ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་སྒྲུབ་པའི་ཆ་ལགས་ལས༔ བྱིན་འབེབས་དངོས་གྲུབ་ཆར་འབེབས༔

From Dudjom Wiki
TTDL-ZABTER-03-GA-053
Wylie title zab gsang mkha' 'gro'i snying thig las: gsang bdag sgrub pa'i cha lags las: byin 'bebs dngos grub char 'bebs: TTDL-ZABTER-03-GA-053.pdf
Location bdud 'joms gling pa zab gter
Volume 3, Text 53, Pages 515-517 (Folios 1a1 to 2a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gsang bdag sgrub pa'i cha lags las byin 'bebs dngos grub char 'bebs. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 515-517. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: byin 'bebs   Verso: bdud 'joms phyag rdor
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Descent of Blessings - byin 'bebs
Cycle གསང་བདག་རྡོ་རྗེ་གཏུམ་པོ་ (gsang bdag rdo rje gtum po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity phyag na rdo rje
Colophon

ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

khrag 'thung bdud 'joms rdo rjes gter nas bton te dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་སྒྲུབ་པའི་ཆ་ལགས་ལས༔ བྱིན་འབེབས་དངོས་གྲུབ་ཆར་འབེབས་བཞུགས་སོ༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) གསང་བདག་སྒྲུབ་པའི་རྣལ་འབྱོར་གྱིས༔ དཀྱིལ་འཁོར་བྱིན་གྱིས་བརླབ་པའི་ཕྱིར༔ བྱིན་འབེབས་དངོས་གྲུབ་ཆར་འབེབས་འདི༔ མོས་གུས་དམིགས་གནད་ལྡན་པས་བརྗོད༔ སྤོས་བསྲེག་རོལ་མོ་སྣ་ཚོགས་བསྒྲག༔ སྙན་པའི་ངག་གིས་འདི་སྐད་དོ༔ ཧཱུྃ་ཧཱུྃ༔ བདེ་ཆེན་འོག་མིན་ཆོས་དབྱིངས་ཕོ་བྲང་ནས༔ དུས་གསུམ་སངས་རྒྱས་ཡོངས་ཀྱི་སྤྱི་མེས་མཆོག༔ ཆོས་སྐུ་གདོད་མའི་མགོན་པོ་ཡབ་ཡུམ་གྱིས༔ སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ རང་བཞིན་རྣམ་པར་དག་པའི་ཞིང་ཁམས་ནས༔ ལོངས་སྤྱོད་རྫོགས་སྐུའི་ཁྱབ་བདག་རྡོ་རྗེ་སེམས༔ ཡབ་ཡུམ་སྤྲུལ་འཁོར་མ་ལུས་གཤེགས་སུ་གསོལ༔ སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཐུགས་རྗེ་འགྲོ་འདུལ་སྤྲུལ་པའི་ཞིང་ཁམས་ནས༔ སྤྲུལ་པའི་སྐུ་མཆོག་དགའ་རབ་རྡོ་རྗེ་ཡི༔ སྤྲུལ་འཁོར་ཡོངས་རྫོགས་རིག་འཛིན་རྒྱ་མཚོའི་ཚོགས༔ སྐད་ཅིག་ཉིད་དུ་གནས་འདིར་གཤེགས་སུ་གསོལ༔ སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ བདེ་ཆེན་པདྨ་འོད་ཀྱི་གཞལ་ཡས་ནས༔ ཨོ་རྒྱན་ཆེ་མཆོག་པདྨ་ཐོད་ཕྲེང་རྩལ༔ རིག་འཛིན་དཔའ་བོ་མཁའ་འགྲོའི་ཚོགས་དང་བཅས༔ གནས་འདིར་སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ སྒྲུབ་པའི་དཀྱིལ་འཁོར་འདི་ལ༴ རང་སྣང་འོད་གསལ་བདེ་ཆེན་གཞན་ཡས་ནས༔ རྗེ་འབངས་ཉེར་ལྔ་རྒྱ་བོད་རིག་འཛིན་ཚོགས༔ གནས་འདིར་སྐད་ཅིག་ཉིད་དུ་གཤེགས་སུ་གསོལ༔ སྒྲུབ་པའི་དཀྱིལ་འཁོར་འདི་ལ༴ ༈གཞི་སྣང་ལྷུན་རྫོགས་རིག་པའི་དཀྱིལ་འཁོར་ནས༔ ཟབ་གཏེར་མངའ་བདག་བདུད་འཇོམས་རྡོ་རྗེའི་མཚན༔ སྐད་ཅིག་ཉིད་དུ་གནས་འདིར་གཤེགས་སུ་གསོལ༔ སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ ཞེས་པ་ངག་གི་མིང་ཅན་གྱིས་སོ།།གཙུག་ཏོར་འཁོར་ལོ་དོན་གྱི་འོག་མིན་ནས༔ བཀའ་དྲིན་མཉམ་མེད་དྲིན་ཆེན་བླ་མ་དང་༔ བརྒྱུད་གསུམ་བླ་མ་མཁའ་འགྲོ་ཆོས་སྐྱོང་བཅས༔ གནས་འདིར་བྱོན་ལ་དབང་དང་བྱིན་ཕོབ་ཅིག༔ རང་བྱུང་ལྷུན་གྱིས་གྲུབ་པའི་དཀྱིལ་འཁོར་ནས༔ ཡི་དམ་རྒྱུད་སྡེའི་དཀྱིལ་འཁོར་མ་ལུས་པ༔ སྐད་ཅིག་གནས་འདིར་སྤྱན་འདྲེན་གཤེགས་སུ་གསོལ༔ སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཕོབ་ཅིག༔ འཁོར་འདས་བརྡལ་ཁྱབ་ཀློང་ཆེན་མཁའ་དབྱིངས་ནས༔ ཡེ་ཤེས་དབྱིངས་ཀྱི་མཁའ་འགྲོ་རྒྱ་མཚོའི་ཚོགས༔ སྐད་ཅིག་ཉིད་ལ་གནས་འདིར་གཤེགས་སུ་གསོལ༔ སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ བཀའ་དང་དམ་ཚིག་གཉན་པོའི་དཀྱིལ་འཁོར་ནས༔ བཀའ་སྲུང་དམ་ཅན་རྒྱ་མཚོ་འཁོར་དང་བཅས༔ སྐད་ཅིག་ཉིད་དུ་གནས་འདིར་གཤེགས་སུ་གསོལ༔ སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ དམ་ཚིག་དབང་གི་ཐུགས་དམ་རྒྱུད་བསྐུལ་ལོ༔ དབྱིངས་ནས་སྐུར་བཞེངས་བརྒྱུད་འཛིན་རྗེས་སུ་ཟུངས༔ སྒྲུབ་པའི་དཀྱིལ་འཁོར་འདི་ལ་བྱིན་ཆེན་ཕོབ༔ དབང་ཆེན་རྣམས་ཀྱིས་དབང་མཆོག་བསྐུར་དུ་གསོལ༔ བྱིན་ཆེན་རྣམས་ཀྱིས་བྱིན་ཆེན་དབབ་ཏུ་གསོལ༔ དངོས་གྲུབ་ཅན་གྱིས་དངོས་གྲུབ་ཆར་ལྟར་ཕོབ༔ སྒྲུབ་པའི་ཚོམ་བུ་རྣམ་མཁྱེན་ས་ལ་སྦྱོར༔ ཀ་དག་མི་འགྱུར་རྡོ་རྗེའི་ཀློང་རྒྱས་ཐོབ༔ ཨོཾ་ཨཱཿཧཱུྃ་གུ་རུ་དྷེ་ཝ་ཌཱ་ཀི་ནཱི་བཛྲ་ས་མ་ཡ་ཛཿཛཿཨེ་ཨ་རལླི་ཕེཾ་ཕེཾ༔ སརྦ་སིདྡྷི་ཕ་ལ་ཨ་ཝེ་ཤ་ཡ་ཨ་ཨ༔ དེ་ལྟར་བྱིན་དབང་དབབ་པ་ཡི༔ དམིགས་གནད་དང་ལྡན་རྣལ་འབྱོར་ལ༔ དཀྱིལ་འཁོར་ཡོངས་ཀྱི་སྤྱི་དབང་ཐོབ༔ ཡང་དག་ལམ་མཆོག་མཐར་ཕྱིན་འགྱུར༔ བཀའ་སྲུང་གནོད་སྦྱིན་ཆེན་པོས་སྲུངས༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།