་ཕྲེང་ལ་ཐིམ༔ སེམས་ཅན་ཐམས་ཅད་ཀྱི་ལས་ཉོན་བག་ཆགས་སྦྱངས་ཏེ་སླར་འདུས་སྔགས་ཕྲེང་ལ་ཐིམ༔ སྔགས་ཕྲེང་ལས་བདུད་རྩིའི་རྒྱུན་བབས་པས་བུམ་པ་གང་བར་དམིགས༔ ཨོཾ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སུ༴ བྷྱོ་ཧཱུྃ༔ ཅི་འགྲུབ་བཟླས་མཐར་མཆོད་བསྟོད་བྱས་ནས༔ དུང་ཆོས་ཀྱི་ཆུ་ཕུལ་བས་ལྷ་རྣམས་དགྱེས་ཆགས་དགའ་བདེའི་ཉམས་ཀྱིས་མྱོས་ཤིང་བདེ་སྟོང་གཉིས་སུ་མེད་པའི་ངོ་བོར་ཞུ་ནས་བུམ་ཆུ་ལ་ཐིམ་པས་དབང་གི་ནུས་པ་རྫོགས་པའོ༔ ༈ཁྲུས་བྱེད་ལས་ཀྱི་བུམ་པ་ལ༔ མགུལ་ཆིངས་དཀར་པོ་རབ་དཀྲིས་ཏེ༔ གཙང་མ་ཆུ་ཡིས་ལེགས་བཀང་ནས༔ དཀྱིལ་འཁོར་དེ་ཡི་མཐའ་རུ་བཞག༔ ཧཱུྃ༔ བུམ་པ་སྟོང་གསལ་གཞལ་ཡས་སུ༔ པདྨ་ཟླ་རྒྱས་གདན་སྟེང་དུ༔ ཧཱུྃ་ལས་དཔལ་ལྡན་རྡོ་རྗེ་སེམས༔ དཀར་གསལ་ཞལ་གཅིག་ཕྱག་གཉིས་པ༔ གཡས་པས་རྡོ་རྗེ་ཐུགས་ཀར་བསྣམས༔ གཡོན་པས་དྲིལ་བུ་དཀུ་ལ་བརྟེན༔ ཞི་འཛུམ་གཞོན་ཚུལ་མཚན་དཔེས་བརྒྱན༔ ལོངས་སྤྱོད་ཆས་རྫོགས་གཟི་འོད་འབར༔ ཞབས་གཉིས་རྡོ་རྗེའི་སྐྱིལ་ཀྲུང་བཞུགས༔ འཁོར་བ་དོང་སྤྲུགས་དཔལ་དུ་བསྐྱེད༔ སྐུ་གསུམ་རྒྱལ་བ་ཐམས་ཅད་ཀྱི༔ མཁྱེན་བརྩེ་ནུས་བཅུད་བསྡུས་ཏེ་བསྟིམ༔ ཐུགས་ཀར་ཧཱུྃ་ལ་ཡིག་བརྒྱས་བསྐོར༔ བཟླས་པས་སྒྲིབ་གཉིས་དག་བྱེད་ཀྱི༔ ཡེ་ཤེས་བདུད་རྩིའི་ཆར་རྒྱུན་བབས༔ ཨོཾ་བཛྲ་སཏྭ་སོགས་ཡི་གེ་བརྒྱ་པ་ཅི་ནུས་བཟླ༔ མཐར་ནི་མཆོད་ཅིང་བསྟོད་པ་ལ༔ ཧཱུྃ༔ མི་མཇེད་འཇིག་རྟེན་མཐའ་ཡས་ན༔ བཀོད་པ་རབ་འབྱམས་འདོད་ཡོན་དཔལ༔ བསྡུས་ཏེ་རྒྱལ་བ་དགྱེས་ཕྱིར་འབུལ༔ འགྲོ་ཀུན་ཚོགས་གཉིས་རྫོགས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ༔ བཛྲ་ཨརྒྷཾ་པཱདྱཾ་སོགས་རཱུ་པ་ཤཔྡ་གནྡྷེ་རཱ་ས་སྤཪྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ དུས་གསུམ་རྒྱལ་བ་འདུས་པའི་སྐུ༔ ཡོན་ཏན་ཡེ་ཤེས་རྒྱ་མཚོའི་གཏེར༔ རྫོགས་པའི་སངས་རྒྱས་བྱང་ཆུབ་དཔལ༔ རྡོ་རྗེ་སེམས་ལ་ཕྱག་འཚལ་བསྟོད༔ བུམ་པའི་ལྷ་འོད་དུ་ལྟེམ་གྱིས་ཞུ་བ་ལས་བྱུང་བའི་དག་བྱེད་ཀྱི་ཆུ་ནུས་པ་དང་ལྡན་པར་བསམ༔ འདི་ལྟར་བསྒོམ་བཟླས་བྱེད་པའི་ཚེ༔ དམིགས་པ་གཞན་དུ་མ་ཡེངས་པར༔ གང་གིས་སྒྲུབ་པར་བྱེད་པ་དེ༔ ལུས་བདེ་ནད་དང་ཟུག་རྔུ་མེད༔ ངག་སྦྱང་དབྱངས་སྙན་འགགས་པ་ཁྲོལ༔ སེམས་ལ་ཉམས་རྟོགས་ཡོན་ཏན་འཕེལ༔ འདི་དག་རབ་ཀྱི་རྟགས་མཚན་ཡིན༔ ཉམས་ཀྱི་སྣང་བ་ལྷ་ཞལ་མཐོང་༔ དག་སྣང་མ་ངེས་སྣ་ཚོགས་པ༔ གང་བྱུང་འབྲིང་གི་རྟགས་མཚན་ཏེ༔ རྨི་ལམ་ལ་ཡང་ལྷ་ཞལ་མཐོང་༔ དབང་དང་གདམས་པ་ཐོབ་པ་དང་༔ མེ་ཏོག་སྣ་ཚོགས་རྒྱས་པ་དང་༔ ཉི་མ་ཤར་དང་ལོ་ཏོག་རྒྱས༔ རོལ་མོ་འཁྲོལ་དང་ཟས་ནོར་རྙེད༔ མཁའ་ལ་འཕུར་དང་རི་རྩེར་འཛེག༔ འདི་དག་དངོས་གྲུབ་མཚན་མ་ལགས༔ ཞིང་རྨོས་ཤིང་གཅོད་བྲག་བཤིག་ཅིང་༔ སྐྱེ་འགྲོ་མང་པོས་གྲུ་གཏིང་ནས༔ ཆུ་བོ་ཆེན་པོ་བརྒལ་དཔོན་བྱེད༔ ཕྱུགས་མང་འཚོ་རྫི་བྱེད་པ་དང་༔ འགྲོ་བའི་འཇིགས་སྐྱོབ་བྱེད་པ་རྣམས༔ ཕྲིན་ལས་གྲུབ་པའི་ལྟས་སུ་ལེགས༔ དེ་ལྟར་བཀྲ་ལྟས་མ་བྱུང་བར༔ རྩེ་གཅིག་སྒྲུབ་ལ་གཞོལ་མཛོད་ཅིག༔ འདི་ནི་ཡང་གསང་བཅུད་དྭངས་མ༔ འབྲེལ་ཚད་རྣམ་པར་གྲོལ་གྱུར་རོ༔ བཀའ་སྲུང་ཚོགས་ཀྱི་བདག་པོས་སྲུངས༔ བསྟན་པ་མི་ནུབ་རྒྱལ་མཚན་ཚུགས༔ དམ་ཉམས་ལག་ཏུ་མ་བཏང་ཞིག༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་རྡོ་རྗེ་བྲག་གི་མགུལ་ནས་བཏོན་ཏེ་མི་ལོ་ཉི་ཤུའི་བར་དུ་བཀའ་རྒྱ་བྱས་ཏེ་མཐར་རྟེན་འབྲེལ་དུས་ལ་བབ་ཚེ་སྨར་མདོ་ནས་གཏན་ལ་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །སརྦ་མངྒ་ལཾ།། །།