ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན༔ དཔལ་ཆེན་ཕྲིན་ལས་སྒྲུབ་པའི་སྐོར་ལས༔ གདབ་ལས་གནམ་ལྕགས་ཐོག་མདའ༔

From Dudjom Wiki
TTDL-ZABTER-05-CA-015
Wylie title zab gsang mkha' 'gro'i snying thig las: thugs sgrub gsang ba'i rgya can: dpal chen phrin las sgrub pa'i skor las: gdab las gnam lcags thog mda': TTDL-ZABTER-05-CA-015.pdf
Location bdud 'joms gling pa zab gter
Volume 5, Text 15, Pages 191-196 (Folios 1a1 to 3b6)
Author བདུད་འཇོམས་གླིང་པ་
Citation Khrag 'thung Bdud 'joms gling pa. Zab gsang mkha' 'gro'i snying thig las thugs sgrub gsang ba'i rgya can dpal chen phrin las sgrub pa'i skor las gdab las gnam lcags thog mda'. In Sprul pa'i gter chen bdud 'joms gling pa'i zab gter gsang ba'i chos sde, Vol. 5: 191-196. Thimphu, Bhutan: Lama Kuenzang Wangdue, 2004.
Side notes Recto: gdab las   Verso: bdud 'joms gnam lcags spu gri
More details More details
Tertön བདུད་འཇོམས་གླིང་པ་ (bdud 'joms gling pa)
Genre Activity Practices - las tshogs
Cycle ཐུགས་སྒྲུབ་གསང་བ་རྒྱ་ཅན་ (thugs sgrub gsang ba rgya can)
Parent Cycle ཟབ་གསང་མཁའ་འགྲོའི་སྙིང་ཐིག་ (zab gsang mkha' 'gro'i snying thig)
Deity rdo rje phur pa
Colophon

ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་གླིང་པས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་སོ། །མངྒ་ལཾ།།

zhes pa 'di yang 'od gsal rdzogs pa chen po ka dag klong chen nam mkha'i rnal 'byor pa rig 'dzin bdud 'joms gling pas zab gsang mkha' 'gro'i brda ris las zhal bshus te dag par phab pa'i yi ge pa ni phun tshogs bkra shis kyis bgyis so/_/mang+ga laM//

[edit]
ཐྂ༎༔ ཟབ་གསང་མཁའ་འགྲོའི་སྙིང་ཐིག་ལས༔ ཐུགས་སྒྲུབ་གསང་བའི་རྒྱ་ཅན༔ དཔལ་ཆེན་ཕྲིན་ལས་སྒྲུབ་པའི་སྐོར་ལས༔ གདབ་ལས་གནམ་ལྕགས་ཐོག་མདའ་བཞུགས་སོ༔ ན་མོ་གུ་རུ་སརྦ་ཧ་རི་ནི་ས་བྷྱ༔ (བརྡ་ཡིག་) བདག་འདྲ་བདུད་འདུལ་རྡོ་རྗེ་གྲོ་ལོད་ངས༔ མ་འོངས་ལས་ཅན་བུ་ཡི་དོན་ཆེད་དུ༔ བསྒྲལ་ལས་གནམ་ལྕགས་ཐོག་མདའ་ཞེས་བྱ་བསྟན༔ འདི་ཉིད་ལག་ཏུ་ལེན་པའི་རིམ་པ་ནི༔ ཟོར་ཀོང་ཁྲག་གིས་བྱུག་པ་དགུ་བཅའ་སྟེ༔ གྲི་ཁྲག་བྱུག་པའི་རྩང་མདའ་གསུམ་བསྣོལ་འོད༔ ལྕགས་སམ་དྲག་པོའི་ཤིང་ཕུར་དཔལ་གནམ་བསྟན༔ ཡུངས་ཀར་ཁྲག་མཚོ་དུག་མཚོན་མདའ་རྡོ་དང་༔ དམར་གྱི་གཏོར་མ་དགུ་ནི་བཙུགས་བྱས་ཏེ༔ དྲག་པོའི་སྔགས་དང་དམིགས་པའི་ངར་བླུད་ནས༔ དགྲ་བགེགས་གཟུགས་ཕུང་རཱུ་པའི་སྟེང་དུ་གདབ༔ ཕཊ༔ སྐུ་གསུམ་ལྷུན་གྲུབ་མཚོན་ཆར་གྱིས༔ རཱུ་དྲའི་དུག་གསུམ་འཁྲུལ་བ་བཤིག༔ དུག་གསུམ་སྒྲོལ་བའི་མཚོན་ཆར་བསྔགས༔ གསང་གསུམ་རྡོ་རྗེ་མཚོན་ཆར་གྱིས༔ རཱུ་ཏྲའི་སྒོ་གསུམ་ཐལ་བར་བརླག༔ ཁམས་གསུམ་ཡོངས་སྒྲོལ་མཚོན་ཆར་བསྔགས༔ ཡེ་ཤེས་ལྔ་ཡི་མཚོན་ཆར་གྱིས༔ རཱུ་དྲའི་དུག་ལྔ་ཕུང་ལྔ་བསད༔ དུག་ལྔ་སྒྲོལ་བའི་མཚོན་ཆར་བསྔགས༔ ཆོས་ཕུང་བརྒྱད་ཁྲིའི་མཚོན་ཆར་གྱིས༔ རཱུ་ཏྲའི་ཉོན་མོངས་བརྒྱད་ཁྲི་བསྒྲལ༔ གཉིས་འཛིན་སྒྲོལ་བའི་མཚོན་ཆར་བསྔགས༔ རྡོ་རྗེ་གཞོན་ནུས་དབང་ཡང་བསྐུར༔ ཕྱག་ན་རྡོ་རྗེས་བྱིན་གྱིས་བརླབས༔ བདག་མེད་རྟོགས་པས་ངར་ཡང་བླུད༔ ཆོས་ཉིད་བདེན་པས་རྣོ་ཕྱུང་ནས༔ དྲག་པོ་སྔགས་ཀྱི་རྫས་སུ་བསྐུལ༔ འཁོར་བ་ཡོངས་སྒྲོལ་མངའ་གསོལ་ལོ༔ མི་ཤིགས་རྡོ་རྗེ་འབར་བའོ༔ སྤུ་གྲིའི་སྔགས་ཤམ་གྱིས་བཏགས་ཏེ༔ ཁམས་གསུམ་ཡོངས་སུ་སྒྲོལ་བའི་ནུས་པ་དང་ལྡན་པར་བསམ༔ དེ་ནས་འགུགས་གཞུག་བྱ་བ་ནི༔ ཧཱུྃ་བྷྱོ༔ བདེ་གཤེགས་རྒྱལ་བ་མ་ལུས་འདུས་པའི་དཔལ༔ དཔལ་ཆེན་ཁྲོ་རྒྱལ་རྡོ་རྗེ་གཞོན་ནུ་ཡི༔ སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་ཀྱི༔ བདེན་པ་ཆེན་པོས་དགྲ་འདྲེ་གདོན་གསུམ་རྣམས༔ སྟོང་གསུམ་རི་རབ་གླིང་བཞི་གར་གནས་ཀྱང་༔ གཟུགས་ཕུང་རཱུ་པ་འདི་ལ་མྱུར་དུ་ཁུག༔ ཛཿཧཱུྃ་བཾ་ཧོཿ ཨ་ཝེ་ཤ་ཡ་ཨཱཿདེ་ནས་ཕུར་པ་ཐོགས་ལ༔ ཧཱུྃ་བྷྱོ༔ དཔལ་ཆེན་རྡོ་རྗེ་གཞོན་ནུ་སྲས་འཁོར་བཅས༔ མ་གཡེལ་མ་གཡེལ་ཆོས་ཀྱི་དབྱིངས་ལས་བཞེངས༔ མངོན་སྤྱོད་དྲག་པོའི་ཕྲིན་ལས་དུས་ལ་བབ༔ ༈དགྲ་བགེགས་ཉོན་མོངས་འདུས་པའི་ཕུང་པོ་ལ༔ ཐོགས་མེད་གནམ་ལྕགས་རྡོ་རྗེའི་ཐུན་ཆར་ཕོབ༔ ཕུར་ཐུན་དྲག་པོ་ཐོག་ལྟར་ཤ་ར་ར༔ དགྲ་གདོན་བགེགས་ཀྱི་སྒོ་གསུམ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ སྤུ་གྲིའི་སྔགས་ཤམ་དུ༔ དགྲ་གདོན་བགེགས་ཚོགས་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོབ་ཛཿརྦད༔ དེ་ནས་ཡུངས་ཐུན་ཐོགས་ལ༔ དགྲ་བགེགས་ཉོན་མོངས་འདུས་པའི་ཕུང་པོ་ལ༔ ཐོགས་མེད་གནམ་ལྕགས་རྡོ་རྗེའི་ཐུན་ཆར་ཕོབ༔ ཡུངས་ཐུན་དྲག་པོར་སེར་ལྟར་ཧྲི་ལི་ལི༔ དགྲ་གདོན་བགེགས་ཀྱི་སྒོ་གསུམ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ སྤུ་གྲིའི་སྔགས་ཤམ་དུ༔ དགྲ་གདོན་བགེགས་ཚོགས་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོབ་ཛ་རྦད༔ དེ་ནས་ཁྲག་ཐུན་ཐོགས་ལ༔ དགྲ་བགེགས་ཉོན་མོངས་འདུས་པའི་ཕུང་པོ་ལ༔ ཐོགས་མེད་གནམ་ལྕགས་རྡོ་རྗེའི་ཐུན་ཆར་ཕོབ༔ ཁྲག་ཐུན་དམར་པོ་མཚོ་ལྟར་ཆི་ལི་ལི༔ དགྲ་གདོན་བགེགས་ཀྱི་སྒོ༴ རྣམ་པར་ཤེས་པ༴ སྤུ་གྲིའི་སྔགས་ཤམ་དུ༔ དགྲ་གདོན་བགེགས་ཚོགས་རྣམས་ཀྱི་ལུས་ངག༴ མཚེ་ཐུན་ཐོགས་ལ༔ དགྲ་བགེགས་ཉོན་མོངས་འདུས་པའི་ཕུང་པོ་ལ༔ ཐོགས་མེད་གནམ་ལྕགས་རྡོ་རྗེའི་ཐུན་ཆར་ཕོབ༔ མཚེ་ཐུན་དྲག་པོ་མདའ་ལྟར་ད་ལ་ལ༔ དགྲ་གདོན་བགེགས་ཀྱི་སྒོ་གསུམ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ སྤུ་གྲིའི་སྔགས་ཤམ་དུ༔ དགྲ་གདོན་བགེགས་ཚོགས་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོབ་ཛཿརྦད༔ དུག་ཐུན་ཐོགས་ལ༔ དགྲ་བགེགས་ཉོན་མོངས་འདུས་པའི་ཕུང་པོ་ལ༔ ཐོགས་མེད་གནམ་ལྕགས་རྡོ་རྗེའི་ཐུན་ཆར་ཕོབ༔ དུག་ཐུན་དྲག་པོ་ཆུ་ལྟར་ཆུ་རུ་རུ༔ དགྲ་གདོན་བགེགས་ཀྱི་སྒོ་གསུམ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ སྤུ་གྲིའི་ཤམ་དུ༔ དགྲ་གདོན་བགེགས་ཚོགས༴ མཚོན་ཐུན་ཐོགས་ལ༔ དགྲ་བགེགས་ཉོན་མོངས་འདུས་པའི་ཕུང་པོ་ལ༔ ཐོགས་མེད་གནམ་ལྕགས་རྡོ་རྗེའི་ཐུན་ཆར་ཕོབ༔ མཚོན་ཆ་སྣ་ཚོགས་རླུང་ལྟར་འཚུབས་སེ་འཚུབ༔ དགྲ་གདོན་བགེགས་ཀྱི་སྒོ་གསུམ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ སྤུ་གྲིའི་ཤམ་དུ༔ དགྲ་གདོན་བགེགས་ཚོགས་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོབ་ཛཿརྦད༔ མདའ་ཐུན་ཐོགས་ལ༔ དགྲ་བགེགས་ཉོན་མོངས་འདུས་པའི་ཕུང་པོ་ལ༔ ཐོགས་མེད་གནམ་ལྕགས་རྡོ་རྗེའི་ཐུན་ཆར་ཕོབ༔ མདའ་ཐུན་དྲག་པོ་ཚྭ་ཚྭ་སྐར་ལྟར་འཁྲིགས༔ དགྲ་གདོན་བགེགས་ཀྱི་སྒོ་གསུམ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ སྤུ་གྲིའི་ཤམ་དུ༔ དགྲ་གདོན་བགེགས་ཚོགས༴ རྡོ་ཐུན་ཐོགས་ལ༔ དགྲ་བགེགས་ཉོན་མོངས་འདུས་པའི་ཕུང་པོ་ལ༔ ཐོགས་མེད་གནམ་ལྕགས་རྡོ་རྗེའི་ཐུན་ཆར་ཕོབ༔ རྡོ་ཐུན་དྲག་པོ་ཆར་ལྟར་འབེབས་ཤིང་འཚུབས༔ དགྲ་གདོན་བགེགས་ཀྱི་སྒོ་གསུམ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ སྤུ་གྲིའི་ཤམ་དུ༔ དགྲ་གདོན་བགེགས་ཚོགས་རྣམས་ཀྱི་ལུས༴ གཏོར་ཐུན་ཐོགས་ལ༔ དགྲ་བགེགས་ཉོན་མོངས་འདུས་པའི་ཕུང་པོ་ལ༔ ཐོགས་མེད་གནམ་ལྕགས་རྡོ་རྗེའི་ཐུན་ཆར་ཕོབ༔ དཔལ་གྱི་གཏོར་ཐུན་གློག་ལྟར་འཁྱུག་ཅིང་འདེབས༔ དགྲ་གདོན་བགེགས་ཀྱི་སྒོ་གསུམ་རྡུལ་དུ་རློག༔ རྣམ་པར་ཤེས་པ་ཆོས་ཀྱི་དབྱིངས་སུ་སྤོར༔ སྤུ་གྲིའི་ཤམ་དུ༔ དགྲ་གདོན་བགེགས་ཚོགས་རྣམས་ཀྱི་ལུས་ངག་ཡིད་གསུམ་ལ་ཕོབ་ཛཿརྦད༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ལྟར་ཡུལ་ལ་མཚོན་ཐུན་འདེབས་པའི་ཚེ༔ རྣལ་འབྱོར་རང་བསྲུང་རྡོ་རྗེའི་གོ་ཆ་གནད༔ རང་ཉིད་ཡི་དམ་དྲག་པོའི་སྐུར་གསལ་བའི་སྐུ་སྟོད་ཀྱི་ཆ་ལ་བཀའ་རྒྱུད་བླ་མ༔ སྐེད་པ་བར་གྱི་ཆ་ལ་ཡི་དམ་རྒྱལ་བའི་དཀྱིལ་འཁོར༔ སྐུ་སྨད་ཀྱི་ཆ་ལ་མ་སྲིང་མཁའ་འགྲོ་རྒྱ་མཚོ༔ མཐའ་བསྐོར་དུ་བསྟན་སྲུང་དམ་ཅན་རྒྱ་མཚོའི་ཚོགས་མ་ལུས་ལུས་པ་མེད་པར་སྤྲིན་དཔུང་འཐིབ་པ་ལྟར་བསྒོམ༔ སྤྱི་བོ་མན་ཆད་རྐང་མཐིལ་ཡན་ཆད་ལ་གཟུང་འཛིན་འཕྱང་པས་མ་འབྲེལ་བར་སྐུ་འོད་དུ་སྣང་བའི་ཆར་སྐུ་རྡུལ་ཕྲན་གྱི་ཆ་ཙམ་གྱིས་མ་འདྲེས་བར་མེད་དུ་གང་བ༔ ཡེ་ཤེས་མེ་འོད་མཚོན་ཐུན་སྣ་ཚོགས་ཀྱི་ཆར་བབས་པས་དགྲ་བགེགས་ཀྱི་སྙིང་ལ་ཐོག་ལྟར་བབ་ཅིང་རྡུལ་དུ་བརླག་པར་བསམ༔ ཐུན་འདེབས་པའི་དུས་སུ་ཐུན་ཆར་བབ་པས་ཁོ་ཡི་སྒོ་གསུམ་རྡོ་རྗེ་གསུམ་གྱི་ཀློང་དུ་བསད༔ དུག་གསུམ་སྐུ་གསུམ་གྱི་ངང་དུ་བསྒྲལ༔ དུག་ལྔ་ཡེ་ཤེས་ལྔའི་ངང་དུ་བསད༔ ཉོན་མོངས་བརྒྱད་ཁྲི་བཞི་སྟོང་ཆོས་ཕུང་བརྒྱད་ཁྲི་བཞི་སྟོང་གི་ངང་དུ་བསད་པས་ཀློང་ཆེན་ཀུན་ཏུ་བཟང་མོའི་མཁའ་ཀློང་དུ་སངས་རྒྱས་པར་བསམ༔ དགྲ་བགེགས་ཉོན་མོངས་འཁྲུལ་པས་བསླུས་ཤིང་འཁོར་བའི་འཁོར་ལོར་བཟོད་མེད་སྡུག་བསྔལ་གྱིས་གདུང་བའི་ཕ་མ་དྲིན་པོ་ཆེ་འདི་རྣམས་སྙིང་རེ་རྗེ༔ འཁྲུལ་བའི་རྒྱུ་རྐྱེན་བསྒྲལ་ནས་ཐར་བའི་ལམ་ལ་འདྲེན་པར་བྱའོ་བསམ་ཞིང་བསྒྲལ་བ་ནི་བྱང་ཆུབ་སེམས་ཀྱི་སྟོབས་ཏེ་གནད་དམ་པའོ༔ ས་མ་ཡ༔ རྒྱ་རྒྱ་རྒྱ༔ དེ་ཡིས་ལོག་པར་ལྟ་བ་ཐམས་ཅད་འཇོམས༔ ལེགས་པའི་ཡོན་ཏན་གོང་ནས་གོང་དུ་འཕེལ༔ ཐབས་བཟང་ལམ་གྱིས་རྣམ་སྨིན་བག་ཆགས་འཇོམས༔ བསྟན་སྲུང་རྣམས་ཀྱི་འགྲོ་དོན་དགོངས་པ་བསྒྲུབ༔ པད་མ་བདག་གི་སྙིང་ཐིག་ཟབ་མོ་འདི༔ ཡེ་ཤེས་མཚོ་རྒྱལ་ཁྱོད་ཀྱིས་ཡི་གེར་ཐོབས༔ བཀའ་འདི་དཔལ་ལྡན་རང་བྱུང་རྒྱལ་མོར་བཅོལ༔ ཐུབ་པར་སྲུངས་ཤིག་བཀའ་དང་དམ་ཚིག་རྒྱ༔ གཏེར་རྒྱ༔ སྦས་རྒྱ༔ གཏད་རྒྱ༔ ཟབ་རྒྱ༔ གསང་རྒྱ༔ བརྡ་ཐིམ༔ ཞེས་པ་འདི་ཡང་འོད་གསལ་རྫོགས་པ་ཆེན་པོ་ཀ་དག་ཀློང་ཆེན་ནམ་མཁའི་རྣལ་འབྱོར་པ་རིག་འཛིན་བདུད་འཇོམས་གླིང་པས་ཟབ་གསང་མཁའ་འགྲོའི་བརྡ་རིས་ལས་ཞལ་བཤུས་ཏེ་དག་པར་ཕབ་པའི་ཡི་གེ་པ་ནི་ཕུན་ཚོགས་བཀྲ་ཤིས་ཀྱིས་བགྱིས་སོ། །མངྒ་ལཾ།། །།