ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་ཕྱག་ན་རྡོ་རྗེའི་གསང་སྒྲུབ་རྡོ་རྗེའི་ཐེག་པ༔

From Dudjom Wiki
TTDL-ZABTER-03-GA-065
Wylie title zab gsang mkha' 'gro'i snying thig las: gsang bdag phyag na rdo rje'i gsang sgrub rdo rje'i theg pa: TTDL-ZABTER-03-GA-065.pdf
Location bdud 'joms gling pa zab gter
Volume 3, Text 65, Pages 601-617 (Folios 1a1 to 9b2)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las gsang bdag phyag na rdo rje'i gsang sgrub rdo rje'i theg pa. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 3: 601-617. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gsang sgrub   Verso: bdud 'joms phyag rdor
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Sadhanas - Evocation Ritual - sgrub thabs
Cycle གསང་བདག་རྡོ་རྗེ་གཏུམ་པོ་ (gsang bdag rdo rje gtum po)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity phyag na rdo rje
Colophon

ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅུ་དྲུག་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་ཆོས་ཀྱི་རྡོ་རྗེས་ནན་དུ་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།།

zhes pa 'di yang 'od gsal rdzogs pa chen po 'khor 'das 'ub chub rol pa'i rnal 'byor pa bdud 'joms rdo rje gro lod rtsal gyis gser smad rnga la stag rtse'i g.yas logs rdo rje brag nas bton te mi lo bcu drug bar du bka' rgyas btab ste mthar chos kyi rdo rjes nan du bskul ngor smar mdo bkra shis dga' 'khyil du dag par phab pa'i yi ge pa ni phun tshogs bkra shis so/_/dge'o/_/dge'o/_/dge'o/_/sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ གསང་བདག་ཕྱག་ན་རྡོ་རྗེའི་གསང་སྒྲུབ་རྡོ་རྗེའི་ཐེག་པ་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) འོག་མིན་ཆོས་ཀྱི་དབྱིངས་ཀློང་ཆེན་བརྡལ་ཁྱབ་ཀྱི་ཞིང་དུ༔ ཆོས་སྐུའི་སྟོན་པ་ཀུན་ཏུ་བཟང་པོ་རིགས་དང་དཀྱིལ་འཁོར་ཡོངས་ཀྱི་ཁྱབ་བདག༔ འཁོར་འདས་ཡོངས་ཀྱི་སྤྱི་དཔལ་ཆེན་པོ་མི་འཇིགས་པ་སེང་གེའི་ཁྲི་ལ་བཞུགས་ཏེ༔ ཉིད་ལས་མི་གཞན་པའི་འཁོར་རིགས་ལྔའི་སངས་རྒྱས་སྲས་དང་བཅས་པ་ཐམས་ཅད་དང་༔ སྐུ་གསུམ་རྒྱལ་བའི་དཀྱིལ་འཁོར་ཡོངས་སུ་རྫོགས་པ་ཕུན་སུམ་ཚོགས་པའི་འཁོར་དུ་འདུས་པ་ལས༔ དཔལ་གསང་བའི་བདག་པོས་བཅོམ་ལྡན་འདས་ཀྱི་ཞབས་ལ་སྤྱི་བོས་གཏུགས་ཏེ་འདི་སྐད་ཅེས་ཞུས་སོ༔ ཀྱེ་སྟོན་པ་བཅོམ་ལྡན་འདས་ཁྱེད་ཀྱི་གསང་བའི་བདག་པོ་བདག་གིས་བྱེད་ཀྱིས༔ བདག་ཀྱང་ཁྱེད་ཀྱི་གོ་འཕང་དུ་སྙེགས་ཏེ་འགྲོ་བའི་དོན་ཆེན་པོ་སྒྲུབ་ཀྱིས་ཀློང་མཛོད་ཆེན་པོ་བདག་ཅག་རྣམས་ལ་བསྟན་དུ་གསོལ༔ ཅེས་ཞུས་པས༔ བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ༔ ཀྱཻ་ཧོ་གསང་བའི་བདག་པོ་ཁྱོད་ལེགས་པར་ཉོན་ཅིག༔ ང་ནི་དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མེས་པོར་སངས་རྒྱས་པ་ཡིན་ཏེ༔ སངས་རྒྱས་ཐམས་ཅད་ང་ཡི་ངང་དུ་སངས་རྒྱས་པ་ཡིན༔ སེམས་ཅན་ཐམས་ཅད་ཀྱང་ངའི་ཀློང་ལས་མ་འདའ་བར་འཁྲུལ་བ་ཡིན༔ ང་ཡི་ཀློང་མཛོད་ནི་བསམ་གྱིས་མི་ཁྱབ་སྟེ༔ ང་ནི་དོན་དམ་གཞིའི་སངས་རྒྱས་ཡིན་ཏེ་སངས་རྒྱས་ཀྱི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་ཀྱི་བཟང་པོར་ཆོས་སུ་ནི་མ་བཅོས༔ སེམས་ཅན་གྱི་ཁམས་ཀྱི་ཉོན་མོངས་སྡུག་བསྔལ་ཐམས་ཅད་ཀྱིས་ཀྱང་ངན་པར་མ་བསྒྱུར་བར་བཟང་ངན་མེད་པར་མཉམ་པར་སྙོམས་པ་ཡིན༔ ཞེས་གསུངས་སོ༔ ཡང་གསང་བའི་བདག་པོས་འདི་སྐད་ཅེས༔ བཅོམ་ལྡན་འདས་གཞི་ཡི་ཆོས་ཉིད་ཁྱེད་ཀྱིས་རང་བཞིན་ཇི་ལྟ་བུ་ལགས༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱེ་གསང་བའི་བདག་པོ་ང་ཡི་རང་བཞིན་ནི་འདི་ལྟ་སྟེ༔ ནམ་མཁའ་ལྟ་བུའོ༔ ནམ་མཁའ་ནི་བེམ་སྟོང་ང་ོ༔ ང་ནི་ཡོན་ཏན་རྫོགས་པའོ༔ ང་ལས་སེམས་ཅན་འཁྲུལ་པའི་གཞི་མ་རིག་པའོ༔ མ་རིག་པ་ནི་སེམས་ཉོན་མོངས་སྐྱེ་བའི་གཞི་ཙམ་དུ་དཔེར་ན་ནམ་མཁའ་སྟོང་གསལ་གྱི་ཀློང་དུ་མུན་པ་འཐིབས་ཀྱང་ནམ་མཁའ་ནི་མུན་པ་མ་ཡིན༔ ནམ་མཁའ་ལས་གཞན་པའི་མུན་པ་ཡང་མ་ཡིན་པ་དེ་བཞིན་དུ་མ་རིག་པ་གཞི་ལས་འདས་པའི་མ་རིག་པ་ཡང་མ་ཡིན་ནོ༔ དེས་ན་གཞི་ལ་བདག་མེད༔ བདག་སྐྱེས་ཙམ་ནས་མ་རིག་པ་ཡང་དེ་མ་ཐག་པའོ༔ གཞི་ཀློང་ཆེན་བརྡལ་ཁྱབ་ལ་གཉིས་སུ་མེད༔ གཉིས་སུ་འཛིན་པ་སྐྱེས་མ་ཐག་པའང་མ་རིག་པའོ༔ གཞི་ལ་དུམ་བུར་འཕྲོ་བའི་རྣམ་རྟོག་མེད༔ རྣམ་པར་རྟོག་པ་སྡུད་པའང་མ་རིག་པའོ༔ དཔེར་ན་ནམ་མཁར་གློག་འགྱུ་བའི་ངོ་བོ་ནམ་མཁའ་སྟོང་པ༔ འགྱུ་བྱེད་གློག༔ ཁྱབ་པའི་འོད་དང་གཉིས་སུ་མེད་པ་ལྟར༔ གཞི་ལས་མ་རིག་པ་དེ་མ་ཐག་པས་སོ༔ ཐ་དད་པ་ཡང་མ་ཡིན༔ སེམས་ཅན་འཁྲུལ་པའི་གཞི་མ་རིག་པ་སྟེ༔ འཁྲུལ་པ་བདག་འཛིན་ཡིན༔ བདག་སྐྱེས་པ་ཙམ་ནས་གནས་དང་ཡུལ་གྲོགས་ཕ་གི་བ་ཐམས་ཅད་བདག་དེ་མ་ཐག་པའོ༔ དཔེར་ན་རྨི་ལམ་གྱི་བདག་གཞན་ཡུལ་གསུམ་ཐམས་ཅད་སད་དུས་རང་ངོར་ཡལ་བ་ལས་བདེན་མེད་དང་༔ ཉིན་གྱི་སྣང་བ་བདག་གཞན་ཡུལ་དང་བཅས་པ་གཉིད་དུས་རང་ངོར་ཡལ་བ་དང་༔ འདིར་སྣང་ཐམས་ཅད་འཆི་བའི་དུས་སུ་ཡང་ཡུལ་ནས་ཡུལ་དུ་འཕོ་བསྒྲོད་མ་ཡིན་ཏེ་སྣང་བ་བདག་གཞན་ཡུལ་གསུམ་ཐམས་ཅད་གནས་སུ་འགྱུར་ནས་སླར་ཡང་སྣང་བ་ཡིན༔ དེ་ལྟར་སྣང་བའི་ཆོས་ཐམས་ཅད་ཀྱི་མིང་དང་ངོ་བོ་སྟོང་པ་ཉིད་དོ༔ སྟོང་པ་ཉིད་གཞིའོ༔ གཞིའི་ཀློང་རྣམ་པར་རྟོག་པའི་རང་ཚུགས་གཞན་དུ་བཟུང་ནས་འཁྲུལ་པ་ལས༔ བདག་མེད༔ ཡུལ་མེད༔ གཞན་མེད༔ སངས་རྒྱས་མེད༔ སེམས་ཅན་མེད༔ རྒྱུ་མེད༔ རྐྱེན་མེད༔ འབྲས་བུ་ཡང་མེད་དོ༔ སེམས་ཅན་འཁྲུལ་པའི་སྣང་བ་ཡང་བདེན་པར་མ་གྲུབ༔ གཞན་བྱུང་ལས་བྱས་པའི་སྡུག་བསྔལ་སྐད་ཅིག་ཙམ་ཡང་མ་མྱོང་༔ བདེ་བ་ཡང་མ་མྱོང་༔ བདག་འཛིན་གཅིག་པུ་བརྟན་པ་ལས་བདག་གཞན་རང་ངོར་འཐས་ནས་འཁྲུལ་པ་ཡིན༔ དེ་ལྟར་འཁྲུལ་པའི་དུས་སུ་ཡང་ང་ལས་འཁྲུལ་པ་མེད་དེ་ཀ་དག་གཞི་ཡི་རང་བཞིན་དུ་གནས་པ་ཡིན༔ ང་ནི་སངས་རྒྱས་ཐམས་ཅད་ཀྱི་ངོ་བོ་ཡིན་ཏེ༔ ང་ལས་གཞན་པའི་སངས་རྒྱས་ནི་གཅིག་ཀྱང་མེད༔ ང་ཡི་རང་བཞིན་གང་ལྟ་བུ་ལགས་ཞེ་ན༔ གསང་བའི་བདག་པོ་ང་ནི་འཁོར་འདས་གང་གིས་མ་མཐོང་མི་མཐོང་མཐོང་བར་མི་འགྱུར་བའི་ཕྱིར་ན་ཡོད་པ་དངོས་པོ་མ་ཡིན༔ འཁོར་འདས་ཀྱི་སྤྱི་གཞི་ཆེན་པོ་ཡིན་པས་མེད་པ་ཡང་མ་ཡིན༔ མཐར་ཐུག་ཡལ་བར་མི་འགྱུར་བས་འགགས་པ་མེད་ཅིང་༔ དུས་གསུམ་དུ་མ་སྐྱེས་པས་སྐྱེ་བ་མེད་པ༔ བྱུང་བའི་གནས་ཡུལ་མེད་པས་མ་བྱུང་བ༔ འགྲོ་བའི་ཡུལ་མེད་པས་འགྲོ་བ་མེད་པ༔ འཁོར་འདས་ཐམས་ཅད་ང་ལས་མི་གཞན་པས་ཐ་མི་དད་པ༔ འཁོར་འདས་མ་འདྲེས་རྫོགས་པས་གཅིག་ཏུ་མ་གྱུར་པ་སྟེ་བརྒྱད་པོ་ནི་ང་ཡི་རང་བཞིན་ནོ༔ ཞེས་གསུངས་སོ༔ ཡང་གསང་བའི་བདག་པོས་བཅོམ་ལྡན་འདས་ཁྱེད་ཀྱི་མཚན་དང་མཚན་ཉིད་ཇི་ལྟ་བུ་ལགས་བསྟན་ཏུ་གསོལ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་གསང་བའི་བདག་པོ་ང་ཡི་མིང་ནི་གསང་སྔགས་རྡོ་རྗེ་ཐེག་པ་ཞེས་བྱའོ༔ དོན་ནི་འདི་ལྟ་སྟེ་རྒྱལ་བ་ཐམས་ཅད་ཀྱི་གསང་ཆེན་དུ་གྱུར་པ༔ ཐེག་པ་ཐམས་ཅད་ཀྱི་ཡང་རྩེ་ཆེན་པོ༔ མི་འཇིགས་པའི་ཆོས་བདུན་དང་ལྡན་པ་ཡང་འདི་ལྟ་སྟེ༔ ཉོན་མོངས་པ་སྡུག་བསྔལ་ཐམས་ཅད་ཀྱིས་མི་ཆོད་པ༔ བདུད་དང་བར་ཆད་འཁྲུལ་རྟོག་ཐམས་ཅད་ཀྱིས་མི་ཤིགས་པ༔ རང་ངོ་ཀ་དག་ཏུ་གནས་པས་བདེན་པ༔ སྐྱོན་དང་ཡོན་ཏན་གཞན་གྱིས་ལྷད་མི་འཇུག་པས་སྲ་བ༔ རང་ངོ་ལས་གཞན་དུ་མི་འགྱུར་བས་བརྟན་པ༔ སྣང་བའི་ཆོས་དང་ཤེས་སྒྲིབ་ཕྲ་བ་ཡན་ཆད་འབིགས་ནུས་པས་ཐམས་ཅད་དུ་མི་ཐོགས་པ༔ གཞན་བྱུང་གི་ཡོན་ཏན་དང་སྒྲིབ་པ་བག་ཆགས་གང་གིས་གཞོམ་མི་ནུས་པས་ཐམས་ཅད་དུ་མ་ཕམ་པ་སྟེ༔ སྲ་བ་མཁྲེགས་པ༔ སངས་རྒྱས་ཀྱི་ཁམས་ཀྱི་ཡེ་ཤེས་ཡོན་ཏན་ཐམས་ཅད་དང་༔ སེམས་ཅན་གྱི་ཁམས་ཀྱི་ལས་ཉོན་སྡུག་བསྔལ་ཐམས་ཅད་ཀྱི་བཟང་ངན་གང་དུའང་མ་བཅོས་པར་རང་ཐེག་པའོ༔ ཀྱཻ་གསང་བའི་བདག་པོ་དོན་དམ་པའི་བྱང་ཆུབ་ཀྱི་སེམས་སོ༔ ང་ནི་ཡང་དག་པའི་དོན་ནོ༔ ཆོས་ཐམས་ཅད་ཀྱི་དམ་པར་གྱུར་པའོ༔ སྐྱོན་ཐམས་ཅད་ཡོངས་སུ་བྱང་བའོ༔ ཡེ་ཤེས་ཡོན་ཏན་ཐམས་ཅད་ངང་ཀློང་ཡོངས་སུ་ཆུབ་པའོ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་ང་ཡི་ཀློང་དུ་ཆུབ་པ་ལ་དེ་ཡེ་ཤེས་ཆེན་པོ་གཅིག་གི་ཁྱད་པར་བྱེད་པ་ནི་མི་སེམས་པའི་སེམས་པ་ཆེན་པོ་ཡིན་ཏེ༔ གཞན་དུ་བློ་སྦྱོང་བ་དང་བསླབ་པ་དང་དུ་ལེན་ཅིང་ཚུལ་ལ་གནས་པ་ཐམས་ཅད་རྒྱུ་བསྒྲུབ་སྟེ་འབྲས་བུ་ང་ལ་སྨོན་པ་ལས་ལམ་དུ་མ་ཞུགས་པ་ཁོ་ནའོ༔ ལམ་ཡང་དག་པར་འཇུག་པ་དངོས་ནི་ང་ལས་མེད་དོ༔ ཀྱེ་གསང་བའི་བདག་པོ་ང་ནི་ཐིག་ལེ་ཉག་གཅིག་གོ༔ རྟོག་པའི་གྲྭ་ཟུར་ལས་འདས་པ༔ འཁོར་འདས་ངོ་བོ་ཉིད་དུ་གཅིག་པའོ༔ ཀྱེ་གསང་བའི་བདག་པོ་ང་ནི་གཞོན་ནུ་བུམ་སྐུ་ཡིན་ཏེ༔ སྐྱེ་འཆི་བསྒྲེས་རྒུད་ཐམས་ཅད་དང་བྲལ་བ༔ ལྷུན་གྲུབ་ནང་གསལ་ཆེན་པོ་ལས་ཕྱི་རྒྱ་མ་རལ་བ༔ ཡེ་ཤེས་ཡོན་ཏན་ཐམས་ཅད་ཡོངས་སུ་གྲུབ་པའོ༔ ཀྱེ་གསང་བའི་བདག་པོ་ང་ནི་གཞི་ཀ་དག་རྫོགས་པ་ཆེན་པོ་ཞེས་བྱ་སྟེ༔ འཁོར་འདས་ཀྱི་སྤྱི་གཞི་ཆེན་པོ་ཡིན་ནོ༔ གདོད་ནས་རྣམ་པར་དག་པ༔ ཡེ་ཤེས་ཡོན་ཏན་ཐམས་ཅད་རང་བྱུང་ངང་དུ་རྫོགས་པ༔ ཐེག་པ་གཞན་གྱི་ཚད་མི་ཐེབས་པ་དང་ལྡན་པའོ༔ ཀྱཻ་གསང་བའི་བདག་པོ་ང་ནི་ཡེ་ཤེས་ཡོན་ཏན་རང་བྱུང་ལྷུན་གྱིས་གྲུབ་སྟེ་མདངས་ནི་ཤེས་རབ་དང་ཡེ་ཤེས་རྣམ་པར་མཁྱེན་ཅིང་རྣམ་པར་གཟིགས་པའོ༔ ང་ཡི་གདངས་ནི་སྐུ་དང་འོད་གསལ་ཐིག་ལེའི་རོལ་པའོ༔ འཁོར་འདས་ཀྱི་ཆོས་ཐམས་ཅད་ང་ཡི་ངང་དུ་རང་ཆས་སུ་ཡོད་པའི་སྟོང་པ་ཉིད་དོ༔ སྐུ་དང་ཡེ་ཤེས་ཡོན་ཏན་མཁྱེན་གཟིགས་ཀྱི་རང་བཞིན་སྤུངས་པ་ལྟ་བུ་འདི་ཆོས་སྐུའི་སྒྲ་ཞུགས་པའོ༔ དོན་དམ་པར་ང་སྐྱེ་འགགས་འགྱུར་བ་མེད་ཅིང་ཕྱི་ནང་ཟང་ཐལ་ཆེན་པོ་རྒྱ་ཆད་ཕྱོགས་ལྷུང་དང་བྲལ་བའི་ཕྱིར་ན་སྟོང་པ་ཉིད་དོ༔ ང་ཡི་ངང་དང་ཚུལ་ལ་ཚིག་དང་དཔེ་དང་དོན་ཐམས་ཅད་ཀྱིས་མི་མཚོན་པའི་ཕྱིར་ན་མཚན་མ་མེད་པའོ༔ རང་གི་འབྲས་བུ་སྟེ་རང་ལ་རང་གདིང་ཐོབ་པ་སངས་རྒྱས་ཏེ༔ འབྲས་བུ་གཞན་འབྱུང་ལ་ཡིད་སྨོན་ཙམ་ཡང་མེད་པའི་ཕྱིར་ན་སྨོན་པ་མེད་པའོ༔ ཞེས་གསུངས་སོ༔ གསང་བའི་བདག་པོས༔ ཀྱཻ་སྟོན་པ་ཀུན་ཏུ་བཟང་པོ་ཁྱེད་ཀྱི་བྱད་དང་ངང་བཞིན་ཇི་ལྟ་བུ་ལགས་བདག་ཅག་རྣམས་ལ་བསྟན་དུ་གསོལ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ༔ གསང་བའི་བདག་པོ་ང་ལ་གཟུགས་སུ་གྲུབ་པ་མ་སེམས་ཤིག༔ དེ་ལྟར་སེམས་ན་གཟུགས་ཀྱི་ཕུང་པོས་ཕུང་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ རྣམ་པར་ཤེས་པ་དང་ལྡན་པར་མ་སེམས་ཤིག༔ སེམས་ན་རྣམ་ཤེས་ཀྱི་ཕུང་པོས་ཕུང་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ ཚོར་བ་ཡོད་པར་མ་སེམས་ཤིག༔ སེམས་ན་ཚོར་བའི་ཕུང་པོས་ཕུང་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ འདུ་ཤེས་ཡོད་པར་མ་སེམས་ཤིག༔ སེམས་ན་འདུ་ཤེས་ཀྱི་ཕུང་པོས་ཕུང་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ འདུ་བྱེད་ཡོད་པར་མ་སེམས་ཤིག༔ སེམས་ན་འདུ་བྱེད་ཀྱི་ཕུང་པོས་ཕུང་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ ངས་འགྲོ་དོན་བྱེད་སྙམས་ཀྱི་བློ་སེམས་ཡོད་པར་མ་སེམས་ཤིག༔ སེམས་ན་གཉིས་སྣང་གིས་ཕུང་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ བདེ་སྐྱིད་དང་སྟོན་འཁོར་ལ་མྱོང་ཞེན་དང་སྤྱོད་པ་ཡོད་པར་མ་སེམས་ཤིག༔ སེམས་ན་གཟུང་འཛིན་གྱིས་ཕུང་པའི་སེམས་ཅན་དུ་ལྟ་བ་མ་ལགས་སམ༔ ང་ནི་ཁྱབ་བརྡལ་མཉམ་པ་ཉིད་ཀྱི་ངང་ལ་འབྱམས་ཀླས་པའོ༔ ཞེས་གསུངས་སོ༔ དེ་ནས་གསང་བའི་བདག་པོས་བཅོམ་ལྡན་འདས་ལེགས་སོ༔ ཁྱེད་ཀྱི་གསང་བ་བསམ་གྱིས་མི་ཁྱབ་པ་སྒྲུབ་པའི་ལམ་ཉམས་སུ་ལེན་པ་གང་ལགས་བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱཻ་གསང་བའི་བདག་པོ་ང་ཡི་གསང་བ་བསམ་གྱིས་མི་ཁྱབ་པའི་སྒྲུབ་པ་ནི༔ ང་ཡི་ཡིན་ལུགས་ཇི་ལྟ་བ་བཞིན་དུ་ཤེས་པ་ནི་ཆོས་ཉིད་ཀྱི་བདེན་པ་མཐོང་བ་སྟེ༔ སྒྲུབ་པ་ཟབ་མོའོ༔ ང་ཡི་གནས་ལུགས་ཤེས་ནས་གཉིས་མེད་མཉམ་པ་ཉིད་དང་༔ འཁོར་འདས་མཉམ་པ་ཉིད་དང་༔ ཐབས་ཤེས་མཉམ་པ་ཉིད་དུ་རྟོགས་ནས༔ ང་ཀུན་ཏུ་བཟང་པོའི་ངང་ཤེས་ནས་ངང་དང་མི་འབྲལ་ཏེ་རྟག་ཏུ་བྱ་རྩོལ་བྲལ་བའི་ངང་དུ་གནས་པ་ནི་གསང་བའི་སྒྲུབ་པ་ཟབ་མོའི༔ ང་སྐད་ཅིག་གིས་འགྲུབ་བོ༔ ཞེས་གསུངས་སོ༔ ཡང་གསང་བའི་བདག་པོས༔ ཀྱཻ་སྟོན་པ་ཀུན་ཏུ་བཟང་པོ་དགོངས་སུ་གསོལ༔ བསྙེན་སྒྲུབ་ཀྱི་ཐབས་མཆིས་སམ་མ་མཆིས༔ ཞེས་ཞུས་པས༔ འཁོར་བ་དབྱིངས་སུ་གཞིག་པའི་སྒྲས་ཚིགས་སུ་བཅད་པ་འདི་གསུངས་སོ༔ ཀྱཻ་ ཧོཿ གསང་བའི་བདག་པོ་རྡོ་རྗེ་འཆང་༔ ང་ནི་རང་བྱུང་སངས་རྒྱས་ཏེ༔ སེམས་ཅན་ཀུན་གྱི་ཡིད་ལ་གནས༔ སེམས་ཅན་ཀུན་ཀྱི་ཡིད་ནང་གནས༔ སེམས་ཅན་ཡིད་ཀྱི་ངོ་བོར་གནས༔ སེམས་ཅན་ཀུན་དང་དབྱེར་མེད་དེ༔ ངོ་ཤེས་ངང་དུ་གནས་གྱུར་ན༔ སྐད་ཅིག་གཅིག་གིས་རྫོགས་སངས་རྒྱས༔ བསྒོམ་པས་སངས་རྒྱས་ང་མི་འགྲུབ༔ མ་བསྒོམ་བཞག་པས་འགྲུབ་པར་འགྱུར༔ བསྒྲུབ་པས་སངས་རྒྱས་ང་མི་འགྲུབ༔ མ་བསྒྲུབ་གནས་པས་སྐད་ཅིག་འགྲུབ༔ བསྙེན་སྔགས་བཟླས་པས་ང་མི་འགྲུབ༔ མ་བཟླས་བཞག་པས་ངེས་པར་འགྲུབ༔ བལྟས་པས་སངས་རྒྱས་ང་མི་མཐོང་༔ མ་བལྟས་བཞག་པས་ངེས་པར་མཐོང་༔ བློ་བཅོས་མཁས་ཀྱང་ང་མི་གསལ༔ ཤེས་པ་གསལ་ཀྱང་ང་མི་ཤེས༔ དཀའ་སྤྱད་བཙལ་བས་ང་མི་རྙེད༔ ང་སྒྲུབ་རྣལ་འབྱོར་རྣམ་པ་བཞི༔ ངོ་བོ་ཉིད་དུ་མཉམ་བཞག་པ༔ རང་རིག་སྤྲོས་བྲལ་རྣལ་འབྱོར་ཡིན༔ གདངས་ཀྱི་ངང་སྐྱོང་གྲོལ་བ་ནི༔ ལྷུན་གྲུབ་རྫོགས་ཆེན་རྣལ་འབྱོར་ཡིན༔ འཁོར་འདས་མ་བཅོས་གཞིར་རྫོགས་སུ༔ རྟོགས་པ་འཁོར་འདས་རྫོགས་ཆེན་པ༔ གདིང་ཐོབ་སྒྱུ་མའི་ལྷུམས་ཞུགས་པ༔ ཀ་དག་རྫོགས་ཆེན་རྣལ་འབྱོར་པ༔ འདི་ནི་གསང་བའི་སྒྲུབ་པའོ༔ སྒོམ་སྒྲུབ་གཞན་གྱིས་ང་མི་འགྲུབ༔ འདི་ནི་སྲོག་གི་སྒྲུབ་པ་ཡིན༔ ཞེས་གསུངས་སོ༔ ཡང་གསང་བའི་བདག་པོས༔ ཀྱཻ་བཅོམ་ལྡན་འདས༔ དེ་ལྟ་བུའི་གསང་བ་བླ་ན་མེད་པའི་སྒྲུབ་པ་ཟབ་མོ་ལྷུར་བླངས་པའི་འབྲས་བུ་ཇི་ལྟར་ལགས༔ བཅོམ་ལྡན་འདས་ཀྱིས་བསྟན་དུ་གསོལ༔ ཞེས་ཞུས་པས༔ བཀའ་སྩལ་པ༔ ཀྱེ་གསང་བའི་བདག་པོ་ང་ནི་བསམ་གྱིས་མི་ཁྱབ་བོ༔ ང་ནི་བརྗོད་དུ་མེད་པའོ༔ འབྲས་བུ་ནི་མཐའ་ཡས་པའོ༔ སེམས་ཅན་བློ་ཆུང་བ་དང་༔ དབང་པོ་དམན་པའི་རིགས་རྣམས་ཀྱིས་འཁུ་ཞིང་གཤེ་བར་འགྱུར་བའི་ཕྱིར༔ འདི་ནི་གསང་བའི་ཡང་གསང་ང་ོ༔ གསང་བའི་བདག་པོ་གསང་བ་ཆེན་པོ་འདིའི་སྒོ་མཐོང་ནས་དང་པོ་གོ༔ བར་དུ་མྱོང་༔ ཐ་མ་གདིང་ཐོབ་པ་ནི་གནད་དམ་པའོ༔ ངའི་གསང་བ་བསམ་གྱིས་མི་ཁྱབ་པ་འདིའི་འབྲས་བུ་ཐོབ་པའི་ཚུལ་ནི༔ ཚེ་གཅིག་ཏིང་འཛིན་བསྒོམ་པའི་རྣལ་འབྱོར་པ་དང་༔ ཆོས་སྒོར་མ་ཞུགས་པའི་སྐྱེ་བོ་གཉིས་ལ་ངོ་མཉམ་དུ་འཕྲོད་ནས་མཉམ་པར་བསྒོམ་ན་གྲོལ་བའི་ཡུན་ལ་རིང་ཐུང་སྤུ་རྩེ་ཙམ་ཡང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་དགེ་བ་ལ་གོམས་པའི་གང་ཟག་དང་༔ སྡིག་པ་ལ་གོམས་པའི་གང་ཟག་གཉིས་ལ་ངོ་མཉམ་དུ་འཕྲོད་ནས་གྲོལ་བ་ལ་ཁྱད་པར་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་དགེ་བ་ལ་གོམས་པའི་གང་ཟག་དང་༔ སྡིག་པ་ལ་གོམས་པའི་གང་ཟག་གཉིས་ལ་ངོ་མཉམ་དུ་འཕྲོད་ནས་གྲོལ་བ་ལ་ཁྱད་པར་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་སྡོམ་པ་ལ་བརྩོན་པའི་གང་ཟག་དང་༔ ཚེ་གཅིག་སྲོག་གཅོད་ལ་བརྩོན་པའི་སྐྱེ་བོ་གཉིས་ཀས་ངའི་གསང་བ་མཐོང་ནས་གྲོལ་བ་ཐོབ་པ་ལ་ཁྱད་པར་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ཚེ་གཅིག་རྒྱུད་སྡེ་ཟབ་མོ་ཀློག་འདོན་བྱས་པའི་གང་ཟག་དང་༔ མཚམས་མེད་པ་ལྔ་སྤྱོད་པའི་སྐྱེ་བོ་གཉིས་ཀྱིས་ངའི་གསང་བ་ཆེན་པོ་མཐོང་ནས་གྲོལ་བ་ལ་ཁྱད་པར་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ སྟོང་གསུམ་མོས་གུས་ཀྱིས་བསྐོར་བའི་གང་ཟག་དང་༔ མི་དགེ་བ་བཅུའི་ལས་ལ་བརྩོན་པའི་སྐྱེ་བོ་གཉིས་ཀྱིས་ངའི་གསང་བ་མཐོང་ནས་གྲོལ་ཡུན་ལ་ཉེ་རིང་མེད་པ་ཀུན་ཏུ་བཟང་པོ་ངའི་གཏན་ཚིག་གོ༔ ང་ནི་ཀློང་ཆེན་ཀུན་ཏུ་བཟང་མོའི་བྷ་ག་ཡངས་པར་ཨ་ལ་ལ༔ ཞེས་འབྱམས་ཀླས་སོ༔ སྐད་ཅིག་དེ་ཉིད་ལ་གསང་བའི་བདག་པོ་འབྲས་བུ་རེ་དོགས་དང་བྲལ་བའི་དབྱིངས་སུ་སད་ནས་རོལ་པའི་འཁོར་ལ་བཀའ་སྩལ་པ༔ ཀུན་ཏུ་བཟང་པོ་གསང་ཆེན་པོ༔ འབྲས་བུ་རེ་དོགས་བྲལ་བའི་དབྱིངས༔ རྣམ་པར་གྲོལ་བའི་གནད་ཆེན་པོ༔ ལྷུན་གྲུབ་གསང་བ་ཆེན་པོའི་ལམ༔ ལུས་ངག་ཡིད་ཀྱི་བག་ཆགས་ཀུན༔ བཙན་ཐབས་བསླང་ནས་ཞེན་པ་བཟློག༔ དེ་ནས་སེང་གེ་གླང་པོ་ཆེ༔ དྲང་སྲོང་ལྟ་བུའི་འདུག་སྟངས་ཀྱིས༔ དབང་པོའི་སྒོ་རྣམས་དྲང་པོར་བསྲང་༔ ནམ་མཁའ་བར་སྣང་ས་གཞི་ལ༔ ལྟ་སྟངས་གནད་ལྡན་ངང་ནས་བྱ༔ ཙིཏྟའི་དཀྱིལ་ནས་ཡེ་ཤེས་རྩ༔ མིག་གི་ཨ་འབྲས་དཀྱིལ་དུ་ཕྱེས༔ དེ་ནི་མཁའ་དབྱིངས་ལ་གཅུན་པས༔ ལྷུན་གྲུབ་ནང་དབྱིངས་མངོན་སུམ་མཐོང་༔ འོད་དང་ཟེར་དང་ཐིག་ལེ་དང་༔ གསང་ཆེན་རིག་གདངས་ལུ་གུ་རྒྱུད༔ མངོན་སུམ་མཐོང་ནས་བརྟན་པ་ནི༔ ཆོས་ཉིད་མངོན་སུམ་སྣང་བ་སྟེ༔ བརྟན་ནས་འཕེལ་ཆ་མ་རྫོགས་བར༔ ཉམས་ཀྱི་སྣང་བ་གོང་འཕེལ་ཏེ༔ རྩལ་རྫོགས་ལྷ་སྐུར་སྨིན་པ་ནི༔ རིག་པ་ཚད་ཕེབས་སྣང་བ་སྟེ༔ དེ་ནས་རིམ་གྱིས་ཟད་པ་དང་༔ གཅིག་ཆར་ཟད་པ་ཚད་མ་ངེས༔ དབྱིངས་དང་ཐིག་ལེ་སྐུ་སྣང་ཟད༔ སེམས་དང་སེམས་བྱུང་འཁྲུལ་རྟོག་ཟད༔ གཟུང་དང་འཛིན་པ་དབྱིངས་སུ་ཟད༔ ཆོད་ཉིད་ཟད་པའི་སྣང་བའོ༔ སྣང་ཞིང་སྲིད་པའི་ཆོས་སོ་ཅོག༔ སྒྱུ་མའི་འཁྲུལ་འཁོར་ཞིག་པ་བཞིན༔ ཀ་དག་ཆོས་སྐུའི་དབྱིངས་སུ་ཞི༔ སྐུ་དང་ཡེ་ཤེས་མཁྱེན་གཟིགས་ཀྱི༔ གོ་མ་འགགས་པར་གཏིང་གསལ་ཏེ༔ ཆོས་སྐུ་ཁྱབ་བརྡལ་དགོངས་པར་སད༔ འདི་ནི་རྒྱུད་སྡེ་རྒྱ་མཚོའི་བཅུད༔ དུས་གསུམ་རྒྱལ་བའི་སྲོག་ཐིག་སྟེ༔ མཐོང་ཐོས་དྲན་རེག་རྣམ་གྲོལ་འགྱུར༔ ཁྱད་པར་རལ་པའི་ཅོད་པན་དུ༔ བཅང་ནས་བསྒོམ་པས་མངོན་སངས་རྒྱས༔ ཉམས་རྟོགས་ཡེ་ཤེས་ཡོན་ཏན་འབར༔ ཆོས་ཉིད་དགོངས་པའི་ཀློང་ཆེན་རྡོལ༔ འཇིགས་དང་སྡུག་བསྔལ་ཀུན་ལས་སྒྲོལ༔ བསམ་དོན་ཐམས་ཅད་ཡིད་བཞིན་འགྲུབ༔ ཅེས་གསུངས་སོ༔ ཡེ་ཤེས་སྒྱུ་འཕྲུལ་རོལ་པའི་འཁོར་ཚོགས་ཐམས་ཅད་ཡི་རངས་ཏེ་བཅོམ་ལྡན་འདས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ༔ དཔལ་གསང་བའི་བདག་པོའི་གསང་བ་བསམ་གྱིས་མི་ཁྱབ་པའི་སྒྲུབ་པ་རྫོགས་སོ༔ བདག་འདྲ་པདྨ་འབྱུང་གནས་ངས༔ གསང་སྔགས་གསང་བའི་ཡང་ཐིག་འདི༔ སྲོག་ལས་གཅེས་པའི་ནོར་མཆོག་ཏུ༔ གཅེས་པའི་བུ་ལ་ཕ་ཕོག་ཕྱིར༔ དཔལ་ལྡན་མ་ཧཱ་ཀཱ་ལ་དང་༔ ལྷ་ཆེན་ཚོགས་ཀྱི་བདག་པོས་སྲུངས༔ སྣོད་མིན་ལོག་ལྟའི་དབང་པོ་སྣུབས༔ སྣོད་ལྡན་བརྒྱུད་འཛིན་འདོད་དོན་སྒྲུབས༔ བཀའ་དང་དམ་ཚིག་གཉན་པོའི་རྒྱ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཨྠིྀ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་འཁོར་འདས་འུབ་ཆུབ་རོལ་པའི་རྣལ་འབྱོར་པ་བདུད་འཇོམས་རྡོ་རྗེ་གྲོ་ལོད་རྩལ་གྱིས་གསེར་སྨད་རྔ་ལ་སྟག་རྩེའི་གཡས་ལོགས་རྡོ་རྗེ་བྲག་ནས་བཏོན་ཏེ་མི་ལོ་བཅུ་དྲུག་བར་དུ་བཀའ་རྒྱས་བཏབ་སྟེ་མཐར་ཆོས་ཀྱི་རྡོ་རྗེས་ནན་དུ་བསྐུལ་ངོར་སྨར་མདོ་བཀྲ་ཤིས་དགའ་འཁྱིལ་དུ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ། །དགེའོ། །དགེའོ། །སརྦ་མངྒ་ལཾ།། །།