ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི༔ གཞུང་ལས་འཕྲོས་པའི་གབ་བྱང་༔

From Dudjom Wiki
TTDL-ZABTER-05-CA-005
Wylie title zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can gyi: gzhung las 'phros pa'i gab byang: TTDL-ZABTER-05-CA-005.pdf
Location bdud 'joms gling pa zab gter
Volume 5, Text 5, Pages 57-67 (Folios 1a1 to 6a6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can gyi gzhung las 'phros pa'i gab byang. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 57-67. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gab byang   Verso: bdud 'joms gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Manual - las byang
Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།། སརྦ་མངྒ་ལཾ།།

zhes pa 'di yang khrag 'thung bdud 'joms rdo rjes gter nas bton te dag par phab pa'i yi ge pa ni phun tshogs bkra shis so/_/dge'o//_sarba mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན་གྱི༔ གཞུང་ལས་འཕྲོས་པའི་གབ་བྱང་བཞུགས་སོ༔


ཐྂ༎༔ ན་མོ་གུ་རུ་པདྨ་ཀ་ར་ཡེ༔ (བརྡ་ཡིག་) གཞུང་ལས་འཕྲོས་པའི་གབ་བྱང་མཆོག༔ འདི་ནི་གནད་ཀྱི་ཡང་ཞུན་ཐིག༔ སྒྲུབ་པའི་རྣལ་འབྱོར་ཕོ་མོ་ཡི༔ སྒོ་གསུམ་རྡོ་རྗེའི་གྲོང་འཇུག་ལམ༔ ཧཱུྃ༔ གཟུང་འཛིན་རཱུ་དྲ་བསྣོལ་བའི་བམ་སྟེང་དུ༔ རང་རིག་རྒྱུ་ཡི་ཧཱུྃ་མཐིང་མེ་འབར་བབས༔ འོད་འཕྲོས་རྒྱལ་བ་རྒྱ་མཚོ་མཆོད་པས་མཉེས༔ རྒྱུ་དྲུག་འཁོར་བའི་བག་ཆགས་དབྱིངས་སུ་བསྒྲལ༔ འཁོར་འདས་ཡོངས་ཀྱི་སྲོག་བཅུད་ནུས་མཐུ་བསྡུས༔ རྒྱུ་ཡི་ས་བོན་ཧཱུྃ་ལ་བཅུད་དུ་དྲིལ༔ ཧཱུྃ་ལས་བདག་ཉིད་སྐད་ཅིག་དྲན་རྫོགས་སུ༔ དུས་གསུམ་རྒྱལ་བ་མ་ལུས་འདུས་པའི་སྐུ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་ཁྲོ་བོའི་རྒྱལ༔ མཐིང་ནག་ཞལ་གསུམ་ཕྱག་དྲུག་ཞབས་བཞི་བགྲད༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས་བརྗིད་འབར༔ དབུ་སྐྲ་དམར་སེར་སྲིད་པའི་རྩེ་མོར་བརྫེས༔ ཐོད་སྐམ་དབུ་རྒྱན་དར་གྱི་ཅོད་པན་སྤྲས༔ ཞལ་གདངས་ལྗགས་འདྲིལ་མཆེ་གཙིགས་ཁྲོ་གཉེར་སྡུད༔ དམར་ཟླུམ་སྤྱན་དགུ་སྡང་མིག་ཕྱོགས་བཅུར་གཡོ༔ སྨ་ར་སྨིན་མར་མེ་ཡི་ཚྭ་ཚྭ་འཕྲོ༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་མེ་དཔུང་ཁ་ཊྭཱྃ་རྩེ་གསུམ་གདེངས༔ མཐའ་གཉིས་རི་རབ་ཕུར་བ་འདྲིལ་ཞིང་འདེབས༔ གཡས་ཀྱི་དང་རུ་རྡོ་རྗེ་རྩེ་དགུ་ལ༔ སྤུ་གྲི་འབར་བའི་གཤོག་པར་མེ་ཞགས་འཕྲོ༔ གཡོན་གྱི་དང་རུ་ནོར་བུ་འབར་བ་ལ༔ རལ་གྲིའི་གཤོག་པར་རྡོ་རྗེའི་སེར་ཆེན་འཕྲོ༔ ཞབས་བཞིས་བདུད་དང་རཱུ་དྲ་ཕོ་མོ་གནོན༔ ཐལ་ཚོམ་ཁྲག་ཐིག་ཞག་གི་ཟོ་རིས་དང་༔ ཀོ་རློན་གཡང་གཞི་སྟག་ལྤགས་ཤམ་ཐབས་གསོལ༔ ཐོད་ཕྲེང་སྦྲུལ་གྱི་ཆུན་པོས་རབ་ཏུ་བརྒྱན༔ ཧ་ཧ་ཧཱུྃ་ཕཊ་འབྲུག་སྒྲ་སྟོང་བཞིན་སྒྲོགས༔ གཉིས་མེད་སྦྱོར་ཡུམ་འཁོར་ལོ་རྒྱས་འདེབས་འཁྲིལ༔ མཐིང་ནག་རབ་ཁྲོས་ཕྱག་གཡས་ཨུཏྤལ་བསྣམས༔ གཡོན་པས་དུང་ཁྲག་སྟོབ་ཅིང་གཟིག་ཤམ་གསོལ༔ གཡོན་དུ་སྒྲོལ་ཡུམ་ཨེ་ཀ་ཛ་ཊཱི་སྨུག༔ ཕྱག་གཡས་དགྲ་སྙིང་གཡོན་པས་ལྕགས་སྤྱང་འགྱེད༔ རལ་པ་འབྲུ་གཅིག་མིག་གཅིག་མཆེ་བ་གཅིག༔ ནུ་གཅིག་ཁྲག་འབེབས་སྤྲིན་དཀར་ན་བཟའ་གསོལ༔ གར་སྟབས་བསྒྱུར་ཞིང་འཁོར་འདས་མངའ་དབང་མཛད༔ སྤྱི་བོའི་ནམ་མཁར་སྤྲུལ་པའི་ཁྱུང་གིས་བརྒྱན༔ གནམ་ལྕགས་རྡོ་རྗེའི་རྭ་དང་མཆུ་སྡེར་ཅན༔ མེ་གཤོག་སྡེབ་ཅིང་ཀླུ་གཉན་ཟས་སུ་ཟ༔ སྤྱན་མིག་བགྲད་པས་སྣང་སྲིད་འོད་ཀྱིས་འགེང་༔ ངར་སྐད་དྲག་པོས་ཀླུ་བརྒྱད་མགོ་བོ་འགེམས༔ ནོར་བུའི་གཙུག་རྒྱན་དགོས་འདོད་ཆར་དུ་འབེབས༔ ཀུན་བཟང་ཡབ་ཡུམ་རིགས་ཀྱི་བདག་པོར་ཤར༔ མཉམ་གཞག་སྐྱིལ་ཀྲུང་མཚན་དཔེའི་གཟི་བྱིན་འབར༔ ཧཱུྃ༔ བདག་ཉིད་དྲག་པོའི་ཡེ་ཤེས་སྒྱུ་འཕྲུལ་ལས༔ གཡས་སུ་སྐུ་མཆོག་བུདྡྷ་ཀཱི་ལ་དཀར༔ ཞལ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་ཅན༔ གཡས་སྔོ་གཡོན་དམར་ཁྲོ་གཏུམ་རྔམས་བརྗིད་འབར༔ གཡས་གཉིས་གནམ་ལྕགས་རྡོ་རྗེ་འཁོར་ལོ་དང་༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་བའི་མེ་དཔུང་བསྣམས༔ མཐའ་གཉིས་རི་རབ་ཕུར་པ་འདྲིལ་ཞིང་འདེབས༔ སྐེད་པ་ཆུ་སྲིན་རྔམས་པས་སྤྲུལ་ཆུན་སྐྱུག༔ སྐུ་སྨད་དུང་ཕུར་ཟུར་གསུམ་རྣོ་དབལ་ལྡན༔ ཡེ་ཤེས་མེ་འབར་རྒྱལ་བསེན་ཕོ་མོ་གནོན༔ ཤར་དུ་ཐུགས་མཆོག་བཛྲ་ཀཱི་ལ་མཐིང་༔ ཞལ་གསུམ་ཕྱག་དྲུག་རྡོ་རྗེའི་གཤོག་པ་གདེངས༔ གཡས་དཀར་གཡོན་དམར་ཁྲོ་གཏུམ་རྔམས་བརྗིད་འབར༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་འགུགས་བྱེད་ལྕགས་ཀྱུ་ཐོད་ཁྲག་བསྣམས༔ མཐའ་གཉིས་རིན་ཆེན་དུང་གི་ཕུར་པ་འདྲིལ༔ སྐུ་སྨད་དངུལ་ཕུར་ཟུར་གསུམ་རྣོ་ངར་ལྡན༔ ལྷོ་རུ་ཡོན་ཏན་རཏྣ་ཀཱི་ལ་སེར༔ གཡས་དཀར་གཡོན་དམར་ཞལ་གསུམ་ཕྱག་དྲུག་པ༔ གཡས་གཉིས་རིན་ཆེན་འབར་བ་དགྲ་སྟྭ་དང་༔ གཡོན་གཉིས་ཞགས་པ་དང་ནི་དུང་ཁྲག་བསྣམས༔ མཐའ་མས་རིན་ཆེན་གསེར་གྱི་ཕུར་བ་འདྲིལ༔ སྐུ་སྨད་གསེར་ཕུར་ཟུར་གསུམ་རྣོ་ངར་ལྡན༔ ནུབ་ཏུ་གསུང་མཆོག་པདྨ་ཀཱི་ལ་དམར༔ གཡས་དཀར་གཡོན་སྔོ་ཞལ་གསུམ་ཕྱག་དྲུག་པ༔ གཡས་གཉིས་པདྨ་རལ་གྲི་འབར་བ་བསྣམས༔ གཡོན་གཉིས་ཐོད་ཁྲག་སྡོམ་བྱེད་ལྕགས་སྒྲོག་བསྣམས༔ མཐའ་གཉིས་ཟངས་ཕུར་འདྲིལ་ཞིང་གཤོག་པ་གདེངས༔ སྐུ་སྨད་ཟངས་ཕུར་ཟུར་གསུམ་རྣོ་ངར་ལྡན༔ བྱང་དུ་ཕྲིན་ལས་ཀརྨ་ཀཱི་ལ་ལྗང་༔ གཡས་དཀར་གཡོན་དམར་ཞལ་གསུམ་ཕྱག་དྲུག་པ༔ གཡས་གཉིས་རྒྱ་གྲམ་ཐོད་དབྱུག་འབར་བ་བསྣམས༔ གཡོན་གཉིས་མེ་དཔུང་འབེབས་བྱེད་དྲིལ་བུ་བསྣམས༔ མཐའ་གཉིས་གཡུ་ཕུར་འདྲིལ་ཞིང་གད་རྒྱངས་སྒྲོགས༔ སྐུ་སྨད་ལྕགས་ཕུར་ཟུར་གསུམ་རྣོ་ངར་ལྡན༔ ཀུན་ཀྱང་རྡོ་རྗེའི་གཤོག་པ་མེ་དཔུང་འབར༔ རྐེད་པ་ཆུ་སྲིན་རྔམས་པས་སྤྲུལ་ཆུན་སྐྱུག༔ སྐུ་སྨད་ཕུར་དབལ་རྒྱལ་བསེན་སྙིང་གར་གཟིར༔ ཨོཾ་བཛྲ་ཀཱི་ལི་ཀཱི་ལ་ཡ་སརྦ་བིགྷྣཱན་བཾ་ཧཱུྃ་ཕཊ༔ ཧཱུྃ༔ ཐབས་ཤེས་བདེ་སྟོང་སྙོམས་འཇུག་བྱང་ཆུབ་སེམས༔ ཡེ་ཤེས་སྒྱུ་འཕྲུལ་ཧཱུྃ་ཡིག་བཅུ་རུ་སྤྲོས༔ ཕྱོགས་བཅུར་གནམ་ལྕགས་འཁོར་ལོའི་རྩིབས་སྟེང་དུ༔ ཤར་སྟོད་ཧཱུྃ་མཛད་སྔོ་སྐྱ་ཁྲོ་གཏུམ་རྔམས༔ གཡས་སེར་གཡོན་དམར་ཞལ་གསུམ་ཕྱག་དྲུག་པ༔ རྩ་བའི་ཕྱག་གཉིས་མདའ་འགེང་བར་མ་གཉིས༔ གདབ་ཕུར་དང་ནི་འགུགས་བྱེད་ལྕགས་ཀྱུ་བསྣམས༔ ཡུམ་མཆོག་སྒྲ་འབྱིན་སྔོ་སྐྱ་གཡོན་ནས་འཁྲིལ༔ ཁྲོ་མོའི་ཆས་རྫོགས་དྲིལ་འཁྱུད་དུང་ཁྲག་སྟོབ༔ གཡས་གཡོན་སྤྲུལ་པ་ཕག་དང་སྨྲིག་བུའི་གདོང་༔ ཨོཾ་་བཛྲ་ཀྲོ་དྷ་ཧཱུྃ་ཀཱ་ར་ཧཱུྃ༔ གརྫ་གརྫ་ཧཱུྃ་ཕཊ༔ ཤར་དུ་རྣམ་རྒྱལ་ཞལ་གསུམ་ཕྱག་དྲུག་དཀར༔ གཡས་སྔོ་གཡོན་དམར་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་མས་གནམ་ལྕགས་འཁོར་ལོ་དྲིལ་བུ་བསྣམས༔ སྙེམས་མ་དཀར་མོ་འཁྲིལ་སྦྱོར་དྲིལ་བྷན་སྟོབ༔ གཡས་གཡོན་སྤྲུལ་པ་སྟག་དང་བྱ་རྒོད་གདོང་༔ ཨོཾ་་བཛྲ་ཀྲོ་དྷ་བི་ཛ་ཡ་ཧཱུྃ༔ ཧ་ན་ཧ་ན་ཧཱུྃ་ཕཊ༔ ཤར་ལྷོ་དབྱུག་སྔོན་ཞལ་གསུམ་ཕྱག་དྲུག་མཐིང་༔ གཡས་དཀར་གཡོན་དམར་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་མས་མེ་དཔུང་དང་ནི་དབྱུག་ཏོ་བསྣམས༔ སྡེར་མོ་མཐིང་ནག་འཁྲིལ་སྦྱོར་དྲིལ་བྷན་སྟོབ༔ གཡས་གཡོན་སྤྲུལ་པ་གཡག་དང་བྱ་རོག་གདོང་༔ ཨོཾ་བཛྲ་ཀྲོ་དྷ་ནཱི་ལ་དཎྜ་ཧཱུྃ༔ ད་ཧ་ད་ཧ་ཧཱུྃ་ཕཊ༔ ལྷོ་ཕྱོགས་གཤིན་རྗེ་ཞལ་གསུམ་ཕྱག་དྲུག་སེར༔ གཡས་དཀར་གཡོན་དམར་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་མ་གཉིས་ཀྱིས་བེ་ཅོན་དགྲ་སྟྭ་བསྣམས༔ དུར་ཁྲོད་བདག་མོས་འཁྲིལ་སྦྱོར་དྲིལ་བྷན་སྟོབ༔ གཡས་གཡོན་སྤྲུལ་པ་ཤ་བ་འུག་པའི་གདོང་༔ ཨོཾ་བཛྲ་ཀྲོ་དྷ་ཡ་མཱནྟ་ཀ་ཧཱུྃ༔ པ་ཙ་པ་ཙ་ཧཱུྃ་ཕཊ༔ ལྷོ་ནུབ་མི་གཡོ་ཞལ་གསུམ་ཕྱག་དྲུག་ལྗང་༔ གཡས་སྔོ་གཡོན་སྨུག་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་མས་ཞགས་པ་སྤུ་གྲི་འབར་བ་བསྣམས༔ གཏུན་ཁུང་ལྗང་སྔོན་འཁྲིལ་སྦྱོར་དྲིལ་བྷན་བསྣམས༔ གཡས་གཡོན་སྤྲུལ་པ་གཟིག་དང་ཁྭ་ཏའི་གདོང་༔ ཨོཾ་་བཛྲ་ཀྲོ་དྷ་ཨཱཪྻ་ཨ་ཙ་ལ་ཧཱུྃ༔ བནྡྷ་བནྡྷ་ཧཱུྃ་ཕཊ༔ ནུབ་སྟོད་སྟོབས་ཆེན་ཞལ་གསུམ་ཕྱག་དྲུག་ནག༔ གཡས་སྔོ་གཡོན་སེར་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་མས་མདའ་འགེང་དགྲ་བགེགས་སྙིང་ལ་གཟིར༔ བསྐུལ་བྱེད་དུད་ཁ་འཁྲིལ་སྦྱོར་དྲིལ་བྷན་བསྣམས༔ གཡས་གཡོན་སྤྲུལ་པ་དྲེད་དང་བྱི་བའི་གདོང་༔ ཨོཾ་བཛྲ་ཀྲོ་དྷ་མ་ཧཱ་བ་ལ་ཧཱུྃ༔ སྥོ་ཊ་སྥོ་ཊ་ཧཱུྃ་ཕཊ༔ ནུབ་ཕྱོགས་རྟ་མགྲིན་ཞལ་གསུམ་ཕྱག་དྲུག་དམར༔ གཡས་དཀར་གཡོན་སྔོ་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་མས་རལ་གྲི་དབྱུག་ཏོ་འབར་བ་བསྣམས༔ གཏུམ་མོ་དམར་སྐྱས་དྲིལ་འཁྱུད་བྷན་ཁྲག་སྟོབ༔ ཡབ་ཡུམ་སྤྲུལ་པ་བྱི་ལ་པུ་ཤུད་གདོང་༔ ཨོཾ་་བཛྲ་ཀྲོ་དྷ་ཧྱ་གྲཱི་ཝ་ཧཱུྃ༔ ཧུ་ལུ་ཧུ་ལུ་ཧཱུྃ་ཕཊ༔ ནུབ་བྱང་འདོད་རྒྱལ་ཞལ་གསུམ་ཕྱག་དྲུག་པ༔ དམར་སྐྱ་གཡས་སེར་གཡོན་ལྗང་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་མས་རྡོ་རྗེ་རྩེ་ལྔ་མདུང་ཐུང་བསྣམས༔ མདའ་སྙེམས་དམར་སྐྱས་དྲིལ་འཁྱུད་བྷན་ཁྲག་སྟོབ༔ གཡས་གཡོན་སྤྲུལ་པ་སྤྱང་ཀུ་ཁྲ་ཡི་གདོང་༔ ཨོཾ་་བཛྲ་ཀྲོ་དྷ་ཨ་པ་རཱ་ཛི་ཏ་ཧཱུྃ༔ ཏིཥྛ་ཏིཥྛ་ཧཱུྃ་ཕཊ༔ བྱང་ཕྱོགས་བདུད་རྩི་ཞལ་གསུམ་ཕྱག་དྲུག་ལྗང་༔ གཡས་གཡོན་སེར་ནག་དུད་ཁ་རྡོ་རྗེས་དུང་ཁྲག་དཀྲུགས༔ བར་མས་རྒྱ་གྲམ་རལ་གྲི་འབར་བ་བསྣམས༔ རླུང་འབྱིན་ལྗང་ནག་དྲིལ་འཁྱུད་བྷན་ཁྲག་སྟོབ༔ གཡས་གཡོན་ཟ་གསོད་སེང་གེ་ཕ་ཝཾ་གདོང་༔ ཨོཾ་བཛྲ་ཀྲོ་དྷ་ཨ་མྲྀ་ཏ་ཀུཎྜ་ལཱཾ་ཧཱུྃ༔ ཚིནྡྷ་ཚིནྡྷ་ཧཱུྃ་ཕཊ༔ བྱང་ཤར་ཁམས་གསུམ་རྣམ་རྒྱལ་སེར་ནག་འབར༔ གཡས་དཀར་གཡོན་ལྗང་རྡོ་རྗེས་དུང་དམར་དཀྲུགས༔ བར་མས་སྟྭ་རེ་དང་ནི་ཞགས་པ་བསྣམས༔ གསོད་བྱེད་སེར་ནག་དྲིལ་འཁྱུད་བྷན་ཁྲག་སྟོབ༔ ཡབ་ཡུམ་སྤྲུལ་པ་དོམ་དང་སྲེ་མོའི་གདོང་༔ ཨོཾ་་བཛྲ་ཀྲོ་དྷ་ཏྲཻ་ལོཀྱ་བི་ཛ་ཡ་ཧཱུྃ༔ བིནྡྷ་བིནྡྷ་ཧཱུྃ་ཕཊ༔ ཀུན་ཀྱང་མཐའ་གཉིས་གནམ་ལྕགས་ཕུར་པ་འདྲིལ༔ དུར་ཁྲོད་ཆས་རྫོགས་རྡོ་རྗེའི་གཤོག་པ་གདེངས༔ བསྐལ་པའི་མེ་འབར་ཕྱོགས་བཅུའི་གདོན་ཚོགས་གནོན༔ སྤྲུལ་པའི་ཁྲོ་ཚོགས་མཚོན་ཐུན་རླུང་ལྟར་འཚུབས༔ དམ་སྲི་འབྱུང་པོ་མ་ལུས་རྡུལ་དུ་རློག༔ ཕྱི་རིམ་ཟླ་གམ་ཉེར་གཅིག་གདེངས་བའི་ཁར༔ གཡས་སུ་སྐུ་ཡི་སྲས་བདུན་དཀར་གསལ་རྔམས༔ གཡས་སྔོ་གཡོན་དམར་ཞལ་གསུམ་ཕྱག་དྲུག་པ༔ མདུན་དུ་ཐུགས་ཀྱི་སྲས་བདུན་མཐིང་ནག་རྔམས༔ གཡས་དཀར་གཡོན་དམར་ཞལ་གསུམ་དྲུག་པ༔ གཡོན་དུ་གསུང་གི་སྲས་བདུན་དམར་ནག་བརྗིད༔ གཡས་དཀར་གཡོན་སྔོ་ཞལ་གསུམ་ཕྱག་དྲུག་པ༔ གཡས་གཉིས་རྡོ་རྗེ་རྩེ་དགུ་རྩེ་ལྔ་དང་༔ གཡོན་གཉིས་ཁ་ཊྭཱྃ་བསྐལ་བའི་མེ་དཔུང་འབར༔ མཐའ་མས་གནམ་ལྕགས་ཕུར་པ་འདྲིལ་ཞིང་འདེབས༔ རྡོ་རྗེ་རིན་ཆེན་གཤོག་པ་མེ་དཔུང་འབར༔ སྐུ་སྨད་རང་མདོག་ཕུར་པ་དབལ་ངར་ལྡན༔ སྟོང་ཕྲག་བརྒྱད་ཅུའི་བགེགས་ཀྱི་གཤེད་མར་བསྐྱེད༔ ཚད་མེད་རྣམ་བཞིའི་གར་མཁན་རོལ་བ་ལས༔ ཤར་སྒོར་སྒོ་མ་དཀར་མོ་པུ་ཤུད་གདོང་༔ ཕྱག་གཡས་དངུལ་ཕུར་གཡོན་པས་ལྕགས་ཀྱུ་འཛིན༔ ལྷོ་སྒོར་ཁྲོ་མོ་ཆེན་མོ་ཀངྐའི་གདོང་༔ ཕྱག་གཡས་གསེར་ཕུར་གཡོན་པས་ཞགས་པ་སྡོམ༔ ནུབ་ཕྱོགས་ཁྲོ་མོ་དམར་མོ་སྲིན་བྱའི་གདོང་༔ ཕྱག་གཡས་ཟངས་ཕུར་གཡོན་པས་ལྕགས་སྒྲོག་བསྣམས༔ བྱང་སྒོར་སྒོ་མ་ཁྲོ་མོ་ཁྲ་ཡི་གདོང་༔ ཕྱག་གཡས་ལྕགས་ཕུར་གཡོན་པས་དྲིལ་བུ་བསྣམས༔ ཀུན་ཀྱང་གཟིག་ཤམ་རུས་རྒྱན་མེ་དཔུང་འབར༔ ཕྲིན་ལས་བཞི་བསྒྲུབ་བར་ཆད་བསལ་བར་བསམ༔ བར་ཁྱམས་སྲུང་མ་མིང་སྲིང་བཅུ་དྲུག་དང་༔ ཕྱི་ཁྱམས་དབང་ཕྱུག་ཉི་ཤུ་རྩ་བརྒྱད་སོགས༔ བཀའ་སྡོད་དམ་ཅན་རྒྱ་མཚོ་སྤྲིན་ལྟར་གཏིབས༔ ཨོཾ་་སརྦ་མ་ཧཱ་གུ་རུ་དྷེ་ཝ་ཌཱཀི་ནཱི་སརྦ་དྷརྨ་པཱ་ལ་ཀྵེ་ཊ་པཱ་ལ་ས་མ་ཏི་སྟྭཾ༔ ཨོཾ་༔ བདག་ཉིད་དཔལ་ཆེན་དྲག་པོའི་ཐུགས་ཀ་རུ༔ པད་ཟླའི་གདན་ལ་ཡེ་ཤེས་སེམས་དཔའ་ནི༔ རྡོར་སེམས་མཐིང་ནག་སྐྱིལ་དྲུང་རྡོར་དྲིལ་བསྣམས༔ དེ་ཡི་ཐུགས་ཀར་ཉི་སྟེང་གནམ་ལྕགས་ཀྱི༔ རྡོ་རྗེ་རྩེ་དགུའི་ལྟེ་བ་ཁོང་གསེང་དུ༔ ཐུགས་སྲོག་ས་བོན་ཧཱུྃ་མཐིང་གསལ་བ་ལ༔ རྩ་བའི་སྔགས་ཀྱིས་གཡས་སུ་འཁོར་བར་བསྒོམ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་ཁྲག་འཐུང་བདུད་འཇོམས་རྡོ་རྗེས་གཏེར་ནས་བཏོན་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་སོ། །དགེའོ།། སརྦ་མངྒ་ལཾ།།