ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པ་ལ་བརྟེན་ནས་ཚེ་འདས་གནས་ལུང་གི་ཆོ་ག་རྣམ་གྲོལ་མྱུར་ལམ༔

From Dudjom Wiki
TTDL-ZABTER-03-GA-050
Wylie title zab gsang mkha' 'gro'i snying thig las: bla ma zhi khro 'dus pa la brten nas tshe 'das gnas lung gi cho ga rnam grol myur lam: TTDL-ZABTER-03-GA-050.pdf
Location bdud 'joms gling pa zab gter
Volume 3, Text 50, Pages 475-501 (Folios 1a1 to 14a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las bla ma zhi khro 'dus pa la brten nas tshe 'das gnas lung gi cho ga rnam grol myur lam. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 475-501. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gnas lung   Verso: bdud 'joms bla ma zhi khro
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Funerary Rituals - gnas lung - byang chog
Cycle བླ་མ་ཞི་ཁྲོ་འདུས་པ་ (bla ma zhi khro 'dus pa)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity zhi khro
Colophon

ཅེས་པ་འདི་ཡང་རིག་འཛིན་བདུད་འཇོམས་རྡོ་རྗེས་འདོན་ཆ་ཁྲིགས་སུ་བསྡེབས་ནས་ལེགས་པར་བྲིས་པའི་ཡི་གེ་པ་ནི་སློབ་བུ་ངག་དབང་ཕྲིན་ལས་ཀྱིས་བགྱིས་པའི་དགེ་བས་འབྲེལ་ཚད་སྐྱེ་འགྲོ་ཕོ་མོ་ཐམས་ཅད་བླ་མ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

ces pa 'di yang rig 'dzin bdud 'joms rdo rjes 'don cha khrigs su bsdebs nas legs par bris pa'i yi ge pa ni slob bu ngag dbang phrin las kyis bgyis pa'i dge bas 'brel tshad skye 'gro pho mo thams cad bla ma rgyal ba zhi khro rab 'byams kyi go 'phang myur du thob pa'i rgyur gyur cig /dge'o/ /dge'o/ /dge'o/ /sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ བླ་མ་ཞི་ཁྲོ་འདུས་པ་ལ་བརྟེན་ནས་ཚེ་འདས་གནས་ལུང་གི་ཆོ་ག་རྣམ་གྲོལ་མྱུར་ལམ་ཞེས་བྱ་བ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) མཐའ་ཡས་དབང་པོ་པདྨ་འབྱུང་གནས་ངས༔ མ་འོངས་ལྔ་བརྒྱ་དུས་ཀྱི་ཐ་མ་ལ༔ འགྲོ་བ་ཐར་པའི་ལམ་དུ་འདྲོང་བ་ཡི༔ རྣམ་གྲོལ་མྱུར་ལམ་ཟབ་མོ་འདིར་བཀོད་བྱ༔ དེ་ཡི་ལག་ལེན་རིམ་པ་འདི་ལྟ་སྟེ༔ རིགས་དྲུག་ས་བོན་ཐུབ་དྲུག་སྣང་བརྙན་དང་༔ ཞལ་ཟས་ཅོག་ཟླུམ་སྲེགས་སྦྱང་ཆས་རྣམས་ཀུན༔ ལེགས་པར་བཀོད་དེ་མཚན་བྱང་མཛེས་ལྡན་ལ༔ གདུགས་དང་འཕན་དང་ལུས་ལ་འབྱར་བའི་རྫས༔ བསགས་ནས་དང་པོ་ལྷ་ཡི་གཞུང་བསྲང་མཐར༔ ལས་ཀྱི་ཆོ་ག་འདི་རུ་འཇུག་པ་ཡིན༔ ཧཱུྃ༔ རང་ཉིད་སྐད་ཅིག་གིས་གུ་རུ་པདྨ་འབྱུང་གནས་སྐུ་མདོག་མཐིང་ནག་ཞལ་གཅིག་ཕྱག་གཉིས་རྡོ་རྗེ་དང་དྲིལ་བུ་བསྣོལ་སྟབས་སུ་འཛིན་པ་ཞི་འཛུམ་མཚན་དང་དཔེ་བྱད་ཐམས་ཅད་རྫོགས་པ་ཞབས་རྡོ་རྗེ་སྐྱིལ་མོ་ཀྲུང་གིས་པད་ཟླའི་གདན་ལ་བཞུགས་པ་འཇའ་ཚོན་འོད་ལྔའི་ཀློང་དུ་འཇའ་ལུས་སྒྱུ་མའི་སྐུ་ཁམས་གསུམ་འགྲོ་བ་སྒྲོལ་བའི་མཐུ་དང་ལྡན་པར་བསྐྱེད་དོ༔ དེ་ནས་མིང་བྱང་དམིགས་པ་ནི༔ ཨོཾ་མ་ཧཱ་ཤུ་ནྱ་ཏཱ་ཛྙཱ་ན་སོགས་སྐད་ཅིག་གིས་མདུན་དུ་ཡེ་ཤེས་ལྔ་ཡི་ངོ་བོ་ལ་འཇའ་ཚོན་འོད་ལྔའི་གུར་ཁང་གི་དབུས་སུ་ཚེ་ལས་འདས་པའི་རྣམ་པར་ཤེས་པའི་ངོ་བོ་ནྲྀཿཡིག་ལྗང་གུ་ཡོངས་སུ་གྱུར་པ་ལས་གསོན་པོའི་གནས་སྐབས་ཇི་ལྟ་བ་བཞིན་ལ་གཞོན་ཚུལ་མཛེས་ཤིང་རེག་འཇམ་ལྷ་ཡི་གོས་ཀྱིས་ཀླུབས་ཏེ་ལག་གཉིས་ཐལ་མོ་སྦྱར་བའི་བར་དུ་མེ་ཏོག་པདྨ་འདབ་བརྒྱད་བསྣམས་པ་ལས་མཆོད་པའི་སྤྲིན་རྒྱ་མཚོ་འཁྲིགས་པ༔ གུས་འདུད་པུས་བཙུག་དགའ་བདེའི་ཉམས་ཀྱིས་བག་ཕེབས་པར་གྱུར༔ བདག་ཉིད་ལྷ་ཡི་ཐུགས་ཀ་ནས་འོད་ཟེར་ལྕགས་ཀྱུ་ལྟ་བུར་འཕྲོས་པས་ཚེ་འདས་ཀྱི་རྣམ་པར་ཤེས་པ་འགྲོ་བ་རིགས་དྲུག་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ་གར་གནས་པའི་ས་ནས་ལྕགས་ཀྱུས་འཐེན་པ་བཞིན་དུ་བཀུག་སྟེ་དམིགས་པའི་རྟེན་འདི་ལ་ཐིམ་པར་བསམ༔ དེ་ནས་འགུག་གཞུག་བྱ་བ་ནི༔ ན་མོ༔ དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་ཀྱི་བཀའ་བདེན་པ་དང་༔ སངས་རྒྱས་ཀྱི་བཀའ་བདེན་པ་དང་༔ ཆོས་ཀྱི་བཀའ་བདེན་པ་དང་༔ དགེ་འདུན་གྱི་བཀའ་བདེན་པ་དང་༔ ཁྱད་པར་དུ་བཅོམ་ལྡན་འདས་གུ་རུ་རྩ་གསུམ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་ལྷ་ཚོགས་དམ་ཅན་སྲུང་མ་དང་བཅས་པ་རྣམས་ཀྱི་བཀའ་བདེན་པ་དང་༔ དོན་དམ་ཆོས་ཉིད་ངོ་བོ་གདོད་ནས་དག་ཅིང་ཀུན་རྫོབ་རྟེན་འབྲེལ་བསླུ་བ་མེད་པ་རྒྱུ་འབྲས་ཟབ་མོའི་བདེན་པའི་མཐུས་ཚེ་ལས་འདས་པ་ཆེ་གེ་མོའི་རྣམ་པར་ཤེས་པ་ཁམས་གསུམ་སྐྱེ་བ་རྣམ་བཞི་ལམ་རྒྱུད་ལྔ་སྲིད་པ་བར་མ་དོ་གར་ཡོད་གར་གནས་པའི་ས་ནས་དམིགས་པའི་རྟེན་མཚན་བྱང་འདི་ལ་ཁུག་ཅིག༔ ཅི་མང་བརྗོད་མཐར༔ བདག་མདུན་གྱི་ལྷའི་ཐུགས་ཀ་ནས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་ཏེ་ཚེ་ལས་འདས་པ་ལ་ཐིམ་པས་མི་ཤེས་མ་རིག་པའི་སྒྲིབ་པ་ཐམས་ཅད་སངས་ཀྱིས་དག་ནས་གཡོ་འགུལ་མེད་པར་བརྟན་པ་ཐོབ་ཅིང་སྒོ་གསུམ་གུས་པ་ཆེན་པོའི་ངང་ལས་ཆོས་ལ་ཉན་པའི་དབང་ཐོབ་སྟེ་ཚིག་གི་དོན་གོ་ཞིང་གདམས་པ་ཡིད་ལ་བྱེད་པའི་ནུས་པ་དང་ལྡན་པར་གྱུར༔ དེ་ནས་གླུད་གཏོར་བྱིན་བརླབ་ནི༔ ཨོཾ་སྭ་བྷཱ་ཝ་སོགས༔ གླུད་གཏོར་མི་དམིགས་པ་སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་ཡི་གེ་ཏྲཾ་ཡོངས་སུ་གྱུར་པ་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཁྱོན་དཔག་ཏུ་མེད་པའི་ནང་དུ་ཡི་གེ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་ལན་ཆགས་བགེགས་ཀྱི་གཏོར་མ་གཟུགས་མཛེས་པ༔ སྒྲ་སྙན་པ༔ དྲི་ཞིམ་པ༔ རོ་མངར་བ༔ རེག་བྱ་འཇམ་པ༔ འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་ཟད་མི་ཤེས་པའི་གཏེར་ཆེན་པོས་ལན་ཆགས་བུ་ལོན་ཤ་མཁོན་གྱི་བདག་པོ་བདག་མོ་རྣམས་ཀྱི་རང་རང་གི་སྤྱོད་ཡུལ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག༔ ཨོཾ་ཨ་ཀཱ་རོ་མུ་ཁཾ་སོགས༔ ཨོཾ་སརྦ་བིགྷྣཱན་ན་མ༔ སརྦ་ཏ་ཐཱ་སོགས་ཁཱ་ཧི་སྭཱ་ཧཱ༔ ལན་གསུམ་གྱིས་ཞི་བས་སྦྱངས༔ ཨོཾ་སུམྦྷ་ནི་སོགས་ལན་གསུམ་གྱིས་དྲག་པོས་སྦྱངས༔ དེ་ནས་བཀའ་བསྒོ་བ་ནི༔ ཧཱུྃ༔ ཉོན་ཅིག་གསོན་ཅིག་ལོག་འདྲེན་ཚོགས༔ ལན་ཆགས་བུ་ལོན་ཤ་མཁོན་བདག༔ འདོད་ཡོན་གཏོར་མ་འདི་ལོངས་ཤིག༔ ཚེ་འདས་བླ་ཡིད་སེམས་གསུམ་ཀུན༔ བཟུང་བ་ཐོངས་ལ་བཅིངས་པ་ཁྲོལ༔ བསྡམ་པ་ཀློད་ལ་མནན་པ་ཁྱོག༔ དགའ་མགུ་ཡི་རང་ཚིམ་གྱིས་ལ༔ སོ་སོ་རང་རང་གནས་སུ་དེངས༔ ཧཱུྃ་ཧཱུྃ་ཨུ་ཙ་ཏ་ཡ་ཕཊ༔ དེ་ནས་ཡི་དམ་ལྷ་ཡི་ང་རྒྱལ་དང་ལྡན་པས་སུམ་བྷ་ནིའི་སྔགས་ཀྱིས་བསྐྲད་ཅིང་བསྲུང་བའི་གུར་ཁང་བསྒོམ་སྟེ་མི་འཇིགས་པའི་རྒྱས་གདབ་བོ༔ དེ་ནས་བདེན་པའི་ཆོས་བཤད་པ་ལ༔ ཀྱཻ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ ང་ནི་པདྨ་ཐོད་ཕྲེང་རྩལ༔ ཞི་ཁྲོ་འདུས་པའི་ངོ་བོ་ཉིད༔ ཁྱོད་ཀྱི་ལམ་སྣ་འདྲེན་པ་ཡིན༔ འཇིག་རྟེན་མི་ཡི་སྲིད་པ་ལས༔ འདས་ཏེ་ཁྱོད་ཉིད་ཤི་བ་ཡིན༔ ཁྱོད་གཅིག་པུར་ཤི་བ་མ་ཡིན་ཏེ༔ སྲིད་པའི་རྩེ་མོ་མན་ཆད་ནས༔ ན་རཀ་དམྱལ་ཁམས་ཡན་ཆད་ཀྱི༔ ཁམས་གསུམ་སེམས་ཅན་ཐམས་ཅད་ཀུན༔ སྐྱེ་བའི་མཐའ་མ་འཆི་བ་དང་༔ འདུས་པའི་མཐའ་མ་བྲལ་བ་དང་༔ བསགས་པའི་མཐའ་མར་འཛད་པ་དང་༔ བརྩིགས་པའི་མཐའ་མར་འཇིག་པ་ནི༔ འཇིག་རྟེན་འཁོར་བའི་ཆོས་བཞི་ལགས༔ དོན་ལ་མིང་ཙམ་ཤི་བ་ལས༔ སེམས་ལ་སྐྱེ་དང་འཆི་བ་མེད༔ ཡུལ་དང་ཁང་ཁྱིམ་ནོར་རྫས་དང་༔ གཉེན་དང་ཉེ་བ་རྩ་ལག་དང་༔ བུ་ནོར་ཆུང་མ་མཛའ་བཤེས་ཀུན༔ རྨི་ལམ་ཡུལ་གྱི་སྣང་བ་བཞིན༔ དངོས་མཚན་བདེན་པར་གྲུབ་པ་མེད༔ ང་མེད་ང་རུ་འཛིན་པ་དང་༔ བདག་མེད་བདག་ཏུ་སྣང་བ་ལས༔ སྣོད་བཅུད་འདོད་ཡོན་སྣང་བ་མཆེད༔ དེ་ལ་བདེན་ཞེན་སྐྱེས་པ་ལས༔ གནས་འགྱུར་སྐྱེ་འཆིའི་སྣང་བ་ཤར༔ རྨི་སྣང་གནས་འགྱུར་ཉིན་སྣང་དང་༔ ཉིན་སྣང་གནས་འགྱུར་རྨི་སྣང་ལྟར༔ སྣང་བ་གནས་འགྱུར་ཆོས་ཅན་ཏེ༔ ཉིན་སྣང་མཆེད་ཡུལ་ནམ་མཁའ་དང་༔ རྨི་སྣང་མཆེད་ཡུལ་ནམ་མཁའ་བཞིན༔ བར་དོའི་སྣང་བ་མཆེད་པའི་ཡུལ༔ ཐམས་ཅད་ནམ་མཁའི་རང་བཞིན་ཏེ༔ ནམ་མཁའ་ཆོས་དབྱིངས་སྟོང་པ་ཉིད༔ ཐམས་ཅད་འཁྲུལ་ཡང་འདི་ལས་འཁྲུལ༔ ཐམས་ཅད་གྲོལ་ཡང་གྲོལ་ས་དེ༔ ཐམས་ཅད་སེམས་དང་སེམས་བྱུང་སྟེ༔ གཟུགས་བརྙན་འདི་ལ་ལུས་རྟེན་ཆོས༔ མེ་ལོང་འདི་ལ་སེམས་རྟེན་ཆོས༔ སྨྱུག་མདའ་འདི་ལ་རྒྱབ་བརྟེན་ཏེ༔ གདུགས་ཕུབ་འདི་ལ་བསིལ་གྲིབ་གྱིས༔ ཕྱིང་དཀར་འདི་ལ་བཞུགས་གདན་མཛོད༔ དྲི་གོས་འདི་ལ་བླ་རྟེན་གྱིས༔ མེ་ཏོག་པདྨོའི་ཕྱག་རྟེན་མཛོད༔ ཤེས་པ་གཞན་དུ་མ་ཡེངས་པར༔ ལྷ་དང་བླ་མ་དཀོན་མཆོག་གསུམ༔ མ་བརྗེད་རྩེ་གཅིག་འདུན་པ་གཏོད༔ གཞན་གྱིས་བསམ་སྤྱོད་ངན་མཐོང་ལ༔ ལོག་ལྟ་སྤོང་ལ་དད་གུས་ཀྱིས༔ དག་སྣང་སྦྱང་བ་གནད་དུ་ཟུངས༔ ཆོས་དབྱིངས་ཡངས་པ་ཆེན་པོའི་མཁའ༔ མངོན་གྱུར་ངང་ལ་བག་ཕེབ་མཛོད༔ དེ་ནས་སྒྲིབ་པ་བསྲེག་སྦྱང་ལ༔ ཧཱུྃ༔ ཚེ་ལས་འདས་པའི་གནས་དྲུག་ཏུ༔ ཉོན་མོངས་དྲུག་གི་རང་གཟུགས་ལས༔ ཨཿནྲྀཿསུཿཏྲིཿཔྲེཿདུཿཡི༔ ཡིག་འབྲུ་དྲུག་གི་རྣམ་པར་ཤར༔ འཁོར་བ་ཐོག་མ་མེད་དུས་ནས༔ བསགས་པའི་ལས་ཉོན་བག་ཆགས་ཀུན༔ བསྡུས་ཏེ་ཡིག་འབྲུ་དྲུག་ལ་བསྟིམ༔ བདག་མདུན་ཐུགས་ཀའི་འོད་ཕུང་ནི༔ སྤྲིན་གྱི་ཕུང་པོ་ལྟར་འཕྲོས་ཏེ༔ ཡིག་འབྲུ་དྲུག་པོ་བག་ཆགས་བཅས༔ རྐང་པའི་མཐིལ་ནས་ཡར་བསྡུས་ཏེ༔ མགྲིན་པའི་གནས་སུ་སླེབས་པའི་ཚེ༔ སྡིག་པ་ནག་པོའི་རྣམ་པར་གྱུར༔ མདུན་གྱི་ཏིལ་ལ་ཐིམ་པར་བསམ༔ འོད་ཕུང་འབར་བ་ཡེ་ཤེས་མེ༔ གྱུར་ནས་སྒྲིབ་གཉིས་བག་ཆགས་ཀུན༔ རྩྭ་ཕུང་སྐམ་ལ་མེ་མཆེད་བཞིན༔ རྗེས་ལྷག་མེད་པར་བསྲེགས་པར་འགྱུར༔ སླར་ཡང་མེ་ཉིད་ཆུར་གྱུར་ཏེ༔ ཐལ་བ་ཆུ་རུ་སྦྱངས་ནས་སུ༔ ཆུ་ཉིད་ནམ་མཁའི་དབྱིངས་དང་འདྲེས༔ སྒྲིབ་བྲལ་ཆོས་ཉིད་མངོན་གྱུར་ཤོག༔ རྩ་སྔགས་མཐར༔ ཨོཾ་སརྦ་པཱ་པཾ་ད་ཧ་ན་ཛྭ་ལ་རཾ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ལན་བདུན་གྱིས་མེ་རུ་འཕང་ང་ོ༔ དེ་ནས་བདེ་གཤེགས་སྐུ་བསིལ་བྱས་པའི་ཆུས་བཀང་བའི་ཁྲུས་བུམ་ཐོགས་ལ༔ ཧཱུྃ༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི༔ སྐུ་ཡི་བྱིན་གྱིས་བརླབས་པ་ཡི༔ དག་བྱེད་ཡེ་ཤེས་ཆུ་རྒྱུན་གྱིས༔ ཚེ་འདས་འདི་ལ་ཁྲུས་བྱས་པས༔ ལུས་ཀྱི་སྒོ་ནས་བསགས་པ་ཡི༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན༔ རྗེས་ལྷག་མེད་པར་དག་ནས་ཀྱང་༔ ཡེ་ཤེས་རང་མདངས་རྒྱས་གྱུར་ཅིག༔ ཡི་གེ་བརྒྱ་པའི་མཐར༔ སརྦ་པཱ་པཾ་དུརྒྷ་དུཿཁ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི༔ གསུང་གི་བྱིན་གྱིས་བརླབས་པ་ཡི༔ དག་བྱེད་ཡེ་ཤེས་ཆུ་རྒྱུན་གྱིས༔ ཚེ་འདས་འདི་ལ་ཁྲུས་བྱས་པས༔ ངག་གི་སྒོ་ནས་བསགས་པ་ཡི༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན༔ རྗེས་ལྷག་མེད་པར་དག་ནས་ཀྱང་༔ ཡེ་ཤེས་རང་མདངས་རྒྱས་གྱུར་ཅིག༔ ཡི་གེ་བརྒྱ་པའི་མཐར༔ སརྦ་པཱ་པཾ་དུརྒྷ་དུཿཁ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ བདེ་གཤེགས་ཞི་ཁྲོ་རབ་འབྱམས་ཀྱི༔ ཐུགས་ཀྱི་བྱིན་གྱིས་བརླབས་པ་ཡི༔ དག་བྱེད་ཡེ་ཤེས་ཆུ་རྒྱུན་གྱིས༔ ཚེ་འདས་འདི་ལ་ཁྲུས་བྱས་པས༔ ཡིད་ཀྱི་སྒོ་ནས་བསགས་པ་ཡི༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན༔ རྗེས་ལྷག་མེད་པར་དག་ནས་ཀྱང༔ ཡེ་ཤེས་རང་མདངས་རྒྱས་གྱུར་ཅིག༔ ཡི་གེ་བརྒྱ་པའི་མཐར༔ སརྦ་པཱ་པཾ་དུརྒྷ་དུཿཁ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ སངས་རྒྱས་རིགས་ཀྱིས་བྱིན་བརླབས་པའི༔ ཆོས་དབྱིངས་ཡེ་ཤེས་ཆུ་རྒྱུན་གྱིས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ གཏི་མུག་སྒྲིབ་པ་དག་གྱུར་ཅིག༔ ཨོཾ་བུདྡྷ་སཏྭ་ས་མ་ཡ་སོགས་བརྗོད་མཐར༔ ཨོཾ་སརྦ་པཱ་པཾ་ཏ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྡོ་རྗེ་རིགས་ཀྱིས་བྱིན་བརླབས་པའི༔ མེ་ལོང་ཡེ་ཤེས་ཆུ་རྒྱུན་གྱིས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ཞེ་སྡང་སྒྲིབ་པ་དག་གྱུར་ཅིག༔ ཧཱུྃ་བཛྲ་སཏྭ་ས་མ་ཡ་སོགས་བརྗོད་མཐར༔ ཨོཾ་སརྦ་པཱ་པཾ་ཏ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ རིན་ཆེན་རིགས་ཀྱི་བྱིན་བརླབས་པའི༔ མཉམ་ཉིད་ཡེ་ཤེས་ཆུ་རྒྱུན་གྱིས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ང་རྒྱལ་སྒྲིབ་པ་དག་གྱུར་ཅིག༔ སྭཱ་རཏྣ་སཏྭ་ས་མ་ཡ་སོགས་བརྗོད་མཐར༔ ཨོཾ་སརྦ་པཱ་པཾ་ཏ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ པདྨ་རིགས་ཀྱིས་བྱིན་བརླབས་པའི༔ སོར་རྟོག་ཡེ་ཤེས་ཆུ་རྒྱུན་གྱིས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ འདོད་ཆགས་སྒྲིབ་པ་དག་གྱུར་ཅིག༔ ཨཱཾཿཔདྨ་སཏྭ་ས་མ་ཡ་སོགས་བརྗོད་མཐར༔ ཨོཾ་སརྦ་པཱ་པཾ་ཏ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ ལས་ཀྱི་རིགས་ཀྱིས་བྱིན་བརླབས་པའི༔ བྱ་གྲུབ་ཡེ་ཤེས་ཆུ་རྒྱུན་གྱིས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ཕྲག་དོག་སྒྲིབ་པ་དག་གྱུར་ཅིག༔ ཧཱཿཀརྨ་སཏྭ་ས་མ་ཡ་སོགས་བརྗོད་མཐར༔ ཨོཾ་སརྦ་པཱ་པསརྦ་པཱ་པཾ་ཏ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ ཧཱུྃ༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི༔ བྱིན་གྱིས་བརླབས་པའི་ཡེ་ཤེས་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ སྒྲིབ་གཉིས་བག་ཆགས་དྲི་མ་ཀུན༔ མེ་ལོང་བཞིན་དུ་དག་ནས་ཀྱང་༔ ཤེལ་སྒོང་བཞིན་དུ་གསལ་གྱུར་ཅིག༔ ཡེ་ཤེས་རང་མདངས་རྒྱས་གྱུར་ཅིག༔ ཨོཾ་ཨཱཿཧཱུྃ་བྷོ་དྷི་ཙིཏྟ་མ་ཧཱ་སོགས༔ ཧཱུྃ་བྷྱོ་ཧཱུྃ༔ ཨོཾ་སརྦ་པཱ་པཾ་ཏ་ཤུདྡྷེ་ཤུདྡྷེ་བི་ཤུདྡྷེ་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་མཆོག་གསུམ་བདེན་པས་དུག་སྦྱངས་ནི༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་ཚེ་འདས་དུག་གསུམ་སྟེ༔ བཅོམ་ལྡན་སངས་རྒྱས་དུག་མི་མངའ༔ སངས་རྒྱས་བདེན་པས་དུག་བཅོམ་མོ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་ཚེ་འདས་དུག་གསུམ་སྟེ༔ བཅོམ་ལྡན་དམ་ཆོས་དུག་མི་མངའ༔ དམ་ཆོས་བདེན་པས་དུག་བཅོམ་མོ༔ འདོད་ཆགས་ཞེ་སྡང་གཏི་མུག་གསུམ༔ འདི་དག་ཚེ་འདས་དུག་གསུམ་སྟེ༔ བཅོམ་ལྡན་དགེ་འདུན་དུག་མི་མངའ༔ དགེ་བདུན་བདེན་པས་དུག་བཅོམ་མོ༔ རྩ་སྔགས་མཐར༔ ཧ་ལ་པཉྩ་ཨ་པ་ན་ཡེ་སྭཱ་ཧཱ༔ དེ་ནས་འབྱུང་བཞིའི་དུག་ཕྲལ་ནི༔ ས་ནི་དུག་གི་ཕ་ཡིན་ཏེ༔ ས་ནི་དུག་གི་མ་ཡང་ཡིན༔ དཀོན་མཆོག་གསུམ་གྱི་བདེན་པའི་མཐུས༔ དུག་གསུམ་ས་ཡི་ནང་དུ་སོང་༔ ཨོཾ་ལཾ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨཱ་སྭཱ་ཧཱ༔ ཆུ་འདི་དུག་གི་ཕ་ཡིན་ཏེ༔ ཆུ་འདི་དུག་གི་མ་ཡང་ཡིན༔ དཀོན་མཆོག་གསུམ་གྱི་བདེན་པའི་མཐུས༔ དུག་གསུམ་ཆུ་ཡི་ནང་དུ་སོང་༔ ཨོཾ་བཾ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨཱ་སྭཱ་ཧཱ༔ མེ་ནི་དུག་གི་ཕ་ཡིན་ཏེ༔ མེ་ནི་དུག་གི་མ་ཡང་ཡིན༔ དཀོན་མཆོག་གསུམ་གྱི་བདེན་པའི་མཐུས༔ དུག་གསུམ་མེ་ཡི་ནང་དུ་སོང་༔ ཨོཾ་རཾ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨཱ་སྭཱ་ཧཱ༔ རླུང་ནི་དུག་གི་ཕ་ཡིན་ཏེ༔ རླུང་ནི་དུག་གི་མ་ཡང་ཡིན༔ དཀོན་མཆོག་གསུམ་གྱི་བདེན་པའི་མཐུས༔ དུག་གསུམ་རླུང་གི་ནང་དུ་སོང་༔ ཨོཾ་ཡཾ་ཧོ་ཤུདྡྷེ་ཤུདྡྷེ་ཨ་ཨཱ་སྭཱ་ཧཱ༔ དེ་ནས་རིགས་དྲུག་གི་བག་ཆགས་སྦྱོང་བ་ལ༔ དམྱལ་བའི་གནས་ནས་འདྲེན་པ་ནི༔ ཧཱུྃ༔ བསྐལ་པ་སྐད་ཅིག་ལ་བསྒྱུར་བའི༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ ཚ་གྲང་དམྱལ་བའི་འཇིག་རྟེན་འཕྲུལ༔ དབང་ཕྱུག་ཆོས་ཀྱི་རྒྱལ་པོ་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་འབུལ༔ ཚེ་འདས་ཐར་པའི་ལམ་དུ་དྲོངས༔ ཨོཾ་མུ་ནེ་ཡེ་སྭཱ་ཧཱ༔ བཛྲ་ནཻ་ཝིདྱ་པཱུ་ཛ་ཧོཿ དེ་ནས་ལན་ཆགས་བསྔོ་ཞིང་གཤེད་བྲལ་ནི༔ ཧཱུྃ༔ ཚེ་འདས་དམྱལ་བར་འཆིང་བྱེད་བགེགས༔ ལོག་པར་འདྲེན་པའི་ཚོགས་རྣམས་ལ༔ འདོད་ཡོན་ལྔ་ལྡན་གཏོར་མ་བསྔོ༔ ཚིམ་ནས་གཞན་དུ་འགྲོ་བར་གྱིས༔ མཚན་བཞིའི་སྔགས་བརྗོད་མཐར༔ སརྦ་བིགྷྣཱན་གཙྪ་ཕཊ༔ དེ་ནས་ཁྲུས་ལུང་ནི༔ ཧཱུྃ༔ འདི་ནི་བཟོད་པའི་རང་བཞིན་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ཞེ་སྡང་སྒྲིབ་པ་རྣམ་དག་ནས༔ ཚ་གྲང་སྡུག་བསྔལ་དག་གྱུར་ཅིག༔ ཧཱུྃ་བཛྲ་སཏྭ་ཧཱུྃ༔ སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ཚེ་ལུང་ནི༔ ཧཱུྃ༔ བདག་མདུན་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་པའི་མེ་ལྟར་འཕྲོས༔ དམྱལ་བའི་གནས་ཡུལ་བག་ཆགས་དང་༔ རྒྱུ་རྐྱེན་རྟེན་འབྲེལ་ས་བོན་བཅས༔ སྤུ་ཤད་མེ་ལ་བསྲེགས་བཞིན་གྱུར༔ དུཿད་ཧ་ད་ཧ་སརྦ་ན་ར་ཀ་ག་ཏེ་ཧེ་ཏུཾ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དེ་ནས་ཡི་དྭགས་ཀྱི་གནས་ནས་འདྲེན་ཚུལ་ནི༔ ཧཱུྃ༔ བསྐལ་པ་སྐད་ཅིག་ལ་བསྒྱུར་བའི༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ ཡི་དྭགས་གནས་དང་ཡུལ་སྣང་འཕྲུལ༔ དབང་ཕྱུག་ཁ་འབར་དཱེ་བ་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་འབུལ༔ ཚེ་འདས་ཐར་པའི་ལམ་དུ་དྲོངས༔ ཨོཾ་མུ་ནེ་སྲུཾ་སྭཱ་ཧཱ༔ བཛྲ་ནཻ་ཝིདྱ་པཱུ་ཛ་ ཧོཿ དེ་ནས་ལན་ཆགས་བསྔོ་ཞིང་གཤེད་བྲལ་ནི༔ ཧཱུྃ༔ ཚེ་འདས་ཡི་དྭགས་འཆིང་བྱེད་བགེགས༔ ལོག་པར་འདྲེན་པའི་ཚོགས་རྣམས་ལ༔ འདོད་ཡོན་ལྔ་ལྡན་གཏོར་མ་བསྔོ༔ ཚིམ་ནས་གཞན་དུ་འགྲོ་བར་གྱིས༔ མཚན་བཞིའི་སྔགས་བརྗོད་མཐར༔ སརྦ་བིགྷྣཱན་གཙྪ་ཕཊ༔ དེ་ནས་ཁྲུས་ལུང་བྱ་བ་ནི༔ ཧཱུྃ༔ འདི་ནི་སྦྱིན་པའི་རང་བཞིན་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ སེར་སྣའི་སྒྲིབ་པ་རྣམ་དག་ཅིང་༔ བཀྲེས་སྒོམ་སྡུག་བསྔལ་དག་གྱུར་ཅིག༔ ཨཱཾཿཔདྨ་སཏྭ་ཧཱུྃ༔ སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ཚེ་ལུང་བྱ་བ་ནི༔ ཧཱུྃ༔ བདག་མདུན་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་པའི་མེ་ལྟར་འཕྲོས༔ ཡི་དྭགས་གནས་ཡུལ་བག་ཆགས་དང་༔ རྒྱུ་རྐྱེན་རྟེན་འབྲེལ་ས་བོན་བཅས༔ སྤུ་ཤད་མེ་ལ་བསྲེགས་བཞིན་གྱུར༔ པྲེཿཔ་ཙ་པ་་་ཙ་སརྦ་པྲེ་ཏ་ཀ་ག་ཏེ་ཧེ་ཏུཾ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དེ་ནས་དུད་འགྲོའི་གནས་ནས་འདྲེན་ཚུལ་ནི༔ ཧཱུྃ༔ བསྐལ་པ་སྐད་ཅིག་ལ་བསྒྱུར་བའི༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ དུད་འགྲོའི་གནས་དང་ཡུལ་སྣང་འཕྲུལ༔ དབང་ཕྱུག་སེང་གེ་རབ་བརྟན་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་འབུལ༔ ཚེ་འདས་ཐར་པའི་ལམ་དུ་དྲོངས༔ ཨོཾ་མུ་ནེ་ཀྵཾ་སྭཱ་ཧཱ༔ བཛྲ་ནཻ་ཝིདྱ་པཱུ་ཛ་ ཧོཿ དེ་ནས་ལན་ཆགས་བསྔོ་ཞིང་གཤེད་བྲལ་ནི༔ ཧཱུྃ༔ ཚེ་འདས་དུད་འགྲོ་འཆིང་བྱེད་བགེགས༔ ལོག་པར་འདྲེན་པའི་ཚོགས་རྣམས་ལ༔ འདོད་ཡོན་ལྔ་ལྡན་གཏོར་མ་བསྔོ༔ ཚིམ་ནས་གཞན་དུ་འགྲོ་བར་གྱིས༔ མཚན་བཞིའི་སྔགས་བརྗོད་མཐར༔ སརྦ་བིགྷྣཱན་གཙྪ་ཕཊ༔ དེ་ནས་ཁྲུས་ལུང་བྱ་བ་ནི༔ ཧཱུྃ༔ འདི་ནི་ཤེས་རབ་རང་བཞིན་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ གཏི་མུག་སྒྲིབ་པ་རྣམ་དག་ནས༔ བླུན་རྨོངས་སྡུག་བསྔལ་དག་གྱུར་ཅིག༔ ཨོཾ་བུདྡྷ་སཏྭ་ཧཱུྃ༔ སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ཚེ་ལུང་བྱ་བ་ནི༔ ཧཱུྃ༔ བདག་མདུན་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་པའི་མེ་ལྟར་འཕྲོས༔ དུད་འགྲོའི་གནས་ཡུལ་བག་ཆགས་དང་༔ རྒྱུ་རྐྱེན་རྟེན་འབྲེལ་ས་བོན་བཅས༔ སྤུ་ཤད་མེ་ལ་བསྲེགས་བཞིན་གྱུར༔ ཏྲིཿམ་ཐ་མ་ཐ་སརྦ་ཏིར་ཡ་ག་ཏེ་ཧེ་ཏུཾ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དེ་ནས་ལྷ་མིན་གནས་ནས་འདྲེན་ཚུལ་ནི༔ ཧཱུྃ༔ བསྐལ་པ་སྐད་ཅིག་ལ་བསྒྱུར་བའི༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ ལྷ་མིན་གནས་དང་ཡུལ་སྣང་འཕྲུལ༔ དབང་ཕྱུག་ཐག་བཟང་རིས་མཆོག་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་འབུལ༔ ཚེ་འདས་ཐར་པའི་ལམ་དུ་དྲོངས༔ ཨོཾ་མུ་ནེ་ཏྲུཾ་སྭཱ་ཧཱ༔ བཛྲ་ནཻ་ཝིདྱ་པཱུ་ཛ་ཧོཿ དེ་ནས་ལན་ཆགས་བསྔོ་ཞིང་གཤེད་བྲལ་ནི༔ ཧཱུྃ༔ ཚེ་འདས་ལྷ་མིན་འཆིང་བྱེད་བགེགས༔ ལོག་པར་འདྲེན་པའི་ཚོགས་རྣམས་ལ༔ འདོད་ཡོན་ལྔ་ལྡན་གཏོར་མ་བསྔོ༔ ཚིམ་ནས་གཞན་དུ་འགྲོ་བར་གྱིས༔ མཚན་བཞིའི་སྔགས་བརྗོད་མཐར༔ སརྦ་བིགྷྣཱན་གཙྪ་ཕཊ༔ དེ་ནས་ཁྲུས་ལུང་བྱ་བ་ནི༔ ཧཱུྃ༔ འདི་ནི་བསམ་གཏན་རང་བཞིན་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ཕྲག་དོག་སྒྲིབ་པ་རྣམ་དག་ཅིང་༔ འཐབ་རྩོད་སྡུག་བསྔལ་དག་གྱུར་ཅིག༔ ཧཱ་ཀརྨ་སཏྭ་ཧཱུྃ༔ སརྦ་པ་པཱཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ཚེ་ལུང་བྱ་བ་ནི༔ ཧཱུྃ༔ བདག་མདུན་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་པའི་མེ་ལྟར་འཕྲོས༔ ལྷ་མིན་གནས་ཡུལ་བག་ཆགས་དང་༔ རྒྱུ་རྐྱེན་རྟེན་འབྲེལ་ས་བོན་བཅས༔ སྤུ་ཤད་མེ་ལ་བསྲེགས་བཞིན་གྱུར༔ སུཿསརྦ་བྷི་དན་ཁད་ཁ་ཚིནྡྷ་ཚིནྡྷ་ཧེ་ཏུཾ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དེ་ནས་ལྷའི་གནས་ནས་འདྲེན་ཚུལ་ནི༔ ཧཱུྃ༔ བསྐལ་པ་སྐད་ཅིག་ལ་བསྒྱུར་བའི༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ ལྷ་ཡི་གནས་དང་ཡུལ་སྣང་འཕྲུལ༔ དབང་ཕྱུག་ལྷ་དབང་བརྒྱ་བྱིན་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་མཆོད་པའི་སྤྲིན་ཕུང་འབུལ༔ ཚེ་འདས་ཐར་པའི་ལམ་དུ་དྲོངས༔ ཨོཾ་མུ་ནེ་བྲེཾ་སྭཱ་ཧཱ༔ བཛྲ་ནཻ་ཝིདྱ་པཱུ་ཛ་ ཧོཿ དེ་ནས་ལན་ཆགས་བསྔོ་ཞིང་གཤེད་བྲལ་ནི༔ ཧཱུྃ༔ ཚེ་འདས་ལྷ་རུ་འཆིང་བྱེད་བགེགས༔ ལོག་པར་འདྲེན་པའི་ཚོགས་རྣམས་ལ༔ འདོད་ཡོན་ལྔ་ལྡན་གཏོར་མ་བསྔོ༔ ཚིམ་ནས་གཞན་དུ་འགྲོ་བར་གྱིས༔ མཚན་བཞིའི་སྔགས་བརྗོད་མཐར༔ སརྦ་བིགྷྣཱན་གཙྪ་ཕཊ༔ དེ་ནས་ཁྲུས་ལུང་བྱ་བ་ནི༔ ཧཱུྃ༔ འདི་ནི་བརྩོན་འགྲུས་རང་བཞིན་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ ང་རྒྱལ་སྒྲིབ་པ་རྣམ་དག་ནས༔ ཕམ་ལྟུང་སྡུག་བསྔལ་དག་གྱུར་ཅིག༔ སྭཱཿརཏྣ་སཏྭ་ཧཱུྃ༔ སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ཚེ་ལུང་བྱ་བ་ནི༔ ཧཱུྃ༔ བདག་མདུན་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་པའི་མེ་ལྟར་འཕྲོས༔ ལྷ་ཡི་གནས་ཡུལ་བག་ཆགས་དང་༔ རྒྱུ་རྐྱེན་རྟེན་འབྲེལ་ས་བོན་བཅས༔ སྤུ་ཤད་མེ་ལ་བསྲེགས་བཞིན་གྱུར༔ ཨཿསརྦ་པ་ར་མི་ཏཾ་ཁདྒ་ཚིནྡྷ་ཚིནྡྷ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དེ་ནས་མི་ཡི་གནས་ནས་འདྲེན་ཚུལ་ནི༔ ཧཱུྃ༔ བསྐལ་པ་སྐད་ཅིག་ལ་བསྒྱུར་བའི༔ སྒྱུ་མ་ལྟ་བུའི་ཏིང་འཛིན་གྱིས༔ མི་ཡི་གནས་ཡུལ་སྣང་བ་འཕྲུལ༔ ཀྱེ་ཧོ་ཚེ་འདས་རིགས་ཀྱི་བུ༔ ཁམས་གསུམ་འཁོར་བའི་གནས་རིགས་ཀུན༔ མ་རིག་གསུམ་གྱི་ཁྲི་མུན་དུ༔ སྡུག་བསྔལ་གསུམ་གྱི་ལྕགས་སྒྲོག་གིས༔ མ་བཅིང་སུ་ཡང་ཡོད་མ་ཡིན༔ དེ་དག་རང་བྱས་ལས་འབྲས་ཏེ༔ རྨི་ལམ་སྒྱུ་མའི་སྣང་བ་དང་༔ ཐོ་ཡོར་མི་དང་ཐག་ཁྲར་སྦྲུལ༔ འཁྲུལ་པའི་སྣང་ངོར་ཤར་བ་བཞིན༔ རང་སྣང་སྟོང་པའི་གཟུགས་བརྙན་ལ༔ བདེན་འཛིན་དངོས་ཞེན་འཐས་པ་ལས༔ མ་མྱོང་མྱོང་བར་སྣང་བ་དང་༔ མ་འགྲུབ་འཁྲུལ་པའི་སྣང་བ་ལ༔ ཡུལ་དང་ཁང་ཁྱིམ་ནོར་རྫས་དང་༔ གྲོགས་དང་མཛའ་བཤེས་བུ་ཆུང་མ༔ རྨི་ལམ་སྒྱུ་མའི་སྐྱེས་བུ་བཞིན༔ མི་རྟག་འགྱུར་བའི་ཆོས་ཅན་ལས༔ དངོས་མཚན་བདེན་པར་གྲུབ་པ་དང་༔ རྟག་པར་གནས་པ་གཅིག་ཀྱང་མེད༔ སྣང་བ་སྒྱུ་མའི་གྲོང་ཁྱེར་དུ༔ ཤེས་ནས་མཛའ་བཤེས་འཁྲི་བ་ཆོད༔ འཁོར་འདས་ས་མཚམས་བར་མ་དོ༔ སྣང་བ་འདུན་པས་བསྒྱུར་ཙམ་གྱིས༔ ཇི་ལྟར་ཡིད་ལ་བྱས་པ་བཞིན༔ དེ་ལྟར་སྣང་ཞིང་དེ་ཉིད་དུ༔ ས་ཟིན་ཙམ་ནས་དེར་བརྟན་ཐོབ༔ བདག་ཅག་རྣམ་ཀྱིས་བརྗོད་པའི་ཚིག༔ དཔྱོད་ལ་དེ་བཞིན་ཡིད་བྱེད་མཛོད༔ དེ་ནས་ཚོགས་བསགས་པ་ལ༔ ཧཱུྃ༔ དབང་ཕྱུག་ཤཀྱ་ཐུབ་པ་ལ༔ དྲི་མེད་དག་པའི་ཞལ་ཟས་དང་༔ འདོད་ཡོན་མཆོད་པའི་སྤྲིིན་ཕུང་འབུལ༔ ཚེ་འདས་ཐར་པའི་ལམ་དུ་དྲོངས༔ ཨོཾ་མུ་ནེ་ཀྲེཾ་སྭཱ་ཧཱ༔ བཛྲ་ནཻ་ཝིདྱ་པཱུ་ཛ་ཧོཿ དེ་ནས་ལན་ཆགས་བསྔོ་ཞིང་གཤེད་བྲལ་ནི༔ ཧཱུྃ༔ ཚེ་འདས་མི་རུ་འཆིང་བྱེད་བགེགས༔ ལོག་པར་འདྲེན་པའི་ཚོགས་རྣམས་ལ༔ འདོད་ཡོན་ལྔ་ལྡན་གཏོར་མ་བསྔོ༔ ཚིམ་ནས་གཞན་དུ་འགྲོ་བར་གྱིས༔ མཚན་བཞིའི་སྔགས་བརྗོད་མཐར༔ སརྦ་བིགྷྣཱན་གཙྪ་ཕཊ༔ དེ་ནས་ཁྲུས་ལུང་བྱ་བ་ནི༔ ཧཱུྃ༔ འདི་ནི་ཚུལ་ཁྲིམས་རང་བཞིན་ཆུས༔ ཚེ་འདས་འདི་ལ་ཁྲུས་བགྱིས་པས༔ སྒྲིབ་གཉིས་དྲི་མ་རྣམ་དག་ནས༔ འགྱུར་བའི་སྡུག་བསྔལ་ཀུན་དག་ཤོག༔ རྩ་སྔགས་མཐར༔ སརྦ་པཱ་པཾ་ད་ཧ་ན་ཤཱནྟིཾ་ཀུ་རུ་ཡེ་སྭཱ་ཧཱ༔ དེ་ནས་ཚེ་ལུང་བྱ་བ་ནི༔ ཧཱུྃ༔ བདག་མདུན་ལྷ་ཡི་ཐུགས་ཀ་ནས༔ འོད་ཕུང་བསྐལ་པའི་མེ་ལྟར་འཕྲོས༔ མི་ཡི་གནས་ཡུལ་བག་ཆགས་དང་༔ རྒྱུ་རྐྱེན་རྟེན་འབྲེལ་ས་བོན་བཅས༔ སྤུ་ཤད་མེ་ལ་བསྲེགས་བཞིན་གྱུར༔ ནྲྀཿསརྦ་བཱི་ཤ་མུ་ཥ་ཚིནྡྷ་ཚིནྡྷ་ཛྭ་ལ་རཾ་པ་ཡེ་སྭཱ་ཧཱ༔ དེ་ནས་ལྷའི་དལ་དུ་འཇུག་པ་ནི༔ ཧཱུྃ༔ སྐད་ཅིག་སྣང་བ་གནས་གྱུར་ཏེ༔ རང་སྣང་ལྷུན་གྲུབ་བདེ་བ་ཅན༔ ཞི་ཁྲོ་སྒྱུ་འཕྲུལ་རོལ་པའི་ལྷར༔ བཀོད་པ་ཡོངས་རྫོགས་གཞལ་ཡས་ཀྱི༔ ཤར་སྒོར་པདྨ་ཟླ་གདན་ལ༔ གཞོན་ནུ་ལོ་བརྒྱད་རྣམ་པ་ཡི༔ ལག་གཉིས་ཐལ་སྦྱར་པུས་བཙུགས་ཤིང་༔ ལྷ་ལ་མཇལ་བའི་གདུང་སེམས་ཀྱིས༔ སྙན་པའི་དབྱངས་ཀྱིས་འདི་སྐད་བརྗོད༔ ཀྱཻ༔ དཀྱིལ་འཁོར་ཆེན་པོའི་ཕྱོགས་བཞིའི་སྒོ༔ ཉོན་ཤེས་སྒྲིབ་པས་བཅད་ལགས་ན༔ ཡེ་ཤེས་སྒོ་མ་ཆེན་མོ་བཞིས༔ ཚད་མེད་བཞི་ཡི་ཕྲིན་ལས་ཀྱིས༔ རང་སྣང་དག་པའི་སྒོ་ཕྱེས་ཤིག༔ བདག་ནི་དད་པས་འཇུག་ལགས་སོ༔ བཛྲ་པྲ་ཝེ་ཤ་ཡ་ཕཊ༔ སྡིག་པ་བཤགས་ཤིང་སྡོམ་བཟུང་ནི༔ ཧཱུྃ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་རྩལ༔ གང་འདུལ་ཐབས་ཀྱི་འགྲོ་དོན་མཛད༔ སྣ་ཚོགས་གར་གྱི་རྣམ་རོལ་པ༔ ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་ལྷར༔ མི་ཕྱེད་དད་པས་ཕྱག་འཚལ་ཞིང་༔ སྐྱབས་སུ་མཆིའོ་བྱིན་གྱིས་རློབས༔ རྒྱལ་བ་ཞི་ཁྲོའི་སྤྱན་སྔ་རུ༔ ཚེ་རབས་བསགས་པའི་སྒྲིབ་པ་བཤགས༔ སླད་ཆད་མི་བགྱིད་སྡོམ་ལགས་སོ༔ སོ་ཐར་བྱང་སེམས་གསང་སྔགས་ཀྱི༔ སྡོམ་གསུམ་རིམ་པར་བཟུང་བགྱིད་དོ༔ ཡང་དག་ལམ་ལ་འཇུག་བགྱིད་དོ༔ དེ་ནས་སློབ་མ་ལྷར་བསྐྱེད་ཅིང་ཡེ་ཤེས་པ་དབབ་པ་ནི༔ ཧཱུྃ༔ སྐད་ཅིག་པདྨ་ཟླ་གདན་ལ༔ གུ་རུ་མཚོ་སྐྱེས་རྡོ་རྗེའི་སྐུ༔ མཐིང་གསལ་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ གཅེར་བུ་རྒྱན་མེད་མཚན་དཔེས་སྤྲས༔ རྡོ་རྗེ་ཕུང་པོའི་གྲོང་ཁྱེར་དུ༔ ཞི་ཁྲོ་སྒྱུ་འཕྲུལ་རོལ་པའི་ལྷ༔ ཏིལ་གྱི་གོང་བུ་ཕྱུར་བཞིན་གསལ༔ གནས་གསུམ་རྡོ་རྗེའི་སྙིང་པོ་ལས༔ འོད་དང་འོད་ཟེར་རབ་འཕྲོས་པས༔ ལྷུན་གྲུབ་བདེ་ཆེན་གཞལ་ཡས་ནས༔ ཡེ་ཤེས་དཔག་མེད་སྤྱན་དྲངས་བསྟིམ༔ རྩ་སྔགས་མཐར༔ བཛྲ་ས་མ་ཡ་ཛ་ཛཿཨ་ཝེ་ཤ་ཡ་ཕེཾ་ཕེཾ༔ ཏིཥྛ་བཛྲ༔ དེ་ནས་བུམ་དབང་ནི༔ ཧཱུྃ༔ བུམ་པ་སྤྲོས་བྲལ་གཞལ་ཡས་སུ༔ བདེ་གཤེགས་སྐུ་ཡི་དཀྱིལ་འཁོར་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ལུས་ཀྱི་སྒྲིབ་པ་ཀུན་དག་ནས༔ བུམ་པ་སྐུ་ཡི་དབང་རྫོགས་ཤོག༔ རྩ་སྔགས་མཐར༔ ཀཱ་ཡ་ཨ་བྷི་ཥིཉྩ་ཨོཾ༔ དེ་ནས་གསང་དབང་ནི༔ ཧཱུྃ༔ ཡེ་ཤེས་དབྱིངས་ཀྱི་ཀ་པཱ་ལར༔ བདེ་གཤེགས་གསུང་གི་བདུད་རྩི་འཁྱིལ༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ངག་གི་སྒྲིབ་པ་ཀུན་དག་ནས༔ གསང་བ་གསུང་གི་དབང་རྫོགས་ཤོག༔ རྩ་སྔགས་མཐར༔ ཝཱཀ་ཨ་བྷིཉྩ་ཨཱཿདེ་ནས་ཤེར་དབང་ནི༔ ཧཱུྃ༔ ཀུན་ནས་ཟླུམ་པོ་ཐིག་ལེ་ཆེ༔ བདེ་གཤེགས་ཐུགས་ཀྱི་གསང་བ་རྫོགས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ ཡིད་ཀྱི་སྒྲིབ་པ་ཀུན་དག་ནས༔ ཤེས་རབ་ཡེ་ཤེས་དབང་རྫོགས་ཤོག༔ རྩ་སྔགས་མཐར༔ ཙིཏྟ་ཨ་བྷི་ཥིཉྩ་ཧཱུྃ༔ དེ་ནས་ཚིག་དབང་ནི༔ ཧཱུྃ༔ ཤེལ་མིག་སྦྱར་བ་འདི་ལ་ལྟོས༔ འོད་ལྔ་ཡེ་ཤེས་ལྔ་ཡི་མདངས༔ སྐལ་ལྡན་ཁྱོད་ལ་དབང་བསྐུར་བས༔ སྒྲིབ་གཉིས་བག་ཆགས་ཀུན་དག་ནས༔ མཚན་མ་ཚིག་བྲལ་དབང་རྫོགས་ཤོག༔ རྩ་སྔགས་མཐར༔ སརྦ་ཨ་བྷི་ཥིཉྩ་ཧོཿ དེ་ནས་འདོད་ཡོན་བྱིན་གྱིས་བརླབ་པ་ནི༔ ཨོཾ་སྭ་བྷཱ་ཝ༴ སྟོང་པ་ཉིད་དུ་གྱུར༔ སྟོང་པའི་ངང་ལས་རིན་པོ་ཆེའི་སྣོད་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཨོཾ་ཨཱཿཧཱུྃ་གསུམ་འོད་དུ་ཞུ་བ་ལས་བྱུང་བའི་འདོད་ཡོན་གྱི་ངོ་བོ་གཟུགས་མཛེས་པ༔ སྒྲ་སྙན་པ༔ དྲི་ཞིམ་པ༔ རོ་མངར་བ༔ རེག་བྱ་འཇམ་པ་ལ༔ འདོད་རྒུའི་དཔལ་ཡོན་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ༔ ཟད་མི་ཤེས་པའི་གཏེར་ཆེན་པོ་ནམ་མཁའི་མཐའ་དང་མཉམ་པར་གྱུར༔ ན་མཿསརྦ་ཏ་ཐཱ་ག་ཏ་བྷྱོ་བི་ཤྭ་སོགས་ཁཾ་སྭཱ་ཧཱ༔ ལན་བདུན་དང༔ ཨོཾ་ཨ་ཀཱ་རོ་སོགས་མཚན་བཞིའི་སྔགས་ལན་གསུམ་བརྗོད་ལ༔ ཧཱུྃ༔ འཇམ་པའི་དབྱངས་ཀྱི་ཤེས་རབ་དང་༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་དང་༔ ཕྱག་ན་རྡོ་རྗེའི་མཐུ་སྟོབས་དང་༔ ཀུན་ཏུ་བཟང་པོའི་སྒྱུ་འཕྲུལ་མཐུས༔ འདོད་ཡོན་རྒྱན་གྱི་འཁོར་ལོ་ཡིས༔ ཁམས་གསུམ་སེམས་ཅན་སྤྱི་དང་ནི༔ ཚེ་ལས་འདས་པའི་སྣང་ཡུལ་དུ༔ ཡིད་ལ་གང་བསམ་འབྱུང་འགྱུར་ཏེ༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ བཛྲ་སྥ་ར་ཎ་ཁཾ་ཨོཾ་ཨཱཿཧཱུྃ༔ དེ་ནས་འདོད་ཡོན་རྣམས་རིམ་བཞིན་ལག་ཏུ་ཐོགས་ལ་བསྔོ་བ་ནི༔ ཧཱུྃ༔ ཚེ་འདས་མིག་གི་དབང་པོའི་སྤྱོད་ཡུལ་དུ༔ མཛེས་སྡུག་གཟུགས་ཀྱི་བྱེ་བྲག་ཇི་སྙེད་པ༔ འདོད་རྒུའི་ཡོན་ཏན་ཕུན་ཚོགས་འབྱུང་འགྱུར་ཏེ༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་སརྦ་རཱུ་པ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཚེ་འདས་རྣ་བའི་དབང་པོའི་སྤྱོད་ཡུལ་དུ༔ སྒྲ་སྙན་ཚིག་གི་བྱེ་བྲག་ཇི་སྙེད་པ༔ འདོད་རྒུའི་ཡོན་ཏན་ཕུན་ཚོགས་འབྱུང་འགྱུར་ཏེ༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་སརྦ་ཤཔྡ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཚེ་འདས་སྣ་ཡི་དབང་པོའི་སྤྱོད་ཡུལ་དུ༔ དྲི་ཞིམ་ངད་ལྡན་བྱེ་བྲག་ཇི་སྙེད་པ༔ འདོད་རྒུའི་ཡོན་ཏན་ཕུན་ཚོགས་འབྱུང་འགྱུར་ཏེ༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་སརྦ་གནྡྷེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཚེ་འདས་ལྕེ་ཡི་དབང་པོའི་སྤྱོད་ཡུལ་དུ༔ རོ་ནུས་བཅུད་ལྡན་བཟའ་བཏུང་བྱེ་བྲག་པ༔ འདོད་རྒུའི་ཡོན་ཏན་ཕུན་ཚོགས་འབྱུང་འགྱུར་ཏེ༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་སརྦ་རཱ་ས་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཚེ་འདས་ལུས་ཀྱི་དབང་པོའི་སྤྱོད་ཡུལ་དུ༔ མཛེས་འཇམ་སྲབ་ཡངས་རེག་བྱའི་རིགས་བྱེད་པ༔ འདོད་རྒུའི་ཡོན་ཏན་ཕུན་ཚོགས་འབྱུང་འགྱུར་ཏེ༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་སརྦ་སྤཪྴེ་པྲ་ཏཱིཙྪ་ཡེ་སྭཱ་ཧཱ༔ ཧཱུྃ༔ ཚེ་འདས་ཡིད་ཀྱི་དབང་པོའི་སྤྱོད་ཡུལ་དུ༔ སྣ་ཚོགས་ཆོས་ཀྱི་བྱེ་བྲག་ཇི་སྙེད་པ༔ འདོད་རྒུའི་ཡོན་ཏན་ཕུན་ཚོགས་འབྱུང་འགྱུར་ཏེ༔ ཟག་མེད་བདེ་བ་ཆེན་པོའི་དཔལ་ཐོབ་ཤོག༔ ཨོཾ་སརྦ་དྷརྨ་པྲ་ཏིཙྪ་ཡེ་སྭཱ་ཧཱ༔ དེ་ནས་སྣང་གསལ་བསྔོ་བ་ནི༔ ཧཱུྃ༔ མ་རིག་མུན་སེལ་སྒྲོན་མེ་འདི༔ ངོ་བོ་སྟོང་ལ་རང་བཞིན་གསལ༔ ཐུགས་རྗེའི་འོད་གདངས་ཕྱོགས་བཅུར་ཁྱབ༔ ཡེ་ཤེས་ལྔ་ཡི་མདངས་དང་ལྡན༔ སྤྱན་རས་གཟིགས་ཀྱི་ཐུགས་རྗེ་ཡིས༔ ཚེ་འདས་ཁྱོད་ལ་བསྔོས་པ་ཡིས༔ མ་རིག་མུན་པ་དྲུང་འབྱིན་ནས༔ ཡེ་ཤེས་རང་མདངས་མངོན་གྱུར་ཤོག༔ ཨོཾ་བཛྲ་དྷརྨ་ཨཱ་ལོ་ཀེ་ཨཱཿཧཱུྃ༔ དེ་ནས་ཡོན་འབུལ་བྱ་བ་ནི༔ ཧཱུྃ༔ བཀོད་པ་ལྷུན་གྲུབ་གཞལ་ཡས་ན༔ རྒྱལ་བ་ཞི་ཁྲོ་རབ་འབྱམས་ལ༔ ཚེ་འདས་ཕུང་ཁམས་སྐྱེ་མཆེད་དང་༔ མ་དག་འཁྲུལ་པའི་རྒྱུན་རྐྱེན་ལས༔ རྟེན་འབྲེལ་ཆོས་ཁམས་རྒྱ་མཚོ་ཀུན༔ ཡོན་དུ་འབུལ་ལོ་ཡོངས་བཞེས་ལ༔ ཐར་པ་ཆེན་པོའི་ས་ལམ་དུ༔ དྲོངས་ལ་རྣམ་མཁྱེན་ཡེ་ཤེས་ཀྱི༔ རང་ངོ་སྤྲོད་ལ་མངོན་གྱུར་མཛོད༔ སརྦ་དྷརྨ་པཱུ་ཛ་ཧོཿ དྷརྨ་དྷརྟུ་ཛྙཱ་ན་ཨ༔ དེ་ནས་ཡུལ་བསྐྱེད་པ་ནི༔ ཧཱུྃ༔ རང་སྣང་དོན་གྱི་འོག་མིན་ཏུ༔ ཀུན་བཟང་གདོད་མའི་མགོན་པོ་ལ༔ ཞི་ཁྲོ་རྡོ་རྗེ་དབྱིངས་ཀྱི་ལྷའི༔ བཀོད་པ་སྒྱུ་འཕྲུལ་དཀྱིལ་འཁོར་རྫོགས༔ དེ་ནས་ལམ་བསྟན་པ་ནི༔ ཀྱཻ༔ ཉོན་ཅིག་ཚེ་འདས་རིགས་ཀྱི་བུ༔ མཐོ་དམན་འཁོར་བའི་གནས་རིགས་ཀུན༔ སྡུག་བསྔལ་གསུམ་གྱི་བཙོན་ཁང་ལས༔ བདེ་བའི་གནས་སྐབས་ཡོད་མ་ཡིན༔ དེ་ལྟར་ཚུལ་བཞིན་ཤེས་མཛོད་ལ༔ ཆགས་ཞེན་འཁྲི་བ་ཀུན་བཅད་ནས༔ མ་དག་འཁྲུལ་པའི་སྣང་སེམས་ཆོས༔ དག་དབྱིངས་དྭངས་མར་འཕོས་པ་ལས༔ སྲིད་ལས་འཕགས་པའི་སྟེང་ཕྱོགས་སུ༔ རང་སྣང་དོན་གྱི་འོག་མིན་ཞིང་༔ རང་བྱུང་ལྷུན་གྲུབ་གཞལ་ཡས་སུ༔ སྐུ་དང་ཡེ་ཤེས་རབ་རྫོགས་པའི༔ ཟག་མེད་བདེ་ཆེན་འགྱུར་མེད་ཀློང་༔ གདོད་མ་གཞི་ཡི་སངས་རྒྱས་ནི༔ མཐིང་ནག་མཉམ་བཞག་སྐྱིལ་ཀྲུང་བཞུགས༔ སྟོང་ཆེན་ཀུན་ཏུ་བཟང་མོས་འཁྱུད༔ རྒྱལ་བ་རིགས་ལྔ་ཡབ་ཡུམ་དང་༔ སྒྱུ་འཕྲུལ་ཞི་ཁྲོའི་ལྷ་ཚོགས་རྣམས༔ ཉི་མ་དང་ནི་འོད་ཟེར་བཞིན༔ རང་བྱུང་རང་ཤར་ཆེན་པོའི་ཡི༔ དག་པའི་ཞིང་ཁམས་ཡིད་ལ་གྱིས༔ སྣང་སེམས་དེ་རུ་འཕོ་བར་མཛོད༔ དེ་ནས་གནས་སྤར་བ་ནི༔ བདག་མདུན་རྣམས་ཀྱི་ཐུགས་ཀ་ནས་འོད་དང་འོད་ཕུང་དཔག་ཏུ་མེད་པ་འཕྲོས་པས་ཚེ་འདས་ཀྱི་རླུང་སེམས་རྣམ་པར་ཤེས་པའི་ངོ་བོ་འོད་ཀྱི་ཐིག་ལེ་ཧཱུྃ་ཡིག་གི་རྣམ་པ་ཅན་དུ་གྱུར་ཏེ་ནམ་མཁའི་སྐར་མདའ་ཆད་པ་བཞིན་དུ་ཆོས་སྐུ་ཀུན་བཟང་ཡབ་ཡུམ་གྱི་ཐུགས་ཀར་ཐིམ་པས་འཁྲུལ་མི་ཤེས་པའི་དབྱིངས་སུ་བརྟན་པ་ཐོབ་པར་བསམ་ལ༔ ཕཊ༔ ཕཊ༔ ཕཊ༔ དེ་ནས་མིང་བྱང་བསྲེག་པ་ལ༔ ཧཱུྃ༔ ཡེ་ཤེས་ལྔ་ཡི་དཀྱིལ་འཁོར་ནས༔ བཅོམ་ལྡན་རྒྱལ་བ་རིགས་ལྔ་ཡི༔ ཐུགས་རྗེའི་འོད་ཟེར་མེ་དཔུང་གིས༔ དུག་ལྔ་དང་ནི་དུག་གསུམ་དང་༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་གིས༔ ཀུན་ནས་བསྐྱེད་པའི་བག་ཆགས་དང་༔ འཁྲུལ་པའི་རྒྱུ་རྐྱེན་རྟེན་འབྲེལ་བཅས༔ མ་ལུས་བསྲེག་གོ་ཛྭ་ལ་རཾ༔ ཡེ་ཤེས་ལྔ་ཡི་གདིང་ཐོབ་ཤོག༔ རྩ་སྔགས་མཐར༔ ཨཿནྲྀཿསུཿཏྲིཿཔྲེཿདུཿཛྭཿལ་རཾ་པ་ཡེ་སྭཱ་ཧཱ༔ ཞེས་བྱེ་མ་བྲབ་ཅིང་གཟུངས་སྔགས་ཁྱད་པར་ཅན་ཅི་རིགས་བཟླས་མཐར་སྨོན་ལམ་གདབ་ཅིང་ཤིས་པ་བརྗོད་པར་བྱའོ༔ འདི་བཞིན་གོ་རིམ་བསྡེབས་པ་དང་༔ འདོན་འགྲིགས་བསྒྲིག་པའི་ཆོ་ག་ནི༔ གཏེར་གཞུང་ཉིད་ལ་མི་སྲིད་ཅིང་༔ སོ་སོའི་གནས་ལས་བསྡུས་ནས་སུ༔ ལག་ལེན་ཚུལ་བཞིན་ལེགས་བསྒྲིགས་ཏེ༔ རང་སློབ་ངག་དབང་ཕྲིན་ལས་ཀྱིས༔ ཡང་ཡང་བསྐུལ་ལྟར་འདོད་པའི་དོན༔ བསྒྲུབ་ཕྱིར་འདི་བཞིན་གཏན་ལ་ཕབ༔ དུས་གསུམ་རྒྱལ་དང་རྒྱལ་སྲས་དང་༔ གསང་སྔགས་ཟབ་མོའི་རྟེན་འབྲེལ་མཐུས༔ གཤིན་པོ་རིགས་དྲུག་གནས་ཉིད་ནས༔ རིམ་བཞིན་ཐར་པ་ཆེན་པོ་ཡི༔ ལམ་དུ་འདྲེན་པའི་ཚུལ་མཛད་པའི༔ བླ་བཙུན་རྣམས་ཀྱིས་འདིར་བརྟེན་ནས༔ འགྲོ་དོན་རྒྱ་ཆེན་འགྲུབ་ནས་ཀྱང་༔ རང་གཞན་རྣམ་དག་ས་བསྒྲོད་ཤོག༔ ཅེས་པ་འདི་ཡང་རིག་འཛིན་བདུད་འཇོམས་རྡོ་རྗེས་འདོན་ཆ་ཁྲིགས་སུ་བསྡེབས་ནས་ལེགས་པར་བྲིས་པའི་ཡི་གེ་པ་ནི་སློབ་བུ་ངག་དབང་ཕྲིན་ལས་ཀྱིས་བགྱིས་པའི་དགེ་བས་འབྲེལ་ཚད་སྐྱེ་འགྲོ་ཕོ་མོ་ཐམས་ཅད་བླ་མ་རྒྱལ་བ་ཞི་ཁྲོ་རབ་འབྱམས་ཀྱི་གོ་འཕང་མྱུར་དུ་ཐོབ་པའི་རྒྱུར་གྱུར་ཅིག །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།